Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
   
བདག་དོན་གཞན་དོན་གང་ལའང་སྦྱོར་རུང་བའི་བླ་མའི་རྣལ་འབྱོར་བྱིན་རླབས་འབྱུང་གནས།
   
   
   
   


 
previousབདག་དོན་གཞན་དོན་གང་ལའང་སྦྱོར་རུང་བའི་བླ་མའི་རྣལ་འབྱོར་བྱིན་རླབས་འབྱུང་གནས།next

བདག་དོན་གཞན་དོན་གང་ལའང་སྦྱོར་རུང་བའི་བླ་མའི་རྣལ་འབྱོར་བྱིན་རླབས་འབྱུང་གནས།


TR002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དོན་གཞན་དོན་གང་ལའང་སྦྱོར་རུང་བའི་བླ་མའི་རྣལ་འབྱོར་བྱིན་རླབས་འབྱུང་གནས་བཞུགས་སོ།


TR002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞི་དབྱེར་མེད་ངོ་བོ་ཉིད་ཀྱི་གོ་འཕངས་ལ་དགོས་པར་བྱ། དེའི་ཆེད་དུ་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་རིམ་པ་ལེགས་པར་གསན་ཏེ་ཐུགས་ཉམས་སུ་བཞེད་སྙམ་པའི་ངང་ནས་མ་ཡེངས་པར་གསན་འཚལ། དེ་ལ་སྤྱིར་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ཞིང་། མཐོ་རིས་དང་ཐར་པའི་ལམ་བཟང་སྟོན་པར་བྱེད་པ་ནི་བླ་མ་དམ་པ་ཉིད་ཡིན་ཞིང་། གནས་སྐབས་དང་མཐར་ཐུག་ཐམས་ཅད་ཀྱི་དགོས་འདོད་མ་ལུས་འབྱུང་བའི་ནོར་བུ། དགེ་ལེགས་ལམ་དུ་འཁྲིད་པའི་དེད་དཔོན། ཉོན་མོངས་ནད་རྣམས་འཇོམས་པའི་སྨན་པ། ངན་འགྲོའི་འཇིགས་ལས་སྐྱོབས་པའི་སྐྱེལ་མ་ལྟ་བུ་སྟེ། མདོར་ན་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་དམ་པ་ཡིན་པར། བཀའ་མདོ་རྒྱུད་ལུང་མན་ངག་ཐེག་པ་གོང་འོག་


TR002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་གསར་སྙིང་ཐམས་ཅད་ནས་དགོངས་བཞེད་གཅིག་ཏུ་མཐུན་པའི་ལུང་བརྗོད་ལས་འདས་པ་མཆིས་མདོ་ཀྱང་སྙན་དུ་གསོལ་མི་འཚལ་ཞིང་། དེ་ཉིད་ལ་ཡང་ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་གི་རང་བཞིན་ཁོ་ན་ཡིན་ཕྱིར། བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པར་བྱེད་པ་ལ་དད་པ་དང་མོས་གུས་རྩེ་གཅིག་པའི་ངང་ནས་གསོལ་བ་འདེབས་པ་གལ་ཆེ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། དེ་ཉིད་ལས་གང་ལ་ཅི་འདོད་ཀྱི་ལོངས་སྤྱོད་འབྱུང་བ་ཆོས་ཉིད་ཡིན་ཀྱང་། རྒྱལ་མཚན་གྱི་རྩེར་བཞུགས་ཤིང་མཆོད་པར་མ་བྱས་ན་མི་འབྱུང་བའི་དཔེ་ལྟར། བྱིན་རླབས་འབྱུང་བའི་ཐབས་ལ་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་འདེབས་པ་ཉིད་ཁོ་ན་


TR002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ཆེ་བའི་ཕྱིར། དེས་ན་འདི་ལྟར་དུ་བསྒོམ་སྟེ།། ༈ །།རང་གི་ལུས་གདོས་བཅས་ཤ་ཁྲག་གི་ཕུང་པོ་འདི་ཉིད་སྐད་ཅིག་གིས་ཡི་དམ་གྱི་ལྷའི་ངོ་བོར་ལམ་གྱིས་གསལ་བའི་སྤྱི་བོར་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་ཞིང་གཞོན་ནུ་ལོ་བརྒྱད་པའི་ན་ཚོད་ལྟ་བུ་ཤིན་ཏུ་མཛེས་པ་ལས་ཀྱང་གཟི་འོད་རབ་ཏུ་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་གི་སྟེང་ན་མཚན་ལྡན་གྱི་ཐོད་པ་འཆི་མེད་ཚེ་བུམ་གྱིས་མཚན་པ་འཛིན་ཅིང་། དབུ་ལ་པད་ཞྭ་རྒོད་ཕྲུ་དར་སྣ་རྡོ་རྗེ་ཉི་ཟླས་བརྒྱན་པ་གསོལ་བ། སྐུ་ལ་ཟབ་ཆེན་གྱི་བེར་ཕོད། དར་དམར་གྱི་ཆོས་གོས། ཟ་འོག་གི་བེར་ཆམ་དང་བཅས་པ་


TR002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཞིང་གཟི་བརྗིད་ཀྱི་ལྷུན་ཆགས་པ། མཆན་གཡོན་དུ་ཡུམ་ཆེན་མཚོ་རྒྱལ་ཁ་ཊྭཱཾ་གྱི་རྣམ་པར་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་ཤིང་ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་ཀུན་ཏུ་འཕྲོ་བ། སྣང་ལ་རང་བཞིན་མེད་པ་སྟོང་གསལ་འཇའ་འོད་ཀྱི་སྐུར་ལམ་མེར་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་གསུམ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་དང་དགོངས་བརྡའ་སྙན་བརྒྱུད་བཀའ་གཏེར་བཤད་སྒྲུབ་སོགས་རྩ་རྒྱུད་ཀྱི་བླ་མ་ཐམས་ཅད་དང་། རྒྱུད་སྡེ་བཞི་དྲུག་གསང་སྔགས་ཕྱི་ནང་གི་ཡི་དམ་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་ཆོས་སྲུང་དམ་ཅན་རྒྱ་མཚོ་སོགས་མདོར་ན་མཆོད་འོས་སྐྱབས་གནས་བྱིན་རླབས་དངོས་གྲུབ་


TR002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མངའ་བདག་ཐམས་ཅད་ལ་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་བདག་ལ་ཐུགས་རྗེས་དགོངས་ཏེ། སྣང་སྲིད་ཐམས་ཅད་རོལ་མོའི་སྒྲ་དང་སྤོས་དྲིས་འཚུབ་ཅིང་སྟེང་འོག་ཕྱོགས་མཚམས་ཀུན་ནས་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས། རང་གི་སྤྱི་བོའི་བླ་མ་ལ་སིབ་ཀྱིས་ཐིམ་པས་བླ་མ་ཉིད་གཟི་བརྗིད་ཀྱི་དཔལ་དུ་འབར་བ་ལས་ཀྱང་ཆེས་ཆེར་བྱིན་རླབས་ཀྱི་འོད་མདངས་ཉི་མ་འབུམ་ལྟར་གསལ་ཞིང་། ཐུགས་རྗེའི་དགོངས་པ་རྨད་དུ་བྱུང་བས་བདག་ལ་གཟིགས་ཏེ། བླ་མ་སངས་རྒྱས་ཀྱི་བྱིན་རླབས། ཡི་དམ་ལྷ་ཚོགས་ཀྱི་དངོས་གྲུབ། མཁའ་འགྲོ་ཆོས་སྐྱོང་གི་མཐུ་སྟོབས་སོགས། མཆོག་མཐུན་གྱི་དངོས་གྲུབ་མ་ལུས་སྩལ་སྤྲུག་ཏུ་བདག་ལ་རྒྱུན་ཆད་མེད་པར་གནང་བར་གྱུར། ཅེས་བསྒོམ་ལ། ཕྱི་ནང་སྣང་སྲིད་བདག་གཞན་ཀུན་གྱི་ལུས་དང་ལོངས་སྤྱོད་མཆོད་པའི་དངོས་པོར་གྱུར་ཚད་ཐམས་ཅད་ལྟོས་པ་མེད་པར་འབུལ་ཞིང་། མཎྜལ་འབུལ་ཚིག་ཅི་རིགས་


TR002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྡུས་སྐབས་དང་སྦྱར་ལ་ཕུལ། སླར་ཡང་དེང་ནས་བཟུང་སྟེ་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱིད་སྡུག་ལེགས་ཉེས་ཅི་དང་ཅི་ལྟར་བྱུང་རུང་རེ་ས་སྐྱབས་གནས་ཀྱི། དམ་པ་ཁྱོད་ལས་གཞན་དུ་མེད་ཅིང་། བདག་ཕ་མ་མཁའ་མཉམ་གྱི་འགྲོ་བ་མཐའ་དག་འཁོར་བ་ངན་སོང་གི་སྡུག་བསྔལ་ལས། ཐར་ནས་བླ་མེད་བདེ་བ་ཆེན་པོའི་གོ་འཕང་ཐོབ་པ་ཞིག་ཁོ་ན་མཁྱེན་སྙམ་པའི་དད་གུས་གདུང་ཤུགས་དྲག་པོ་དང་ལྡན་པའི་ངང་ནས། གསོལ་འདེབས་རྒྱས་བསྡུས་གང་འོས་ཚིག་དོན་མཐུན་པར་བྱ་ཞིང་། རྒྱུད་པའི་བླ་མ་གང་དང་གང་གི་མཚན་དང་གསོལ་འདེབས་བྱེད་ཀྱང་། སྤྱི་བོའི་རྩ་བའི་བླ་མ་ཨོ་རྒྱན་གྱི་ཆ་བྱད་དུ་བཞུགས་པ་དེ་ཉིད་ཀྱི་ངོ་བོ་ལས་གཞན་དུ་མ་གཡོས་པའི་དད་འདུན་རྩེ་གཅིག་ཕུར་ཚུགས་སུ་བྱེད་པ་ནི་གདམ་ངག་གི་ཟབ་གནད་དམ་པ་དེ། ཅིའི་ཕྱིར་རྒྱལ་བ་ཐམས་ཅད་རྣམ་པ་སོ་སོ་གང་ལ་གང་འདུལ་གྱི་ཚུལ་དུ་སྐུར་བསྟན་ཀྱང་ངོ་བོ་གཅིག་ལས་མ་གཡོས་ཤིང་། རང་རང་གི་སྣང་ངོར་སྐལ་བ་དང་མཚམས་


TR002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་གཟུགས་དེར་སྣང་བ་ཉིད་ལ་གསོལ་བ་བཏབ་པས་རྒྱལ་བ་ཀུན་ལ་གསོལ་བ་བཏབ་པར་འགྱུར་ཏེ། ངོ་བོ་གཅིག་པའི་ཕྱིར་རོ། དེ་སྙད་དུ་ཡང་། །ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས། །དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་སྤྱི་བོའི་གཙུག །ཡན་ལག་མཐིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡི་འཛིན་པར་འགྱུར། །ཅེས་དང་། གཞན་ཡང་། བསྙེན་སྒྲུབ་བྱི་བ་ས་ཡ་ལས། །བླ་མའི་གསོལ་འདེབས་ལན་ཅིག་དགའ། །ནུས་པ་འབུམ་ཕྲག་ཆར་མི་འཕོད། །ཞེས་པ་ལ་སོགས་པའི་ལུང་བརྗོད་ལས་འདས་པ་མཆིས་ཤིང་། །བླ་མ་ཐོ་བརྩེགས་སུ་བསྒོམ་པ་དང་། །ཁྲོམ་ཚོགས་སུ་བསྒོམ་པ་དང་། །དཀྱིལ་འཁོར་ལྟར་བསྒོམ་པ་དང་། །གྲལ་ཐབས་སུ་བསྒོམ་པ་སོགས་ཀྱི་ལུགས་མང་ཀྱང་། གང་ཟག་སྤྲོས་བཅས་ལ་མོས་པ་དག་ལ་དགོངས་པ་ཡིན་གྱིས། དོན་དུ་ནི་ཐམས་ཅད་ཀུན་འདུས་བླ་མ་ནོར་བུ་ལུགས་སུ་བསྒོམ་པ་འདིར་མ་འདུས་པ་མེད་ཅིང་། བྱིན་རླབས་མཆོག་ཏུ་མྱུར་བའི་ཟབ་གནད་ཀྱི་སྙིང་པོ་ཡིན་ཕྱིར་འདི་ཉིད་ལ་


TR002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པར་བྱ་ཞིང་།། ༈ །།གསོལ་འདེབས་ཀྱི་མཐར་དབང་གཞི་ལན་ཐབས་ཀྱང་། སྐུ་གསུང་ཐུགས་དང་དབང་གཞི་སོ་སོར་དབྱེ་བར་མཛད་པ་མང་ཡོད་ཀྱང་། འདིར་སྤྲོས་མེད་ཆིག་དྲིལ་དུ་ཉམས་སུ་བླང་བར་བྱ་སྟེ།། ༈ །།དེ་ལྟར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པ་ལ་བརྟེན་ནས། བླ་མའི་སྐུ་གསུང་། ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས། རང་གི་ལུས་ངག་ཡིད་གསུམ་ལ་ཕོག །སྒོ་གསུམ་གྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག །བུམ་གསང་ཤེར་ཡེ་ཚིག་དབང་དང་བཅས་པ་ཐོབ། ལམ་སྐྱེད་རྫོགས་ཟུང་འཇུག་སྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཐོབ་པའི་རྟེན་འབྲེལ་མཐའ་དག་འགྲིག །སླར་བླ་མ་ཉིད་འོད་དུ་ལྟེམ་གྱི་ཞུ་ནས་རང་སེམས་དང་དབྱེར་མེད་དུ་འདྲེས་པར་གྱུར། ཅེས་བསམ་ལ། འདས་མ་འོངས་ད་ལྟར་དུས་གསུམ་གྱི་རྟོག་པ་


TR002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་གང་གིས་ཀྱང་མ་བསླད་ཅིང་། དྲན་མེད་ཧད་པོར་མ་སོང་བའི་གསལ་སྟོང་ཟུང་འཇུག་ཁྱབ་གདལ་ཆེན་པོའི་ཀློང་དུ་བཅོས་སླད་དང་བྲལ་བར་མཉམ་པར་འཇོག་པ་ནི་སངས་རྒྱས་ཀྱི་དགོངས་པ་ཞེས་པའམ། གདོད་མའི་གནས་ལུགས་ཅེས་སམ། ཆོས་སྐུའི་ངོ་བོ་ཞེས་པ་ཡང་དེ་ལས་ལོག་ན་མེད་པའི་ཕྱིར། རང་རིག་བླ་མ་དང་དབྱེར་མེད་པའི་ཕྱིར་ན་གསོལ་བ་འདེབས་མཁན་དང་འདེབས་ཡུལ་གཞན་མེད་ཅིང་མ་གྲུབ་པ་དེ་ཁོ་ན་ཡང་དག་དོན་གྱི་བླ་མའི་རྣལ་འབྱོར་མཆོག་ཏུ་གྱུར་པས་དེ་ཁོ་ན་ཉིད་ལ་བརྩོན་པར་བྱ་ཞིང་། དེ་ཉིད་དམིགས་མེད་ཀྱི་བསྔོ་བའི་མཐར་ཐུག་ཡིན་ཀྱང་། བསྔོ་བ་སྨོན་ལམ་གྱི་ཚིག་བརྗོད་པར་སྤྲོ་ན། དེ་ལྟར་མ་རྟོག་པའི་སེམས་ཅན་འཁོར་བར་འཁྱམས་པ་རྣམས་ལ་དམིགས་ཏེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ངང་ནས་སྨོན་ལམ་གྱི་རིགས་གང་འོས་བརྗོད། ༈སླར་རྗེས་ཐོབ་ཀྱི་ལམ་ཁྱེར་དུ། རང་ལུས་ཡི་དམ་ལྷའི་ང་རྒྱལ་དང་སྤྱི་བོའི་རིགས་ཀྱི་བདག་པོ་བླ་མ་ཉིད་འབྲལ་མེད་དུ་བཞུགས་པར་མོས་པའི་དྲན་པ་རྒྱུན་ལྡན་གྱི་ངང་ནས། ངག་གི་སྨྲ་བརྗོད་ཐམས་ཅད་གསོལ་འདེབས་


TR002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་རུ་དམིགས། རང་ཉིད་ལམ་དུ་ཞུགས་ཏེ་འགྲོ་བའི་དུས་སུ་གཡས་ཕྱོགས་ཀྱི་བར་སྣང་ལ་བླ་མ་བཞུགས་པ་ལ་སྐོར་བ་བྱེད་པར་བསམ། ཉལ་བའི་ཚེ་རང་གི་སྙིང་པདྨ་འདབ་བརྒྱད་ཁ་ཟུམ་པའི་ནང་དུ་བླ་མ་བཞུགས་པར་མོས། བཟའ་བཏུང་ལ་ལོངས་སྤྱོད་པའི་སྐབས་སུ་ཡང་སྙིང་གི་པདྨ་ཁ་བྱེ་བར་བླ་མ་བཞུགས་པ་ལ་མཆོད་པ་འབུལ་བར་བསམ། ལུས་ལ་ནད་ཀྱི་རྣམ་པ་ཅི་བྱུང་ཀྱང་གང་དུ་ན་བའི་སར་བླ་མའི་སྐུ་ཆུང་ལ་སྐྱེ་མཆེད་འདོད་པར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ནད་ཐམས་ཅད་སངས་ཀྱི་དག་པར་བསམ། དེ་ལས་གཞན་པའི་དུས་ཐམས་ཅད་དུ་སྤྱི་བོར་བླ་མ་བཞུགས་པ་ལ་མོས་གུས་དུང་ངེ་བ་རྒྱུན་ལྡན་དུ་བྱས་པས། རང་ཉིད་འཆི་ཀར་འཕོ་བའི་གདམས་པ་ཡང་དེ་ཀས་ཆོག་པའི་ཕྱིར་ཡེངས་མེད་དུ་འབད་པར་བྱ། དེ་ལྟར་འདི་ལྟ་བུ་ལ་རྒྱུན་ལྡན་དུ་ཉམས་སུ་བླང་བ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོའོ། རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱི་གཤེགས་ཤུལ། ཟབ་དོན་གདམས་པ་ཀུན་གྱི་གནད་འགག །སྨིན་བྱེད་དབང་བསྐུར་ཐམས་ཅད་ཀྱི་མཆོག་


TR002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །གྲོལ་བྱེད་ཟབ་འཁྲིད་ཐམས་ཅད་ཀྱི་གཙོ་བོ། །སྡིག་བཤགས་སྒྲིབ་སྦྱོང་ཐམས་ཅད་ཀྱི་དམ་པ། ཅི་བྱེད་ཆོས་སུ་འགྲོ་བའི་མན་ངག་ཡང་སྙིང་དུ་གྱུར་པ་ཉིད་དེ། གདམས་ངག་ཐམས་ཅད་ཀྱི་མཐར་ཐུགས་འདི་ལྟ་བུ་ཅིག་ལ་ཉམས་ལེན་མ་བྱས་ན། དེང་སང་གི་སྙིགས་དུས་ཀྱི་སེམས་ཅན་ཚེ་ཐུང་ཞིང་གཡེང་བ་ཆེ་བ། འདོད་པ་ཆེ་ཞིང་སྙིང་རུས་ཆུང་བ། བློ་སྣ་མང་ལ་གང་བྱེད་མཐར་བསྐྱེལ་བ་ཉུང་བས། མི་ཚེ་ཧྲིལ་པོར་ཆོས་བྱས་པར་བརློམས་ཀྱང་ཤི་བའི་དུས་སུ་བློའི་གཏད་པ་ཅི་ཡང་མེད་པར་ཐུམས་ཀྱི་འགྲོ་བ་མང་ཞིང་། དེ་ཚེ་ཤུལ་དུ་དགེ་བ་བྱེད་པ་ལ་རེ་ཞིང་བློ་སྣ་ཕྱི་ལ་ལུས་པ་རྣམས་ནི་བྱས་པ་དོན་མེད་མི་ཚེ་སྟོང་ཟད་རང་གི་རང་བསླུས་སུ་སོང་བ་ཡིན་པས། དེས་ན་ད་ལྟ་རང་དབང་ཡོད་དུས་གཏན་གྱི་མདུན་མ་བསྒྲུབ་པའི་ཐབས་ཟབ་མོ་འདི་ལྟ་བུ་ལ་བརྩོན་ཏེ། རང་བཞིན་དོན་གཉིས་འགྲུབ་པའི་ལམ་བཟང་འདི་ཉིད་ལ་རྒྱུན་ལྡན་དུ་འབད་པར་མཛད་འཚལ། ༈དེ་ལྟར་བླ་མའི་རྣལ་འབྱོར་འདི་ཉིད་རང་གི་ཉམས་སུ་ལེན་པའི་སྐབས་སུ་ནི་ཡིག་ཆེན་གྱི་ཚིག་རྣམས་ངག་འདོན་དུ་


TR002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་གང་རིག་དང་སྦྱར་ནས་བྱ་ཞིང་ཡིག་ཆུང་གི་དོན་རྣམས་སེམས་ལ་འགྲིས་པར་བྱ། གང་ཟག་གཞན་ལ་བཤད་པའི་ཚེ་ན་ནི་ཐམས་ཅད་སྦྲེལ་ནས་བཤད་པར་བྱའོ། །འདི་ལྟ་བུ་ཞིག་དགོས་ཞེས་དྲིན་ཅན་དྷརྨའི་མཚན་ཅན་གྱིས་བསྐུལ་བར་མཛད་པའི་ངོར་བཀོད་པའོ། །འདིས་ཀྱང་མཁའ་ཁྱབ་འགྲོ་བ་ཐམས་ཅད་དཔལ་ལྡན་བླ་མ་མཆོག་གི་གོ་འཕངས་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག །དགེའོ། ༡ཞུས་ཁུལ།


previousབདག་དོན་གཞན་དོན་གང་ལའང་སྦྱོར་རུང་བའི་བླ་མའི་རྣལ་འབྱོར་བྱིན་རླབས་འབྱུང་གནས།next