Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
བསྟོད་པའི་ཚོགས་རིན་ཆེན་གསེར་གྱི་མཆོད་སྡོང་།
   
   
   
   
   


 
previousབསྟོད་པའི་ཚོགས་རིན་ཆེན་གསེར་གྱི་མཆོད་སྡོང་།next

བསྟོད་པའི་ཚོགས་རིན་ཆེན་གསེར་གྱི་མཆོད་སྡོང་།


TR002_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པའི་ཚོགས་རིན་ཆེན་གསེར་གྱི་མཆོད་སྡོང་ཞེས་བྱ་བ་བཞུགས་སོ།


TR002_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤཱཀྱ་མུ་ན་ཡེ། གསེར་མདོག་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །འཇིག་རྟེན་གསུམ་ན་འགྲན་ཟླ་ཀུན་བྲལ་ཞིང་། །ལྷ་བཅས་འགྲོ་བའི་གཙུག་བརྒྱན་མཆོག་གྱུར་པ། །ཐུབ་དབང་ཞབས་ཀྱི་པདྨོར་གུས་ཕྱག་འཚལ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རབ་བཅོམ་ཞིང་། །སྐྱོན་བྲལ་མཚན་དང་དཔེ་བྱད་ལྡན་པའི་སྐུ། །སྐྱེ་མེད་ཆོས་སྐུར་མྱ་ངན་ལས་འདས་པ། །བསྟན་པའི་མངའ་བདག་བཅོམ་ལྡན་འདས་ལ་འདུད། ཁྱེད་ཉིད་སྔོན་ཚེ་རྫ་མཁན་བུར་གྱུར་ཚེ། །བདེ་གཤེགས་ཤཱཀ་ཐུབ་ཆེན་པོ་དེ་ཉིད་ལ། །གུས་


TR002_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཀྱིས་རྫ་ཕོར་ཅིག་ཕུལ་ནས། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་མཛད་དེར་འདུད། །གང་ཚེ་ཁྱེད་ནི་དགའ་ལྡན་ཞིང་ཁམས་ནས། །གླང་ཆེན་ཐལ་དཀར་མཆོག་ཏུ་སྐུ་སྤྲུལ་པ། །སེར་སྐྱའི་གྲོང་དུ་ཟས་གཙང་སྲས་ཉིད་དུ། །འགྲོ་བའི་མགོན་ཉིད་ལྷུམས་སུ་ཞུགས་དེར་འདུས། །ཟླ་བཅུ་ལོན་ཚེ་བཙུན་མོ་སྒྱུ་འཕྲུལ་མ། །ལྷོ་ཕྱོགས་ལུམྦྷིའི་ཚལ་བྱོན་བཞུགས་པའི་ཚེ། །རྩིབས་ལོགས་གཡས་ནས་ཡུམ་ལ་གནོད་མེད་པར། །ལྟད་བཟང་བཅས་ཏེ་བལྟམས་པར་མཛད་དེར་འདུད། །བལྟམས་མ་ཐག་ཏུ་ཕྱོགས་བཞིར་


TR002_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པ་ལས། །ཞབས་ཀྱི་རྗེས་ལ་པདྨའི་སྡོང་པོ་འཁྲུངས། །ལྷ་དབང་ཀླུ་རྒྱལ་སོགས་ཀྱི་ཕྱག་བྱས་ཤིང་། །འགྲོ་བའི་གཙུག་གི་རྒྱན་གྱུར་ཁྱེད་ལ་འདུད། །དེ་ནས་རིག་གནས་སློབ་པའི་གྲྭར་བྱོན་ནས། །ཀུན་གྱི་བཤེས་གཉེན་ཞེས་བྱའི་སློབ་དཔོན་ལ། །ཡིག་བརྩིས་རིག་གནས་འཕོང་དང་སྒྱུ་རྩལ་ཀུན། །ཐོག་མེད་གཞན་ནས་ལྷག་པར་མཁྱེན་དེར་འདུད། །གྲགས་འཛིན་མ་དང་ས་མཚོ་རི་དྭགས་སྐྱེས། །བཙུན་མོ་དྲུག་ཁྲིའི་ཚོགས་དང་རོལ་མཛད་ཅིང་། །སླར་ཡང་ཐམས་ཅད་སྙིང་པོ་མེད་དགོངས་ནས། །རྒྱལ་སྲིད་ལོངས་སྤྱོད་སྤང་བར་མཛད་ལ་འདུད། །རབ་ཏུ་བྱུང་དགོངས་ཕོ་བྲང་ཡང་ཐོག་ནས། །རྒྱལ་ཆེན་བཞི་སོགས་ལྷ་ཡིས་མཆོད་པས་བསུས། །རྣམ་དག་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཡང་། །ཉིད་ཀྱི་བཅད་ཅིང་རབ་ཏུ་བྱུང་ལ་འདུད། །ནཻ་རཉྫ་རའི་འགྲམ་དུ་གཤེགས་པའི་ཚེ། །ལོ་དྲུག་བར་དུ་ཁམས་ཀྱི་ཟས་སྤངས་ཏེ། །སྟན་ཐོག་གཅིག་ཏུ་གཡོ་མགུལ་ཙམ་མེད་པར། །


TR002_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་ངང་དུ་གཡོ་མེད་བཞུགས་དེར་འདུད། །སངས་རྒྱས་ཀུན་གྱི་བྱང་ཆུབ་རབ་བསྐུལ་ཞིང་། །རྩྭ་ཡི་ཆུན་བུ་སྟན་དུ་བསྣམས་ནས་ཀྱང་། །མ་ག་རྡ་ཡི་རྡོ་རྗེའི་གདན་སྟེང་དུ། །བྱང་ཆུབ་སྙིང་པོར་གཤེགས་པར་མཛད་ལ་འདུད། །འོད་ཟེར་སྤྲོས་པས་བདུད་ཀྱི་གནས་ཀྲོག་ཅིང་། །བདུད་དང་བརྩོད་དེ་ས་ལྷས་དཔངས་མཛད་དེ། །བདུད་དམག་རྣམས་ཀྱི་གཡོ་བར་མ་ནུས་པའི། །བདུད་ལས་རྒྱལ་བའི་མགོན་པོ་དེ་ལ་འདུད། །ཐོ་རང་དུས་སུ་མངོན་པར་སངས་རྒྱས་ཏེ། །མེ་ཏོག་ཆར་བབས་ས་ཆེན་རབ་ཏུ་གཡོས། །ལྷ་མི་ཀུན་གྱི་ངོ་མཚར་མཆོག་གྱུར་པ། །འགྲོ་བའི་བླ་མ་བཅོམ་ལྡན་འདས་ལ་འདུད། །ཚངས་པས་བསྐུལ་ཞིང་ཝ་ར་་སེ་རུ། །འཁོར་ལོ་དང་པོ་བདེན་བཞིའི་ཆོས་གསུངས་ཚེ། །ལྔ་སྡེ་བཟང་པོ་ལྷ་བྲན་བརྒྱད་ཁྲི་ཀུན། །བདེན་པ་མཐོང་བར་མཛད་ལ་ཕྱག་འཚལ་འདུད། །བྱ་རྒོད་


TR002_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་རིར་ཆོས་འཁོར་བར་པའི་ཚེ། །སྐུ་ལས་འོད་ཟེར་གྲངས་མེད་ཕྱོགས་བཅུར་འཕྲོས། །ངན་སོང་གསུམ་གྱི་སྡུག་བསྔལ་ཞི་མཛད་ཅིང་། །ཐམས་ཅད་དེ་ལ་འཁོད་པར་མཛད་དེར་འདུད། །ལྷ་གནས་ཀླུ་གནས་གྲོང་ཁྱེར་པདྨ་ཅན། །ཆོས་འཁོར་མཐའ་མ་ངེས་དོན་སྙིང་པོ་གསུངས། །སྐུ་ལས་འོད་སྤྲོས་འོད་རྩེར་པད་སྡོང་ལ། །སངས་རྒྱས་སྐུ་བཞུགས་རྫུ་འཕྲུལ་བསྟན་ལ་འདུད། །ནམ་ཞིག་འདུས་བྱས་མི་རྟག་བརྡའ་བསྟན་ཕྱིར། །དགུང་ལོ་བརྒྱད་བཅུར་གྲོང་ཁྱེར་རྩྭ་མཆོག་ཏུ། །མེ་ཏོག་ཆར་བབས་ས་ཆེན་གཡོས་གྱུར་ཅིང་། །ཡོངས་སུ་མྱ་ངན་འདས་ལ་ཕྱག་འཚལ་འདུད། །སྐུ་གདུང་རིང་བསྲེལ་ཆ་བརྒྱད་རབ་ཏུ་བགོས། །ཡུལ་ཕྱོགས་བརྒྱད་ཀྱི་རྒྱལ་པོས་སོ་སོར་འཁྱེར། །དད་པའི་རྟེན་དུ་ས་སྟེང་ཀུན་ཏུ་ཁྱབ། །ཚོགས་གཉིས་ཞིང་དུ་གྱུར་ལ་ཕྱག་འཚལ་འདུད། །དེ་ལྟར་ཁྱེད་ཀྱི་ཡོན་ཏན་རྒྱ་མཚོ་ལས། །ཅུང་ཟད་ཙམ་ཞིག་བདག་གི་བསྟོད་པའི་མཐུས། །འགྲོ་ཀུན་


TR002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་འདམ་ལས་ཐར་ནས་ཀྱང་། །ཕྱིར་མི་ལྡོག་པ་བདེ་ཆེན་ས་ཐོབ་ཤོག །གཞན་ཡང་དགེ་དེས་དུས་རྣམས་ཐམས་ཅད་དུ། །ནགས་ཕྱོགས་བདུད་ཀྱི་ཕྱོགས་རྣམས་ཕམ་བྱས་ཤིང་། །འགྲོ་མགོན་ཁྱེད་ཀྱི་བསྟན་པ་འདི་ཉིད་ནི། །ནུབ་པ་མེད་པར་གོང་ནས་གོང་འཕེལ་ཤོག །འཇིག་རྟེན་ཁམས་འདིར་འཁྲུག་རྩོད་མུ་གེ་དང་། །རིམས་ནད་ལ་སོགས་མི་མཐུན་ཀུན་ཞི་ནས། །འགྲོ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །མཐར་ཐུག་མངོན་པར་རྫོགས་པར་སངས་རྒྱས་ཤོག། ༈ །།འཇམ་དཔལ་དབྱངས་ལ་བསྟོད་པ་ནོར་བུའི་དྲ་བ་ཞེས་བྱ་བ། །ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁྱེན་རབ་ཤེས་བྱའི་མཁའ་ཀློང་ཡངས་པ་ལས། །མཁྱེན་བརྩེ་ནུས་པའི་རྟ་བདུན་འོད་ཟེར་གྱིས། །འགྲོ་བློའི་མ་རིག་མུན་པ་སེལ་མཛད་པ། །འགྲོ་བའི་སྐྱབས་གཅིག་འཇམ་དཔལ་དབྱངས་ལ་འདུད། །པད་ཟླའི་སྟེང་ན་ཆུ་ཤེལ་ལྟར་དཀར་ཞིང་།


TR002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་བརྒྱན་མགུལ་མཁན་ཕྱག་གདུབ་ཞབས་གདུབ་དང་། །སེ་མོ་དོ་དང་རིན་ཆེན་དོ་ཤལ་སོགས། །སྣ་ཚོགས་བརྒྱན་གྱི་མཛེས་པར་སྤྲད་ལ་འདུད། །འོད་ཟེར་འབུམ་ཕྲག་ཕྱོགས་བཅུར་རབ་འཕྲོས་པས། །འགྲོ་ཀུན་ངན་འགྲོའི་འཇིགས་ལས་སྐྱབས་མཛད་ཅིང་། །བདེ་ཆེན་ཐར་པའི་གླིང་དུ་འདྲེན་པ་ཡི། །རྣམ་གྲོལ་ལམ་སྟོན་འཇམ་དཔལ་དབྱངས་ལ་འདུད། །མཚན་དཔེའི་རབ་བརྒྱན་སྟོན་ཟླ་ལྟར་མཛེས་ཤིང་། །ཡན་ལག་དྲུག་ཅུའི་ཆོས་སྒྲ་ལེགས་སྒྲོགས་མཛད། །མཁྱེན་བརྩེ་ཡེ་ཤེས་མཆོག་གི་ཐུགས་མངའ་བ། །འགྲན་ཟླ་ཀུན་བྲལ་འཇམ་དཔལ་དབྱངས་ལ་འདུད། །ནམ་མཁའི་འཇའམ་ཆུ་ཟླ་ཇི་བཞིན་དུ། །བག་ཆགས་མཚན་མའི་ངོས་བཟུང་དང་བྲལ་ཞིང་། །སྣང་སྟོང་སྐྱེ་མེད་དབྱིངས་ལས་སྐུར་སྤྲུལ་པ། །སྒྱུ་འཕྲུལ་གར་མཁན་འཇམ་དཔལ་དབྱངས་ལ་འདུད། །སྣ་ཚོགས་འཇའ་འོད་སྤྲིན་ཕུང་འཁྲིག་པའི་དབུས། །འོད་ལྔའི་ལྷ་མོ་མཛེས་པའི་གར་སྟབས་ཅན། །སྤོས་


TR002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དང་མེ་ཏོག་རོལ་མོའི་བྱེ་བྲག་གིས། །ཀུན་ནས་མཆོད་པ་དེ་ལ་ཕྱག་འཚལ་འདུད། །མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །བདག་བློའི་གཏི་མུག་ཐིབ་པོ་ཀུན་བསལ་ནས། །རབ་བཟང་བློ་ཡི་པདྨོ་རྒྱས་གྱུར་ཅིང་། །མཁྱེན་རབ་ཆུ་གཏེར་ཆེ་ལ་མངའ་བརྙེས་ཤོག །བརྩེ་ལྡན་ཁྱེད་ཀྱི་ཐུགས་རྗེ་ཡིས། །བདག་སོགས་འགྲོ་ཀུན་རྗེས་བཟུང་སྟེ། །སྡུག་བསྔལ་འདི་ལས་ཐར་ནས་ཀྱང་། ཁྱེད་དང་དབྱེར་མེད་འགྱུར་བར་ཤོག། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡ། །གང་གི་ཐུགས་རྗེ་པད་དཀར་དྲི་མེད་ལས། །དངོས་གྲུབ་མཛད་མེད་སྦྲང་རྩིའི་བཅུད་ཆེན་གྱིས། །རྐང་དྲུག་དད་ལྡན་གདུལ་བྱ་ཚིམ་མཛད་པ། །འགྲོ་བའི་སྐྱབས་གཅིག་སྤྱན་རས་གཟིགས་ལ་འདུད། །བཅོམ་ལྡན་ཚེ་དཔག་མེད་དང་རྡོ་རྗེ་འཆང་། །སྣང་མཐའ་རིགས་ལྔ་ཀུན་བཟང་ཤཱཀྱ་ཐུབ། །སངས་རྒྱས་སྟོང་སོགས་དུས་གསུམ་རྒྱལ་ཀུན་གྱི། །ཐུགས་རྗེ་གཅིག་བསྡུས་སྤྱན་རས་གཟིགས་


TR002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདུད། །འགྲོ་དྲུག་ཀུན་དང་ཁྱད་པར་བོད་ཁམས་འདི། །ཉིད་ཀྱིས་གདུལ་བྱའི་ཞིང་དུ་གྱུར་གཟིགས་ནས། །དུས་རྣམས་རྟག་ཏུ་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ཡོངས་སུ་བཟུང་མཛད་སྤྱན་རས་གཟིགས་ལ་འདུད། །མེ་ཡི་འོབ་དང་ཁྲི་མུན་ཆུད་འདྲ་བའི། །སྡུག་བསྔལ་འདམ་དུ་མནར་བའི་འགྲོ་བ་ཀུན། ཁྱེད་ཀྱི་ཐུགས་རྗེ་བརྩེ་བས་མ་སྐྱབས་ན། །མགོན་མེད་ཉམས་ཐག་སེམས་ཅན་སུ་ལ་རེ། །ཐུགས་རྗེ་ཆེན་པོས་བདག་སོགས་རྗེས་བཟུང་ནས། །རི་དྭགས་རྒྱར་ཆུད་ལྟ་བུའི་འགྲོ་བ་ཀུན། །མྱུར་བ་ཉིད་དུ་ཁྱེད་ཀྱི་ཞབས་དྲུང་དུ། །སྐྱེས་ནས་ཆོས་ཀྱི་བདུད་རྩི་འཐུང་བར་ཤོག །དེ་ལྟར་སྐྱེ་དང་ཚེ་རབས་ཐམས་ཅད་དུ། མགོན་དང་དཔུང་གཉེན་བླ་མར་ཁྱེད་གྱུར་ཅིང་། །བདག་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ནས། །མྱུར་དུ་གཞན་དོན་བྱེད་ལ་མངའ་བརྙེས་ཤོག། ༈ །།སྒྲོལ་མ་ལ་བསྟོད་པ་ལྷའི་རྔ་སྒྲ་ཞེས་བྱ་བ། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་


TR002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡུམ་གྱུར་བཅོམ་ལྡན་ཐུགས་རྗེ་ཅན། །འགྲོ་བ་རྣམས་ལ་མ་ལྟར་བརྩེ་བའི་ཐུགས་མངའ་ཞིང་། །དུས་རྣམས་ཀུན་ཏུ་སེམས་ཅན་དོན་ལ་རབ་བརྩོན་མཛད། །ཐུགས་རྗེའི་བདག་ཉིད་རྗེ་བཙུན་སྒྲོལ་མའི་ཞབས་ལ་འདུད། །པད་ཟླའི་སྟེང་ན་ཏཾ་ཡིག་དག་ལས་སྐུར་སྤྲུལ་པ། །སྐུ་མདོག་སྔོ་ལྗང་བཅུ་དྲུག་ན་ཚོད་དང་ལྡན་ཞིང་། །དར་གྱི་ན་བཟའ་རིན་ཆེན་འཕྲེང་བ་དོ་ཤལ་སོགས། །སྣ་ཚོགས་བརྒྱན་གྱིས་མཛེས་པར་སྤྲས་པ་དེ་ལ་འདུད། །གང་ན་སུ་ཞིག་ཁྱེད་ཀྱི་མཚན་ཙམ་ཐོས་པས་ཀྱང་། །དེ་དག་འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ། །མི་མཐུན་གནོད་པས་ཕྱོགས་རྣམས་ཀུན་ལས་ཐར་མཛད་པ། །སྐྱབས་ཀྱི་མཆོག་གྱུར་རྗེ་བཙུན་སྒྲོལ་མའི་ཞབས་ལ་འདུད། །དེང་འདིར་ཁྱེད་ལ་ཅུང་ཟད་བསྟོད་པའི་བསོད་ནམས་དེས། །ཚེ་རབས་ཀུན་ཏུ་འཕགས་མ་ཁྱེད་ཀྱིས་རྗེས་བཟུང་སྟེ། །སྲིད་དང་ངན་འགྲོའི་འཇིགས་པ་ཀུན་


TR002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར་ནས་ཀྱང་། །རྫོགས་པའི་བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་ཤོག། ༈ །།ན་མོ་གུ་རུ་བྷྱཿ། སྟོབས་བཅུའི་སྟོབས་ཀྱིས་བདུད་རྣམས་རབ་བཅོམ་ཞིང་། །བྱམས་ལྡན་བྱམས་པའི་ཐུགས་ཀྱིས་འགྲོ་རྣམས་ལ། །བརྩེ་ལྡན་བརྩེ་བས་རྗེས་སུ་བཟུང་མཛད་པ། །ཐུགས་རྗེ་ཐུགས་མངའ་དེ་ལ་གུས་པས་འདུད། །གང་ཚེ་འདྲེན་མཆོག་བླ་མ་ཁྱེད་ཉིད་ནི། །གང་དག་སེམས་ཅན་རྣམས་ཀྱི་དོན་སླད་དུ། །གང་ལ་གང་འདུལ་གཟུགས་སུ་སྤྲུལ་ནས་ཀྱང་། །གང་འདིར་འགྲོ་དོན་གཡེལ་མེད་མཛད་ལ་འདུད། །སྒྲིབ་གཉིས་བག་ཆགས་ཐམས་ཅད་རབ་སྦྱངས་ཤིང་། །སྒྲིབ་ཚོགས་མ་ལུས་རང་སར་དག་མཛད་པ། །སྒྲིབ་སོགས་སྐྱོན་གྱི་མ་གོས་ཆོས་ཀྱི་རྗེ། །སྒྲིབ་པ་ཀུན་བྲལ་བླ་མའི་ཞབས་ལ་འདུད། །མཁྱེན་བརྩེ་ནུས་པ་མ་ལུས་ཕུལ་ཕྱིན་ཞིང་། །མཁྱེན་རབ་ཤེས་བྱའི་དོན་ལ་མངའ་བརྙེས་པའི། །མཁྱེན་ལྡན་འགྲོ་བའི་དོན་མཛད་ཆོས་ཀྱི་རྗེ།


TR002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་མངའ་བདག་བླ་མའི་ཞབས་ལ་འདུད། །ལེགས་སྐུ་བསོད་ནམས་བརྒྱ་ལས་གྲུབ་པའི་སྐུ། །ལེགས་བཤད་རྒྱ་མཚོ་སྙན་པར་སྒྲོག་པའི་གསུངས། །ལེགས་པར་རྟག་ཀྱང་སྐྱོན་དང་བྲལ་བའི་ཐུགས། །ལེགས་པའི་ལམ་སྟོན་བླ་མའི་ཞབས་ལ་འདུད། ཁྱེད་ནི་འགྲོ་བའི་སྐྱབས་གནས་དམ་པ་དེ། ཁྱེད་ཀྱི་མཚན་ཐོས་མཐོང་དང་རེག་པས་ཀྱང་། ཁྱེད་ཉིད་ལྟ་བུའི་འགྲོ་དོན་ནུས་པ་དང་། ཁྱེད་བཞིན་ཆོས་ཀྱི་མཚན་ཉིད་རབ་རྟོགས་ཤོག །སྡུག་བསྔལ་གྱིས་གཟིར་འཁོར་བའི་སེམས་ཅན་ཀུན། །སྡུག་བསྔལ་འདམ་ཆུད་སླར་ཡང་ཆགས་པ་ལ། །སྡུག་བསྔལ་ཀུན་ལས་སྐྱབས་མཛད་ཁྱོད་ཀྱིས་ནི། །སྡུག་བསྔལ་འདི་ལས་མཐར་བར་མཛད་དུ་གསོལ། །ས་དང་ལམ་རྣམས་རིམ་གྱིས་བསྒྲོད་པ་དང་། །ས་ལམ་བར་ཆོད་འགལ་རྐྱེན་ཀུན་ཞི་ནས། །ས་བཅུའི་བྱང་སེམས་ཀུན་དང་དགོངས་པ་མཉམ། །ས་གསུམ་སྐྱེ་དགུའི་འདྲེན་པར་བདག་གྱུར་ཅིག །རྣམ་གསུམ་ཚུལ་ཁྲིམས་


TR002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆ་རབ་བགོས་ཏེ། །རྣམ་མང་འགྲོ་བློའི་སྐལ་བ་དང་མཚམ་པར། །རྣམ་དག་ཆོས་ཀྱི་བདུད་རྩིས་སྨིན་བྱས་ཤིང་། །རྣམ་མཁྱེན་ས་ལ་རང་གཞན་ཀུན་སྒྲོད་ཤོག །དེ་ལྟར་འདི་དག་རྣམས་ནི་རང་ལོ་བཅུ་ནས་བཅུ་དགུའི་བར་སྐབས་རྣམས་སུ་བརྩམས་པའི་སྡེ་མཚན་ཡིན་ཚེ། སྤྱིར་བདག་འདྲ་ཐོས་བསམ་གྱི་ནོར་གྱིས་དབེན་ཅིང་། ཁྱད་པར་ན་གཞོན་བྱིས་པའི་རྩོམ་པར་སོང་བའི་དབང་གིས་ཟློས་དང་འགལ་རྨོངས་པའི་ཆ་ཅི་མཆིས་ཐམས་ཅད་མཁྱེན་པའི་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ་ཞེས། རང་ཉིད་སྙིང་ཐག་པ་ནས་གསོལ་བ་འདེབས་པ་ལགས། མངྒ་ལམ། ༡ ཞུས།


previousབསྟོད་པའི་ཚོགས་རིན་ཆེན་གསེར་གྱི་མཆོད་སྡོང་།next