Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
འབྱུང་བཞིའི་གཏོར་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའབྱུང་བཞིའི་གཏོར་ཆོགnext

འབྱུང་བཞིའི་གཏོར་ཆོག


TNT21_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བཞིའི་གཏོར་ཆོག་བཞུགས།


TNT21_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། འབྱུང་བཞིའི་གཏོར་མ་གཏོང་བར་འདོད་པས། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྐྱབས་སེམས་སྔོན་དུ་སོང་ནས། ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རང་ཉིད་ཕ་དམ་པ་སངས་རྒྱས་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་སེང་ལྡེང་གིས་ཌཱ་མ་རུ་ནམ་མཁའ་ལ་འཁྲོལ་བ། གཡོན་དངུལ་དཀར་གྱི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་པ། རྟེན་འབྲེལ་ཀྱྀ་གི་ལ་ཏེ་འཕྲག་པར་བཀལ་བ། གདམས་ངག་གིས་མཛོད་འཛིན་པ། བཀའ་བསྟན་བཅོས་ཐམས་


TNT21_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐུགས་ལ་ཚང་བ། ཞལ་དུ་ཨཱ་ལི་ཀ་ལིའི་སྒྲ་སྒྲོག་པ། སྤྲུལ་པའི་སྐུ་མི་ཕམ་མགོན་པོ་དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཞེས་ཅི་མང་བཟླས་ལ།དེ་ནས་གཏོར་མ་ལ། ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེབ་བའི་ནང་དུ། ཡཾ་ལས་རླུང་རྫས་སྔོན་པོ་ཡངས་ཤིང་གཡོ་བར་འགྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། ཡཾ་ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ་ཡ་ཤ །ཞེས་ཉེར་གཅིག་སོགས་བཟླས། ཨརྒྷཾ་ནས་ཤཔྟའི་


TNT21_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱིས་མཆོད་ནས། ཡཾ་ལས་རླུང་རྫས་སྔོན་པོ་ཡངས་ཤིང་གཡོ་བར་གྱུར་པ་འདི་ཉིད་བླ་མ་དང༌། ཤར་རྡོ་རྗེ་སེམས་དཔའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་སྣང་བ་བརྟེན་འབྲེལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། རྟེན་འབྲེལ་གྱི་སྒོ་ནས་འགྲོ་དོན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། འགྲོ་དོན་གྱི་འཁོར་བ་དོང་ནས་དཀྲུག་ནུས་པར་གྱུར་ཅིག །ཉོན་མོངས་པ་ཞེ་སྡང་ཞི་བར་གྱུར་ཅིག །ནང་རླུང་ནད་ཞི་བར་གྱུར་ཅིག །གདོན་ལྷའི་གདོན་ཞི་བར་གྱུར་ཅིག །ཤར་ཕྱོགས་དྲི་ཟའི་གདོན་ཞི་བར་གྱུར་ཅིག །བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །སྐྱབས་འགྲོ་སེམས་བསྐྱེད།ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ། །རཾ་ལས་མེ་རྫས་དམར་པོ་ཚ་ཞིང་བསྲེག་པར་གྱུར་ཅིག །ཨོཾ་ཨཱཿཧཱུཾ། ལན་གསུམ། རཾ་རྀ་རཱྀ་ཊ་ཋ་ཌྷ་ཎ་ར་ཥ། ཉེར་གཅིག་བཟླས། ཨརྒྷཾ་སོགས་ཀྱིས་མཆོད། རཾ་ལས་མེ་རྫས་དམར་པོ་ཚ་ཞིང་བསྲེག་པ་འདི་ཉིད་བླ་མ་དང་ལྷོའི་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་སྣང་བ་རྟེན་འབྲེལ་དུ་འཆར་བར་གྱུར་ཅིག །རྟེན་འབྲེལ་གྱི་སྒོ་ནས་འགྲོ་དོན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། འགྲོ་དོན་གྱིས་འཁོར་བ་དོང་ནས་དཀྲུག་ནུས་པར་གྱུར་ཅིག །ཉོན་མོངས་པ་ང་


TNT21_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་སེར་སྣ་ཞི་བར་གྱུར་ཅིགནད་ཚ་ནད་ཞི་བར་གྱུར་ཅིག །གདོན་ཕོ་གདོན་ཞི་བར་གྱུར་ཅིག །ལྷོ་ཕྱོགས་གཤིན་རྗེས་གནོད་པ་ཞི་བར་གྱུར་ཅིག །གོང་བཞིན་སྐྱབས་འགྲོ་སེམས་བསྐྱེད་བྱ།ཨོཾ་བཛྲ་ཨམྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ༌། བཾ་ལས་ཆུ་རྫས་དཀར་པོ་གྲང་ཞིང་གཤེར་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། བཾ་ཨུ་ཨཱུ་པ་ཕ་བ་བྷ་མ་ཝ་ཀྵ། ཨརྒྷཾ༴ སོགས་ཀྱིས་མཆོད། བཾ་ལས་ཆུ་རྫས་དཀར་པོ་གྲང་ཞིང་གཤེར་བར་གྱུར་པ་འདི་ཉིད་བླ་མ་དང༌། ནུབ་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་སྣང་བ་རྟེན་འབྲེལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །རྟེན་འབྲེལ་གྱི་སྒོ་ནས་འགྲོ་དོན་ནུས་པར་བྱིན་གྱིས་བརླབས་ཏུ་གསོལ། འགྲོ་དོན་གྱི་འཁོར་བ་དོང་ནས་དཀྲུག་ནུས་པར་གྱུར་ཅིག །ཉོན་མོངས་པ་འདོད་ཆགས་ཞི་བར་གྱུར་ཅིག །ནད་གྲང་ནད་ཞི་བར་གྱུར་ཅིག །གདོན་མོ་གདོན་ཞི་བར་གྱུར་ཅིག །ནུབ་ཕྱོགས་ཆུ་ལྷའི་གནོད་པ་ཞི་བར་གྱུར་ཅིག །སྐྱབས་འགྲོ་སེམས་བསྐྱེད་བྱ།ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ། པཾ་ལས་ས་རྫས་སེར་པོ་སྲ་ཞིང་མཐས་པར་གྱུར། ཨོཾ་ཨཱཿཧཱུཾ་


TNT21_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། ལཾ་ལྀ་ལཱྀ་ཏ་ཐ་ད་དྷ་ན་ལས། ཨརྒྷཾ་སོགས་ཀྱིས་མཆོད། ལཾ་ལས་ས་རྫས་སེར་པོ་སྲ་ཞིང་འཐས་པར་གྱུར་པ་འདི་ཉིད་བླ་མ་དང་བྱང་དོན་ཡོད་གྲུབ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་སྣང་བ་བརྟེན་འབྲེལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །རྟེན་འབྲེལ་གྱི་སྒོ་ནས་འགྲོ་དོན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །འགྲོ་དོན་གྱི་འཁོར་བ་དོང་ནས་དཀྲུག་ནུས་པར་གྱུར་ཅིག །ཉོན་མོངས་པ་གཏི་མུག་ཞི་བར་གྱུར་ཅིག །ནད་བད་ཀན་ཞི་བར་གྱུར་ཅིག །གདོན་པ་གདོན་ཞི་བར་གྱུར་ཅིག །བྱང་ཕྱོགས་གནོད་སྦྱིན་གྱི་གནོད་པ་ཞི་བར་གྱུར་ཅིག །ཨོཾ་བཛྲ་ཨམྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ། མཆོད་སྦྱིན་གྱི་གཏོར་མ་གཟུགས་གླུད་ཆང་བུ་འཐེབ་སྐྱུ་དང་བཅས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་མ་གཟུགས་གླུད་ཆང་བུ་འཐེབ་སྐྱུ་དང་བཅས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་བདག་ཅག་ཡོན་མཆོད་འཁོར་དང་བཅས་པས། ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། བརྒྱབ་པའི་ནད་མང་བསད་པའི་ཚེ་ཐུང༌། འཕྲོག་པའི་སྒོང་བུལ་ཟས་ནོར་སྲོག་གི་ལན་


TNT21_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང༌། གཞན་ཡང་མཐོ་བ་མཁར་གྱི་ལན་ཆགས་དང༌། དམའ་བ་ས་ཞིང་གི་ལན་ཆགས་དང༌། མུ་ཏིག་གསེར་དངུལ་ཟངས་ལྕགས་ཀྱི་ལན་ཆགས་དང༌། ནོར་གཡག་རྟ་ལུག་གསུམ་གྱི་ལན་ཆགས་དང༌། ཕྱུགས་བ་ར་བོང་གསུམ་གྱི་ལན་ཆགས་དང༌། ཡུལ་མི་ཁྱིམ་མཚེས་ཀྱིས་ལན་ཆགས་དང༌། ཕ་མ་བུ་ཚའི་ལན་ཆགས་ལ་སོགས་པ་ལན་ཆགས་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལན་ཆགས་ཐམས་ཅད་བྱང་ཤ་འཁོན་ཐམས་ཅད་ཞི། བུ་ལོན་ཐམས་ཅད་ཁྱེར་ནས་ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །ཀྱཻ་སྲིད་གསུམ་འདི་ན་གང་ཡང་རུང༌། །འདི་ན་གནས་པའི་གདོན་བགེགས་རྣམས། །ཚུར་ཤོག་རྒྱལ་བའི་བཀའ་ལ་ཉོན། །འབྲུ་མཆོག་ངར་གླུད་ཡ་མཚན་ཅན། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་ཡོན་བདག་རྒྱུ་འབྱོར་གླུད། །གླུད་བདག་ཐམས་ཅད་གླུད་བཞེས་ཤིག །ཡས་ཀྱི་བདག་པོར་ཡས་བཞེས་ཅིག །བདག་སོགས་ཡོན་བདག་འཁོར་བཅས་ཀྱི། །ཤ་ཡི་གླུད་འདི་ས་ལ་གཏོང༌། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོངས་ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང༌། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོངས་ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག། དྲོད་ཀྱི་གླུད་འདི་མེ་ལ་གཏོང༌། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོངས་ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་ཀྱི་རླུང་ལ་གཏོང༌། །


TNT21_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོངས་ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག །ཡིད་ཀྱི་གླུད་འདི་མཁའ་ལ་གཏོང༌། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོངས་ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག །སྔོན་ཚེ་བདེན་པའི་བྱིན་རླབས་དང༌། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །བསམ་པ་རྣམ་པར་དག་པ་དང༌། །རྣལ་འབྱོར་དོན་གཉིས་ལྡན་པ་ཡི། །ལྷག་བསམ་དག་པའི་བསམ་པ་ཡིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཁྲམ་ལ་བབ་ན་ཁྲམ་ཁ་ཕྱེས། །ཤྭ་ལ་བབ་ན་ཤོར་རྡོ་དོར། །རྩིས་ལ་བབ་ན་རྩིས་ཏེ་ཕྱུང༌། །རྒྱན་ལ་བབ་ན་རྒྱན་དེ་སྤོས། །བཟུང་བ་ཐོངས་ལ་བཅིངས་པ་བཀྲོལ། །བདུད་ཀྱི་ཞགས་པ་སླར་བསྒྱུར་ཅིག །གཞན་ཡང་བཟློག་པའི་རིགས་ཅི་རིགས་བྱའོ། །ཡང་དམ་པ་སངས་རྒྱས་འགྲོ་བའི་མགོན་པོའི་འབྱུང་བཞིའི་གཏོར་མ་འདི་ཉིད་ནད་པ་དྲག་པོའི་བཟློག་ཏུ་གཏོང་ན། ལྷ་བཤོས་དབུལ་ཟན་ཟླ་གམ་བརྒྱ་དང་ལྔ་ཤར་དུ་བལྟས་ལ་བཏང༌། གྲུ་གསུམ་བརྒྱ་དང་གསུམ་ལྷོར་བལྟས་ལ་བཏང༌། ཟླུམ་པོ་བརྒྱ་དང་དྲུག་ནུབ་ཏུ་བལྟས་ལ་བཏང༌། གྲུ་བཞི་བརྒྱ་དང་བཞི་བྱང་དུ་བལྟས་ལ་བཏང༌། ངར་གླུད་བརྒྱ། འཐེབ་སྐྱུ་བརྒྱ། ཆང་བུ་བརྒྱ། ཟན་མིའི་གླུད་ཕོ་མོ་གང་ཡིན་གྱི་སྐྱེ་མཆེད་དོད་པར་བྱས་ལ། དེའི་ཕྲག་པ་གཡས་པ་མི་ཁའི་རྫས་བཀལ། གཡོན་ལ་ནད་པའི་ལོ་གྲངས་ཀྱི་ཁྲམ་ཤིང་བཀལ་བ་གཅིག །ནད་


TNT21_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོས་ཀྱི་ཐུ་བ་གཡས་པའི་སྟེང་དུ་བཞག་ལ་ཁ་རང་ལ་བསྟན། དེའི་མདུན་དུ་སྣོད་ཟངས་ཆེན་མོ་བཞག་ལ། སྐྱབས་སེམས་དང༌། བདག་བསྐྱེད། ལྷ་བཤོས་ཟླ་གམ་སོགས་གོང་གི་རིགས་འདྲེ། ངར་གླུད་ཆང་བུ་སོགས་ཁ་འབར་མའི་རིགས་འདྲེ། བསྔོས་ཟིན་པ་དང་ཐེབས་གང་ཡོད་དུ་བསྐྱལ། བདེན་པའི་སྟོབས་རྣམས་བརྗོད། རྗེས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །ལྷག་ཆད་ཡི་གེ་བརྒྱ་པ་བཟླའོ། །གཞན་ཡང་འདི་སྐད་དོ། །ཀྱཻ་གསོན་ཅིག་སྣང་སྲིད་ལྷ་འདྲེ་རྣམས། །གླུད་འདི་སྲིད་པ་གང་ནས་སྲིད། །དང་པོ་བཅོམ་ལྡན་ཤཀ་ཐུབ་ཀྱིས། ལྷ་དབང་བརྒྱ་བྱིན་དོན་དུ་མཛད། །བར་དུ་འཁོར་ལོ་དྲུག་པའི་གླུད། །འདུ་བ་རྣམ་བཞི་ནད་ལས་གྲོལ། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གླུད། །རྣལ་འབྱོར་སྔགས་འཆང་བདག་གིས་ནི། །སྡེ་བརྒྱད་རྣམས་ལ་བཏང་བ་ཡི། །བར་ཆད་མ་ལུས་ཞི་བར་བྱས། །ངར་གླུད་གསེར་གྱི་ཨ་ཙ་ར། །ཟེར་མོས་སྒྲོས་ལ་ལུང་ཐང་མིག །སྤྱན་མིག་ཕྲད་ངས་ཧྲིག་སེ་ཧྲིག །མགྲོན་བུའི་སོ་ནི་དཀར་མདངས་ཅན། །ཞལ་ནི་འཛུམ་མདངས་མུ་ལུ་ལུ། །ཕྱག་གཡས་རིན་ཆེན་གསེར་ལ་བྱས། །གཡོན་པ་རིན་ཆེན་གཡུ་ལ་བྱས། །ཕྱག་གི་གར་སྟབས་ལིང་སེ་ལིང༌། །ཞབས་གཡས་ཐབས་ཆེན་ལྕགས་ལ་བྱས། །གཡོན་པ་ཤེས་རབ་ཟངས་ལ་བྱས། །ཞབས་ཀྱི་གར་འགྲོས་འདུ་རུ་རུ། །རྣམ་ཤེས་ཚོགས་


TNT21_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་འདི་ལ་ཚང༌། །བཀྲག་མདངས་གཟི་མདངས་འདི་ལ་ཚང༌། །ཤ་ཁྲག་རུས་གསུམ་འདི་ལ་ཚང༌། །ལོངས་སྤྱོད་མངའ་ཐང་འདི་ལ་ཚང༌། །དཔའ་སྩལ་སྟོབས་རྒྱས་འདི་ལ་ཚང༌། །འགྲོ་ན་ཁྱུ་མཆོག་མ་ཧེའི་འགྲོས། །སྨྲ་ན་ཚངས་པའི་དབྱངས་ལྟར་སྨྲས། །རིན་ཆེན་སྣ་ལྔའི་རྒྱན་གྱིས་བརྒྱན། །དར་མཚོན་སྣ་ལྔའི་ན་བཟའ་གསོལ། །འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོས། །འདི་འདྲའི་གླུད་མཆོག་ཡ་མཚན་ཅན། །མི་ལས་དེ་ནི་གླུད་དགའོ། །བྱ་ལས་དེ་ནི་སྤུ་དགའོ། །སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ། །བཞེས་ནས་རང་རང་གནས་སུ་གཤེགས། །ཀྱཻ་ད་ནི་འབྱུང་བ་གླུད་གཏོང་ངོ༌། །གཏོར་གླུད་འབྱུང་བ་ལྔ་ལ་གཏོང༌། །ལམ་ནི་བླ་མེད་གནས་སུ་སྟོན། །འདུ་བ་དང་པོ་སེམས་ཀྱྀ་གླུད། །འབྱུང་བ་དང་པོ་ནམ་མཁར་གཏོང༌། །ནམ་མཁར་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་དབུགས་ཀྱི་གླུད། །འབྱུང་བ་དེ་ནི་རླུང་ལ་གཏོང༌། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ན་དྲོད་ཀྱིས་གླུད། །འབྱུང་བ་དེ་ནི་མེ་ལ་གཏོང༌། །མེ་ལ་གནས་པའི་ལྷ་འདྲེ་རྣམས། གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་ཁྲག་གི་གླུད། །འབྱུང་བ་དེ་ནི་ཆུ་ལ་གཏོང༌། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་


TNT21_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་ཤ་ཡི་གླུད། །འབྱུང་བ་དེ་ནི་ས་ལ་གཏོང༌། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་རུས་པའི་གླུད། །འབྱུང་བ་དེ་ནི་བྲག་ལ་གཏོང༌། །བྲག་ལ་གནས་པའི་ལྷ་འདྲེ་རྣམས། གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་རྩ་རྒྱུས་གླུད། །འབྱུང་བ་དེ་ནི་ཤིང་ལ་གཏོང༌། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིངས་པ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་པགས་པའི་གླུད། །འབྱུང་བ་དེ་ནི་ཐང་ལ་གཏོང༌། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་བ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་ནི་རྒྱུ་མའི་གླུད། །འབྱུང་བ་དེ་ནི་ལམ་ལ་གཏོང༌། །ལམ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་བ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་སྐྲ་ཡི་གླུད། །འབྱུང་བ་དེ་ནི་ནགས་ལ་གཏོང༌། །ནགས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་


TNT21_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །དེ་ནས་གླུད་གར་གཏོང་ཕྱོགས་ལ་ཁ་བསྟན་ལ་འདི་སྐད་དོ། །ཀྱཻ་ད་ནི་གླུད་ལ་ལམ་ཅིག་སྟོན། །ཡང་དག་དོན་གྱི་ལམ་དང་གཅིག །ཀུན་རྫོབ་སྒྱུ་མའི་ལམ་དང་གཉིས། །ཡང་དག་དོན་གྱི་ལམ་སྟོན་པ། །ཆོས་ཉིད་སྟོང་པའི་ལམ་དུ་བསྟན། །ཀུན་རྫོབ་སྒྱུ་མའི་ལམ་བསྟན་པ། །འབྱུང་བ་ལྔ་ཡི་ལུས་སྟོབས་ཀྱི། །མ་བསྒྲོད་བསམ་པ་ཙམ་གྱིས་ནི། །སྟོང་གསུམ་གཞན་དུ་སླེབ་པར་བཞུད། །ལོངས་སྤྱོད་སྣ་ཚོགས་དེ་ན་ཆེ། །བགེགས་ཀྱི་རྒྱལ་པོ་དེ་ན་བཞུགས། །ད་ནི་གླུད་ལ་ལམ་ཅིག་སྟོན། །ལམ་ནི་དགུང་སྔོན་མཐོངས་སུ་སྟོན། །དགུང་ཚིག་སྐྱ་མོ་དུང་གི་ལམ། །ལམ་དེར་བཞུད་ལ་མཁའ་ལ་གཤེགས། །ཡང་ནི་གླུད་ལ་ལམ་ཅིག་སྟོན། །ལམ་ནི་ཆུ་བོའི་གཞུང་ལ་སྟོན། །ཆུ་གཞུང་སྔོན་མོ་ཆུ་ཡི་ལམ། །ལམ་འདི་བཞུད་ལ་ཕྱོགས་དེར་གཤེགས། །ཡང་ནི་གླུད་ལ་ལམ་ཅིག་སྟོན། །ལྷ་ཀླུ་གནོད་སྦྱིན་འབྱུང་པོ་རྣམས། །སོ་སོའི་ལམ་ནི་བསམ་མི་ཁྱབ། །ལམ་དེར་བཞུད་ལ་ཚུར་མ་ལོག །ཆོས་ཉིད་བདེན་པའི་བྱིན་རླབས་དང༌། །གསང་སྔགས་བཀའ་ཡི་བྱིན་རླབས་དང༌། །སྔགས་འཆང་བདག་གི་བྱིན་རླབས་


TNT21_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །འདོད་པའི་ལོངས་སྤྱོད་ལྡན་པར་ཤོག །ལན་ཆགས་རྒྱལ་པོ་བགེགས་ཀྱི་ཚོགས། །གླུད་དང་གཏོར་མ་འདི་བཞེས་ལ། །ཡོངས་ལ་གནོད་པ་མ་བྱེད་པར། ཁྱོད་ཀྱི་ནད་རྣམས་མྱུར་དུ་བསྡུས། ཁྲམ་ལ་བབ་ན་ཁྲམ་ཁ་ཕྱེས། །ཤོ་ལ་བབ་ན་ཤོ་རྡེའུ་དོར། །རྩིས་ལ་བབ་ན་རྩིས་ཏེ་ཕྱུང༌། །རྒྱན་ལ་བབ་ན་རྒྱན་དེ་སྤོས། །སོ་སོའི་གནས་དང་རྟེན་ལ་གཤེགས། །ཕྱིན་ཆད་འདི་ལ་གནོད་མ་བྱེད། །གླུད་ཆེན་དམ་པ་འདི་ཁྱེར་ལ། །ནད་གོད་ཚ་གོད་ཁྱོད་ཀྱིས་ཆོད། །ན་བའི་ན་ཁུར་ཁྱོད་ཀྱིས་ཐོན། །ཚ་བའི་ཚ་ཁུར་ཁྱོད་ཀྱིས་ཐོན། །བསྡམས་པ་ཡོད་ན་གློད་ལ་ཐོངས།། བཅིང་བ་ཡོད་ན་ཁྲོལ་ལ་ཐོངས། །ཆགས་ཆེན་ཉམས་ང་བཟློག་ཏུ་གསོལ། །རྨི་ལམ་མཚན་ལྟས་ངན་པ་བཟློག །མཐུ་གཏད་རྦོད་གཏོང་ཐམས་ཅད་བཟློག །བདུད་ཀྱི་ཞགས་པ་སླར་བསྒྱུར་ཅིག །དེ་རྗེས་དགེ་བ་བྱང་ཆུབ་ཏུ་བསྔོའོ། །སྨོན་ལམ་དང༌། བཀྲ་ཤིས་བྱའོ། །འབྱུང་བཞིའི་གཏོར་ཆོག་འདི་ཡང་གཏོར་ཆོག་རྙིང་པ་ལ་ཏཱ་ར་ན་ཐཱས་ཞུ་དག་བགྱིས་པ་ཏེ་བྱིན་རླབས་ཀྱྀ་གཟི་འོད་འབར་བ་ནད་གདོན་རབ་ཞི་ཞེས་པའོ།། །།མངྒ་ལཾ།། ༈ མི་ཁའི་རྫས་ལ། རེ་བ་ནག་པོའི་ཁུག་མའི་ནང་དུ། ཟན་དང་བྲ་བོ་སྒོག་པ་གསུམ། བཙོང་དང་ཡོངས་མ་ཞུན་མཁན་གསུམ། །སྒྱེད་དྲག་ཕ་འོང་དྲག་པ་བསླང༌། རྟག་གསུམ་འགལ་བ་སྣེ་ནག་བྱ་གསོབ་རྣམས། མི་ཁ་བཟློག་པའི་རྫས་སུ་བསགས། ཐང་དཀར་གྱི་ཕོ་ཏང༌། གླང་མས་མོ་ཏང་


TNT21_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཡས་གཡོན་བཀུ། ༈ སྲན་མ། བྲ་བོ། རམ་པ། བརྩོད། མཚུར། ཚྭ། གཡེར་མ། སྦང་མ། ཡོས་ཚིག །ར་བལ། ཁྱི་བལ། སྐྲ་ཚལ། སྒོག་པ། རྡོ་ནག །གཡག་རྭ། ར་རྨིགཁྱི་མགོ །ར་ཐོད། བྲ་ཤིང༌། གླང་མ། སྒྱུ་མོ། བོ་ཏོ་ཕུབ་ཆག །མདའ་ཆགམདུང་ཆག །གཞུ་ཆག །གྲི་ཆག །སྡེར་ཆག །ཕོར་ཆག །གཟར་ཆག །སྟན་དུམ། ལྷམ་དུམ། དེ་རྣམས་བླུག །རྫོགས་སོ།། །། བཀྲ་ཤིས།། གཅིག་ཞུས།།དེ་ཡང་སྐྱེ་འདི་ཉིད་ནས་རབ་བསགས་པ། །བྱ་བ་དོན་ལྡན་ཁོ་ནའི་མཐུ་ལ་བརྟེན། །གདོས་བྱས་རྒྱུ་ལས་འདི་གང་བོར་མ་ཐག །འཁོར་བར་སྐྱེ་གནས་དམན་པ་ཀུན་ལས་ལྡོག །དགེའོ།། །།


previousའབྱུང་བཞིའི་གཏོར་ཆོགnext