དཔལ་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་དང་བརྒྱུད་བཤད་མན་ངག་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་ཚིགས་བཅད།
དཔལ་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་དང་བརྒྱུད་བཤད་མན་ངག་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་ཚིགས་བཅད་བཞུགས།
ན་མོ་གུ་རུ་བྷེ་ར་ཝ་ཡ། དཔལ་ལྡན་ཡེ་ཤེས་རྣམ་ལྔའི་རང་སྣང་ལས། །ཟབ་གསལ་དབྱེར་མེད་འཇམ་དཔལ་ཁྲོ་བོའི་སྐུ། །འཇིགས་མཛད་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བའི་ཡུམ་ཆེན་རྡོ་རྗེ་བེ་ཏ་ལི། །ལུང་བསྟན་མཆོག་བརྙེས་གྲུབ་ཆེན་ལཱ་ལི་ཏ།། ཐུགས་རྗེས་དྲེགས་པ་འབུལ་མཛད་ཨ་མོ་གྷ། །གསོལ་བ༴ །རིམ་གཉིས་མངོན་གྱུར་ཡེ་ཤེས་འབྱུང་གནས་དང༌། །མངོན་སྤྱོད་རྒྱ་མཚོའི་མངའ་བདག་པདྨ་པ། །ལོག་ལྟའི་རྒྱལ་པོ་ཚར་གཅོད་བྷ་རོའི་ཞབས། །གསོལ་བ༴ །འཇིགས་མཛད་གོ་འཕང་མཆོག་བརྙེས་རྡོ་རྗེ་གྲགས། །ལམ་བཟང་བསྟན་པ་རྒྱས་མཛད་ཆོས་རབ་དཔལ། །ཟབ་མོས་རྒྱུད་སྦྱངས་ཡེ་ཤེས་སེང་གེའི་ཞབས། །གསོལ་བ༴ །བློ་ལྡན་ནུས་པའི་དབང་ཕྱུག་འབུམ་སེང་དང༌། །
གློག་སྐྱའི་རིགས་འཁྲུང་རྟོན་པ་དབང་དྲག་མཚན། །རྡོ་རྗེ་འཛིན་དབང་ལྡོང་སྟོན་ཤེས་རབ་དཔལ། །གསོལ་བ༴ །དམ་ཆོས་འཁོར་ལོས་བསྒྱུར་བ་འཕགས་པའི་མཚན། །ཆོས་བརྒྱད་རྣམ་རྟོག་ཀུན་སྤངས་དཀོན་མཆོག་དཔལ། །རྩེ་གཅིག་སྒྲུབ་པའི་དབང་ཕྱུག་བསོད་ནམས་དཔལ། །གསོལ་བ༴ །མཁྱེན་བརྩེའི་དབང་ཕྱུག་བསོད་ནམས་རྒྱལ་མཚན་དཔལ། །ཡོན་ཏན་ཀུན་ལྡན་བྱང་ཆུབ་སེང་གེའི་ཞབས། །བསྡུ་དངོས་རྣམ་བཞིས་དོན་མཛད་ཤར་ཆེན་པ། །གསོལ་བ༴ །མཚན་མཆོག་དོན་དང་ལྡན་པའི་ཀུན་དགའ་བཟང༌། །རྒྱལ་སྲས་གཞན་ཕན་མངོན་གྱུར་ཁ་ཕྱར་བ། །འཇམ་དཔལ་དགྱེས་པའི་བཤེས་གཉེན་ཤཱཀྱའི་མཚན། །གསོལ་བ༴ །ཡང་ན་ཆོས་རབ་ཀྱི་རྗེས་སུ་ར་ཤང་བ་ནས་བརྒྱུད་ཀྱང་རུང་སྟེ།འདི་ལྟར། རྒྱུད་སྡེ་ཀུན་སྦྱངས་དཀོན་མཆོག་སེང་གེའི་ཞབས། །མན་ངག་ཀུན་གྱི་
མཛོད་འཛིན་ཆོས་སེང་པ། །སྙན་བརྒྱུད་གདམས་པའི་མངའ་བདག་ཤེས་རབ་མཚོན། །གསོལ་བ༴ །འཁྲུལ་མེད་ལམ་བཟང་མངོན་གྱུར་དབང་ཕྱུག་གྲགས། །རྡོ་རྗེ་གྲགས་པའི་རྣམ་འཁྲུལ་རྒྱ་སྟོན་རྗེ། །རིས་མེད་ཐོས་པས་བརྒྱུད་ཕྱུག་བག་སྟོན་པ། །འཇིགས་མཛད་ཞལ་གཟིགས་འཇམ་དབྱངས་རལ་གྲིའི་ཞབས། །གནས་ལྔ་མཐར་སོན་བློ་བརྟན་བཞི་པ་དང༌། །འཇམ་དཔལ་དགྱེས་པའི་ཡེ་ཤེས་ཤཱཀྱའི་མཚན། །གསོལ་བ༴ །ཞེས་བརྗོད་ཀྱང་རུང་ངོ༌། །མཁས་དབང་ཆོས་ཉིད་མངོན་གྱུར་བྱམས་གླིང་བ། སྤྱོད་འཆང་རྣམ་འཕྲུལ་ཀུན་དགའ་གྲོལ་མཆོག་ཞབས། །རྡོ་རྗེ་འཆང་དངོས་ཀུན་དགའ་རྒྱལ་མཚན་ལ།། གསོལ་བ༴ །རབ་གསལ་མཚན་དཔེས་སྤྲས་པ་རྡོ་རྗེ་སྐུ། །རབ་མཉེན་ཡན་ལག་དྲུག་ཅུའི་གསུང་དབྱངས་ཅན། །ཡེ་ཤེས་རྒྱ་མཚོའི་ཟུང་འཇུག་ཐུགས་ཀྱི་དངོས། །གསོལ་བ༴ །དབང་བཞི་རིམ་པས་རང་རྒྱུད་སྨིན་བྱས་ཏེ། །ཞི་ཁྲོ་རྣམ་པར་རོལ་པའི་ཏིང་འཛིན་གྱིས། །འཇམ་དཔལ་ཁྲོ་བོའི་བསྐྱེད་རིམ་མཐར་ཕྱིན་ནས། །ལས་དང་དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབས། །ཟབ་དང་རྒྱ་ཆེ་ཟུང་འཇུག་རིམ་པ་ཡིས། །སྣང་སྟོང་དབྱེར་མེད་ལྷ་སྐུ་ལམ་ཁྱེར་དང༌། །དྷུ་ཏིར་གནད་དུ་བསྣན་པའི་བདེ་ཆེན་གྱིས། །རྫོགས་རིམ་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །བསྙེན་པའི་རིམ་པས་རང་རྒྱུད་སྦྱངས་བྱས་ཏེ། །སྒྲུབ་པའི་ཚུལ་གྱི་རིམ་པ་མངོན་གྱུར་ནས། །དངོས་གྲུབ་རྣམ་གཉིས་ལེན་པའི་
ལས་སྦྱོར་གྱིས། །འཇིགས་མཛད་དངོས་སུ་འགྲུབ་པར་བྱིན་གྱིས་རློབས། །བརྟུལ་ཞུགས་སྤྱོད་པས་རང་དོན་མཐར་ཕྱིན་ནས། །མཐའ་དག་འགྲོ་ཀུན་ཐེག་མཆོག་ལམ་ལ་བཀོད། །ས་དང་ལམ་རིམ་ཐམས་ཅད་བསྒྲོད་གྱུར་ནས། །བླ་མེད་བྱང་ཆུབ་ཐོབ་པར་བྱིན་གྱིས་རླཽབས། །ཞེས་འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་སྐོར་གྱི་དབང་དང༌། རྒྱུད་བཤད། མན་ངག་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་ཚིགས་བཅད་འདི་ནི། ས་སྐྱོང་གཞོན་ནུ་ཀུན་དགའ་བསོད་ནམས་རྒྱལ་མཚན་གྱིས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ།། ༈ །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་བཀྲ་ཤིས་བརྗོད་པའི་ཚིགས་སུ་བཅད་པ་བཞུགས། ཨོཾ་སྭ་སྟི། དཔལ་ལྡན་རྡོ་རྗེ་འཆང་དབང་བཤེས་གཉེན་ཚུལ། །མཐའ་ཡས་འགྲོ་ལ་ཕན་བདེའི་དགེ་ལེགས་སྩོལ། །ལཱ་ལི་ཏ་སོགས་རྩ་བརྒྱུད་བླ་མ་ཡིས། །སྲིད་ཞིའི་ཕུན་ཚོགས་མ་ལུས་འདིར་སྩོལ་ཅིག །མི་འགྱུར་བདེ་ཆེན་ཆོས་དབྱིངས་རྣམ་དག་ལས། །ཡེ་ཤེས་རྒྱ་མཚོ་འཇམ་དཔལ་དཔའ་བོའི་ཐུགས། །བདུད་དཔུང་ཀུན་འཇོམས་འཇིགས་མཛད་ཆེན་པོའི་སྐུར། །སྟོན་མཛད་འཁོར་ལོའི་མགོན་པོས་བཀྲ་ཤིས་ཤོག །བདེ་ཆེན་གཡོ་མེད་ངང་ལས་མ་གཡོས་ཀྱང༌། །མོས་པ་སྣ་ཚོགས་སེམས་ཅན་འདུལ་བའི་ཕྱིར། །ཡེ་ཤེས་ཉམས་བརྒྱའི་སྤྲུལ་པ་སྣ་ཚོགས་འཆང༌། །རིགས་ལྔའི་འཁོར་ལོས་བསྒྱུར་བའི་བཀྲ་ཤིས་ཤོག །མཐའ་དག་རྒྱལ་བ་དགྱེས་པའི་ཟློས་གར་མཁན། །ཟག་མེད་བདེ་བསྐྱེད་སྒྱུ་འཕྲུལ་དུ་མས་
སྒེག །རྗེས་ཆགས་རོལ་པས་རྣམ་རྒྱན་ལྷ་མོའི་གཙོ། །རྩ་རྩི་ཀ་སོགས་ལྷ་མོས་བཀྲ་ཤིས་ཤོག །དཀྱིལ་འཁོར་ཀུན་ཏུ་སྔགས་ཀྱི་ལྷ་རྣམས་ཀུན། །དགུག་གཞུགས་བཅིང་དང་མཉེས་པས་ལས་མཛད་ཅིང༌། །བགེགས་ཀུན་འཇོམས་མཛད་དངོས་གྲུབ་མ་ལུས་སྩོལ། །སྒོ་སྲུང་ཁྲོ་བོ་རྣམས་ཀྱིས་བཀྲ་ཤིས་ཤོག །གཟུགས་སྒྲ་ལ་སོགས་འདོད་ཡོན་ལྷ་མོ་རྣམས། །ཕུང་པོ་ཉོན་མོངས་འཆི་བདག་ལྷ་ཡི་བུ། །འཕྲིན་ལས་དྲག་པོ་འདུལ་ཕྱིར་སྐུ་སྤྲུལ་པ། །བདེ་སྐྱོང་ཐོད་པ་བཞི་ཡིས་བཀྲ་ཤིས་ཤོག །དབང་པོ་བཅས་པའི་ལྷ་དང་ནད་གདོན་སོགས། །གདུགས་ཅན་འདུལ་ཕྱིར་འཇིགས་བྱེད་སྐུར་བཞེངས་པ། །དཔག་ཡས་རྒྱལ་བ་སྲས་བཅས་ཀུན་འདུས་དངོས། །ཞེ་དགུའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག །གདུགས་པ་སྐྲག་བྱེད་རྡོ་རྗེ་རོ་ལངས་བརྒྱད། །མཐར་བྱེད་ལུས་འཛིན་ཕྱོགས་བཅུའི་དགྲ་བགེགས་འདུལ། །སྒྲུབ་ལ་དངོས་གྲུབ་གཉིས་ཀྱིས་མཆོག་སྩོལ་བ། །སྒོ་མཚམས་གནས་པ་རྣམས་ཀྱིས་བཀྲ་ཤིས་ཤོག །བཅུ་དྲུག་འཕོ་བའི་བག་ཆགས་མཐར་འཛིན་པ། །བདེ་ཆེན་ཡེ་ཤེས་མ་གཤིན་བཅུ་དྲུག་ཚུལ། །ཐོག་མེད་འཕྲིན་ལས་སྒྲུབ་པའི་མཐུ་དཔལ་ཅན། །ལས་མཛད་ཕོ་ཉའི་ཚོགས་ཀྱིས་བཀྲ་ཤིས་ཤོག །བྱང་ཆུབ་ཕྱོགས་ཆོས་རང་བཞིན་རྒྱན་གྱིས་སྤྲས། །རྡོ་རྗེ་ས་གཞི་འདམ་སྐྱེས་ལྟེ་བར་གནས། །སྲིད་ལས་སྒྲོལ་ཕྱིར་དུར་ཁྲོད་ཆེན་པོར་བཅས། །ཡེ་ཤེས་གཞལ་མེད་ཁང་གིས་བཀྲ་ཤིས་ཤོག །
སྟོང་ཉིད་ཡེ་ཤེས་རྡོ་རྗེའི་ས་གཞིའི་གུར། །རྭ་བ་མེ་དཔུང་འབར་བ་འཁོར་ལོ་བཅས། །བར་ཆད་ཀུན་འཇོམས་སྲུང་བའི་འཁོར་ལོ་ཡིས། །སྲིད་གསུམ་ཕན་བདེ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་བཀྲ་ཤིས་བརྗོད་པའི་ཚིགས་སུ་བཅད་པ། ས་སྐྱོང་གཞོན་ནུ་ཀུན་དགའ་བསོད་ནམས་རྒྱལ་མཚན་གྱིས་བསྐུལ་ནས། །ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེའོ།། བདག་གི་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་བའི། །བླ་ན་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །རབ་དཀར་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་བའི། །བླ་ན་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །རབ་དཀར་འདིས་མཚོན་སྐྱེ་འཕགས་དགེ་ཆེན་གྱིས། །དུས་མཐར་རྒྱལ་བསྟན་དབུ་འཕང་མཐོ་བ་དང་། །ཆབས་གཅིག་འགྲོ་ལ་ཕན་བདེ་ཡོངས་སྤེལ་ཞིང་། །བསྟན་འགྲོའི་བསྲུང་རིམ་རླབས་ཆེན་སྤྱོད་གྱུར་ཅིག །འདི་ཡང་མ་ཏིས་སོ། །