Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྲུང་འཁོར་རྡོ་རྗེ་བྲག་རྫོང་མ་རྒྱས་པའི་ཁྲིད་ཡིག་འདུས་གསལ་ཚང་བ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྲུང་འཁོར་རྡོ་རྗེ་བྲག་རྫོང་མ་རྒྱས་པའི་ཁྲིད་ཡིག་འདུས་གསལ་ཚང་བ།next

བསྲུང་འཁོར་རྡོ་རྗེ་བྲག་རྫོང་མ་རྒྱས་པའི་ཁྲིད་ཡིག་འདུས་གསལ་ཚང་བ།


TNT21_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་འཁོར་རྡོ་རྗེ་བྲག་རྫོང་མ་རྒྱས་པའི་ཁྲིད་ཡིག་འདུས་གསལ་ཚང་བ་ཞེས་བྱ་བ་བཞུགས།


TNT21_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་རྡོ་རྗེ་ཧེ་རུ་ཀ །རབ་ཁྲོས་མགོན་ལ་བཏུད་བྱས་ནས། །མཆོག་ཏུ་ཟབ་པར་གྲགས་པ་ཡི། །བསྲུང་བཟློག་བསད་གསུམ་མདོ་ཙམ་བྲི། །མགོན་པོ་ཁྲོ་བཅུའི་སྒྲུབ་ཐབས་ལས་བརྩམས་ནས། བསྙེན་པའི་མན་ངག་བསྲུང་འཁོར་རྡོ་རྗེ་བྲག་རྫོང་མར་གྲགས་པའི་རྒྱུན་ཁྱེར་གྱི་ངག་འདོན་དང༌། ལས་ཚོགས་བསྲུང་བཟློག་བསད་པའི་མན་ངག་ཉེར་མཁོ་ཅུང་ཟད་བྲི་བར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་བྱས་ལ་བྱའོ། །སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སུམ་ལས་རྡོ་རྗེ་བྲག་རྫོང་དམར་ནག་ཟུར་གསུམ་སྟོང་གསུམ་གྱི་ཁྱོན་དང་མཉམ་པ། དེའི་སྟེང་དུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་རབ་ཏུ་ཡངས་པ། དེའི་ནང་དུ་པཾ་ལས་པདྨ། རཾ་ལས་ཉི་མ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་གནས་པའི་ཧཱུཾ་ལས་འོད་


TNT21_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། རྡོ་རྗེ་ས་གཞིར་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ། ཧཱུཾ་བྷྲུཾ་ཧཱུཾ། སྔོན་པོ་ཞུ་བ་ལས་བྱུང་བའི་གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་བཅུ་པ། རྩེ་མོ་རྣོ་བ། ཁོག་པ་སྟོང་པ་ཡངས་ཤིང་རྒྱ་ཆེ་བ། གོ་སྐབས་མེད་པར་གྱུར། འཁོར་ལོའི་ནང་གི་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧཱུཾ་མཐིང་ནག་རེ་རེ། དེ་རྣམས་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། དབུས་ཀྱི་གདན་གྱི་སྟེང་དུ་བདག་ཉིད་རྡོ་རྗེ་ནག་པོ་ཆེན་པོ་དུས་ཀྱི་མུན་པ་ལྟ་བུའི་སྐུ་མདོག་ཅན་ཆེ་ཞིང་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་


TNT21_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་འཛིན་པ། ཕྱག་གཉིས་ཅན་གྱི་དབུས་ན་རྣམ་སྤྲུལ་གྱི་གནྡྷེ་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང༌། སྦྲུལ་གྱིས་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་འགྱེལ་བའི་འདུག་སྟངས་ཀྱིས་རོ་ཡི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག །གཡོན་ན་ཁྱི་ནག །རྒྱབ་ན་ལྕགས་སྤྱང༌། མདུན་ན་མི་ནག །སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ་མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། འཁོར་ལས་བྱེད་སྤྲུལ་པ་ཡང་སྤྲུལ། སྡེ་བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །ཕྱོགས་བཅུའི་མགོན་པོ་རྣམས་ནི་གཙོ་བོ་དང་མཚུངས་པ་ལས། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པ་ཐོད་ཁྲག་ཐུགས་ཀར་འཛིན་ཅིང༌། ཞབས་གཡས་བསྐུམ་གཡོན་བརྐྱང་བ། ཕྱག་མཚན་གནྡྷེ་སྤངས་པ། ཕོ་ཉ་དྲག་གཏུམ་གྱི་རྣམ་པ་ཅན་ནོ། །བསྲུང་བའི་འཁོར་ལོའི་ཕྱི་རོལ་ན། དུར་ཁྲོད་ཆེན་པོ་བརྒྱད་དུ་ཕྱོགས་སྐྱོང་བ་རྣམས་


TNT21_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཕོ་ཉ་སྡེ་བརྒྱད་ཀྱིས་བསྐོར་བར་གྱུར། ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད། དཔལ་མགོན་པོ་བཅུ་གཅིག །བསྲུང་བའི་འཁོར་དང་བཅས་པ་ལ་རྡོ་རྗེ་ཁྲོ་བོ་དམ་ཅན་བསྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རང་དང་གཉིས་སུ་མེད་པར་ཐིམ། ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བར་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨབྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཞིང་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པ་རེ་རེས་དབུ་བརྒྱན། ཨོཾ་ཤྲཱི་མཧཱ་ཀཱ་ལ་ས་པཱ་རི་ཝཱ་ར། ཞེས་རེ་རེ་སྦྱར་ནས། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། དུས་གསུམ་རྒྱལ་བའི་ཐུགས་ཀྱི་རྣམ་འཕྲུལ་ལས། ཡེ་ཤེས་གཅིག་ཉིད་མགོན་པོ་ནག་པོའི་ཚུལ། །གང་འདུལ་རྣམ་འཕྲུལ་མཐའ་ཡས་སྟོན་པའི་སྐུ། །


TNT21_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བསྟོད་བྱེད་གུས་པས་ཕྱག་ཀྱང་འཚལ། །ཅེས་པས་བསྟོད། དེ་ནས་བར་འདིར་འོག་ནས་འཆད་པའི་གནད་ལྔ་པོ་གསལ་བཏབ། ཨོཾ་བཛྲ་ཙཀྲ་རཀྵ་ཧཱུཾ་བྷྲུཾ་ཧཱུཾ་ཕཊ། ཅེས་བརྗོད། ཨོཾ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཅེས་པ་དང༌། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཧཱ། ཞེས་པ་དང༌། ཤམ་བུ་ཅན་སོགས་མང་དུ་བཟླ་ཞིང༌། མཇུག་ཏུ་དགྲ་བགེགས་བསད་བཅད་ཀྱིས་ལས་མཛད་པར་བསམ་སྟེ། ཤཱ་ས་ན༴ སྤེལ་ཚིག་མེད་པའམ། སྤེལ་ཚིག་ཅན་སྐབས་སུ་གང་བབ་ཉེར་གཅིག་ནས་བརྒྱ་རྩའི་བར་བཟླའོ། །ཐུན་འཇོག་ཁར། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱི་བཀའ༴ བདག་ཅག་གི་ཏིང་ངེ་འཛིན་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིགས་སྔགས་ཀྱི་གཞི་འདི་འགྲུབ་པར་གྱུར་ཅིག །བདག་ཅག་འཁོར་དང་བཅས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག །ཕྱིར་ལ་བཟློག་པར་གྱུར་ཅིག །བདག་ཅག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང༌། གདུག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་


TNT21_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་དང་ལྡན་པ་རྣམས་དང༌། བསམ་པ་ངན་པ་དང་སྦྱོར་བ་ངན་པར་བྱེད་པའི་དགྲ་དང་བགེགས་དང༌། བྱད་མ་ཐམས་ཅད་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་དབྱིངས་སུ་ཞི་བར་གྱུར་ཅིག །གལ་ཏེ་ཞི་བར་མ་གྱུར་ན་དེའི་ཚེ་དེ་དག་ཐམས་ཅད་ཀྱི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར༴ །ཡིད་བཅིང་བར༴ །མཐུ་བརླག་པར་གྱུར་ཅིག །སྟོབས་བརླག་པར༴ རྫུ་འཕྲུལ་བརླག་པར༴ དེས་སྒྲུབ་པའི་སྔགས་ཀྱིས་དེ་ཉིད་བརླག་པར་གྱུར་ཅིག །དེས་སྒྲུབ་པའི་སྲུང་མ་དང་ལྷ་འདྲེས་དེ་ཉིད་ཀྱི་ཤ་ལ་ཟ་བར་གྱུར་ཅིག །དེའི་ཏིང་ངེ་འཛིན་དང་ཕྱག་རྒྱ་དང༌། སྔགས་དང༌། རྫས་དང༌། འཁོར་ལོ་ཐམས་ཅད་ཀྱིས་དེ་ཉིད་བརླག་པར་གྱུར་ཅིགབྱད་མར་རང་གཤེད་རང་ལ་འབབ་པར་གྱུར་ཅིག །གཞན་ཡང་བདག་ཅག་གི་རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། ལྟས་ངན་པ་དང༌། བཀྲ་མི་ཤིས་པ་དང༌། ལོ་སྐེག་དང༌། ཟླ་སྐེག་དང༌། ཞག་སྐེག་དང༌། ནད་ཆགས་དང་གདོན་ཆགས་དང་བདུད་གཡོས་དང་སྲི་ལངས་པ་ལ་སོགས་ཆགས་ཆེ་ཉམ་ང་དང༌། མདོར་ན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ལ་བཟློག་པར་གྱུར་ཅིག །ཅེས་སོགས་དམོད་པ་དང་བཅས་ཏེ་ཐལ་མོ་བརྡབས། ཁྲོ་བོ་འབར་བའི་ཚོགས་


TNT21_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །བགེགས་དང་ལོག་པར་འདྲེན་པ་རྣམས། །འདུལ་དཀའ་འདུལ་ཕྱིར་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུངས་པ་རྣམས་ཚར་གཅོད་ཤོག །སླར་ཡང་སྐུ་གསུང་ཐུགས་མི་འགྱུར་བའི་གཟེར་བུའི་དམིགས་པ་ཚར་གཅིག་ཡིད་ལ་བསྒོམ། མཆོད་བསྟོད་བྱས་ནས་འོད་གསལ་དུ་བསྡུས་ལ། ཅུང་ཟད་མཉམ་པར་བཞག །སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱིས་སྔོན་བཞིན་གྲུབ་པར་འགྱུར། ཅེས་བརྗོད། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྔགས་གསུམ་པོ་ཚར་གཅིག་བརྗོད། གནས་ལུས་ལོངས་སྤྱོད་སྣང་བ་ཐམས་ཅད་བྱིན་གྱིས་བརླབས་སོ། །དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྨོན་ལམ་དང༌། སྔོན་ཚེ་བཅོམ་ལྡན་འདས། སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཀྱང་བརྗོད་དོ། །དེ་དག་ནི་ངག་འདོན་གྱི་རིམ་པའོ། །ཚུལ་འདིའི་བསྙེན་པ་བསྐྱལ་ནས། འོག་ནས་འབྱུང་བའི་ལས་ཚོགས་བསྒྲུབ་པར་བྱའོ། །ད་ནི་དཀྱུས་དང་ཁྱད་པར་གྱི་མན་ངག་རྣམས་མདོ་ཙམ་བཤད་པར་བྱ་སྟེ། དེ་ལ་དཀྱུས་ཀྱི་མན་ངག་ནི་གོང་དུ་བཤད་པ་ལྟར་གྱི་བཟླས་པའི་སྐབས་སུ་གནད་ལྔ་དང་ལྡན་པར་བྱ་བ་ཡིན་ཏེ། དེ་དག་རིགས་བདག་གི་རྒྱས་འདེབས་མཆོད་བསྟོད་དང་བཅས་པ་གྲུབ།


TNT21_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ། ཐོག་མར་དམིགས་པ་འདི་རྣམས་ལེགས་པར་གསལ་བཏབ་ནས། དེ་རྗེས་དམིགས་པ་དེའི་རྒྱུན་ལ་གནས་པས་བཟླས་པར་བྱའོ། །དེ་ལ་གནད་ལྔའི་དང་པོ་སྒྲུབ་བྱའི་ལུས་སྦ་བའི་གནད་ནི། རང་ཉིད་མགོན་པོའི་སྐུར་གསལ་བའི་ཐུགས་ཀར་གྲི་གུག་གི་ཡུ་བ་རྡོ་རྗེའི་རྣམ་པར་གནས་པ་ལྟེ་བར་སྦུབས་སྟོང་གི་ནང་དུ། ཉི་མ་ལ་གནས་པའི་རང་སེམས་ཧཱུཾ་ཡིག་ནག་པོར་བསྒོམ། བསྲུང་བྱ་དེ་རང་གི་བླ་མ་ཡིན་ན་ཧཱུཾ་གི་ཀླད་ཀོར་གྱི་ནང་དུ་བསྒོམ། དེ་བཞིན་དུ། ཕ་མ་ལ་སོགས་པ་བཀུར་བར་འོས་པ་ཡིན་ན་ཧཱུཾ་གི་མདུན་དུ་བསྒོམ། ཕོ་ཉིད་གཡས་དང༌། མོ་ཉིད་གཡོན་དང༌། སློབ་མ་དང་གཡོག་འཁོར་རྒྱབ་དང༌། ནོར་རྫས་འོག་ཏུ་བསམ་མོ། །ཡུལ་ཁམས་སོགས་ཏེ་སྡེ་ཆེན་པོ་བསྲུང་བ་ལ་ཧཱུཾ་གི་འོག་ཏུ་སྒོམ་པའི་ལུགས་ཀྱང་ཡོད་མོད་ཀྱི། འཁོར་ལོའི་ནང་དུ་ཚུད་པར་སྒོམ་པ་ཙམ་གྱིས་ཆོག་གོ །བསྲུང་བྱ་ཕྱི་ནང་གང་དུ་བཀོད་ཀྱང༌། དེ་དག་གི་མཐའ་སྐོར་དུ་རྩ་སྔགས་དང་སྙིང་པོ་དང་ཉེ་སྙིང་གི་ཡིག་འབྲུ་འོད་ཟེར་འབར་བས་བསྐོར་བར་བསྒོམ། གནད་གཉིས་པ་མིང་སྦ་བ་ནི། བསྲུང་བྱ་དེ་བླ་མ་ཡིན་ན་དེ་ཉིད་ཀྱི་ཐུགས་ཀར་མཚན་གྱིས་ཡི་གེ་དང་པོ་བསམ། ཞེས་པ་དང༌། བསྲུང་བྱ་གཞན་ལ་ཧཱུཾ་གི་ཞབས་ཀྱུའི་ནང་དུ་


TNT21_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་མིང་ཡིག་དང་པོ་བསམ། ཞེས་འབྱུང་ཡང༌། མན་ངག་ལག་ལེན་དུ་མིང་ཡོངས་རྫོགས་རཀྵ་རཀྵ་ཧཱུཾ་གིས་མཐའ་བརྟེན་པས། ཨོཾ་གྱིས་མགོ་འདྲེན་དང་བཅས་པ་བསྒོམ་ན་ལེགས་པར་བཞེད་དེ། ཨོཾ་ཆེ་གེ་མོར་རཀྵ་རཀྵ་ཧཱུཾ་ཞེས་པ་ལྟ་བུའོ། །གནད་གསུམ་པ་ཡིད་སྦ་བ་ནི། རང་གི་སྙིང་གའི་ཧཱུཾ་དེ་ཉིད་བསྲུང་བྱ་རྣམས་ཀྱི་ཡིད་ཀྱི་ངོ་བོར་མོས་པར་བྱའོ། །ཨོཾ་ལས་རྡོ་རྗེའི་ཕྲ་མོ་དཔག་ཏུ་མེད་པ་སྤྲོས་ནས། རང་དང་བསྲུང་བྱ་རྣམས་ཀྱི་ལུས་ལ་གོ་མཚམས་མེད་པར་གཏམས་པར་བསམ་མོ། །གནད་བཞི་པ་སྐུ་གསུང་ཐུགས་མི་འགྱུར་བའི་གནད་ནི། རང་གི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འོད་འཕྲོས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་འཕགས་པ་ཉན་ཐོས་རང་རྒྱལ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ། ལྷ་དང་དྲང་སྲོང་ལ་སོགས་པ་ཐམས་ཅད་ཀྱི་སྐུ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས་ནས། རང་གི་དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་འོད་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང་བས། ལུས་ཀྱི་སྡིག་སྒྲིབ་དག །ལྷ་འདྲེས་ལུས་བྱད་དུ་བཅུག་པ་སོགས་ཉེས་སྐྱོན་རྣམས་དབྱིངས་སུ་ཡལ། རྡོ་རྗེའི་སྐུ་མི་འགྱུར་བ་ཚེའི་དངོས་གྲུབ་ཐོབ་པར་མོས། དེ་བཞིན་དུ་རིགས་འགྲེས་ཏེ། མགྲིན་པར་ཨཱཿ


TNT21_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པདྨ་དམར་པོས་ཨཱཿས་མཚན་པ་དང༌། གསུང་གི་བྱིན་རླབས་བསྡུ་བ་དང༌། འོད་ཀྱི་རང་གི་ལུས་ལ་ཁྱབ་པས་ངག་གི་སྡིག་སྒྲིབ་དག །ངག་མནན་པ་ལ་སོགས་སྦྱངས། རྡོ་རྗེའི་གསུང་གི་ནུས་མཐུ་ཐོགས་པ་མེད་པར་གྲུབ་པར་མོས། དེ་བཞིན་དུ། སྙིང་གར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ་དང༌། ཐུགས་ཀྱི་བྱིན་རླབས་བསྡུ་བ་དང༌། འོད་ཀྱིས་ལུས་ནང་གང་བས་ཡིད་ཀྱི་སྡིག་སྒྲིབ་དག །རྫས་སྔགས་སོགས་ཀྱིས་མནན་ཞིང་གཟིར་བའི་རྟེན་འབྲེལ་ལས་རྨོངས་ཤིང་འཁྲུལ་བ་ལ་སོགས་པ་སྦྱངས། རྡོ་རྗེའི་ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་མངོན་དུ་བྱས་པར་མོས། རང་གི་ལྕེ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་བསམ་མོ། །གནད་ལྔ་པ་འཁོར་ལོ་བསྐོར་བའི་གནད་ནི། རང་གིས་བསྒཽམ་པའི་འཁོར་ལོ་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་ཧཱུཾ་དང་ཧཱུཾ་ཡིག་བྷྲུཾ་ཡིག་གི་རྣམ་པར་སྤྱན་དྲངས་ཏེ་འཁོར་ལོ་ལ་ཐིམ་པས་ནུས་མཐུ་བསམ་གྱིས་མི་ཁྱབ་པར་གྱུར་པར་བསམ་ལ། བཛྲ་ཙཀྲའི་སྔགས་ལན་གསུམ་བརྗོད་པ། བསྲུང་པའི་འཁོར་ལོ་གཡས་སུ་འཁོར་བས་ནད་གདོན་དགྲ་བགེགས་བྱད་མ་ལ་སོགས་པ་རྣམས་འཁོར་ལོ་དང་མེ་འོད་ཀྱིས་ཐལ་བར་


TNT21_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་པར་བསམ་མོ། དམིགས་བསལ་གྱི་བཟློག་པ་དང་བསད་པ་དགོས་པ་མེད་ཀྱང་ཤ་ས་ན་བཟླ་བའི་སྐབས་སུ་རང་གི་ཐུགས་ཀ་ནས་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ནས་དགྲ་བགེགས་སོགས། མི་མཐུན་པའི་ཕྱོགས་ཐམས་ཅད་མེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཞགས་པ་ལྕགས་ཀྱུའི་སྦྱོར་བས་དྲངས་ཤིག་བཀུག་ནས། འཁོར་ལོའི་རྩིབས་ཀྱི་བར་དུ་བཞག་པས། འཁོར་ལོས་གཏུབས། མེས་བསྲེགས། རླུང་གིས་གཏོར། རྣམ་པར་ཤེས་པ་དབྱིངས་སུ་སྤར་བར་བསྒོམ་སྟེ། འདི་ནི་བསྲུང་བའི་ཞོར་ལ་འོང་བའི་བསད་དམིགས་ཙམ་ཡིན་ནོ། །དམིགས་བསལ་ཡོད་ན། སྣ་ཚོགས་རྡོ་རྗེའི་ལྟེ་བར་འབྲུབ་ཁུང་གི་ནང་དུ་བསྒྲུབ་བྱ་ལྕེས་བྲང་ཁེབས་པའི་སྟེང་དུ་འཁོར་ལོས་མནན་པར་བསྒོམ། འཁོར་ལོ་བསྐོར་བས་ཕྱེ་མར་བརླག་པར་བསམ། དེ་བཞིན་དུ་དམོད་པ་བརྗོད་པའི་སྐབས། ལག་མཐིལ་གཡས་སུ་ཉི་མ་དང༌། གཡོན་དུ་ཟླ་བ་ལ་གནས་པའི་སྣ་ཚོགས་རབ་ཏུ་ཡངས་པ་རེ་བསམ་ནས། དེའི་བར་དུ་དགྲ་བགེགས་ལོག་འདྲེན་བདུད་དང་བྱད་མ། མཚན་ལྟས་ངན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་འདིར་སྐད་ཅིག་གིས་བཀུག་ནས། ཕྱེ་མར་བཏགས་ཤིང་རྗེས་མེད་དུ་འགྱུར་བར་བསམ་ལ་ཐལ་མོ་བརྡབ། འདི་ཡང་བསྲུང་བའི་ཞོར་ལས་འོངས་པའི་བཟློག་དམིགས་


TNT21_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡིན་ཏེ། དེ་ཡན་ཆད་ནི། བསྲུང་བཟློག་གཞན་དང་ཡང་ཕལ་ཆེར་མཐུན་མོད་ཀྱི། འོན་ཀྱང་གཞན་ནས་ཁ་བསྐང་བ་མ་ཡིན་པར་འདིའི་རང་ལུགས་ཀྱི་མན་ངག་ཏུ་གསལ་བར་བྱའོ། །གཉིས་པ་ཁྱད་པར་གྱི་མན་ངག་ཞེས་གྲགས་པ་ནི། ཨུཥྞིཥ་རཱ་ལུགས་ཀྱི་མན་ངག་འགར་མོ་ལོགས་སུ་སྦྱར་བ་ཡིན་ཀྱང༌། འདི་བཞིན་ལག་ལེན་དུ་མཛད་པས་བྱིན་རླབས་དང་ནུས་མཐུ་ཚན་ཆེ་ལ་རྣོ་ཞིང་མྱུར་བར་འབྱུང༌། ཞེས་གྲགས་སོ། །དེ་ཡང་མདོ་ཙམ་བརྗོད་ན། བཙན་པོ་མཁར་དུ་བཞུགས་པ། ཁམས་གསུམ་གཡུལ་དུ་བཅད་པ། རྣོ་གསུམ་མཚོན་དུ་བརྡུང་བ། འཁོར་ལོས་ཇག་པ་འགྱེད་པ་སྟེ་བཞིའོ། །དང་པོ་ནི། གོང་གི་གནད་ལྔ་སོང་ནས། རང་གི་ཐུགས་ཀ་ནས་འོད་འཕྲོས་བླ་མ་ཡི་དམ་ལ་སོགས་པ་སྤྱན་དྲངས་ནས། ལྷ་བཅུ་གཅིག་ལ་ཐིམ་པས་སོ། །སངས་རྒྱས་ཀུན་འདུས་ངོ་བོ་རྡོ་རྗེའི་རང་བཞིན་གྱི་སྐུ་འོད་ཟེར་མེ་དཔུང་མཐའ་མེད་དུ་འབར་བས་གནོད་བྱེད་འཇོམས་པའི་ནུས་པ་ཅན་དུ་མོས་པའོ། །གཉིས་པ་ནི། འཁོར་ལོ་ཇེ་ཆེར་སོང་ནས་སྟོང་གསུམ་ཁྱབ་པ་དང༌། སྲ་བརྟན་རྣོ་ངར་ཤུགས་དྲག་དང་ལྡན་པས་མྱུར་དུ་འཁོར་ཞིང༌། སྒྲ་དང་མེ་འོད་ཀྱི་ཕྱོགས་མཚམས་ཐམས་ཅད་ལ་ཁྱབ་པས་སྲིད་གསུམ་གྱི་འབྱུང་པོ་ཐམས་ཅད་ཆེར་སྔངས་ཏེ། བདག་ལ་མགོན་སྐྱབས་སུ་ཞུ་བར་བསམ།


TNT21_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་རང་དང་གནོད་བྱེད་ལྷ་དང་འཁོར་ལོ། མདོར་ན་ཁམས་གསུམ་འཁོར་འདས་ཐམས་ཅད་རང་སེམས་ཀྱི་སྣང་བ་སྣང་སྟོང་སྒྱུ་མ་ཙམ་དུ་ཐག་བཅད་དེ་ཁྱབ་བརྡལ་གྱི་དབྱིངས་དེར་བཞག་གོ །གསུམ་པ་ནི། ཡང་མགོན་པོ་བཅུ་གཅིག་གི་ཐུགས་ཀ་ནས་འོད་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ནུས་མཐུ་ཐམས་ཅད་བཀུག་ནས་རང་དང་འཁོར་ལོ་ལ་བསྟིམས། འཁོར་ལོ་འབར་བ་ལས་མཚོན་ཆ་དང་མེའི་བུ་ཡུག་ཆེན་པོ་འཚུབས་ཏེ། སྔགས་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་ལྟར་བསྒྲགས་པས། གནོད་བྱེད་ཐམས་ཅད་རྡུལ་བཞིན་བརླག་པར་བསམ། བཞི་པ་ནི། བསྲུང་བ་དང༌། བཟློག་པ། བསད་པ་དང་གསུམ་ལས་དང་པོ་ནི། གྲོ་ག་ལ་སོགས་པའི་གཞི་ལ་འགི་ཧཾ་དང་གུར་གུམ་བསྲེས་པའི་འཁོར་ལོ་རྩིབས་སུ་བཅུ། ནང་དུ་མུ་ཁྱུད་ཅིག །ཕྱི་མ་ལ་མུ་ཁྱུད་གཉིས། དེའི་ཕྱི་རོལ་རྡོ་རྗེ་རྭ་བ་དང་མེ་རིས་བསྐོར། དབུས་དང་རྩིབས་བཅུ་ལ་ཧཱུཾ་རེ་རེ། དེ་རྣམས་ཀྱི་མཐར་ཨོཾ་མཧཱ་ཀཱ་ལ་ཧཱུཾ་ཕཊ་ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་པ་དང༌། མུ་ཁྱུད་ནང་མ་ལ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ་ཆེ་གེ་མོ་དང་བྱད་མ་གདོན་བགེགས་སོགས་ལས་སྲུངས་ཤིག་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ལྟ་བུའི་སྤེལ་ཚིག་སྐབས་སུ་གང་བབས་སྦྱར། རྩིབས་མཆན་རྣམས་ལའང་


TNT21_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བདུན་པ་ལས་བཅོལ་དངབཅས་པ་གོང་བཞིན་བྲི། མུ་ཁྱུད་ནང་མ་ལ་ཤ་ས་ན་དང་གོང་བཞིན་གནོད་བྱེད་བྱད་ཁ་སོགས། མུ་ཁྱུད་ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་འབྲི། དེ་ལ་རབ་གནས་བྱ་བ་ནི། བདག་བསྐྱེད་ལ་འདོན་པ་སྤོ། མཐར་གཏོར་འབུལ་རྒྱས་པར་བྱ། ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་ཡིག་འབྲུར་གྱུར། ཅེས་བརྗོད། སྔགས་རྣམས་བརྒྱ་རྩས་བྱིན་གྱིས་བརླབས་ལ། ཡེ་དྷརྨ་ཉེར་གཅིག་གིས་བརྟན་ཞུགས་བྱས་ལ་ཤིས་པ་བརྗོད། དེ་ནས་ལག་ལེན་བཞིན་ལྟེ་བ་ལ་ཚོན་སྐུད་ཀྱིས་དཀྲིས་ནས། དཔུང་པ་གཡས་གཡོན་གང་རུང་ལ་འདོགས། གནད་སྔ་མ་རྣམས་སོང་མཚམས་སུ། འཁོར་ལོ་དེ་ལ་ལག་པས་རེག་པས་འཁོར་ལོ་ལས་འོད་འཕྲོས། སངས་རྒྱས་ལ་སོགས་པའི་བྱིན་རླབས་ཐམས་ཅད་སྒོམ་པའི་བསྲུང་འཁོར་དང་འདྲ་བ་སྤྱན་དྲངས། བྲིས་པའི་འཁོར་ལོ་ལ་ཐིམ་པས་ནུས་མཐུ་དང་གཟི་བརྗིད་དཔག་ཏུ་མེད་པར་འགྱུར། སྙིང་པོ་བདུན་རྩ་སྔགས་བདུན། རྟེན་འབྲེལ་སྙིང་པོ་གསུམ་བཟླས་པས་བདག་ལ་བསྲུང་བར་བསམ། བསྲུང་བ་ལ་དེ་ཙམ་གྱིས་ཆོག་གོ །གཉིས་པ་བཟློག་པ་ནི། འཁོར་ལོ་སྔ་མའི་སྟེང་ནས་མཛད་པའི་ལག་ལེན་འདུག་ཀྱང༌། བཟློག་པའི་འཁོར་ལོ་ལོགས་སུ་བྲིས་ན་ལེགས་པས་


TNT21_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཁྲག་དང་འགི་ཧཾ་བསྲེས་པ་ནས། ཡིག་འབྲུ་རྣམས་མགོ་ནང་དུ་བསྟན་པ་དང༌། བསྲུང་བའི་སྤེལ་ཚིག་གི་ཚབ་ཏུ། འདི་ཞེས་བྱ་བ་ལ་གནོད་པར་བྱེད་པའི་དགྲ་བགེགས་བྱད་མ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། ཡནྡྲ་མནྡྲ་ཀརྨ་པྲཏྱཾ་གི་ར་ཧྲི་སྟྭཾ་བྷ་ཡ་ལཾ། བྱད་མ་འདི་ཀཱི་ལི་ཀི་ལ་ཡ་ཧཱུཾ་ཕཊ། ཅེས་པ་དྲི་བ་ནི་ཁྱད་པར་རོ། །གོང་དུ་བཤད་པའི་བསྲུང་བ་དེ་སོང་བའི་རྗེས་ལ་བྱིན་རླབས་བསྡུ་ཚུལ་དང༌། བརྟན་བྱེད་ཀྱི་སྔགས་སྔར་བསྲུང་བའི་སྐབས་བཞིན་བྱེད། མགོན་པོ་བཅུ་གཅིག་པོ་ཆེར་ཁྲོས། ཕྱོགས་བཅུའི་མགོན་པོའི་ཞབས་གཡས་བརྐྱང་དུ་བསྒྱུར། ཕྱོགས་མཚམས་བརྒྱད་དུ་ཞལ་ཕྱིར་གཟིགས། འཁོར་ལོ་གཡོན་བསྐོར་དུ་དྲག་ཏུ་འཁོར། རྩིབས་རྣམས་ཀྱི་བར་མཚམས་སུ་མེ་དང་རླུང་གི་དཀྱིལ་འཁོར་བརྩེགས་པའི་གདན་ལ། ཎི་ལས་དགྲ་དང་བྱད་མ། དྲི་ལས་ཕོ་གདོན། སྲིན་ལས་མོ་གདོན་རྣམས་ལུས་རིད་པ། སྐྲ་འཛིངས་པ། སྐྱབས་དང་བྲལ་བ། ཡན་ལག་བཅིངས་པ། གཅེར་བུ་འདར་བ། སྤྱི་བོའི་གཙུག་ཏུ་འདུག་པར་བསམ། རང་གི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལ་སོགས་མཚོན་ཆ་སྣ་ཚོགས་ཐོགས་པ་སྤྲོས། ཞགས་པ་དང༌། ལྕགས་ཀྱུས་དགྲ་བགེགས་བཀུག །མཚོན་ཆས་བསྡིགས་ཏེ་སྔར་བསྒོམས་


TNT21_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་བརྙན་ལ་ཡང་ཡང་བསྟིམས། འཁོར་ལོ་བསྐོར་བས་རྐང་པ་ནས་སྤྱི་བོའི་བར་དུ་ཉི་མ་ཉིལ་གཏུབས། མེས་བསྲེགས། ཐལ་བ་རླུང་གིས་གཏོར། སླར་ཡང་དགྲ་དང་བྱད་མའི་ལྷ་དང་སྲུང་མ་དང་དཔུང་གཉེན་རྣམས་ཚུར་འོངས་པས་འཁོར་ལོ་དྲག་ཏུ་འཁོར་བས། ནང་དུ་འོང་ས་མ་རྙེད་ཅིང༌། རྭ་བ་དང་མེའི་འོག་ལ་ཐོགས་ཏེ་ཕ་རོལ་ཏུའང་འགྲོ་ས་མ་རྙེད་ནས། མགོན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་དྲག་གཏུམ་མི་བཟད་པ་རྣམས་ཀྱིས་སྐད་ཅིག་ལ་བཟུང་ཞིང་མཚོན་ཆས་བརྡེགཤ་ཁྲག་རུས་གསུམ་ཞལ་དུ་གསོལ་བ། ལྷག་མ་ཙམ་ཡང་མེད་པར་བྱས། ཕོ་ཉ་རྣམས་རང་ལ་ཐིམ་པས་དགྲ་བགེགས་བྱད་མ་ལྷ་བསྲུང་དཔུང་གཉེན་དང་བཅས་པའི་ལུས་སྲོག་ཚེ་དང་བསོད་ནམས་བཀྲག་མདངས་དང་བཅུད་ཐམས་ཅད་རང་ལ་བྱུང་བར་བསམས་ལ། ཤཱ་ས་ནའི་མཇུག་གི་རྦད་བསད་ལ་མིང་ཡིག་སྤེལ་ནས་བཟླས་ཏེ། དེ་ཡང་དམིགས་བསལ་ཡོད་ན་མིང་དངོས་སུ་གཞུག་ལ། སྤྱི་བཟློག་ལ་བྱེད་ན། ཨེ་དམ་དུཥྟཾ། དགྲ་བགེགས་དང་བྱད་མ་ཁ་ཁ། དགྲ་བགེགས་དང་བྱད་མ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་དང་བྱད་མ་མཱ་ར་མཱ་ར། དེ་བཞིན་དུ་སྦྱར་ཏེ། དགྲ་བགེགས་དང་བྱད་མ་འདི་ན་མི་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ། ཅེས་དྲག་ཏུ་འདོན་ནོ། །ཡང་རྒྱལ་འགོང་དང་བཙན་དང༌།


TNT21_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལྟ་བུའི་གནོད་པ་ཡོད་ན་སྤྱིར་དམིགས་པ་གོང་དང་འདྲ་ཞིང་ཉམས་དང་རྨི་ལམ་དུ་ཆོ་འཕྲུལ་ངེས་པ་ཅན་འོངས་ན་དྲི་ལས་རྣམ་པ་ཆོ་འཕྲུལ་དེ་ཉིད་འདྲ་བ་བསྐྱེད་ཅིང་དགུག །ཤ་ས་ནའི་མཇུག་ཏུ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ། སརྦ་རོ་མྱག་ཁ་ཐིམ། སྲོག་གཟེར་ཕུར་ནན། དྲིག་ཕྱུང༌། ཧྲི་ཏྲི་ཤག་རྦད། ཅེས་བཏགས་པ་བཟླས། ཕོ་གདོན་མོ་གདོན་ཐམས་ཅད་ལ་འདི་ཁོ་ན་སྦྱར་རོ། །ཀླུ་ལ་གཏད་ཁྲམ་བྱས་པ་སོགས་ཡོད་ན། དམིགས་པ་སྔ་མ་བཞིན་བསྒོམས་པའི་རྗེས་སུ། སྔགས་ཀྱི་ཡིག་འབྲུ་རྣམས་ལས་རྡོ་རྗེ་རྒྱ་གྲམ་དང་རི་རབ་ལྷུན་པོ་དཔག་ཏུ་མེད་པ་སྤྲོས་ནས། གནོད་བྱེད་ཀླུ་གཉན་རྣམས་དང༌། དེའི་དཔུང་གཉེན་གཏད་ཁྲམ་གྱི་སྔགས་ཀྱི་ཡིག་འབྲུ་ལ་སོགས་པ་ཐམས་ཅད་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་མནན་པར་བསམ། སྔགས་ནི་ཤཱ་ས་ནའི་མཇུག་ཏུ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ། ན་ག་ཤ་རི་རཾ་བི་སྤོ་ཊ་ཡ། ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། ན་ག་ནཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླའོ། ༈ ཡང་དམིགས་གསལ་ཅན་གྱི་རྦོད་གཏོང་དྲག་པོ་ཡོད་ན། སྤྱི་འགྲོའི་མན་ངག་གིས་བཟློག་མ་ཐུབ་ན། དམིགས་གཞི་སྔ་མ་བཞིན་དུ་བསྒོམས་ནས། དགུག་གཞུག་གི་སྔོན་ལ་བྱད་མ་དེའི་ཡི་དམ་ཆོས་སྐྱོང་སོགས་ངོ་ཤེས་ན་དེ་ཉིད་དེའི་རྣམ་པ་སྔགས་ཀྱི་ཡིག་འབྲུས་བསྐོར་བར་བསྒོམ་


TNT21_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་མི་ཤེས་ན་ཁྲོ་བོ་ཁ་དོག་མི་གཅིག་པ་ལྔ་ཨཱ་ལི་ཀཱ་ལིས་བསྐོར་བ་འོད་དང་ལྡན་པར་བསྒོམ། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། བྱད་མའི་བསྲུང་འཁོར་ལ་རེག་པས་ལྕི་བས་དངུལ་ཆུ་སྡུད་པ་ལྟར་ཚུར་བསྡུས་ཏེ། རང་གི་བསྒོམ་པའི་བསྲུང་འཁོར་ལ་ཐིམ། ཡང་འོད་འཕྲོས་བྱད་མའི་ཡི་དམ་ཆོས་སྐྱོང༌། ལྷ་སྒོམ་སྔགས་བཟླས། རྫས་དང་འཁོར་ལོ་ལ་སོགས་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་ཚུར་བསྡུས་ཏེ། བདག་ཉིད་གཙོ་འཁོར་བཅུ་གཅིག་ལ་ཐིམ། ནུས་མཐུ་དང་གཟི་བརྗིད་དཔག་ཏུ་མེད་པར་བསམ། ཡང་འོད་འཕྲོས་བྱད་མའི་བསྲུང་མ་རྣམསཀྱི་སྙིང་གར་ཕོག །དེ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་དྭངས་མ་རྣམས་ཧཱུཾ་གི་རྣམ་པར་བསྡུས་ནས། རང་གི་ཐུགས་ཀའི་ཧཱུཾ་གི་ཞབས་ཀྱུའི་འོག་ཏུ་འགྱེལ་སྟབས་སུ་མནན་པར་བསྒོམ། དེ་ནི་བྱད་མའི་ལྷ་བསྲུང་བཙོན་དུ་བཟུང་ཞེས་བྱ་བ་ཡིན་ནོ། །ཡང་འོད་འཕྲོས་བྱད་མའི་མདངས་ལྷ་སྟོབས་དང་བྲལ་བ་དེ་ཕོ་ཉ་རྣམས་ཀྱི་བཀུག་པ་ཡན་ཆད་སྔར་བཞིན་བསྒོམས་པ་ལས། ཐུན་མོང་མ་ཡིན་པའི་དམིགས་པ་དེ་རྣམས་ལན་གསུམ་ལྔ། བདུན་སོགས་བསྐྱར་གྱིན་བསྒོམ་པ་གལ་ཆེ། སྔགས་ནི་ཤཱ་ས་ནའི་མཇུག་ཏུ། ཨོཾ་ཤྲཱི་མ་མཧཱ་ཀཱ་ལ་ཡ་ཀཱི་ལི་ཀཱི་ལི་


TNT21_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡ་ཆེ་གེ་མོ་མ་ར་ཡ་ཛཿཀཱི་ལི་ཀཱི་ལ་ཡ་བྷྱོཿབཟློག་རྦད། ཅེས་དྲག་ཏུ་བཟླས་ཤིང༌། ཤིན་ཏུ་རྩུབ་ན་དགྲ་དང་བྱད་མའི་བསྲུང་མ་ཚུར་རྣམས་འོངས་པ་ལ། ཕོ་ཉ་དྲག་གཏུམ་མི་བཟད་པ་རྣམས་ཀྱིས་བརྡེག་པས་དེ་རྣམས་ཕར་ལོག་ནས་དགྲ་དང་བྱད་མ་དེ་ཉིད་ཐལ་བའི་རྡུལ་དུ་བརླག་པར་བྱས་པར་བསམ། གཞན་ཡང་སྐབས་སུ་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ་བྱད་མའི་ཡུལ་དང་ལྷ་བསྲུང་ཐམས་ཅད་བཅོམ་བསྲུང་བ་དང་མཚོན་ཆ་རྣམས་བདག་ཉིད་ཀྱི་བསྲུང་བ་དང༌། ལག་ཆར་ཡང་བྱས་པར་བསམ། གོང་དུ་བཤད་པའི་དམོད་པ་ཡང་ཡང་གདབ་བོ། །འདི་རྣམས་གཙོ་བོར་བཟློག་པ་ཡིན་ཡང་བསད་པའང་ཞོར་ལ་ཡོད་པས་བཟློག་བསད་སྟབས་གཅིག་པ་ཞེས་བྱའོ། །གསུམ་པ་བསད་པ་ནི། འཁོར་ལོ་ནི་གོང་དུ་བཤད་པའི་བཟློག་འཁོར་དེ་ཉིད་བཟློག་བསད་སྟབས་གཅིག་པ་ཡིན་པས། དེ་ཀ་འདྲ་བ་གཅིག་གིས་ཀྱང་རུང་ཙམ་ཡིན་ལ། བསད་འཁོར་དངོས་ནི། འཁོར་ལོའི་ལྟེ་བར་བྱད་མའི་ལིངྒ་ལྕེ་སྙིང་གར་སླེབས་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ལྟེ་བ་ལ་ཧཱུཾ་སྔགས་ཀྱིས་བསྐོར། འགྲུབ་ན་རྩིབས་བཅུ་ལའང་དེ་བཞིན་དུ་འབྲི། ལིངྒའི་མཐར་བྱད་མ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་སྤེལ་བའི་སྔགས་ཀྱིས་བསྐོར། རང་གི་ལག་མགོ་དང༌། གཏོར་མའི་འོག་ཏུ་ཡང་ལིངྒའི་མཐར་བསད་སྔགས་ཀྱིས་བསྐོར་བའི་ལྕེའི་སྟེང་དུ་འཁོར་ལོ་རྩིབས་བཅུ་བཟློག་


TNT21_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བསྡུས་པ་དང་ཕལ་ཆེར་འདྲ་བས་མནན་པ་རེ་རེ་བྲི། དེ་བཞིན་དུ་གཡུལ་འཐབ་པའི་སའམ། མི་རོ་བསྲེགས་པའི་ཤུལ་གྱི་ས་ཞག་མ་ལོན་པ་ལ་སོགས་པ་ཇི་ལྟར་རྙེད་པ་བླངས་ཏེ། དུག་ཁྲག་ལ་སོགས་པ་བསྲེས་པ་ལ་འབྲུབ་ཁུང་གྲུ་གསུམ་ཚད་ཇི་ལྟར་རིགས་པ་ཞིག་རང་གི་མདུན་གྱི་ཕྱོགས། རང་གི་ཕྱོགས་སུ་ལོགས་བསྟན་པ་སྟན་ལས་དམའ་བ་ཞིག་ཏུ་ཡོད་པར་བྱ། དེའི་ནང་རོ་སོལ་གྱིས་བྱུགས། དུག་ཁྲག་བྱུགས་པའི་རྩང་ཉེར་གཅིག་གིས་ཁ་ཁྱེར་ལ་བསྐོར་དེའི་ནང་དུ་གོང་དུ་བཤད་པ་ལྟར་གྱི་བསད་པའི་འཁོར་ལོ་དེ་གཞུག་དགོས་པ་ཡིན་ལ། དེ་ཡང་འདི་ལྟར་བྱ་སྟེ། ཤོག་བུ་ལ་ཁྲག་ཆེན་གྱིས་ཅུང་ཟད་བྱུགས་ལ། སླར་དུག་དང༌། ཁྲག་དང༌། སྐེ་ཚེ་དང༌། ལན་ཚྭ་རྣམས་བསྲེས་པའི་སྣག་ཚས། འཁོར་ལོ་ཁ་སྦྱོར་རམ་རྐྱང་བ་གང་རུང་ཞིག་འདྲི་བ་ཡིན་པ་ལ། ཁ་སྦྱོར་ལྟར་ན་སྟེང་འཁོར་གཡས་བསྐོར་དང༌། འོག་འཁོར་གཡོན་བསྐོར་དུ་བྲི་བར་བྱེད་ལ། དེ་གཉིས་སྙོམས་ཤིང་འགྲིགས་པ་ཞིག་དགོས་པས། བཙག་བར་གྱི་འཁོར་ལོ་ཞིག་ལོགས་སུ་བཙོས་ནས་དེས་འདེབས་པའམ། འཁོར་ལོ་གཅིག་བྲིས་ཟིན་པའི་སྟེང་དུ་སོལ་བའི་རི་མོ་བཏབ་སྟེ། ཅིག་ཤོས་ལ་བཞའ་འཕབ་པར་བྱས་ཀྱང་རུང་ངོ༌། །དེའི་དབུས་སུ་བྲིས་པའི་ལིངྒ་སྔགས་ཅན་ཞིག་ཀྱང་གཞུག །འཁོར་


TNT21_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཆིག་རྐྱང་བྱེད་ནའང་བྲིས་པའི་ལིངྒ་ཞིག་འཁོར་ལོའི་ལྟེ་བའི་ཐད་དུ་སྦྱར་དགོས། གང་ལྟར་ཡང་ལག་ལེན་བཞིན་བཏབ། རོ་སྐྲས་བཅིངས། རྙེད་ན་ཐོད་པ་གླིང་བརྒྱད་དགུ་བཅུ་པ་གསུམ་གང་རྙེད། ཕོ་ཐོད་མོ་ཐོད་ཁ་སྦྱོར་དུ་བྱས། མ་རྙེད་ན་དེ་འདྲ་བ་ཕོ་ཐོད་ཁ་སྦྱོར་རམ། མོ་ཐོད་ཁ་སྦྱོར་གྱིས་ཀྱང་ཡོང༌། དེ་ཡང་མ་རྙེད་ན་ཐོད་པ་དེ་འདྲ་བ་གཅིག་ཉིད་ལ་དུམ་བུ་གཉིས་སུ་བྱེད་པའི་ཐོད་ཚལ་ཁ་སྦྱོར་རམ། ཐོད་པ་གཅིག་ཉིད་ཀྱི་ནང་དུ་བཞག་ཀྱང་རུང་བར་མངོན། གང་ལྟར་ཡང་འཁོར་ལོ་དེ་དགྲ་བོའི་དྲི་མ་དྲུག་པོ་གང་རྙེད་དམ། རྐང་རྗེས་ཀྱི་ས་དང་ཟོས་ལྷག་ལ་སོགས་རྙེད་ནས་བསྲེས་པའི་ཕུང་ཤུལ་གྱི་ས་ལ་ལིངྒ་བྱས་པའི་དེའི་སྙིང་གར་གཞུགདེ་ལ་དགུག་གཞུག་ཡང་ཡང་བྱས་ཏེ། བསད་འཁོར་ལྷག་པ་ཁ་སྦྱོར་གྱི་ལུགས་གཅིག་བྲིས་ནས་ལིངྒ་དེའི་སྟེང་འོག་ནས་གཡོགས་པའི་ལག་ལེན་ཡང་ཡོད་པ་ལྟར་རམ། དེ་མ་བྱས་ཀྱང་རུང་སྟེ་སྐུད་པ་སྔོ་དམར་གྱིས་བཅིངས། ཐོད་པའི་ནང་དུ་དུག་དང་རོ་ཐལ་སོགས་ཀྱིས་བཀང་བ་ལ་གཞུག །ཐོད་པ་སྟེང་མ་ལ་ཐུན་ཁུང་བཞག །ཕྱི་ནས་སྐྲས་བཅིངས་པར་བྱའོ། །དེ་ལྟ་བུའི་ཐོད་པ་འབྲུབ་ཁུང་དེར་བཅུག །རོ་གཡམ་ལ་ནང་དུ་བསད་པའི་འཁོར་ལོ་དང༌། ཕྱི་མ་རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པ་བྲིས་པས་ཁ་བཅད། སྐམ་ཐུན་རློན་ཐུན་དང༌། ལྕགས་སམ་


TNT21_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ལྡིང་དམ། མི་རུས་ཀྱི་ཕུར་བུའང་ཕུར་གདན་དང་བཅས་པ་བཤམས། ཕྱོགས་གཞན་ཞིག་ཏུ་ཉིན་རེ་བཞིན་དུ་བྱ་བའི་འབྲུབ་ཁུང་དང༌། ཟན་ལིང་ཡང་བཤམས་དགོས་ཤིང༌། འབྲུབ་ཁུང་གི་རྒྱབ་ཕྱོགས་སུ་རྟེན་དང་མཆོད་གཏོར་རྒྱ་ཆེར་བཤམས། ཐུན་བཞི་ལ་སོགས་པར་འདི་ཉིད་ཀྱི་ཐུན་གྱི་མགོ་ཞབས་གང་ཡང་རུང་བ། དེ་གཏོར་འབུལ་དང་བསྐང་བཤགས་གནད་དུ་འགྲོ་བ་རེ་རེ་བྱེད་པ་གལ་ཆེ། གཏོར་མ་ནི་ཐུན་གཏོར་རེ་རེ་མ་ཆགས་པར་འབུལ་ཞིང་ཕྱིར་བཏང༌། རྒྱུན་གཏོར་ཐུན་བཞིར་གསོས་ལ་འབུལ། གཏའ་གཏོར་ཐུན་བཞིར་གསོ་ཞིང་བྱིན་གྱིས་བརླབས་ལ་མི་འབུལ་བར་དར་གྱིས་བཀབ་ལ། ལས་འདི་གྲུབ་ན་འབུལ་ལོ། །ཞེས་བྱ།དངོས་གཞི་ཕལ་ཆེར་གོང་གི་བཟློག་པའི་སྐབས་དང་འདྲ་བ་ལས། བསྲུང་འཁོར་གྱི་སྣ་ཚོགས་རྡོ་རྗེའི་ལྟེ་བར་འབྲུབ་ཁུང་གི་ནང་དུ་དགྲ་བོའི་བྱད་མ་གན་རྐྱལ་དུ་གནས་པ་ལྕེས་བྲང་ཁེབས་པའི་སྟེང་དུ་འཁོར་ལོའི་མར་རྩེ་བཅུགས་པའི་ལྕེ་དང་སྙིང་ཕུག་ཅིང་དེའི་ཐོག་ཏུ་འཁོར་ལོ་བསྐོར་བར་བསམ། རྩིབས་ཀྱི་བར་དུ་བྱད་མ་བསད་བཅད་གཏུབ་པ་སོགས་བཟློག་པའི་སྐབས་དང་འདྲ་བ། ཁྱད་པར་སྐབས་འདིར་བཟླས་པ་མང་དུ་སོང་མཚམས་ནས་མདུན་གྱི་ཟན་ལིང་ལ་དམིགས་ནས། དགུག་གཞུག་ལན་གསུམ་སོགས་སོང་མཚམས་སུ་ཤཱ་ས་ན་བཟླ་བཞིན་དུ་ལིངྒ་དུམ་བུར་


TNT21_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

གཏུབ་ལ་གཏོར་མ་ལ་བཏབ། བདག་བསྐྱེད་མདུན་བསྐྱེད་འཁོར་ལོའི་ལྷ་གསུམ་ཆར་ལ་དམིགས་ནས་གཏོར་མ་འབུལ། འཕྲིན་ལས་དྲག་ཏུ་བསྐུལ། འབྲུབ་ཁུང་ཁ་ཕྱེས་ནས་ཐོད་པའི་ནང་གི་ལིངྒ་ལ་དགུག་གཞུག་དྲག་ཏུ་བྱ་ཞིང༌། མཐར་ཡི་དམ་ཆོས་སྐྱོང་གི་རྩ་སྔགས་སྦྲེལ་བའི་མཇུག་ལ། དགྲ་བོ་འདི་ཞེས་བྱ་བའི་བླ་སྲོག་ཨརྵ་ཡ་ཛ་ཛཿ ཆེ་གེ་མོ་ཨརྣི་ཤག་ཕྱེ་ཤག་ཕྱེ་ཁུག་ལིང་ཨ་ཀརྵ་ཡ་ཛ་ཛཿ ཞེས་བཏགས་པ་ཅི་མང་དུ་བཟླས་ནས། མཐར་ཛཿཧཱུཾ་བཾ་ཧོཿ ལན་མང་པོས་བཅིང་བར་མོས་ལ་འབྲུབ་ཁུང་ཁ་བཀབ་བོ། །ཐུན་དང་ཕུར་བའི་ལྷ་ལ་དམིགས་ཏེ་འོག་ཏུ་འཆད་པའི་ཐུན་སྔགས་དང་ཕུར་བའི་སྔགས་ཀྱང་དྲག་ཏུ་བཟླ། ཐུན་མཚམས་སུ་བསྲུང་བའི་དམིགས་པ་གསལ་བཏབ་ནས་ཕྱི་ཕྲེང་དང་ནམ་ཕྱེད་ལ་སོགས་པའི་དུས་སུ་སྒྲུབ་ཁང་གི་ཕྱི་རོལ་དུ་གཏོར་མ་ཞིག་ཁྱེར་ལ། འབྱུང་པོ་སྤྱིའི་གཏོར་མ་ལྟར་བྱིན་གྱིས་བརླབས། དགྲ་བོའི་ལྷ་ལ་དམིགས་ནས་བདེན་པ་བདར་དེ་དགུག །ཨ་ཀཱ་རོ་ལན་མང་པོས་འབུལ། དཔང་གཟུང་བཅོལ་ཞིང་ཤགས་མང་དུ་བཏབ། དགྲ་དང་བྱད་མའི་དཔུང་གཉེན་མ་བྱེད་པ་བདག་གི་གྲོགས་གྱིས་ལ་གནོད་བྱེད་འདི་རྡུལ་དུ་རློག་ཅིག །ཅེས་སོགས་བརྗོད། གཙྪ་ཞེས་རང་གནས་སུ་བཏང་ལ། སྔགས་ཀྱི་མཐར་དགྲ་བོ་འདི་ཞེས་བྱ་བ་འགོ་བའི་ལྷ་དང་ཕྲོལ། ཞིག་བི་དེ་ཤ་


TNT21_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕཊཿ ཨརྞི་ཤག་ཕྱེ་ཤག་ཕྱེ། ཞེས་བཏགས་པ་ལན་ཉེར་གཅིག་ཙམ་བཟླས་པ་དང༌། དེའི་ལྷ་རྣམས་མ་ཧེ་དང་འུག་པ་བཞོན་པ་དང༌། དེ་རྣམས་ཉིད་དུ་རྟ་དང་བྱ་རོག་ལ་བཞོན་པ་ཕན་ཚུན་སྡང་སེམས་དྲག་པོས་འཐབ་པས་དགྲ་བོ་རྣམས་རྡུལ་དུ་བརླག་པར་བསམ། ཡང་གཏོར་མ་གཅིག་ཡུལ་ལྷ་གཞི་བདག་སྡེ་བརྒྱད་སྤྱི་྄ལ་མཁའ་འགྲོ་སྤྱྀ་གཏོར་དང༌། གཞི་བདག་གཏོར་མའི་ཆོ་གས་ཕུལ། མ་ཉེས་པའི་དཔང་གཟུ་ཤག་འདེབས། འཕྲིན་ལས་བཅོལ་ནས། དེ་བཞིན་དུ་བྱེད་པར་བསམ། བསྲུང་བ་དང་བཅས་པས་ནང་དུ་འོངས། ཚུལ་དེ་ལྟ་བུའི་ཁུག་པའི་རྟགས་བྱུང་ངམ། ཞག་བདུན་ཕྲག་གཅིག་གམ་གཉིས་སམ། གསུམ་གྱི་བར་བགྲུབ་བོ། །༈དེ་ནས་བསད་པ་དངོས་ནི། གཞན་སྔ་མ་དང་འདྲ་བ་ལས། ཐོད་པའི་ནང་གི་ལིངྒ་ལ་དགུག་གཞུག་སོང་མཚམས་སུ་དེ་དགྲ་བོ་དངོས་སུ་བསམ་ཞིང༌། དེའི་སྙིང་གར་ཡང་འཁོར་ལོ་རྩིབས་བཅུ་པའི་དབུས་ན་ཁྲོ་བོ་བཅུ་གཅིག་དངོས་སུ་ཡོད་པར་མོས། བདག་བསྐྱེད་ཀྱི་ཐུགས་ཀར་ནས་མཁའ་འགྲོ་མ་དཔག་ཏུ་མེད་པ་སྤྲོས། དེའི་ལུས་ལ་གནས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལ་མཆོད་པར་བསམ་ལ། ཨརྒྷཾ་སོགས་བརྗོད། འཇིག་རྟེན་ལས་འདས་པ་རྣམས་རང་ལ་བསྟིམ་པའམ། དབྱིངས་སུ་གཤེགས།


TNT21_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པ་རྣམས་རིང་དུ་བསྐྲད་པར་བསམ། སྒྲུབ་བྱའི་སྔོན་གྱི་ལས་ཀྱིས་འཕངས་པའི་ཁ་རྗེ་དབང་ཐང༌། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་སྙིང་གར་ཧཱུཾ་གི་རྣམ་པར་འདུས། སྤྱི་གཙུག་ནས་ཕྱུང་སྟེ་བདག་ལ་བསྟིམ་པའི་མོས་པ་བྱ། རང་གི་སྙིང་ག་ནས་འོད་འཕྲོས། དགྲ་བོའི་སྙིང་གའི་འཁོར་ལོ་ལ་ཕོག་འཁོར་ལོ་གཡོན་འཁོར་དུ་དྲག་ཏུ་འཁོར་བར་སྲོག་རྩ་དོན་སྙིང་ནང་ཁྲོལ་ཐམས་ཅད་ནང་ནས་གཏུབས། བདག་བསྐྱེད་ཀྱི་འཁོར་ལོ་གཡས་སུ་བསྐོར་བས་ཕྱི་ནས་གཏུབས་ཏེ་སྔར་སྤྲོས་པའི་མཁའ་འགྲོ་མ་རྣམས་དང༌། གཞན་ཡང་ཕོ་ཉ་སྲིན་པོ་གདུག་པ་ཅན་དཔག་ཏུ་མེད་པ་སྤྲུལ་ནས་ཤ་ཆོམ་རུས་ཆོམ་དུ་ཟོས་པར་བསམ་ལ། སྔགས་བདུན་ཙམ་བཟླ། ཡང་དམིགས་པ་དེ་ཀ་འདྲ་བ་ལས། འཁོར་ལོ་གཉིས་ཀྱིས་དུམ་བུར་གཏུབ་པ་མེས་བསྲེག །རླུང་གིས་གཏོར་བར་བསམ་སྟེ་སྔགས་བདུན་ཙམ་བཟླ། ཡང་དམིགས་པ་དེ་ཀ་འདྲ་བ་ལས། དུམ་བུར་གཏུབས་ཟིན་པའི་མཚམས་སུ་སླར་ཡང་ལྷག་མ་དེ་ཉིད་དང༌། དགྲ་བོའི་ཡུལ་ཁམས་ལ་དམིགས་ནས་དུག་དང་མེ་དང་མཚོན་ཆའི་ཆར་ཆེན་པོ་སྤྲོས་ཏེ། དེའི་གནས་ལུས་ལོངས་སྤྱོད་འཁོར་གཡོག་ཉེ་བའི་ལྷ་དང་རྒྱབ་བསྟེན་ཐམས་ཅད་མིང་ཙམ་ཡང་མེད་པར་བརླག་པར་བསམ་ལ། སྔགས་བདུན་


TNT21_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བཟླ་བའོ། །དེ་ལ་སྔགས་ནི་ཤ་ས་ནའི་མཇུག་ཏུ། སརྦ་ཤ་ཏྲུཾ་མ་ར་ཡ་ཕཊཿ ཚིནྡྷ་ཚིནྡྷ་ཨོཾ་མཧཱ་ཀ་ལ་ཡ། སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། མནྡྲ་ཙཀྲ་རྦད། ཡ་མ་ཙཀྲ་རྦད། དགྲ་བོའི་དབུགས་ལ་ཐུམ་རིལ་ཧྲི་ལ། སྙིང་ལ་ཆུམ་ཆུམ་སྲོག་ལ་བམ་རིལ་ལི་ལི་རྫ་རྫཿ ཞེས་བཏགས་པའོ། །ལས་མགོན་རྣམས་ཀྱི་འབོད་རྦད་བསད་གསུམ་ཡང་ཅི་རིགས་བཟླས་ན་ཤིན་ཏུ་ལེགས་སོ། །དེ་དག་ནི་བསྒོམ་བཟླས་ཀྱིས་བསད་པའོ། །དེ་ནས་སྐམ་ཐུན་རློན་ཐུན་ནི། ཐུན་ཁུང་དུ་གདབ་ཅིང༌། གོང་གི་སྔགས་ཀྱི་མཐར་སུ་མི་ཏྲ་ག་རཀྵ་བྷྱོཿ ཐིབས་ཐིབས་ཙཀྲ་བྷྱོཿ སྙིང་ག་རག་བདུན་དྲི་བྷྱོཿ རྦད་རྦད་དྲི་ན་ཤིག་ཤིག་སེ་ན་གཏུབ་གཏུབ། ཁ་རག་རྦད་དུམ་བུ་བྷྱོཿ བཛྲ་ཙི་ཏྲི་རཀྵ་ཙ་ཏྲི་ཡ་མཱ་ར་ཡ་བྷྱོ་བྷྱོཿ ཞེས་དྲག་ཏུ་བརྗོད་དེ། ཐུན་གྱིས་བསད་པའོ། །ཕུར་བུ་སྐད་ཅིག་གིས་གུར་གྱི་མགོན་པོ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་བསྒོམ་སྟེ། ཤཱ་ས་ནའི་མཇུག་ཏུ། མཧཱ་ཀཱི་ལ་བཛྲ་ཀཱི་ལཱི་ཀཱི་ལ་ཡ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཅེས་ལན་བདུན་ཙམ་བཟླས་པའི་རྗེས་ལ། ཕུར་བུ་དེ་ཉིད་ལག་ཏུ་བླངས་ཞིང༌། ལིངྒའི་སྟེང་དུ་དྲག་ཏུ་བསྒྲིལ་ལ། སྔགས་དེ་ཉིད་དྲག་ཏུ་བཟླ། དམིགས་པ་ནི་གནས་ལྔར་ཕུར་བུས་བཏབ་པས་ཤ་ཁྲག་ཏུ་མེར་གྱྀས་སོང་བ་མགོན་


TNT21_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཁོར་བཅས་ཀྱི་གསོལ་བར་བསམ། ཡང་འབྲུབ་ཁུང་ཁ་བཅད་པ་སོགས་སྔར་བཞིན་ནོ། །དེ་ལྟར་ཞག་བདུན་ནམ་ཉེར་གཅིག་ལ་སོགས་པར་བསྒྲུབས་པས་བསད་བའི་ལས་འགྲུབ་ཏུ་ཉེ་རྟགས་བྱུང་ན། གཏའ་གཏོར་དེ་འབུལ། འབྲུབ་ཁུང་དེ་ཉིད་དུ་རོའི་འགལ་དུམ་དང༌། ཚེར་མའི་ཤིང་ལ་དུག་ཁྲག་བྱུགས་པའི་བུད་ཤིང་བརྩེགས། དྲག་པོའི་མཆོད་གཏོར་རྒྱ་ཆེར་བཤམས། ཁྲག་དང་སྣུམ་ནག་བསྲེས་པ་དང༌། བྲ་བོ་དང་སྲན་ནག་དང༌། ཡུངས་དཀར་ནག་དང༌། ཤ་རུས་སྐྲ་ཤད། རྔ་མོང་དང་བོང་བའི་སྦངས་དང༌། ཚེར་མའི་ཡམ་ཤིང་ལ་སོགས་པ་འདུ་བྱས། དམིགས་པ་གོང་བཞིན་ལས་ཐབ་ཁུང་དུ་མགོན་པོ་བཅུ་གཅིག་ཕྱོགས་སྐྱོང་ལས་མཁན་དང་བཅས་པ་སྐད་ཅིག་གིས་བསྐྱེད། སྙིང་པོ་བཟླ་བཞིན་མེ་སྤར། ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་བསྟོད་དམ་བཞག་རྣམས་གཏོར་བསྔོ་ལྟར་བྱས། ཟན་ལིང་བསྒྲལ་བ་དེ་མི་དགོས། དེ་རྗེས་ཐོད་པ་ཁ་ཕྱེས་ནས། ལིངྒ་དགུག་གཞུག་བྱ་བ་ནས་བཟུང་། ཕུར་བས་བསད་པའི་བར་གོང་བཞིན་ལས། གནས་ལྔར་ཕུར་བུས་དངོས་སུ་བཏབ། ཤཱ་ས་ན་བཟླ་བཞིན་མཚོན་ཆས་གཏུབ། འཁོར་ལོ་ལ་མི་གནོད་པར་བྱའོ། །ཤཱ་ས་ན་སྤེལ་ཚིག་ཤམ་བུ་དང་བཅས་པ་ཁོ་ན་བཟླ་ཞིང་ཞལ་དུ་བསྟབ་པར་མོས་ལ་བསྲེགས། དེ་བཞིན་དུ་བསྲེག་རྫས་གཞན་རྣམས་ཀྱང་


TNT21_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་མཐར་འཁོར་ལོ་ཡང་བསྲེགས་ཏེ། མཆོད་བསྟོད་གཏོར་མ་འབུལ། བཟོད་གསོལ་གཤེགས་གསོལ་བཀྲ་ཤིས་ཀྱི་བར་དུ་བྱས་ཏེ། གཏོར་ཆོག་དང་བསྐང་བའི་ཡི་གེར་བཤད་པ་བཞིན་ནོ། །འདི་ལས་མཐའ་བསྡུ་བའི་སྦྱིན་སྲེག་ཡིན་པས་འདི་ཁོ་ནའི་ཆོག་ཏེ། སྦྱིན་སྲེག་སྤྱི་འགྲོའི་ལུགས་ཀྱི་ཆོ་ག་ལྷག་མ་རྣམས་ཀྱང་མི་དགོས་སོ། །དེ་ནས་མནན་པ་ལ། ལིངྒའི་ཕྱི་དྲིལ་གྱི་དེ་ཡོད་ན་དེ་ལས་བྱ་སྟེ། དེ་མེད་ན་བསད་འཁོར་སྔ་མ་དང་འདྲ་བ་བྲིས་ཏེ། ཁ་སྦྱོར་གྱི་བར་རམ་རྐྱང་བའི་ནང་དུ་ལིངྒ་བཅུག །དགུག་གཞུག་དྲག་ཏུ་བྱས་ནས་བལྟེབ་སྟེ། སྦྱིན་བསྲེག་ཐལ་བ་དང་བཅས་པ་སྔར་གྱི་ཐོད་པ་ཁ་སྦྱོར་བ་དེའི་ནང་དུ་བཅུག །རེ་བས་དྲིལ། མི་ཤི་བའི་སྐྲས་བཅིངས། ལམ་རྒྱ་གྲམ་མམ་མཆོད་རྟེན་ལ་སོགས་པའི་སར་སོང་ལ། འབྱུང་པོ་སྤྱི་གཏོར་དང་གཞི་བདག་གཏོར་མ་དང༌། ཀླུ་དང་གཤིན་རྗེ་ལའང་མིང་ནས་སྨོས་པའི་གཏོར་མ་སྦྱིན། དེ་ནས་བཛྲ་ཏྲ་ཐ་ཞེས་བརྗོད་ཅིང་དང་པོ་བླུས་ལ་ཀླུ་དང་ཤིན་རྗེ་རལ་པ་ཚར་དགུའི་ལྟོ་བ་རིམ་གྱིས་དྲལ་ཏེ་གཤིན་རྗེའི་ལྟོ་བར་བཅུག་པར་མོས་ལ་དོང་གི་ནང་དུ་སྦས། ས་དང་ཆུས་ཅུང་ཟད་མནན་ལ། ཨེ་ལ་ཙཀྲ་ཁ་ཐིམ་མཱ་ར་ཡ་ཙཀྲ་ཁ་ཐིམ། ཞེས་བརྗོད། གཤིན་རྗེའི་ལྟོ་བ་སྲུབ་པར་བསམ། ཡང་དེ་བཞིན་དུ་བྱས་


TNT21_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀླུའི་ལྟོ་བ་སྲུབ་པར་བསམ། སྦྱིན་སྲེག་ཐལ་བའི་ལྷག་མ་དང༌། གཏོར་མ་རྙིང་པའང་དེ་རུ་ཐུག་ལ། སླར་ཡང་ས་ཆུ་རིམ་པ་བདུན་གྱིས་བཀབ། དེའི་སྟེང་དུ་འབྲུབ་ཁུང་གི་ཁ་བཅོད་དེས་མནན། དེ་ནས་སས་གཡོགས་ཏེ་མི་མངོན་པར་བྱའོ། །དེའི་སྟེང་དུ་བདག་ཉིད་འདུག་ནས་མགོན་པོ་འཁོར་བཅས་དང༌། ཀླུ་དང་གཤིན་རྗེ་དང་གཞི་བདག་རྣམས་ལ་དམོད་བཅོལ་དྲག་ཏུ་བྱ། ཕྱི་མིག་མི་ལྟར་བར་ལོགས་ལ་གཏད་ལམ་བཅད་དེ་སྒྲུབ་ཁུང་དུ་འཇུགཚོགས་ཀྱི་འཁོར་ལོའི་དགའ་སྟོན་སོགས་སྤྱི་དང་འདྲ་བར་བྱའོ། །མནན་པས་བསད་པའོ། ༈ ཟོར་གྱིས་བསད་པ་ནི། དེ་ནས་ལས་ལ་གྲུབ་ཀྱི་བར་དུ་དྲག་ཏུ་བསྐུལ། མགོན་པོ་ཁྲོ་བཅུའི་གཏོར་མ་ཟོར་རམ། དམར་ཆེན་གཏོར་ཆོག་ལྟར་ཟོར་ཡང་ཡང་འཕང་བར་བྱ་སྟེ། ཟོར་གྱིས་བསད་པའོ། །དེ་ལྟར་ན་རྡོ་རྗེ་བྲག་རྫོང་མ་འདི་ཉིད་ལས་འཕྲོས་པའི་བསྲུང་བཟློག་བསད་གསུམ་གྱི་མན་ངག་གནད་ཆེ་བ་རྣམས་གསལ་བར་བརྗོད་ཟིན་ཏོ། །བསྲུང་བ་ལས་འཕྲོས་པའི་ནད་ཡམས་བསྲུང་བ་དང༌། དམག་བཟློག་པ་ལ་སོགས་པ་དང༌། བཟློག་པའི་སྐབས་ནའང་སྒྲུབ་པ་དང་ལས་སྦྱོར་གྱི་མིང་བཏགས་པ་རྣམ་གྲངས་མང་པོ་དང༌། ལས་སྦྱོར་གྱི་སྐབས་ནའང༌། ཐུན་གྱིས་བཟློག་པ། ཟོར་གྱིས་བཟློག་པ། གཏོར་མས་བཟློག་པ། མནན་


TNT21_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཟློག་པ་ལ་སོགས་པའི་རྣམ་གྲངས་དུ་མ་དང༌། སྔགས་པ་ནང་རྒྱས་ཀྱི་མན་ངག་དང༌། གཏོར་མ་ལ་བརྟེན་ཏེ་དགྲ་བོ་ལ་རང་གཤེད་རང་ལ་དབབ་པ་སོགས་རྣམ་གྲངས་དུ་མ་ཞིག་ཡོད་པར་འདུག་ནའང༌། ཉེར་མཁོ་ཆུང་ཞིང་གནད་ཀྱང་ཆུང་བར་མཐོང་ནས་འདིར་མ་བྲིས་ལ། ནང་གི་མན་ངག་ཡིན་ཟེར་བས། རང་གི་སྙིང་གར་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀྱི་ངོ་བོ་རྡོ་རྗེའི་བྲག་རྫོང་མ་བསྒོམ་པ་སོགས་ཀྱང་ཨུཥྞི་རྭ་ལུགས་ཀྱི་མན་ངག་ལས། བསྲུང་བྱ་སྦ་བའི་སྐབས་སྙིང་གར་འཁོར་ལོ་བསྒོམ་པ་ལ་འདྲ་མིན་གྱི་མན་ངག་བྱས་པར་ཟིན་ཅིང༌། གནད་ཀྱང་ཤིན་ཏུ་ཆུང་བར་མཐོང་ངོ༌། །འཕྲོས་དོན་རྨྀ་ལམ་ངན་པ་དང༌། ལྟས་ངན་པ་བཟློག་པའི་དམིགས་པ་ནི་འདི་ཡིན་ཏེ། རང་གི་ལྟོ་བར་གཤིན་རྗེ་དམར་ནག་རལ་གྲི་དང་ཞགས་པ་འཛིན་པ། ཁ་གདངས་པ། དེའི་ལྟེ་བར་ཟླ་བ་གཡོན་དུ་འཁོར་བའི་སྟེང་དུ་ཉི་མ་གཡས་སུ་འཁོར་བ་ཅིག་གསལ་གདབ། རང་གི་མདུན་དུ་དགྲ་དང་གདོན་དང་བྱད་མ་དང༌། རྨི་ལམ་ངན་པ་དང་ལྟས་ངན་པ་གང་བྱུང་བ་དེ་ཉིད་གསལ་གདབ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཤཱ་ས་ན། སོགས། ཨི་དཾ་དུཥྟན་གྱི་བར་དག་ཏུ་བརྗོད། རྣ་རྩེ་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་དབྱིབས་ཅན་མང་དུ་སྤྲོས། གནོད་བྱེད་དང་མཚན་ལྟས་ངན་པ་ཐམས་ཅད་རང་དབང་མེད་པར་བཀུག་སྟེ། རང་ཉིད་མགོན་པོའི་སྐུར་གསལ་བའི་


TNT21_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་བཅུག །མཚོན་གྱི་བཅོམ་ཞིང་ཕྱེ་མར་བཏང༌། ལྟོ་བའི་གཤིན་རྗེའི་ཞལ་དུ་གསོལ། དེའི་ལྟོ་བར་ཉི་ཟླ་གཉིས་ཀྱི་བར་དུ་བཏགས། སྟེང་གི་ཉི་མས་བསྲེགས། འོག་གི་ཟླ་བ་འགྱུར་བྱེད་ཀྱི་ཆུ་བྱུང་སྟེ་སྦྱངས། མི་དམིགས་པར་གྱུར་པར་བསམ། འདིའི་སྐབས་སྟེང་རླུང་བཟུང་ལ་ཡིད་ཀྱིས། ཁ་ཁ་ཁཱ་ཧི་ཁཱ་ཧི། མན་ཆད་བཟླ། མཇུག་ཏུ་སྟོང་པས་རྒྱས་གདབ། དེ་ལྟ་བུའི་ལན་བདུན་ནས་ཉེར་གཅིག་གི་བར་སྐབས་དང་སྦྱར་ཞིང་བསྒོམ། སྒོམ་པའི་དུས་ནི་སྲོད་དང་ཐོ་རངས་ལ་བསྔགས་པར་བྱེད། དེ་ལྟར་ཞག་བདུན་བྱས་པས། རྨི་ལམ་ངན་པ་དང་མཚན་ལྟས་ངན་པ་ཐམས་ཅད་བཟློག་པར་གསུངས་ཏེ། ཤིན་ཏུ་ཟབ་པར་ཡང་འཁུམ་མོ། །དཔལ་ལྡན་མགོན་པོའི་མན་ངག་ལས། །བསྲུང་བཟློག་བསད་གསུམ་ཚང་བ་ཡི། །ལས་ཚོགས་མདོ་ཙམ་བྲིས་པས་ཀྱང༌། །གདུལ་དཀའ་ཐམས་ཅད་འདུལ་བར་ཤོག །ཅེས་པ་འདི་ཡང་མདོ་སྟོད་པ་དགེ་བཤེས་བློ་གྲོས་དཔལ་བཟང་དང༌། མདོ་སྨད་པ་དབོན་པོ་ལྷུན་གྲུབ་རྒྱལ་མཚན་སོགས་དོན་གཉེར་མང་པོས་ཡང་ཡང་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།སརྦ་མངྒ་ལམ།། དགེ་ལེགས་འཕེལ།། །།


previousབསྲུང་འཁོར་རྡོ་རྗེ་བྲག་རྫོང་མ་རྒྱས་པའི་ཁྲིད་ཡིག་འདུས་གསལ་ཚང་བ།next