Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྭ་ལུགས་མགོན་ནག་གི་ལས་ཚོགས་ཆེས་ཟབ་པ་ལག་ལེན་མ།
   
   
   
   
   
   
   
   


 
previousརྭ་ལུགས་མགོན་ནག་གི་ལས་ཚོགས་ཆེས་ཟབ་པ་ལག་ལེན་མ།next

རྭ་ལུགས་མགོན་ནག་གི་ལས་ཚོགས་ཆེས་ཟབ་པ་ལག་ལེན་མ།


TNT21_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

རྭ་ལུགས་མགོན་ནག་གི་ལས་ཚོགས་ཆེས་ཟབ་པ་ལག་ལེན་མ་བཞུགས། ཡཱ་མན་ཏ་ཀའི་ལས་བྱེད་སྙན་རྒྱུད་ཤིན་ཏུ་གསང་བ།


TNT21_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་བྷེ་ར་བཱ་ཡ། རྗེ་བཙུན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པའི་མན་ངག་མགོན་པོ་ནག་པོའི་སྒྲུབ་ཐབས་ནི་འདི་ཡིན་ཏེ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱོར་བའོ། །དང་པོ་ནི། བྲིས་སྐུའི་མདུན་དུ་རྡོ་ལེབ་ནག་པོའི་མཎྜལ། རང་བྱུང་གིས་སྦགས་པའི་ཚོམ་བུ་ནག་པོ་ཅན་བཤམས་པའམ། ཡང་ན་བྲིས་སྐུའམ་མཎྜལ་གང་རུང་དེས་ཀྱང་ཆོག །མཆོད་པ། གཏོར་མ། ནང་མཆོད་རཀྟ་རྣམས་ཀྱང་བཤམས། འཇིགས་མཛད་ཆེན་པོའི་བདག་བསྐྱེད་གང་རུང་སྔོན་དུ་འགྲོ་བས། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ནང་དུ། དུར་ཁྲོད་ཆེན་པོའི་ས་གཞི་ལ་རྡོ་རྗེ་བྲག་རི་གྲུ་གསུམ་གྱི་དཀྱིལ་འཁོར། དེའི་སྟེང་དུ་བཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན། དེའི་སྟེང་དུ་ཎི་ལས་དགྲ་བགེགས་བསྒྲལ་བའི་བམ་ཆེན་གྱི་སྟེང་དུ་གཙོ་བོའི་ཐུགས་ག་ནས་ཧཱུཾ་ཡིག་ནག་པོ་མེ་འབར་བ་རབ་སྤྲོས་ཏེ་འཁོད། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱིན་རླབས་ནུས་མཐུ་རྣམས་ཚུར་འདུས་ཧཱུཾ་ལ་ཐིམ། ཡོངས་སུ་གྱུར་པ་ལས།


TNT21_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀ་ལ་སྐུ་མདོག་དུས་ཀྱི་མུན་པ་ལྟར་ཆེས་གནག་པ། སྦོམ་ཞིང་ཐུང་བ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། གཏུམ་ཞིག་ཁྲོས་པ། འཚམས་པ་ལས་འདས་པའི་ཁྲཽ་གཏུམ་དྲག་ཤུལ་ཅན། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། སྤྱན་གསུམ་མཆེ་བ་གཙིགས་ཤིང་དྲག་ཏུ་བཞད་པ། སྨ་ར་སྨིན་མ་དབུ་སྐྲ་ཁམ་ནག་འབར་ཞིང་འཛིངས་པ། སྟག་ལྤགས་དང༌། སྦྲུལ་དང༌། མི་མགོས་བརྒྱན་པ། མེ་རླུང་འཚུབས་མའི་དབུས་ན་པད་ཉི་མི་རོའི་གདན་ལ་བཞེངས་པའི་སྟབས་ཀྱིས་གནས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱིས་ནང་ནས་མགོན་པོ་མ་ཧཱ་ཀ་ལ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ལན་གསུམ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླང་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གྱི། །གཉིས་སུ་མེད་པར་གཤེགས་སུ་གསོལ། །ཨེ་


TNT21_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ཧྱེ་ཧི་མཧཱ་ཀཱ་ལ་ཡེ། ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དམ་ཚིག་ཉེར་འོངས་པ། །བསྐྱེད་པའི་དམ་ཚིག་བྱིན་རླབས་ཕྱིར། །ཐུགས་རྗེས་བྱོན་ལ་བརྟན་པར་བཞུགས། །ས་མ་ཡ་ཏཥྛི་ཛཿཧཱུཾ་བཾ་ཧོཿ རང་གི་ཐུགས་ཀ་ནས་དབང་གི་ལྷ་རྣམས་སྤྲོས། དམ་རྫས་དང་མཆོད་པའི་སྤྲིན་ཕུང་བསྟིབས་ཏེ། ཆ་བྱད་སྣ་ཚོགས་དང་བཅས་པས་བདུད་རྩྀའི་ཆུ་རྒྱུན་གྱི་དབང་བསྐུར། མི་བསྐྱོད་པའམ་གཤིན་རྗེ་གཤེད་པོས་དབུ་བརྒྱན། ཨོཾ་བཛྲ་མཧཱ་ཀཱ་ལ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། གཏོར་མ། ནང་མཆོད། རཀྟ་གསུམ་ཡི་དམ་གྱི་མངོན་རྟོགས་ལྟར་ཕྱོགས་གཅིག་ཏུ་བྱིན་གྱིས་བརླབས། ཤཱ་ས་ན་ལན་གསུམ་སོགས་ཀྱིས། གཏོར་མ་བདུད་རྩིའི་བཅུད་མཆོག་འདོད་ཡོན་ལྔ་དང་ལྡན་པར་མོས་ཏེ་ཕུལ། སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་བརྗོད་ཅིང༌། ནང་མཆོད་ནས་གཏོར་མ་ལ་ལན་གསུམ་བཟླས། ཤཱ་ས་ན་ཚར་གཅིག་བརྗོད་དེ། བཏུང་བ་བདུད་རྩིའི་རྒྱ་མཚོ་གསོལ་བར་བསམ། ཨོཾ་མཧཱ་ཀཱ་ལ་ཡ་སརྦ་དུཥྟན་མཱ་ར་ཡ་མ་ཧཱ་མཾ་ས་ཁ་ཧཱི། མཧཱ་རཀྟ་ཁཱ་ཧི། ཞེས་ལན་གསུམ། རཀྟ་ལན་གསུམ་བྲན་ལ། ཤཱ་ས་ན་ཚར་གཅིག་བརྗོད་དེ། ཤ་ཁྲག་རུས་པ་གནམ་ས་གང་བ་ཞལ་དུ་བཏབ་པར་མོས། རབ་ཏུ་དགྱེས་པས་ཧ་ཧ་ཧོ་ཧོ་ཧཱུཾ་ཧཱུཾ་ཞེས་གསུང་བར་གྱུར། དེ་ནས་ཐོད་པའི་ཕྱག་རྒྱ་བྱས་ལ། ཤཱ་ས་ནའི་མཐར། ས་མཱ་ཡ་སྟྭཾ། ས་མ་ཡཱ་ཧོ། ལན་གསུམ། དཔལ་ནག་པོ་ཆེན་པོ་ཁྱོད་ཀྱིས་སྔོན་


TNT21_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་ཤིང་དམ་བཅས་པ་བཞིན་དུ། རྣལ་འབྱོར་པ་བདག་གིས་ཇི་ལྟར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད་ཅིག །བདུད་རྩི་དང་རཀྟ་བསྲེས་པ། གཏོར་མ་ལ་བླུགས། ཧཱུཾ་རིང་པོ་བདུན། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཧཱུཾ། ལན་གསུམ། གཤིན་རྗེ་གཤེད་པོ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་ཞུགས་པར་གྱུར། །བདག་ཀྱང་དམ་ལས་མི་འདའ་ཡི། །ཁྱོད་ཀྱང་དམ་ལས་མ་འདའ་ཞིག །རྡོ་རྗེ་ཐུགས་ཀར་གཏུགས་ལ་ཕྱག་ཏུ་གཏད་པར་བསམ། བདུད་རྩི་རང་གི་ལྕེ་ཐོག་དུའང་ཅུང་ཟད་བཞག །བསྟོད་པ། སྲིན་གཟུགས་མ་ཤོ་ལོ་ཀ་གསུམ་གྱིས་བསྟོད། དཔལ་ལྡན་ནག་པོ་ཆེན་པོ་ཡིས། །བདག་ལ་དགོས་པའི་དོན་ཐམས་ཅད། །བསམ་པ་བཞིན་དུ་སྒྲུབ་པ་དང༌། །སངས་རྒྱས་བསྟན་པ་བསྲུང་བར་མཛོད། །བཟླས་པའི་དམིགས་པ་སྤྱི་དང་འདྲ་བར་གསལ་བཏབ་ལ། ཨོཾ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ཅི་འགྲུབ་པ་ཟླ་སྟེ། འབུམ་ཕྲག་བཅུ་གཉིས་གྲངས་བསྙེན་ཆུང་ངུ་དང༌། སུམ་ཅུ་འབྲིང་པོ་དང༌། ཞེ་བརྒྱད་ཆེན་པོར་བཞེད་དོ། །ཐུན་གྱི་གཞུག་ཏུ། ཡེ་ཤེས་མགོན་པོའི་ཐུགས་ཀ་ནས། ལས་མགོན་གཡས་གྲི་གུག་འཕྱར་ཞིང༌། ཞབས་བརྐྱང་བསྐུམ་དུ་བཞུགས་པ་མང་པོར་བྱོན་པར་བསམ། ཡིད་ཀྱི་མཆོད་པ་དང་གཏོར་མ་ཕུལ་ལ། ཨོཾ་མཧཱ་ཀ་ལ་གུ་ཎ་ཧྲི་ད་ཛཿཛཿ ཞེས་པ་བདུན་དང་ཉེར་གཅིག་སོགས་ཅུང་ཟད་བཟླ། ཡང་མགོན་པོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ནས་མཁའ་འགྲོའི་གནས་ནས་མ་མོ་ནག་མོ་གྲི་ཐོད་འཛིན་པ་བཀུག །ཡིད་ཀྱི་མཆོད།


TNT21_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་ལྷག་མ་ལ་དམིགས་ནས། ཨོཾ་མཧཱ་ཀཱ་ལི་རཀ་མོ་བ་ལིང་ཏ་པཱུ་ཛ་གྲིཧྞ་ཧོ། ཁ་ཁ་ཁཱ་ཧི་ཁཱ་ཧི་མ་མོ་སྲོག་ཁཱ་ཧི་ཧཱུཾ། ལན་གསུམ་ཨོཾ་མཧཱ་ཀཱ་ལ་རཽ་དྲི་དུ་མ་མོ་ཤ་ཤ །ཛ་ཛ་ཧཱུཾ་བྷྱོཿབྷྱོཿཞེས་ཅུང་ཟད་བཟླས། ལས་མགོན་ཐུགས་ཀར་ཐིམ། མ་མོར་གནས་སུ་གཤེགས་པར་སམ། ཨོཾ་མཧཱ་ཀཱ་ལ་དགྲ་བོ་མ་ར་ཡ་ཧཱུཾ་ཕཊ། ཅེས་པའི་རྩ་བའི་བསད་སྔགས་དང༌། འབོད་རྦད་བསད་གསུམ་གཅིག་ཏུ་དྲིལ་བ་ཤ་ས་ན་དང༌། ཨོཾ་མཧཱ་ཀཱ་ལ་ཡཀྵ་མཧཱ་ཀཱ་ལ་ཧུར་ཐུམ་ཛཿ དགྲ་བོ་དམ་ཉམས་ཀྱི་མགོ་ལུས་པྲིཾ་པྲིཾ་ཕྲོལ་ཕྲོལ་དྲ་ཀ་རཀྵས་ཕྱེས་ཕྱེས། དུམ་བུ་དུམ་བུ། ཧེ་ལམ་ཁཱ་ཧི། ཞེས་པ་དྲག་པོ་སྤུ་གྲྀའི་སྔགས་རྣམས་ཅུང་ཟད་བཟླའོ། །ཤཱ་ས་ན་ལ་འབུམ་ནས་བཞི་འབུམ་གྱི་བར་སོང་ན་ལེགས། སྔགས་འཐོར་བུ་གཞན་བཞི་པོ་རྣམས་བཞི་ཁྲི་རེ་བཟླས་ནས་སོ་སོའི་བསྙེན་པ་སོང་བའོ། །དེ་ཡང་འདིའི་སྒོས་ཀྱི་ལས་སྦྱོར་བྱེད་ན་གལ་ཆེ་བ་ཡིན། དྲུག་ཅུ་རྩ་བཞིའི་ཞོར་ལ་ཟོར་འཕེན་པ་ཙམ་བྱེད་པ་ལ་ནི་ཡི་དམ་གྱི་བསྙེན་པ་ཐེམས་ནས། མགོན་པོ་ལ་ཡི་གེ་བཅུ་གཉིས་པ་བཞི་འབུམ་སོང་རུང་བ་ཙམ་ཡིན་ནོ། །ཐུན་འཇོག་ཁར་སླར་ཡང་མཆོད་བསྟོད་བྱ། ཡིག་བརྒྱ་བཟོད་གསོལ་རྟེན་ལ་བརྟན་བཞུགས། །མགྲོན་གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །འདི་ནི་རྩ་བའི་བསྙེན་པ་རྭ་ལུགས་ཡིན་ལ། དུས་རྒྱུན་གྱི་གཏོར་བསྔོ་ལ་ནི་གོང་བཞིན་རྫོགས་པས་འགྲུབ་ནའང་ལེགས་མོད་ཀྱི། མ་གྲུབ་ན་བྲིས་སྐུ་དང༌། མཎྜལ། སྨན་དང༌། རཀྟ་རྣམས་མེད་ཀྱང་ཆོག །བཟླས་པ་ཡང་ཡི་གེ་བཅུ་གཉིས་ཅུང་ཟད་ཙམ་བཟླས་པ་ཁོ་ནས་ཆོག་ཅིང༌། མཆོད་ཡོན་སོགས་ཀྱང་དངོས་


TNT21_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཤམ་མ་ཐུབ་ན་ཏིང་ངེ་འཛིན་གྱིས་ཆོག་པས། དེའི་ཚེ་མཆོད་པ་བྱིན་རླབས་ཀྱང་མི་དགོས་ཤིང༌། གཏོར་ཆོག་གཞན་དང་སྦྲེལ་ནས་བྱེད་ན་རྗེས་ཆོག་ལ་སོགས་པ་མི་དགོས་སོ། །རྭ་བའི་མགོན་ནག་བྱ་བའི་རྡོ་རྗེ་གུར་གྱི་རྒྱུད་ལས་འབྱུང་བའི་སྒྲུབ་ཐབས་ལྷད་མེད་རང་དེ་ཡིན་ཅིང༌། ཤམ་བུ་ཅན་གྱི་སྔགས་བཞི་པོ་དེ་ཤིན་ཏུ་རྣོ་ཞིང་མྱུར་བའི་ཕྱིར། རྒྱུད་རྐྱང་གི་སྒྲུབ་ཐབས་མན་ངག་མེད་པའི་གཞན་ལས་ཁྱད་པར་དུ་འཕགས་པའང་ཡིན་ལ། སྤྱིར་ནི་མཧཱ་ཀ་ལ་འདིར་རོ་ལངས་ཆེན་པོ་བརྒྱད་ཀྱི་སྤྱི་གཟུགས་ཡིན་པའི་ཕྱིར། དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་བཀའ་ཉན་ཐུན་མོང་མ་ཡིན་པའི་གཅིག་ཏུ་འབྱུང་བས། འཇིགས་མཛད་ཆེན་པོའི་ལས་ཚོགས་སྒྲུབ་པ་ལ་གལ་ཆེན་པོའི་ཞུ་བ་ཡིན་པར་གོ་བར་བྱའོ། །འདིར་ཐོག་མར་ཉེ་བར་མཁོ་བ་ལ། དྲུག་ཅུ་རྩ་བཞིའི་གཏོར་ཆོག་ཆེན་མོ་གཏོང་དུས་མགོན་པོ་ནག་པོའི་གཏོར་ཟོར་སྡེའི་ཐུང་ཆ་ལག་ཏུ་སྦྱོར་ན། དཀྱིལ་འཁོར་ཆེན་མོའི་ཕྱོགས་གང་ཡང་རུང་བ་ཞིག་ཏུ། ཆོས་འབྱུང་ནག་པོ་མཆུ་ལ་གྲི་གུག་གི་འཕྲེང་བ་དང༌། ཕྱི་རོལ་མེ་རིས་བསྐོར་བ་ཞིག་བྱ། དབུས་སུ་ཉི་གདན་ལ་གྲི་གུག་གམ་ཚོམ་བུ་ནག་པོ་བཀོད། དེའི་སྟེང་དུ་སྟེགས་བུ་ལ་ལྕགས་སྣོད་དུ་འབྲུ་ནག་དང༌། དྲག་རྫས་བསྲེས་པའི་གཏོར་མ་གྲུ་གསུམ། ཁྲག་དང༌། རོ་སོལ་གྱི་བྱུག་པ། རྩ་བའི་ཟུར་གསུམ་དུ་མི་མགོས་མཚན་པ། ཡུངས་ཀར་དང༌། ཀེ་ཚེའི་གོང་བུ་དུག་ཤིང་གི་ཚེར་མ་རྣམས་དུག་ཁྲག་གིས་བཀྲུས་པ་ཅི་རིགས་པ་བཙུག །མཐའ་ལ་དྲག་པོའི་མཆོད་གཏོར་གྱིས་གྲུ་གསུམ་དུ་བསྐོར། འཇིག་རྟེན་འདས་གཏོར་གྱི་བསྡེབས་ལ་དཔལ་གཏོར་


TNT21_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

དང་དར་ནག་གི་བ་དན་བཙུགས་པ་གཅིག་ཀྱང་བཤམས། མཆོད་གཏོར་རྣམས་བྱིན་རླབས་ཆེན་པོའི་སྐབས་སུ་ཡང་དམིགས་པ་གཏད། དྲུག་ཅུ་རྩ་བཞི་སོང་མཚམས་སུ་སླར་ཡང་བྱིན་རླབས་ཁ་གསོ་བའི་ཚུལ་གྱིས་མཆོད་པ་བྱིན་རླབས་ཤིག་བྱ། མདུན་བསྐྱེད་བསངས་སྦྱངས་ནས། བཟླས་པའི་བར་གོང་དུ་བཤད་པ་བཞིན་དུ་བྱ། ཡིག་བརྒྱ་ལན་གསུམ་སོགས་བཟླས་ནས། སྐུའི་དམ་ཚིག་ཉམས་པ་འཐོལ་ལོར་བཤགས། གསུང་གི༴ ཐུགས་ཀྱི༴ རྩ་བའི༴ ཡན་ལག༴ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་འགལ་འཁྲུལ་ཐམས་ཅད་སོ་སོར་བཤགས། འཐོལ་བཤགས་ཕུལ་ནས་ཚངས་པར་མཛད་དུ་གསོལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས། བདག་ལ་དངོས་གྲུབ་ཀྱི་སྡོང་གྲོགས་དང༌། མཐུ་སྟོབས་ཐོག་པ་མེད་པར་སྩལ་ནས། ཕྱི་ནང་གསང་གསུམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། བསྲུང་བ་དང༌། བཟློག་པར་མཛད་དུ་གསོལ། སྔོན་གྱི་ལས་ལས་བྱུང་བ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་གདོན་བྱུར་ཆག་ལ་སོགས་པ་རྐྱེན་ངན་ཐམས་ཅད་བཟློག་པར་མཛད་དུ་གསོལ། བདག་ཅག་ལ་གནོད་པར་བྱེད་པའི་དགྲ་བགེགས་ལོག་འདྲེན་བྱད་མ་བསམ་སྦྱོར་ངན་པ་ཐམས་ཅད་སྐད་ཅིག་ཉིད་ལ་འཇོམས་ཤིང་རྡུལ་དུ་བརླག་པར་མཛད་དུ་གསོལ། སརྦ་ཨུ་པ་དྲ་བ་ནི་བ་རཱ་ཡ་ཕཊ། ཅེས་ལས་ལ་བསྐུལ་བའི་གསོལ་བ་བཏབ། འདིའི་སྒོས་ཀྱི་གཏོར་ཆོག་ཡིན་


TNT21_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ན་བར་འདིར་བསྐང་བ་རྒྱས་བསྡུས་ཇི་ལྟར་འོས་པ་རེ་བྱེད་དགོས་ལ། སྡེ་ཐུང་སྦྱོར་བའི་སྐབས་མཆོད་འཕྲེང་ཙམ་གྱི་གོ་ཆོད་པས། ལིང་ག་སྒྲོལ་ཆོག་གྲུབ་པའི་རྗེས་སུ་གཏོར་མ་ལ་ལིང་དུ་མ་སྒྲོན་ཞིང་རཀྟ་གསར་བའང་བླུག་ནས། དགྲ་བགེགས་ཞལ་དུ་འདེབས་པའི་དམིགས་པ་དང་བཅས། ཤཱ་ས་ན་བདུན་ནས་ཉེར་གཅིག་གི་བར་ཇི་ལྟར་འོས་པ་བཟླ་ཞིང༌། གཏོར་སྔགས་ཐུང་བ་དང༌། མ་མོའི་གཏོར་སྔགས་ཀྱང་ལན་བདུན་བདུན་བརྗོད། ཨོཾ་མཧཱ་ཀཱ་ལ་གུ་ཎ་ཧྲི་ད་གནོད་བྱེད་མ་རཱ་ཡ་ཧཱུཾ་ཕཊ། ཅེས་དང༌། ཨོཾ་བཛྲ་ཀྲོ་དྷ་མཧཱ་ཀ་ལ་ཡཾ་ཤ་ཏྲུན་ཙིཏྟ་ཀྲོ་ཏི་དུན་ཛཿ ཞེས་པ་དང༌། སྤུ་གྲིའི་སྔགས་དང༌། ཀཱ་ལ་རཽ་དྲི་སྔགས་རྣམས་ཀྱང་དྲུག་ཅུ་རེའམ་ཇི་ལྟར་འོས་པ་དྲག་ཏུ་བཟླའོ། །དེ་ནས་མཆོད་པ་ནི། ལས་གཤིན་གྱི་སྐབས་ཀྱིས་བསྟོད་གསུམ་མ་ལ། འདོན་པ་བསྒྱུར་ཏེ་ཕུལ། དེ་རྗེས་བསྟོད་བསྐུལ་ནི། ཧཱུཾ་དཔལ་ལྡན་ནག་པོ་ཆེན་པོ་ནི། །བསྐལ་བའི་མེ་དཔུང་ནང་ན་བཞུགས། །མི་རོའི་སྟེང་ནས་སྐུ་བྱུང་བ། །མདོག་ནག་ཐུང་ལ་གསུས་པ་ཆེ། །ཡོན་ཏན་རྫོགས་པའི་ལྷ་ཁྱོད་ཀྱིས། །དགྲ་བགེགས་གདུག་པ་མྱུར་དུ་སྒྲོལ། །གཡས་ཀྱི་ཕྱག་གི་གྲི་གུག་གིས། །བསྟན་ལ་གནོད་པའི་སྙིང་རྩ་མཆོད། །གཡོན་པའི་ཕྱག་གི་ཐོད་པ་ཡིས། །དམ་ཉམས་རྣམས་ཀྱི་སྙིང་ཁྲག་གསོལ། །མཆེ་བའི་ཟླ་ཚེས་རབ་གཙིགས་པ། །འཇིག་རྟེན་མ་ལུས་ཟ་བར་བྱེད། །སྤྱན་གསུམ་མེ་ཡི་ཚ་ཚ་འཕྲོ། །གདུག་པ་ཅན་རྣམས་སྲེག་པར་བྱེད། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཁྱོད། །བདུད་ཀུན་འདུལ་བའི་དམག་དཔོན་


TNT21_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དམ་ཉམས་རྣམས་ཀྱི་གཤེད་མ་མཛོད། །མནའ་ཟན་རྣམས་ཀྱི་སྲོག་དབུགས་ལེན། །ཆོས་འཁོར་ཡོངས་ཀྱི་སྲུང་མ་སྟེ། །ནག་པོ་གཏུམ་པོ་ལས་ལ་གཤེགས། །བླ་མ་ལ་འཁུ་སེམས་ཅན་འཚེ། །ཆོས་འཁོར་འདི་ལ་སྡང་བ་རྣམས། །མ་ལུས་སྐད་ཅིག་ཙམ་གྱིས་ཀྱང༌། །འདི་ཉིད་དུ་ནི་རིངས་པར་ཁུག །ཤ་ཁྲག་ནང་ཁྲོལ་མ་ལུས་པ། །དཔའ་བོ་ཆེན་པོས་མྱུར་དུ་ཟོ། །དེ་ལུས་ཏིལ་ཙམ་གཏུབས་ནས་ཀྱང༌། ཁྱོད་ཀྱི་ཞལ་དུ་གསོལ་བར་མཛོད། །གལ་ཏེ་དེ་ལྟར་མ་བྱས་ན། ཁྱོད་ཉིད་དམ་ཚིག་ཉམས་འགྱུར་ཏེ། །རྡོ་རྗེ་འཆང་གི་བཀའ་འདས་པས། །སྙིང་ཁྲག་ས་ལ་ལྷུང་བར་འགྱུར། །དེ་བས་དམ་ཚིག་མ་འདའ་བར། །གདུག་པའི་དགྲ་འདི་མྱུར་དུ་སྒྲོལ། །མཧཱ་ཀཱ་ལ་དགྲ་བོའི་སྲོལ་ལ་བྲེང་བྲེང༌། རྒྱུག་རྒྱུག །ཡ་ཡ། ཞེས་ལན་གསུམ་བསྐུལ། དེ་ནས་ཟོར་འཕེན་པའི་སྐབས། རྡོ་ཟོར། ཡུངས་ཟོར་ལ་སོགས་པའི་སྤྱི་དང་མཐུན་པར་འཕངས་ནས། གཏོར་མ་ཞལ་བསྒྱུར་ཏེ། དྲུག་ཅུ་རྩ་བཞིའི་སྔོན་ལ་འཕེན་དགོས། སྤྲོ་ན་སྤྱི་དང་མཐུན་པར་འདས་དང་མ་བྱོན་མའི་བསྐུལ་ནས། མཐར་རོལ་མོའི་སྒྲ་དྲག་པོ་དང་བཅས་ནས་ཤཱ་ས་ན་བཟླ་བཞིན་དུ་འཕངས། དེ་ཡང་དགྲ་བགེགས་བྱད་མ་ཁ་ཁ། དགྲ་བགེགས་བྱད་མ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྟ་བུ་མིང་སྤེལ་སྦྱར་ནས་སོ། །ཚོགས་དང་རྗེས་ཆོག་སོགས་ལ་ཆོ་ག་ཚར་གཅིག་གིས་འགྲུབ་ཀྱང་དམིགས་པའི་སྐབས་ནག་པོ་ཆེན་པོ་ལ་འབུལ་བའི་དམིགས་པ་མ་ཆད་པ་གལ་ཆེའོ། །བཟླས་པའི་མན་ངག་ནི། ལྕེ་རྡོ་རྗེ་རྩེ་མོ་གསུམ་པ། ཡས་


TNT21_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

རྐན་ཟླ་བ་ཨཱ་ལིས་མཚན་པ། མས་རྐན་ཉི་མ་ཀཱ་ལིས་མཚན་པས། ལྕེའི་རྩ་བའི་ནང་དུ་སྔགས་སྒོམ། རང་གི་ཐུགས་ཀ་ནས་སྙིང་པོ་སོགས་བཟླས་སྔགས་དང༌། ཨཱ་ལི་ཀཱ་ལི་དཔག་ཏུ་མེད་པ་བྱུང༌། ལྕེའི་རྩ་བ་དང༌། ཨཱ་ལི་ཀ་ལི་ལ་ཐིམ། ཡང་ཨཱ་ལི་ཀཱ་ལི་འོད་དུ་ཞུ་སྟེ་ལྕེ་ནང་གི་སྔགས་ལ་ཐིམ་པས་ཁ་དོག་དང་འོད་རྒྱས་ཤིང་ནུས་པ་བརྒྱ་འགྱུར་དུ་གྱུར། དེ་ནས་སྔགས་བཟླས་པས་སྙིང་ག་དང་ལྕེའི་འོད་ཀྱིས་བསྐུལ་ནས། མགོན་པོ་རང་དབང་མེད་པར་ལས་ལ་འཁོལ་བར་བསམ། རྩ་བའི་བསྙེན་པ་སོང་ནས་ལས་ཀྱི་བསྙེན་པ་ནི་དུར་ཁྲོད་དང༌། ཕུང་ཤུལ་དང༌། གྲོག་མཁར་བདུན་གྱིས་བསྲེས་པའི་མཎྜལ་ས་སྟེ་གྲུ་བཞིར་རྒྱར་ཁྲུ་དོ། །དཔངས་སུ་ཁྲུ་གང་ཡན་ཆད་ཇི་ལྟར་འོས་པ། དེའི་སྟེང་དུ་དཔངས་སོར་བཞི་ཙམ་ཟླུམ་པོར་བསྐོར་བ། དབུས་སུ་གྲུ་གསུམ་བང་རིམ་སུམ་བརྩེགས། ངོས་རེ་ལ་ཁྲུ་གང་སོར་ཉི་ཤུ་པ། སྲབ་འཐུག་སོར་གཉིས་པ་བྱ། བང་རིམ་གཉིས་ཀྱང་ཞིང་སོར་གཉིས་རེ་བྱེད། འབྲུབ་ཁུང་གི་ནང་ཡོངས་སུ་མཐོ་གང་ངོ༌། །ཡང་མཐུན་དུ་བསྐོས་པ་ཁོ་ན་བྱེད་ན་ཟླུམ་པའི་ཁ་མཚམས་ནས་སོར་གཉིས་མར་གཞལ་བ་ན། ལས་ཀྱི་ཁ་ཁྱེར་ཞིང་སོར་གཉིས། དེ་བཞིན་དུ་ཁ་ཁྱེར་དང་མཆུ་ཡང་མཐུར་དུ་ཇེ་དམའ་ཇེ་དམའ་འབྲུས། མཆུའི་ནང་འབྲུབ་ཁུང་དངོས་རྒྱར་ཁྲུ་གང༌། དཔངས་སུ་ཁྲུ་ཕྱེད་ཡིན། གང་ལྟར་ཡང་རུང་སྟེ་འབྲུབ་ཁུང་གི་ནང་དུག་དང༌། ཁྲག་དང༌། རོ་སོལ་སོགས་སྦྱོར་བས་དམར་ནག་ཏུ་བྱུག །རིམ་པར་དང་པོ་དམར་པོ་ལ་པདྨ། བར་


TNT21_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

བ་དཀར་པོ་ལ་འཁོར་ལོ། འོག་མ་སྔོ་སྐྱ་ལ་གྲི་གུག །ཟླ་གམ་གསུམ་པ་ལ་དམར་པོ། ཕྱི་སྐོར་ཟླུམ་པོ་ལ་ཐོད་འཕྲེང་དང༌། རྡོ་ར་མེ་རི་བྱེད། འབྲུབ་ཁུང་ནང་གི་གཞི་ལ་འཁོར་སྔོན་པོ་རྩིབས་བརྒྱད་ལྟེ་བ་ལ། ཧཱུཾ་ངམ་གྲི་གུག །རྩིབས་བརྒྱད་ལ་མཧཱ་ཀཱ་ལ་གུ་ཊ་ཧྲི་ད་བཀོད། གྲི་སྙིང་བཅའ་ཐབས་སྤྱི་དང་འདྲ་བ་ལས། རྩ་ལགས་གཡོན་དུ་དགྲ་ལིང་གཞུག །དབུས་མར་ལྕགས་ཕུར་ཆུང་ངུ་མཚོན་གང་བ་གཅིག་ཞུགས་པ་ལྷག་པོ་ཡིན། གྲི་སྙིང་མ་རྙེད་ན་ནག་པོ་བཞི་མཚོན་གྱིས་བསད་པའི་སྙིང་གིས་ཀྱང་རུང༌། རོ་རས་ལ་མགོན་པོའི་སྐུ་འོལ་ཙམ་བྲིས་པ་ཅིག་གིས་སྙིང་ག་དེ་ལ་དྲིལ་ནས་ཐོད་པར་བཅུག །ཟླ་གམ་མདུན་མ་ལ་བཞག །དར་ནག་གི་མདའ་དར་ལ་ཕུར་བུ་བཏགས་པ་གཡས་སུ་བཙུགས། དགྲ་བོའི་དྲི་མ་བྱུག་པའི་གཞི་ལས་ལིང་ག་སྔགས་ཀྱི་མཐའ་སྐོར་བ་གཅིག་བྲིས་ལ། དགུག་གཞུག་དྲག་ཏུ་བྱས་ལ་ཐོད་པ་མཚན་ངན་གྱི་ནང་དུ་བཅུག་འབྲུབ་ཁུང་དུ་བཞག །དེའི་སྟེང་དུ་དམ་རྫས་བསྲེས་ཤིང༌། དུག་ཁྲག་གིས་བྱུག་པའི་གཏོར་མ་མཐོ་གང་བ་ཞིག་ལྕགས་སྣོད་དུ་བཅུག་ཅིང་སྟེགས་བུ་ལ་བཞག །ཡང་ན་ཐོད་པ་མི་འགྱུར་བར་བྱས་ཏེ། ཤིང་གི་གྲབ་བྱས་པའི་སྟེང་དུ་གཏོར་མ་བཞག །ལིངྒ་ལ་གཏོར་མ་མ་རེག་ཙམ་བཞག །འབྲུབ་ཁུང་གི་ཁར་དར་ནག་རས་ནག་སོགས་ཀྱིས་བཅད་དོ། །མཐའ་དྲག་པོའི་མཆོད་པས་རྒྱ་ཆེར་བསྐོར། རྩ་གཏོར་རང་གི་སྔས་མགོར་བཞག །འཛིན་གཏོར་དཀྱིལ་འཁོར་གྱི་མདུན་དུ་འཇོག །འཕྲལ་གཏོར་ཅི་བདེ་བ་ཤིན་ཏུ་བཞག་ནས་ཕུལ་ཟིན་པ་ན་སྤྱི་བཏབ་དང་བཅས་ཏེ། རང་ཉལ་སའི་སྟེང་ཐོག་ཏུ་འབུལ་བ་ཡིན། ཉམས་ལེན་ཆོ་གའི་རིམ་པ་ནི་རྩ་བའི་


TNT21_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་དང་འདྲ། དམིགས་པ་ནི་བཟླས་པའི་སྐབས་སུ། དྲག་པོ་སྔགས་ཀྱི་འོད་ཟེར་གནམ་ལྕགས་མཚོན་ཆའི་ཐོག་སེར། དུག་ནད་མེ་གསུམ་དགྲ་བོའི་ཡུལ་ཁམས་སུ་འདེབས་པ་དང༌། གཏོར་མའི་སྐབས་སུ། དགྲ་བགེགས་རྣམས་གཏོར་མ་ལ་ཐིམ་པ་ཡང་ཡང་བསྒོམ། ཐན་གཞུག་ཏུ་འཕྲལ་གཏོང༌། དེ་མ་ཐག་བསྐུལ་བྱ་ཞིང་དགྲ་ལ་རྦད། ཤཱ་ས་ན་དྲག་ཏུ་བཟླའོ། །དེ་ལྟར་བྱས་པས་བསྙེན་པའི་གྲངས་ངེས་ཅན་བྱུང་ནས་མཆོད་གཏོར་རྒྱ་ཆེར་བཤམས། གཏའ་གཏོར་ཡང་འབུལ། འགྲུབ་ན་ལས་ཐམས་ཅད་པའི་གཏོར་མ་ཡང་གཏང་རག་ཏུ་འཕུལ། མ་གྲུབ་ཀྱང་འགལ་བ་མེད།གཉིས་པ་སྒྲུབ་པ་ནི། ལས་བསྙེན་གྱི་འཕྲོ་དེ་ཀ་མཐུད་ན་བཟང་ཞིང༌། བར་དུ་མཚམས་ཅོད་ཀྱང་མི་འགལ་མོད། ཡུན་རིང་དུ་འགྱངས་ནས་མི་རུང་ངོ༌། །དེ་ནས་ལིང་ག་བཅའ་བ་ནི། དགྲ་བོའི་ཤ་ཉེ་རུས་ཉེའི་རུས་པ་སོགས་རྙེད་ན་བཟང་སྟེ། མིར་རྙེད་པ་ཤས་ཆེ། ཚེར་མའི་ཤིང་ལ་རུས་ཤིང་བྱ། རོ་རས་སམ། གྲི་ཁྲག་གམ། ཤ་ཆེན་གྱི་ཁུ་བའམ། ཚིལ་ཆེན་བྱུག་པའི་ཤོག་བུ་ལ་སྔགས་འབྲི་དུག་སྣ་བསྲེས་པའི་སྣག་ཚས། ཨོཾ་བཛྲ་ཀྲོདྷ་མཧཱ་ཀཱ་ལ། ཆེ་གེ་མོ་གོ་རོ་ཙ་ན་ཀུ་མ་རི་ཏུ་ན་ཛ་ཛ། ཞེས་བྲིས་པ་མགོ་བོའི་ཐད་དཀར་བསྡམས། གཞན་དེ་དང་འདྲ་བ་ལ་ཆེ་གེ་མོ་ཛ་ཧ་ཀྲོ་དྷི། ཞེས་འདོན་པ་བསྒྱུར། མགྲིན་པའི་ཐད་ཀར་བསྡམས། ཁྲག་སྣ་བསྲེས་པའི་སྣག་ཚས་ཙིཏྟ་ཀྲོདྷཾ་སོགས་འདོན་པ་སྤོས་ལ་སྙིང་གའི་ཐད་ཀར་བསྡམས། ཚ་སྣ་བསྲེས་པས་ཆེ་གེ་མོ་རཀྟ་ཀྲོ་དྷི། ཞེས་སྤོས་པ་ལྟེ་བའི་ཐད་དཀར་བཅིངས། གུ་གུལ་མི་ཞི། ཐུག་པོའི་རྨང་བྲེ་རྣམས་བསྲེས་པས་ཆེ་གེ་མོ་མ་ར་ཡ་ཀྲོ་ཏི། ཞེས་པ་འདོམ་གྱི་ཐད་ཀར་བཅིངས། ཟླའི་རུ་ཤིང་ཡང་བསྡོམས་ཏེ། རྫས་སྔགས་འདོམ་གྱི་དེ་དང་འདྲ། དེ་རྣམས་སྦྱར་བའམ།


TNT21_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲི་བའམ། སྡོམ་པ་གང་བྱས་ཀྱང་འདྲ། དེ་ལ་ཚ་བ་གསུམ་དང༌། ཟག་རྫས་གྲོག་མཁར་བདུན་རྣམས་འཇིམས་པ་ལ་བསྲེས་ཏེ་རུ་ཤིང་ལ་གཡོགས། གཟུགས་བརྙན་དོད་པ་སྙིང་ཁར་བྲིས། ལིང་ག་འཇུག་པ་ཡོད་པ་བྱ། དུག་དང༌། ཀེ་ཚེ་དང༌། ལན་ཚྭ་དང༌། བཾ་གྱིས་སྙིང་ཁྲག་དང༌། སྲིན་ལག་གི་ཁྲག་རྣམས་བསྲེས་པའི་སྣག་ཚས་བྲིས་ལིང་སྤྱི་དང་མཐུན་པ་ཞིག་འབྲི། འདི་འཁོར་ལོ་མི་བྱེད་པའི་ལུགས་ཡིན་འཁོར་ལོ་བྱེད་ན་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་བཅད། རྩིབས་བརྒྱད་ལ་ཡི་གེ་བརྒྱད། དགྲ་བོ་འདི་ཞེས་པ་བྱ་བ་འདི་ན་ཡི་གེ་ན་མཱ་ར་ཡ་ཧཱུཾ་ཕཊ། རྩིབས་མཆན་བརྒྱད་ལ་ཆེ་གེ་མོ་ཁ་ཁ་སོགས། མུ་ཁྱུད་ལ་ཤ་ས་ནའི་ཨེ་དཾ་དུཥྟན་མ་ཆེ་གེ་མོ་ནི་མཱ་ར་ཡ་ཕཊ། དབུས་སུ་ལིང་ག་སྔགས་བཅས། སྔགས་ནི་སྙིང་པོ་གསུམ་ཆར་གྱིས་སྐོར། ལྕེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་མནན་པ་ཅིག་བྱ། ལིང་ག་མནན་པ་དང༌། སྤྱི་བོ་སོགས་ལ་འཁོར་ལོ་གལ་ཆེ། མེས་གདུང་བ་དང༌། ཐུན་གྱིས་བསད་པ་སོགས་ལ་ལིང་ག་རྐྱང་གིས་ཆོ་ག་གསུང་བར་འདུག །དེ་ཡང་ཉི་ལྷག་ལ་གཡེངས། བགེགས་བསྐྲད། དགུག་གཞུག །ལྷར་དབྱེ་རྣམས་བྱས། བྲང་ཐལ་གྱི་སྟབས་ཚམས་བྱས་ཏེ་ལིང་ག་ཆེ་གེ་མོའི་སྙིང་ཁར་བཅུག །སྒོ་ཡང་བཀག་འདི་དག་སྔ་མ་སྔ་མ་སྐམ་གྱིན་བྱས་དགོས་ཏེ། བཤེར་ཚབ་གྱིས་ལ་བའམ། ཡི་གེ་བསུབས་ན་ནུས་པ་མི་འབྱུང་བའི་ཕྱིར་རོ། །དེ་ནས་ལིང་ག་ལ་པྲ་ཚིལ་བྱུག །ཚེར་མ་ལ་དུག་ཁྲག་བྱུག་པ། ཤཱ་ས་ནས་བསྔགས་པས་མང་པོ་བཅུགས་དཔྲལ་བ། སྙིང་ག། ལྟེ་བ། ཡན་ལག་བཞི་རྣམས་ལ་མི་རུས་ཀྱི་ཕུར་བུ་ཆུང་ངུ་དེ་ཡང་འདེབས།


TNT21_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕྱི་རོལ་ཏུ་བསྐྱེད་ཆོག་དགུག་གཞུག །ལྷ་དབྱེ་དྲག་ཏུ་བྱ། ཐོད་པའི་སྣོད་མི་དགོས། འབྲུབ་ཁུང་གི་ནང་སྔར་གྱི་བྲིས་ལིང་གི་སྟེང་དུ་འཇོག་པ་སྟེ། གནས་བདུན་དུ་ཕུར་བུས་མ་བཏབ་ན་ཁ་བུབ་ཏུ་འཇོག་ཟེར་བ་དང༌། རྒྱབ་ནས་ཕུར་བུས་འདེབས་ཟེར་བ་སོགས་ཡོད་ཀྱང༌། ཕུར་བུ་མདུན་ནས་འདེབས་ཤིང༌། ལིང་གའང་གན་རྐྱལ་དུ་བཞག་གོ །རོ་སྐྲས་ཡན་ལག་དང་མགུལ་བ་བཅིངས་ཏེ། དེའི་སྣེ་ཕུར་བས་གཏོད་ཕུར་བྱས་ཏེ་བཞག །དེ་མ་ཐག་ཏུ་དགུག་གཞུག་དྲག་པོ་ལན་མང་པོ་དང༌། སྙིང་པོའི་མཐར་དགུག་གཞུག་གི་སྔགས་བཅུག་པ་མང་དུ་བཟླས་ཏེ། རོ་གཡམ་མམ་རོ་གོས་ནག་པོ་སོགས་ཀྱིས་ཁ་བཅད་དོ། །དེའི་སྟེང་གི་ནམ་མཁའ་ལ་བྲིས་སྐུའམ། གཏོར་མ་བཞུགས་སུ་གསོལ། ཁ་ཁྱེར་ལ་རྩང་ཉི་ཤུ་རྩ་གཅིག་ཙམ་བཀོད། མཚན་ངན་གཉིས་སུ་སྐམ་ཐུན་རློན་ཐུན་བཤམས། བསྙེན་པའི་སྐབས་བཞིན་མངོན་རྟོགས་ཀྱི་གཞུང་བསྲངས། བཟླས་པའི་སྐབས་སུ་བསྙེན་སྔགས་གཉིས་ལ་ཆེ་གེ་མོ་མཱ་ར་ཡ་སྤེལ་བ་དང༌། དེ་ལ་བསད་སྔགས་ཀྱང་བཏགས་ཏེ་བཟླ། དེ་རྗེས་ཤཱ་ས་ན་དྲག་ཏུ་བཟླ། ཐུན་གཉིས་ལའང༌། དེ་ལྟ་བུའི་སྔགས་དྲུག་ཅུའམ་བརྒྱ་ཉི་ཤུ་བཟླ། དེ་ནས་འབྲུབ་ཁུང་ཁ་ཕྱེ་ལ། དགུག་གཞུག་དང་ལྷ་དབྱེ་དྲག་ཏུ་བྱ། ཉིན་མོ་སྐམ་ཐུན་དང༌། མཚན་མོ་རློན་ཐུན་ནས་ལིང་ག་ལ་བཏེགས་ཅིང༌། ཡི་དམ་གྱི་སྔགས་ཀྱིས་མགོ་དྲངས་ཏེ་བསད་སྔགས་དང་ཤཱ་ས་ན་ལ་ནན་ཏན་བསྐྱེད། ཐུན་སྔགས་གཞན་བཏགས་ཀྱང་ཆོག །མི་བསད་པའི་གྲི་ལྕགས་ལ་བཅོས་


TNT21_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་མཚན་གྱིས་པྲ་ཚིལ་ལ་རི་མོ་དོད་ཙམ་འདེབས། བསད་བཅད་ཀྱི་དམིགས་པ་དྲག་པོ་བྱས་ཏེ། ཡང་འཁྲུབ་ཁུང་ཁ་བཅད་དེ་མནན་པར་བསམས། དམིགས་པ་ལ་མགོན་པོ་འབྲུབ་ཁུང་གི་དབུས་སུ་བཞུགས་ཁ་ཁྱེར་ལ་མཁའ་འགྲོ་སྲིན་པོ་དཔག་ཏུ་མེད་པ་གནས་པས་དགྲ་བགེགས་འགུགས་འདྲེན་བསད་ལས་བྱེད་པའོ། །ཆོ་གའི་རིམ་པ་གཞན་རྣམས་ལས་བསྙེན་གྱི་སྐབས་དང་འདྲ་བ་ལས། ཐུན་གཏོར་དགྲ་ཕྱོགས་སུ་འཕང་བ་གནད་ཡིན། དགྲ་དང་དགྲའི་བླ་བསད་པ་དང༌། ནགས་ལ་མེ་བཏང་བ་དང༌། མཁར་བསྒྱཻལ་བ་སོགས་བསྒྲུབས་པའི་རྟག་མྱུར་དུ་འོང༌།གསུམ་པ་ལ་ལས་ལ་སྦྱོར་བ་ནི། ཞག་ཤས་ཤིག་དང་འདྲ་བ་ལས། ཐུན་རེ་བཞིན་ལིང་ག་གསར་པ་དེ་བསྒྲལ་གྱིན་ཞལ་དུ་བཏབ། དེ་ནས་རྩ་བའི་ལིང་ག་ཡང་བསྒྲལ། འབྲུབ་ཁུང་དེ་ཉིད་དུ་བུད་ཤིང་བརྩིགས་ཏེ་སྦྱིན་སྲེག་གི་ཆོ་གས་ཕུལ། དེའི་ཐལ་བ་ཆ་གསུམ་དུ་བྱས། ཆ་གཅིག་དྲག་སྔགས་བཟླ་བཞིན་དུ་རླུང་སོ་ལངས་པའི་དུས་སུ་རླུང་ལ་ཕྱར། ཆ་གཅིག་ཆུ་འཁོར་རམ་མཚོ་གཉན་པོ་ལ་བླུགས། ཆ་གཅིག་ས་དང་བསྲེས་ལིང་ག་བྱས་སྙིང་གར་འཁོར་ལོ་བཅུགདགུག་གཞུག་དྲག་པོ་བྱས་མཆོད་རྟེན་གྱི་འོག་ཏུ་མནན། འདི་ལ་འབྱུང་བ་བཞིའི་ལས་ཚང་སྟེ་ལུགས་གཅིག་ཡིན། ཡང་ན་སྦྱིན་སྲེག་མི་བྱེད་པར་མནན་པ་བྱེད་ན་སྔར་གྱི་ལིང་ག་དེ་ཐོད་ངན་ཁ་སྦྱོར་གྱི་ནང་དུ་བཅུག །ཆུ་མི་འཆོར་བར་བྱ་སྟེ་ས་བདག་གླུ་གཉན་གྱི་གནས་སམ། འདྲེ་དྲག་པོ་གནས་སུ་མནན་ཅིང་གཏད་དོ། །དེ་ནས་ཀྱང་བསྐུལ་བ་ནི་སྐབས་དེར་ཡང་གོང་དུ་གཏད་པ་བཞིན་དུ་ཟོར་འཕེན། ལས་དངོས་མ་


TNT21_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱི་བར་དུ་ཡང་ཡང་བསྐུལ་བཞིན་ཟོར་འཕེན་པར་བྱའོ། །ཡང་ན་སྔར་ལིང་ག་འཁོར་ལོ་ཡོད་མེད་གཉིས་བྱས། འཁོར་ལོ་ཡོད་པ་མནན། མེད་པ་བསྲེགས། ཟོར་འཕེན་པ་རྣམས་བྱས་པས། མནན་བསྲེག་འཕང་གསུམ་གར་ཚང་བ་ཡིན། རབ་ཟླ་བ་གསུམ། འབྲིང་ཟླ་བ་དྲུག །ཐ་མས་ཀྱང་ཟླ་བ་དགུ་ལ་འཆུག་པ་མེད་གསུང༌། མགོན་པོ་ནག་པོའི་བསྙེན་སྒྲུབ་ལས་སྦྱོར་གྱི་རྐང་ནི་དེ་དག་ཡིན་ནོ། །གཞན་ཡང་སྤོགས་ཆོག་ནི་ཆེ་བ་གསུམ། ཚྭ་སྣ་ཚོགས། མེ་ཏོག་དྲི་མི་ཞིམ་པ། ཁྲག་རྣམས་བསྲེས་པའི་སྣ་ཚས་མགོན་པོའི་སྔགས་དང་སྐུ་འོལ་སྤྱི་ཙམ་བྲིས། དུར་ཁྲོད་སོལ་བ། གྲི་ཁྲག །ཤ་ཆེན་ཚིལ་ཆེན་ཅུང་ཟད་བསྲེས་པའི་བག་ཟན་ནམ། འབྲུ་ནག་རྗེན་བཏགས་ལ་སྐུ་འོལ་སྤྱི་ཙམ་བྱས། བྲིས་སྐུ་དང༌། ཡི་དམ་གྱི་མགོ་མནན་པའི་སྔགས་ཀྱི་ཤོག་རིལ་གཉིས་ཁུང་དུ་བཅུག །འབྲུབ་ཁུང་དུ་བཅུགགུ་གུལ་བདུག །ནང་གཞུག་བཅུག་པའི་བུ་ཁར་རྡོ་རྗེ་གཏད་དེ། བསྙེན་སྔགས་མགོ་ཞབས་སློག་པས་གཟིར། དེས་ཀྱང་བསད་རྟགས་མ་བྱུང་ན། བསད་སྔགས་མགོ་ཞབས་བཟློག་པས་གཟིར། བསང་རྟགས་བྱུང་ན་བུ་ཁར་སྤོས་བླུག །སྤྲ་ཚུལ་གྱི་ཁ་བཅད། ཁྲུས་གསོལ། མཆོད་གཏོར་བསྐང་བཤགས་རྒྱས་པ་གལ་ཆེའོ། །འདི་གོ་བབ་ཙམ་ཡིན་ལག་ལེན་དུ་མི་འདེབས། སྦར་བུའི་ལས་ཚོགས་ནི་ཐོད་པ་ལ་གོང་དུ་བཤད་པའི་འཁོར་ལོ་བྲི། ལྟེ་བར་ལིང་གཟུགས་མི་དགོས། འཁོར་ལོ་བསྡུས་པ་ལ་དབུས་སུ་མིང་རུས་


TNT21_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་ལ་བསད་པ། མུ་ཁྱུད་ལ་བསྙེན་སྔགས་ཤམ་བུ་ཅན་ཟེར་བ་ཡོད། དེའི་ནང་དུ་ཚ་བ་གསུམ། དུག་སྣ། ཚྭ་སྣ། ཚོགས་ཚད། དགྲ་དུ་ཡོད་ཀྱི་མིང་རུས་ཅན་ལིང་ག་སྔགས་ཅན་བྲི་བཅུག །ཐོད་པ་ཁ་སྦྱོར་ཡོད་ན་བཟང༌། དེ་འབྲུབ་ཁུང་དུ་བཅུག་ལ་མགོན་པོ་འཁོར་བཅས་ཐོད་པའི་སྟེང་དུ་བཞུགས་པར་བསམ། ཆོ་ག་སྔར་དང་འདྲ་བ་ལས། བཟླས་པའི་སྔོན་དུ་དགུག་གཞུག་བྱ། ཐོད་པའི་སྟེང་དུ་མགོན་པོ་བཞུགས་པར་བསམ། སྔགས་ཀྱི་བཤམ་དུ་དགྲ་བོ་ཆེ་གེ་མོ་ནོར་དང་བཅས་པ་ཨུ་ཙི་ཊ་ཡ་ཤི་ར་སྟཾ་བྷ་ཡ་ནན། ཞེས་བཟླ་ཞིང༌། ཉིན་མོ་ཡང་ཉུང་ཐུན་དང༌། མཚན་མོ་དུག་ཐུན་འདེབས། ལྟས་བྱུང་ན་ཁང་སེལ་དུ་བྱེད་ན་ཁང་པའི་རྨང་ངམ་གྲིབ་མ་ཕོག་སར་མནན། རིགས་རྒྱུད་བརླག་པར་བྱེད་ན་སོ་ཏོག་སོལ་བ་བླ་མ་རྣམས་ལ་སྔགས་ཁྲི་བཟླས། དེ་དང་ཐལ་བས་ཐོད་པ་ཁ་སྦྱོར་གྱི་བར་མཚམས་བཀང་སྟེ། དུར་ཁྲོད་ཆེན་པོའམ། གཞི་བདག་གཉན་པོ་གནས་སར་གཏད་པར་བྱའོ། །གལ་ཏེ་ཐོད་པ་བམ་རིལ་ལ་སྒྲུབ་པ་ཡིན་ན་ཐོད་པའི་ནང་དུ་རྫས་དང་འཁོར་ལོ་ལིང་ག་རྣམས་བཅུག་ལ། སྔར་བཞིན་བསྒྲུབས་ནས་ཐོད་པའི་གདོང་དགྲ་ཕྱོགས་ལ་བསྟན་ཏེ་སྦའོ། །གཞན་ཡང་མེ་ལ་དུ་བ་དང༌། མཛེས་འཛིན་པ་དང༌། སེར་བ་དབབ་པ། གདོན་གྱི་ལས་ཏེ། དེ་རྣམས་ཀྱི། རྣམ་བཞག་གཞུང་ནས་གསལ་ལོ། །ཞེས་པ་རྗེ་བཙུན་རྭ་ལོའི་མན་ངག །མགོན་པོ་མཧཱ་ཀཱ་ལའི་སྒྲུབ་ཐབས་འདི་ཡང་ཡི་གེ་རྙིང་པའི་གསལ་བྱེད་དུ་གབ་འཁྲུག་མེད་ཅིང་གོ་བདེ་བ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་


TNT21_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའོ།། །། མངྒ་ལཾ།། གཅིག་ཞུས།། ཤུབྷཾ།། དགེའོ།། འདི་བྲིས་དགེ་བས་སྐྱེ་བ་ཀུན་ཏུ་ངེས་དོན་བསྟན་པའི་མི་མཐུན་ཕྱོགས་ཐམས་ཅད་མངོན་སྤྱོད་དྲག་པོས་བསྒྲལ་ནུས་པར་གྱུར་ཅིག །བྱ་བ་གང་བརྩམ་ཆོས་དང་མཐུན་ནས་ཀྱང༌། །སྡིག་ལས་གང་གིས་ཉམས་པ་མེད་བཞིན་དུ། །རྣམ་དཀར་དྲི་མ་མེད་པའི་ལེགས་ལམ་ལ། །སྐྱེ་འདིར་དགེ་རྩ་འབད་ཚད་དེར་འགྱུར་ཤོག།


previousརྭ་ལུགས་མགོན་ནག་གི་ལས་ཚོགས་ཆེས་ཟབ་པ་ལག་ལེན་མ།next