Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
 
ཆོས་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་ཡང་དག་པ་རབ་ཏུ་གསལ་བར་བྱེད་པ་དྲི་མ་མེད་པའི་སྒྲོན་མ།


1 occurrence of དགོངས་པ་ཟང་ཐལ་
[Clear Hits]

 
previousཆོས་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་ཡང་དག་པ་རབ་ཏུ་གསལ་བར་བྱེད་པ་དྲི་མ་མེད་པའི་སྒྲོན་མ།no next

ཆོས་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་ཡང་དག་པ་རབ་ཏུ་གསལ་བར་བྱེད་པ་དྲི་མ་མེད་པའི་སྒྲོན་མ།


TR002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་ཡང་དག་པ་རབ་ཏུ་གསལ་བར་བྱེད་པ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ།


TR002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡེ། །གདོད་མ་ཉིད་ནས་ཡོངས་དག་པའི། །གནས་ལུགས་སྤྲོས་མཚན་ཀུན་གྱིས་དབེན། །ཆོས་ཉིད་འོད་གསལ་ཡེ་ཤེས་མཆོག །ཇི་བཞིན་རྟོགས་པའི་ཕྱག་གིས་མཆོད། །གཤིས་ངོར་གང་ཡང་གྲུབ་མིན་ཀྱང་། །སྣང་ཆར་སྣ་ཚོགས་ཤར་བའི་འཕྲུལ། །དབྱེར་མེད་གཉུག་མའི་རང་འགྲོས་ཉིད། །རང་ངོ་སྤྲོད་ཕྱིར་འདི་བཤད་བྱ། དེ་ཡང་རྒྱལ་བའི་བཀའ་རབ་འབྱམས་མཐའ་ཡས་པ་ཀུན་གྱིས་དགོངས་པའི་སྙིང་པོ་ནི་འགྲོ་བའི་ཁམས་ལ་དེ་


TR002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྙིང་པོ་གནས་པ་དེ་ཉིད་མངོན་གྱུར་དུ་བྱ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་སམ་ཐེག་པའི་བྱེ་བྲག་མཐའ་ཡས་པར་བསྟན་མོད་ཀྱི། གདུལ་བྱའི་མོས་པ་དང་བསྐལ་པ་ཐ་དད་པ་དེ་དང་དེ་དག་ལ་འདུལ་བྱེད་ཀྱི་ཆོས་སྒོ་དང་གདམས་པའི་རྣམ་གྲངས་ཀྱང་དེ་སྙེད་དུ་འབྱུང་བ་ནི། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཕྲིན་ལས་ཀྱི་མཐུ་སྟོབས་ཁྱད་པར་སྨད་དུ་བྱུང་བ་ཉིད་ཡིན་པ་དང་། དེ་དག་ལས་མཆོག་ཏུ་གྱུར་པའི་ཉེ་ལམ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཀུན་གྱི་རྩེ་མོའི་དོན་མཐར་ཐུག་


TR002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པ། སེམས་ཉིད་སྐུ་གསུམ་ལྷུན་གྲུབ་ཀྱི་རང་ཞལ་མངོན་སུམ་བདེ་བླགས་སུ་སྟོན་པར་བྱེད་པའི་ཐབས་མཆོག །གྲུབ་མཆོག་རིག་འཛིན་ཀུན་གྱིས་བགྲོད་པ་གཅིག་པའི་གཞུང་ལམ་ཕྱག་རྒྱ་ཆེན་པོ་ཞེས་ཉི་ཟླ་ལྟར་གྲགས་པ་འདི་ཉིད་དགོངས་དོན་ཉེ་བར་མཁོ་བའི་གནད་འདུས་ཅུང་ཟད་བསྟན་པར་བྱ་སྟེ། འདི་ལའང་དོན་ཚན་རྣམ་པ་གསུམ་གྱིས་སྟོན་པ་ལས། གསུམ་གང་ཞེ་ན། གཞི་ཕྱག་རྒྱ་ཆེན་པོ་དངོས་པོ་གཤིས་ཀྱི་གནས་ལུགས་འཁྲུལ་གྲོལ་གཉིས་ཀྱི་སྒོ་ནས་ལྟ་བའི་དོན་མདོར་བསྟན་པ་དང་། ༡ ལམ་ཕྱག་རྒྱ་ཆེན་པོ་རང་བྱུང་རང་བབས་ཞི་ལྷག་གཉིས་ཀྱི་སྒོ་ནས་ཉམས་ལེན་པ་ལམ་ཇི་ལྟར་བགྲོད་ཚུལ་རྒྱས་པར་བཤད་པ་དང་། ༢ འབྲས་བུ་ཕྱག་རྒྱ་ཆེན་པོ་དྲི་བྲལ་དོན་གྱི་སངས་རྒྱས་སྐུ་གསུམ་མངོན་དུ་གྱུར་པས་འགྲོ་བའི་དོན་མཛད་ཚུལ་བཤད་པས་འགགས་བསྡུ་བ་དང་གསུམ་གྱིས་སྟོན་པའི་


TR002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་མ་གྲུབ་ཅིང་ཕྱོགས་དང་རིས་སུ་མ་ཆད་པའི་རང་ངོ་ལ་བདེ་སྡུག་ཡིན་མིན་ཡོད་མེད་རྟག་ཆད་བདག་གཞན་ལ་སོགས་པའི་མིང་འདོགས་ཀྱི་ཐ་སྙད་གང་གིས་ཀྱང་མ་གོས་ཤིང་མ་བསླད་པས་སྒྲོ་སྐུར་གྱི་མཐའ་དང་བྲལ་བ། ངོ་བོ་ཅིར་ཡང་མ་གྲུབ་པའི་གནད་ཀྱིས། རྣམ་པའམ་མཚན་ཉིད་ཅིར་ཡང་འཆར་བའི་གཞིར་རུང་ལ། གང་ལྟར་ཤར་ཡང་དོན་ལ་བདེན་པར་མ་གྲུབ་པ་སྟེ། སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བའི་སྟོང་པ་ཆེན་པོ་འདུས་མ་བྱས་པའི་ཆོས་ཀྱི་དབྱིངས་དེ་ཉིད་སྐུ་གསུམ་ལྷུན་གྲུབ་ཀྱི་རང་བཞིན་ཉིད་དུ་ཡེ་ནས་ཡིན་པ་དེ་ལ། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཕྱག་རྒྱ་ཆེན་པོ་ཅེས་བྱ་བ་སྟེ།། ༈ །།གསང་བ་སྙིང་པོའི་རྒྱུད་ལས། གཞི་རྩ་མེད་པའི་སེམས་ཉིད་འདི། །ཆོས་རྣམས་


TR002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རྩ་བ་ཡིན། །ཅེས་གསུངས་པ། དེ་ནི་གང་ཟག་གཅིག་ཙམ་མམ། སངས་རྒྱས་གཅིག་ཙམ་མམ། སངས་རྒྱས་གཅིག་ཙམ་གྱི་ཐུགས་རྒྱུད་ལ་ཡོད་པ་ལྟ་བུ་ནི་ཡིན་ཏེ། སྣང་སྲིད་འཁོར་འདས་མཐའ་དག་གི་དངོས་གཞིར་ཁྱབ་པ་ཡིན་ཞིང་། འདིའི་གནས་ཚུལ་ལམ་ཡིན་ཚུལ་རྟོགས་ཤིང་རིག་པ་ན་སངས་རྒྱས་ཞེས་བྱ་བ་དང་། དེར་མ་རྟོགས་མ་རིག་པ་ན་སངས་རྒྱས་ཞེས་བྱ་བ་དང་། དེར་མ་རྟོགས་མ་རིག་ཅིང་འཁྲུལ་པ་ཤར་བ་ལ་སེམས་ཅན་ཅེས་བྱ་བ་སྟེ་འཁོར་བར་འཁྱམ་པའི་གཞི་བྱེད་པའི་ཕྱིར་དེས་ན་འཁོར་འདས་ཀྱི་སྤྱི་གཞི་ཞེས་སུ་གྲགས་པ་སྟེ། བྲམ་ཟེ་ཆེན་པོ་ས་ར་ཧ་པས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཅེས་གསུངས་པ་ལྟར། །ངོ་བོ་གཅིག་ལ་སྣང་ཚུལ་ཐ་དད་དམ། རྟོགས་མ་རྟོགས་ཀྱི་ཁྱད་པར་ཙམ་ལ་རྣམ་པ་སོ་སོར་སྣང་མོད་ཀྱི། དེ་


TR002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གང་གི་ཚེ་ནའང་རང་གི་ངོ་བོ་ལ་བཟང་ངན་དང་འཕོ་འགྱུར་སོགས་ཀྱི་སྐྱོན་གྱིས་མ་གོས་པར་གདོད་ནས་སྐུ་གསུམ་དབྱེར་མེད་ཆེན་པོར་གནས་པ་འདི་ལ། ཐུན་མོང་ཐེག་པའི་སྐབས་རྣམས་སུ་ནི་འགྱུར་བ་མེད་པའི་ཡོངས་གྲུབ་ཅེས་ཀྱང་བྱ་སྟེ། ཐོག་མའི་གཞིའི་གནས་ལུགས་ཡིན་ནོ། །དེ་ལྟ་བུའི་གནས་ཚུལ་དེ་ལ་རྟོགས་མ་རྟོགས་གཉིས་ཀ་མ་ཡིན་པའི་བཏང་སྙོམས་ལུང་མ་བསྟན་དུ་གནས་པ་དེ་ལ་ཀུན་གཞི་ཞེས་བྱ་བ་སྟེ། འཁོར་འདས་གཉིས་ཀའི་གཞི་བྱེད་པའི་ཕྱིར་རོ། །ཀུན་གཞི་དེ་ཉིད་ཀྱང་ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་མ་ཡིན་པར་རང་གསལ་གྱི་ཤེས་པ་འགག་མེད་འཆར་རུང་དུ་ཡོད་པ་དེ་ལ་ཀུན་གཞིའི་རྣམ་ཤེས་ཅེས་བྱ་བ་སྟེ། མེ་ལོང་དང་དེའི་དངས་ཆ་ལྟ་བུའོ། །ཀུན་གཞི་གཅིག་པུ་དེ་ལས་


TR002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་སོ་སོར་གྱེས་ཚུལ་ནི། རང་གསལ་གྱི་ཤེས་པ་དེའི་རིག་ཆའམ་ཡེ་ཤེས་ཀྱི་ཆ་ངོ་བོ་སྟོང་ཞིང་རང་བཞིན་གསལ་ལ་དབྱེར་མེད་རིག་པའི་སྙིང་པོ་དེ་ནི་སངས་རྒྱས་ཀྱི་ཡོན་ཏན་དང་ཡང་དག་པའི་ལམ་གྱི་ཆོས་ཐམས་ཅད་ཀྱི་ས་བོན་དང་རྒྱུ་ཉིད་ཡིན་པའི་ཕྱིར། སྦྱོར་བ་དོན་གྱི་ཀུན་གཞི་ཡང་ཟེར། བདེར་གཤེགས་སྙིང་པོ། རང་རིག་ཆོས་སྐུ་ཤེས་རབ་ཕར་ཕྱིན། རང་སེམས་སངས་རྒྱས་ལ་སོགས་མྱ་ངན་ལས་འདས་པའི་ཆོས་ཀྱི་རྣམ་གྲངས་ལས་བཏགས་པའི་མིང་ཐམས་ཅད་འདིར་མཐུན་ཅིང་། ལམ་ལ་ཞུགས་པ་རྣམས་ཀྱིས་མངོན་དུ་བྱ་རྒྱུ་དང་རང་ངོ་སྤྲོད་རྒྱུ་ཡང་འདི་ཡིན་ནོ། །ཡང་། ཀུན་གཞི་ལུང་མ་བསྟན་དེའི་གཏི་མུག་གི་ཆ་ལས་རང་ངོ་རང་གི་མ་རིག་ཅིང་གནས་ལུགས་མ་རྟོགས་པར་རང་གིས་རང་ཉིད་བསྒྲིབས་པ་དེ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཅེས་ཀྱང་བྱ། ཐོག་མེད་དུས་ཀྱི་མུན་ཆེན་


TR002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་བྱ་སྟེ། འདི་ལ་བརྟེན་ནས་ཉོན་མོངས་དང་འཁྲུལ་རྟོག་མཐའ་དག་འབྱུང་ཕྱིར་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་ཀྱང་བྱ་བ། སེམས་ཅན་ཐམས་ཅད་ཀྱི་འཁྲུལ་གཞི་ཡིན་ནོ། །དེ་ཡང་ དགོངསཟངཐལ ་གྱི་རྒྱུད་ལས། གཞི་ལས་རིག་པ་མ་ཤར་བས། ཅི་ཡང་དྲན་མེད་ཐོམ་མེ་བ། དེ་ཀ་མ་རིག་འཁྲུལ་པའི་རྒྱུ། ཅེས་གསུངས་ཤིང་། མ་རིག་པ་འདིའི་འཁོར་གྱི་ཚུལ་དུ་ཆགས་པ་བར་མ་དང་། བརྗེད་ངས་ལ་སོགས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ཡང་ཡོད་དོ། །དེ་ལྟ་བུའི་ལྷན་སྐྱེས་ཀྱི་མ་རིག་པ་དེ་ལས་ང་དང་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་ཤར། བདག་ལ་བརྟེན་ནས་གཞན་དུ་བཟུང་བ་བྱུང་ཞིང་། རང་སྣང་ལ་རང་སྣང་དུ་མ་ཤེས་པར་ཕྱིའི་ཡུལ་དུ་བཟུང་སྟེ། གཟུང་འཛིན་གྱི་རྟོག་པ་ངོ་མ་ཤེས་པས་འཁྲུལ་པའི་མགོ་རྩོམ་དེ་ལ་ཀུན་ཏུ་བཏགས་པའི་མ་རིག་


TR002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟེར། །ཡིད་ཀྱི་རྣམ་ཤེས་ཀྱང་ཟེར་ཏེ། ཡུལ་སེམས་ཐ་དད་དུ་འཁྲུལ་པའི་སེམས་ཡིན་ལ། འདིའི་འཁོར་དུ་ཆགས་དང་ཞེན་པ་ལ་སོགས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་རྣམས་ཡོད་དོ། །དེ་ནས་ཡིད་ཀྱི་རྣམ་ཤེས་དེའི་རྩལ་ལས་བག་ཆགས་འཁྲུལ་པ་སྣ་ཚོགས་པ་ཤར་ཞིང་རྒྱས་པ་དང་། དེའི་གྲོགས་སུ་ལས་རླུང་ཁྱབ་བྱེད་ཀྱི་རྐྱེན་དང་། ཀུན་གཞི་མ་རིག་པའི་རྒྱུ་སོགས་རྟེན་ཅིང་འབྲེལ་འབྱུང་གི་མཐུ་བརྟས་པའི་དབང་གིས་ལུས་སྣང་སེམས་གསུམ་ཚང་བར་གྲུབ་ཅིང་། སྒོ་ལྔའི་དབང་ཤེས་ཀྱི་བྱེ་བྲག་དང་ཚོགས་དྲུག་གི་སྣང་རྟོག་ཤར་བ་ལ་གཞན་དབང་ཞེས་ཀྱང་བྱ། རྩ་བའི་རླུང་ཆེན་ལྔ་དང་ཡན་ལག་གི་རླུང་ཕྲན་ལྔ་སོགས་ཀྱི་རྣམ་རྟོག་གི་བཞོན་པ་བྱས་ཤིང་རང་སྣང་འཁྲུལ་འཛིན་གོམས་པའི་མཐུ་ལས་གྲུབ་པའི་སྣོད་བཅུད་དུ་སྣང་བས་གཞི་རྟེན་དང་ཡུལ་དུ་བྱས་ནས་མཐའ་དག་བསྐྱེད་པའི་ཕྱིར་ན་ཉོན་མོངས་


TR002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་གྱི་ཡིད་ཀྱང་ཟེར། དབང་པོ་སྒོ་ལྔ་སོ་སོར་རྒྱུ་ཞིང་ཞེན་ཆགས་སོགས་ཀྱི་བྱད་པོ་ཡིན་ཕྱིར་སྒོ་ལྔའི་རྣམ་པར་ཤེས་པ་ཡང་ཟེར་ལ། འདིའི་འཁོར་དུ་ཆགས་བྲལ་བར་མ་ལ་སོགས་ཞེ་སྡང་ལས་གྱུར་པའི་རྟོག་ཚོགས་སུམ་ཅུ་རྩ་གསུམ་ཀྱང་ཡོད་དེ། དེ་ལྟར་རྩ་བ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་། ཡན་ལག་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རྣམ་རིམ་གྱིས་མཆེད་ཅིང་འཁྲུལ་པ་ལུ་གུ་རྒྱུད་དུ་གྱུར་པས་འཁོར་བ་མཐའ་མེད་དུ་འཁྱམས་པ་འདི་ནི་མ་རྟོགས་སེམས་ཅན་གྱི་འཁྲུལ་ཚུལ་ཡིན་ལ། ཀུན་གཞི་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་ས་བོན་གྱི་ཚུལ་དུ་གནས་པའི་མཐུས། ནང་གི་ལུས་བརྡོས་བཅས་རག་པ་དང་། རྩ་རླུང་ཐིག་ལེ་དངས་སྙིགས་སྣ་ཚོགས་པའི་དངོས་པོ་དང་། ཕྱིར་རོལ་ཏུ་འཁོར་འདས་ཁམས་གསུམ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་སྣང་བ་འདི་དག་ཀྱང་


TR002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་མེད་བཞིན་ཀུན་རྫོབ་ཏུ་སྣང་བའི་ཆོ་འཕྲུལ་རྨི་ལམ་གྱི་ཡུལ་སྣང་ལྟ་བུ་འདི་ལ་རྟག་འཛིན་ཨ་འཐས་བདེན་ཞེན་ལ་ཆེས་ཆེར་གོམས་པས་ཁམས་སུམ་རིགས་དྲུག་གི་བདེ་སྡུག་བཏང་སྙོམས་སྣ་ཚོགས་ལ་སྤྱོད་ཅིང་། འཁོར་བའི་རྒྱུ་འབྲས་ཟོ་ཆུའི་འཁྱུད་མོ་ལྟ་བུ་ལ་རྟག་ཏུ་འཁོར་བ་ནི་སེམས་ཅན་སྤྱིའི་མཚན་ཉིད་ལགས་མོད་ཀྱི། དེ་ལྟར་འཁྲུལ་ཞིང་འཁོར་བར་འཁྱམས་དུས་ཀྱང་ཁམས་བདེར་གཤེགས་སྙིང་པོའམ་རིག་པའི་ངོ་བོ་ལ་ནི་ངན་དུ་སོང་བའམ་འགྲིྲིབ་པར་འགྱུར་བ་ནི་རྡུལ་ཙམ་ཡང་མེད་དེ། རྟག་གཉིས་ཀྱི་རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། ཅེས་གསུངས་ལ། དོན་དམ་པར་ནི་ཡེ་གདོད་མའི་གནས་ལུགས་ཀྱང་སྐུ་གསུམ་དབྱེར་མེད་དུ་ལྷམ་མེ། བར་དུ་འཁྲུལ་སྣང་བློ་བུར་གྱི་དྲི་མས་བསྒྲིབས་དུས་ཀྱང་གཤིས་ཀྱི་རང་ངོ་སྐུ་གསུམ་དུ་ལྷང་ངེ་། མཐར་སྒྲིབ་བྱེད་སངས་ནས་


TR002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གཉིས་རྒྱས་པའི་འབྲས་བུ་མངོན་དུ་གྱུར་དུས་ཀྱང་སྐུ་གསུམ་དུ་ལྷན་ནེར་བཞུགས་པ་ཉིད། དེའི་ཕྱིར་ན་འཁྲུལ་རྟོག་མ་རིག་པའི་དྲི་མ་དང་མ་བྲལ་ཙམ་ལ་འཁྲུལ་གྲོལ་གཉིས་སུ་ཐ་སྙད་བཏགས་པ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པའི་ཆོས་ཉིད་དོ། ཅེས་སོ། དེ་བས་ན་སེམས་ཉིད་གདོད་ནས་དག་པའི་ངོ་བོར་ལྷུན་གྱི་གྲུབ་ཀྱང་བློ་བུར་གྱི་འཁྲུལ་པའམ་ལྷན་སྐྱེས་ཀྱི་མ་རིག་པ་ནི་གསེར་ལ་གཡའ་སྐྱེས་པ་བཞིན་རང་ལས་བྱུང་བས་རང་ཉིད་བསྒྲིབས་པ་འདི་སྦྱོང་ཞིང་དག་པར་བྱེད་པའི་ཐབས་ཀྱི་བྱེ་བྲག་སྣ་ཚོགས་གསུངས་ལ། ངོ་བོ་ནི་དུས་གསུམ་འཕོ་འགྱུར་བྲལ་བའི་རང་བྱུང་ཡེ་ཤེས་མཚན་མའི་སྤྲོས་པས་དབེན་པ་ཉིད་ཤེས་རབ་ཀྱི་ཆ་དངོས་ཡིན་ཕྱིར། དེས་ན་ལམ་ཐམས་ཅད་ཐབས་ཤེས་གཉིས་ལ་འདུ་བ་ནི་རྒྱལ་བའི་དགོངས་


TR002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐར་ཐུག་པའོ། །ཅི་འོ་ན་སྔར་བཤད་པའི་ཀུན་གཞི་གཅིག་པུ་ལས་འཁོར་འདས་གཉིས་སུ་གྱེས་པ་མི་ཐད་དམ་སྙམ་ན་དེ་ནི་དཔེར་ན་སྨན་ག་པུུར་གཅིག་གིས་ནད་ཚ་གྲང་སོ་སོ་ལ་ཕན་གནོད་ཐ་དད་བྱེད་པ་དང་། དུག་གི་དངོས་པོ་གཅིག་ལ་སྔགས་སོགས་ཐབས་ཀྱིས་ཟིན་ན་སྨན་དུ་འགྱུར་ལ། ཐབས་དང་བྲལ་བས་ཟོས་ན་འཆི་བར་འགྱུར་བཞིན། འདིར་ཡང་ཀུན་གཞིའི་ངོ་བོ་གཉིས་ལ་རིག་ཅིང་རང་ངོ་ཤེས་ན་གྲོལ་བ་དང་། མ་རིག་ཅིང་བདག་ཏུ་བཟུང་ན་འཁྲུལ་བ་སྟེ། རྟོགས་མ་རྟོགས་ཁོ་ནས་ཁ་བསྒྱུར་བ་ཉིད། འཕགས་པ་ཀླུ་གྲུབ་ཀྱིས། ཉོན་མོངས་དྲ་བས་གཡོགས་པ་ན། སེམས་ཅན་ཞེས་ནི་བརྗོད་པར་བྱེད། དེ་ཉིད་ཉོན་མོངས་བྲལ་གྱུར་ན། སངས་རྒྱས་ཞེས་ནི་བརྗོད་པའོ། །ཅེས་སོ། དེ་ལྟར་ན་ཆོས་ཀུན་སྙིང་པོ་ངེས་དོན་ཕྱག་རྒྱ་ཆེན་པོའི་གདམས་པའི་ཐབས་ཀྱིས་ཟིན་ན་


TR002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཕྱག་རྒྱ་ཆེན་པོ་གནས་ལུགས་ཀྱི་རང་སོ་ཟིན། ལམ་ཕྱག་རྒྱ་ཆེན་པོས་འཁྲུལ་རྟོག་གི་དྲི་མ་སྦྱང་། འབྲས་བུ་ཕྱག་རྒྱ་ཆེན་པོ་སྐུ་གསུམ་གྱི་རྒྱལ་ས་ཟིན་ཏེ་དོན་གཉིས་ཀྱི་གཏེར་ཁ་ཕྱེ་བའི་ཕྱིར། སྐལ་ལྡན་སྣོད་དང་ལྡན་པའི་གང་ཟག་གིས་བྱིན་རླབས་བཅུད་དང་ལྡན་པའི་བླ་མ་མཚན་ཉིད་ཚང་བ་བཙལ་ལ། ནོར་བཟང་དང་རྟག་ཏུ་ངུའི་ལོ་རྒྱུས་སམ། ཏེ་ལོ་པ་དང་ནཱ་རོ་ཞབས་ཀྱི་རྣམ་ཐར་ལྟ་བུས་བསྟེན་ཅིང་། རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོའི་གཙོ་བོ་སྨིན་བྱེད་ཀྱི་རིམ་པ་རྒྱས་བསྡུས་ཅི་རིགས་པས་རྒྱུད་སྨིན་ངེས་སུ་བྱ་བ་དང་། གྲོལ་བྱེད་ཀྱི་གདམས་པའི་སྣ་ཁྲིད་ལ་མཆོག་ཏུ་གཅེས་པ་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ་མཐའ་དག་སླ་ཆོས་དང་སྒྱིད་སྙོམས་ཁྱད་སོད་དུ་མ་སོང་བར་རེ་རེ་ནས་རྟགས་འཐོན་དུ་འབད་པ་དང་། ཁྱད་པར་དུ་ཡང་བླ་མ་ལ་མོས་


TR002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཀྱི་རྣལ་འབྱོར་ལ་ཁ་ཞེ་མེད་པའི་ཉམས་ལེན་རྩལ་འདོན་དུ་བྱས་ཏེ་བྱིན་རླབས་ཀྱི་ཚན་ཁ་འབབས་ངེས་སུ་བྱེད་པ་ནི། བཀའ་རྒྱུད་རིག་འཛིན་གྲུབ་ཐོབ་ཀུན་གྱི་ཕྱག་བཞེས་སྙིང་པོ་དམ་པའོ། །དེ་ཡང་། ཞི་བྱེད་ཆུ་ཀླུང་ཆེན་པོའི་རྒྱུད་ལས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་ན་རྨོངས་པར་ཤེས་པར་བྱ། ཅེས་སོ། །དེ་ནས་དངོས་གཞི་ཉིད་ལའང་རྒྱུད་པ་སོ་སོའི་ཕྱག་སྲོལ་གྱི་བབས་ལས་ལྟ་ཐོག་ནས་སྒོམ་པ་ངོས་བཟུང་བ་དང་། སྒོམ་ཐོག་ནས་ལྟ་བ་གཏན་ལ་འབེབས་པ་སོགས་ཁྲིད་ཚུལ་གང་བྱེད་ཀྱང་། གཙོ་བོར་བླ་མ་རྒྱུད་པའི་བྱིན་རླབས་ཞུགས་པ་ཞིག་ཁོ་ན་གལ་ཆེ་ཞིང་། ལྟ་བ་དངོས་ནི། སྤྱིར་ཐེག་པའི་བྱེ་བྲག་དང་གྲུབ་མཐའི་


TR002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་ཐ་དད་ལ་ལྟ་བའི་བཞེད་ཚུལ་བསམ་གྱིས་མི་ཁྱབ་ཀྱང་། རང་རང་གི་ངོ་བོར་ནི་དེ་དང་དེ་དག་བདེན་པར་གཞི་གྲུབ་ཅིང་། ཐེག་པ་མཐའ་དག་རྒྱལ་བའི་ཕྲིན་ལས་ཀྱི་སྒོ་རབ་འབྱམས་མཐའ་ཡས་པའི་བཀོད་པ་ཡིན་ཕྱིར་དག་དང་མ་དག་བཟང་ངན་ལ་སོགས་སུ་བདག་ནི་མི་སྨྲ་ཞིང་ཀུན་ལ་རྗེས་སུ་ཡི་རངས་ལ། སྐབས་འདིའི་ལྟ་བ་དེ་ནི། སེམས་ཉིད་ཡེ་གདོད་མ་ནས་ཡོངས་དག་ཆེན་པོར་ལྷུན་གྱིས་གྲུབ་ཅིང་འདས་མ་འོངས་ད་ལྟར་དུས་གསུམ་དུ་སྐྱེ་འགག་གནས་དང་འགྲོ་འོང་གི་སྤྲོས་པ་དང་བྲལ་བ། འཁོར་འདས་ལམ་གསུམ་དུ་འཛིན་པའི་དམིགས་མཚན་གྱིས་མ་བསླད་པ། ཡོད་མེད་ཡིན་མིན་རྟག་ཆད་བཟང་ངན་མཐོ་དམན་ལ་སོགས་ཀྱི་སྒྲོ་སྐུར་མ་བྱས་པ། འཁོར་འདས་ཀྱིས་བསྡུས་པའི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ལ་དགག་སྒྲུབ་སྤོང་ལེན་བསྒྱུར་བཀོད་མ་བྱས་པའི་


TR002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་གནས་ཚུལ་ལམ་ཡིན་ཚུལ་ཇི་ལྟ་བའི་རང་བཞིན་སྣང་སྟོང་དབྱེར་མེད་དུ་ཁྲིག་གེ། གསལ་སྟོང་ཟུང་འཇུག་ཏུ་ལམ་མེ། ཡེ་གྲོལ་ཁྱབ་གདལ་དུ་ཤིག་གེ། འདུས་མ་བྱས་ལྷུན་གྲུབ་ཏུ་ཆམ་མེ་བ་འདི་ནི་ལྟ་བའི་དངོས་གཞིར་ཡིན་ལུགས་ཇི་བཞིན་དུ་གདོད་མ་ནས་རང་བྱུང་ལ། དེ་ཉིད་འཁོར་འདས་ཀུན་གྱི་ངོ་བོར་ཡེ་ཁྱབ་ཏུ་གྱུར་པ་འདི་ལས་གཞན་པའི་ལྟ་བ་ཞེས་ཁོལ་བུའམ་དུམ་བུར་རིས་སུ་ཆད་པ་ཞིག་མེད། དེ་ལྟ་བུ་ཡེ་ནས་ཡིན་ཚུལ་ཤེས་པས་གཉིས་འཛིན་གྱི་བརྫུན་མཚང་རིགས་པ་ལ་ལྟ་བ་རྟོགས་པ་ཡང་ཟེར། སེམས་ངོ་མཐོང་བ་ཡང་ཟེར། ཆོས་དོན་རིགས་པ་ཡང་ཟེར་སྟེ། རྡོ་ཧ་མཛོད་ལས། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། ཅེས་གསུངས། དོན་ལ་སྣང་སྲིད་འཁོར་འདས་ཐམས་ཅད་སྐུ་གསུམ་གྱི་རོལ་པ་ཡིན་པ་དང་། རང་གི་སེམས་ཉིད་ཀྱང་སྐུ་གསུམ་གྱི་རང་


TR002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་དང་། དེ་དག་ཉིད་ཀྱང་དོན་དམ་ཆོས་ཉིད་ཀྱི་དབྱིངས་ལས་འདའ་བ་མེད་ཅིང་། དེ་ཡང་འཁོར་བའི་ཆོས་ཐམས་ཅད་ནི་སེམས་ཀྱི་མཚན་ཉིད་ཀྱི་ཚུལ་དང་། ལམ་གྱི་ཆོས་ཐམས་ཅད་ཆོས་ཀྱི་ཡོན་ཏན་གྱི་ཚུལ་དང་། འབྲས་བུའི་ཆོས་ཐམས་ཅད་སེམས་ཀྱི་ནུས་པའི་ཚུལ་དུ་ཚང་བ་སྟེ། སེམས་ཉིད་ཁོ་རང་གི་གཤིས་སྐྱེ་མེད་ཆོས་སྐུ། གདངས་འགགས་མེད་ལོངས་སྐུ། རྩལ་ཅིར་ཡང་འཆར་བ་སྤྲུལ་སྐུ། དེ་གསུམ་ཀྱང་ངོ་བོ་དབྱེར་མེད་དུ་ལྷུན་གྱིས་གྲུབ་ཅིང་། དེ་ལྟར་ཡིན་ལུགས་རང་ངོ་ཤེས་ཤིང་ཐག་ཆོད་པ་ནི་ལྟ་བ་སྐྱོན་མེད་ཕྱིན་ཅི་མ་ལོག་པ་ཡང་དག་པར་རྟོགས་པ་ཅེས་བྱ་ལ། འདི་ལས་གཞན་པའི་ལྟ་བ་མཐའ་དང་བྲལ་མ་བྲལ་མཐོ་ཁྱད་བཟང་ངན་ལ་སོགས་དམིགས་གཏད་ཀྱི་མཚན་མ་དང་བློས་བྱས་ཡིད་དཔྱོད་ཀྱི་རྟོག་པས་བཏགས་པའི་ལྟ་སྒོམ་གང་ཡང་ཕྱག་རྒྱ་ཆེན་པོའི་ལྟ་བར་མ་གསུངས་སོ།


TR002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལམ་ཕྱག་རྒྱ་ཆེན་པོའི་སྒོམ་པ་ཞི་ལྷག་དང་སྐྱོན་ཡོན་མཉམ་རྗེས་རྣལ་འབྱོར་ས་ལམ་བགྲོད་ཚུལ་སོགས་བསྟན་པ་ནི། དེ་ཡང་སྤྱིར་སྒོམ་པ་ཅེས་པའི་མིང་འཇུག་པ་ནི་མང་ལ། གྲུབ་མཐའ་སོ་སོ་ལ་རང་སྐབས་ཀྱི་བསྒོམ་ཚུལ་ཀྱང་མཐའ་ཡས་ནའང་། འདིར་ནི་སྔར་བཤད་མ་ཐག་པའི་ལྟ་བ་གནས་ལུགས་ཀྱི་དོན་དེ་རྒྱུད་ལ་གོམས་འདྲིས་སུ་བྱ་བ་ལ་སྒོམ་པའི་མིང་དང་ཐ་སྙད་དུ་བཏགས་པ་ཙམ་མ་གཏོགས། དངོས་པོ་ཁ་དོག་དབྱིབས་ཅན་ལྟ་བུ་བློས་བཅོས་ནས་བསྒོམ་པའམ། སེམས་ཀྱི་འགྱུར་དྲན་འཆར་སྣང་བཀག་པའི་བཅོས་མའི་སྟོང་ཉིད་ལྟ་བུ་ཞིག་ཆེད་དུ་བསྒོམ་པ་ནི་གཏན་མ་ཡིན་ཏེ། རང་སེམས་བབས་བཟོ་མེད་དུ་སྐྱོང་བ་ཁོ་ན་ཡིན་ལ། བྱེ་བྲག་ཏུ། གང་གི་དབང་པོ་དང་བློ་རིགས་སྣ་ཚོགས་པའི་ཕྱིར། ཅིག་ཆར་དབང་པོ་རྣོན་པོ་སྦྱངས་པ་མངོན་གྱུར་དག་ལ་ནི་


TR002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ལྷག་རིམ་ཅན་དུ་དཀྲི་མི་དགོས་པར་ངོ་འཕྲོད་པ་དང་གྲོལ་བ་དུས་མཉམ་དུ་འགྱུར་བ་དག་འབྱུང་མོད་ནའང་། གཞན་ཕལ་པ་དག་ལ་ནི་རིམ་གྱིས་ཁྲིད་དགོས་ཕྱིར་ཐོག་མར་ཞི་གནས་ཀྱི་རིམ་པ་མཚན་བཅས་ཤིང་བུ་རྡེའུ་ལྷ་སྐུ་ཡིག་འབྲུ་ཐིག་རླུང་གི་སྦྱོར་བ་སོགས་ལ་བསླབ་ཅིང་། དེ་དག་ལ་ངེས་པ་རྙེད་ནས་སླར་མཚན་མེད་མཆོག་གི་ཞི་གནས་ལ་འཇུག་པར་བྱ་སྟེ། ཞི་གནས་དངོས་ནི་མཉམ་པར་བཞག་ཐབས་གསུམ་གྱི་སྒོ་ནས་སྟོན་ཏེ། དེ་ཡང་ཕྱི་ནང་གི་ཡུལ་རྐྱེན་གྱི་རྗེས་སུ་སེམས་ཡེངས་པ་མ་ཡིན་པར་ཡེངས་མེད་སོ་མར་བཞག་པ་དང་། སྒོ་གསུམ་ཧ་ཅང་བསྒྲིམས་པས་བཅིངས་པ་མ་ཡིན་པར་རྩོལ་མེད་རང་བབས་ལྷུག་པར་བཞག་པ་དང་། རྣམ་རྟོག་གི་ངོ་བོ་དང་དྲན་རིག་གཉིས་ཡ་བྲལ་ཐ་དད་གཉེན་པོ་བསྟེན་པ་ལྟ་བུ་མ་ཡིན་པར་


TR002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་རང་གསལ་རང་དངས་སུ་བཞག་པ་སྟེ། འདི་གསུམ་ལ་མིང་གི་རྣམ་གྲངས་གཞན་དུ། མ་ཡེངས། མི་བསྒོམ། བཟོ་མེད་ཅེས་ཀྱང་བྱ་ལ། ཐུན་མོང་གི་ཐེག་པར་གསུངས་པའི་རྣམ་པར་ཐར་པའི་སྒོ་གསུམ་ཡང་འདིར་ཚང་སྟེ། སེམས་དེ་ཀ་སྔར་འདས་པའི་བྱ་བྱེད་སོགས་ལ་འདི་བྱས་འདི་བྱུང་གི་རྗེས་གཅོད་མི་བྱ་བ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཅེས་བྱ་བ་དང་། དེ་ལྟའི་སེམས་ལ་བློས་བྱས་ཀྱི་བསྒྱུར་བཀོད་དང་འདི་སྣང་འདི་བྱའི་དགག་སྒྲུབ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མ་འོངས་པར་འདི་དང་འདི་བཞིན་འབྱུང་འགྱུར་གྱི་རྔུན་བསུ་དང་། སྒོམ་ཡོང་དུ་རེ་བ་དང་མི་ཡོང་གི་དོགས་པ་ལྟ་བུའི་འདོད་འདུན་མེད་པ་ནི་རྣམ་པར་ཐར་པ་སྨོན་པ་མེད་པའི་སྒོ་ཞེས་བྱ་ཞིང་། མདོར་བསྡུ་ན། རང་སེམས་རང་བབས་བཅོས་བསླད་མེད་པར་འཇོག་པ་ཉིད་ལ་འདུས་སོ། །


TR002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངང་ནས་རྣམ་པར་རྟོག་པ་ཅིག་ཁྱུགས་ཀྱི་ཤར་བའི་ཚེ་ན། གང་ཤར་བ་དེ་ལ་རྗེས་འཐུད་དུ་མ་སོང་བར་རང་ངོ་ཧྲིག་གིས་ཤེས་པར་བྱ་བ་ཁོ་ནས་ཆོག་གི། ཆེད་དུ་བཀག་པའམ། སྒོམ་ལ་ཚུར་བཀུགས་པའམ། གཉེན་པོ་གཞན་གྱིས་གཅུན་པ་སོགས་གང་ཡང་མི་བྱ་སྟེ། དེ་དག་གང་བྱས་ཀྱང་སེམས་ཉིད་མ་བཅོས་བཟོ་མེད་སྐྱོང་བའི་གནད་མ་ཡིན་ཅིང་། ལམ་གྱི་བྱེ་བྲག་གཞན་ལས་སྣ་ཚོགས་འབྱུང་མོད་ཀྱང་། འདི་སྐབས་སུ་ནི་གང་ཤར་རང་ངོ་ཤེས་པའི་ལམ་ཁོ་ན་ཡིན་པས་ཐབས་གཞན་བཙལ་ན་ཕྱག་རྒྱ་ཆེན་པོའི་སྒོམ་དུ་མི་འགྱུར་ཏེ། དེ་ཡང་བྲམ་ཟེ་ཆེན་པོས། འགྲོ་རྣམས་བསམ་གཏན་སྩོལ་བས་བསླད། །སྒོམ་རྒྱུ་ཅི་ཡང་མེད་པ་ལ། །ཡེངས་སུ་སྐད་ཅིག་མི་འདོད་པས། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡིན། །


TR002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་ཤིང་། དེ་ལྟར་སེམས་ཀྱི་གནས་ལུགས་ཇི་བཞིན་པའི་ཐོག་ཏུ་མཉམ་པར་གཞག་པས། ཞི་གནས་ཀྱི་ཉམས་གསུམ་པོ་རིམ་ཅན་དུ་འཆར་བར་འགྱུར་ཏེ། གང་ཞེ་ན། དང་པོར་སེམས་ཆེར་རྒོད་ཅིང་འཕྲོ་བའི་རྟོག་པ་སྔར་ལས་ཀྱང་མང་དུ་སོང་བ་ལྟ་བུའི་བར་མཚམས་འགར་ཅུང་ཟད་ཙམ་རེ་གནས་པ་ཞིག་འབྱུང་བའི་འཕྲོ་བ་དེ་ལ་སྐྱོན་དུ་མི་བལྟ་སྟེ། སྔོན་ཆད་འཕྲོ་བ་ཤ་སྟག་ཡིན་ཀྱང་ངོས་མ་ཟིན་པ་དེ་འདི་སྐབས་འཕྲོ་གནས་ཀྱི་དབྱེ་བ་ཤེས་པ་ཡིན་ཚེ། ཞི་གནས་དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུ་ཅེས་བྱ། དེ་ལྟར་བསྐྱངས་པས་རྣམ་རྟོག་ཕལ་ཆེར་མགོ་ནོན་ཏེ་འཇམ་ཉལ་གྱི་འགྲོ་ཞིང་ལུས་སེམས་བདེ་འབོལ་གྱི་སོང་བས་བྱ་བྱེད་གཞན་ལ་ཞེན་པ་མི་འཇུག་པར་མཉམ་བཞག་ལ་སྤྲོ་ཞིང་། ཐེང་རེ་ཙམ་ལས་གཞན་རྟོག་པའི་འགྱུ་འཕྲོ་མེད་པའི་གནས་པ་ཤས་ཆེར་


TR002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ནི། ཞི་གནས་བར་མ་ཆུ་བོ་དལ་འབབས་ལྟ་བུ་དང་། སླར་ཡང་རྣམ་གཡེང་མེད་པར་བརྩོན་པས་ཉམས་སུ་བླངས་ན། ལུས་ཀྱི་ཚོར་བའི་ཟུག་རྔུ་གང་ཡང་མེད་པར་བདེ་ཆམ་མེ། སེམས་གསལ་དངས་རྟོག་པ་མེད་པར་ཉིན་མཚན་འདས་པ་མི་ཚོར་ཞིང་ཇི་ཙམ་མཉམ་པར་གཞག་གི་བར་དུ་གཡོ་བ་མེད་ཅིང་རྐྱེན་གྱིས་མི་གནོད་ལ། ཉོན་མོངས་མངོན་གྱུར་ཞི་ཞིང་ཟས་གོས་སོགས་ཀྱི་ཞེན་པ་ཆེར་མི་འབྱུང་བ་དང་། ཟག་བཅས་ཀྱི་མངོན་ཤེས་དང་གསལ་སྣང་གི་ཉམས་ཀྱི་བྱེ་བྲག་སྣ་ཚོགས་འཆར་བ་སོགས་ཐུན་མོང་གི་ཡོན་ཏན་ལྟར་སྣང་བ་དུ་མ་འབྱུང་བ་ནི་ཞི་གནས་མཐར་ཐུག་རྒྱ་མཚོ་མི་གཡོ་བ་ལྟ་བུ་ཞེས་བྱ་ཞིང་། འདི་སྐབས་སུ་བླ་མ་ཉམས་མྱོང་ཅན་དང་མ་ཕྲད་ཅིང་སྙིང་རུས་ཆེ་ལ་ཐོས་པ་ཆུང་བའི་སྒོམ་ཆེན་པ་མང་པོ་ཡོན་ཏན་ལྟར་


TR002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ལ་རློམ་སེམས་སྐྱེས་ཤིང་། སྐྱེ་བོ་དག་གིས་ཀྱང་གྲུབ་ཐོབ་ཏུ་མཐོང་བ་ལ་བརྟེན་ནས་རང་གཞན་མང་པོ་ཕུང་ཉེན་ཡོད་པས་གཟབས་འཚལ་ལོ། དེ་ལྟར་ཞི་གནས་ཀྱི་སྒོམ་རྐྱང་པས་ནི། ཕྱག་རྒྱ་ཆེན་པོའི་ཉམས་ལེན་དངོས་གཞིར་རུང་བ་མ་ཡིན་ཀྱང་གཞི་རྟེན་གྱི་ཚུལ་དུ་ངེས་པར་གལ་ཆེ་བར་གསུངས་ཤིང་། དེ་ཡང་། རྒྱལ་བ་ལོ་རས་ཀྱིས། གསལ་ཆ་མེད་པའི་ཞི་གནས་ལྟེང་པོ། །བསྒོམ་ཡུན་རིང་ཡང་དོན་མི་རྟོགས་ཀྱི། ལྟར་སྟངས་རིག་པའི་ངར་དང་ལྡན་པས། ཐུན་ཆུང་འཕྲོ་ལ་འཐུད་ཅིང་བསྒོམ་ཅིག །ཅེས་གསུངས་སོ། །དངོས་གཞི་ལྷག་མཐོང་ནི། དེ་ཡང་སེམས་ཀྱི་ངོ་བོ་ལ་དབྱིབས་ཁ་དོག་སོགས་མཚན་མ་དངོས་ཅན་དུ་གྲུབ་མ་གྲུབ་དང་། བྱུང་གནས་འགྲོ་གསུམ། སྐྱེ་འགགས་ཡོད་མེད་རྟག་ཆད་མཐའ་དབུས་ལ་སོགས་ཀྱི་བརྡར་ཤའི་ཐེ་ཚོམ་ཕུ་ཐག་མ་


TR002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ན་ལྟ་བ་ཡིན་ལུགས་ཀྱི་ཐོག་ཏུ་མི་ཕེབས། དེ་མ་ཕེབས་ན་སྒོམ་རང་བབས་རང་འགྲོས་ཀྱི་སྐྱོང་ཚུལ་མི་ཤེས། དེ་མ་ཤེས་ཚེ་ཞི་གནས་བླུན་རྨོངས་དང་སྡུག་བཙིར་སེམས་འཛིན་གྱི་སྙིང་རུས་ཇི་ཙམ་བྱས་ཀྱང་ཁམས་གསུམ་འཁོར་བའི་རྒྱུ་འབྲས་ལས་མ་འདས་ཚེ། དེས་ན་བླ་མ་མཚན་ལྡན་གྱི་དྲུང་དུ་སྒྲོ་ལྟོག་གཅད་ཅིང་། ཁྱད་པར་གསང་སྔགས་བྱིན་རླབས་ཀྱི་ལམ་པ་ཡིན་ཕྱིར་མོས་གུས་གསོལ་འདེབས་ལ་འབད་པས་རྒྱུད་པའི་བྱིན་རླབས་ཀྱི་རྟོགས་པ་འཕོ་ཐབས་ལ་འབུངས། དེ་ལྟར་བྱས་ཚེ་རང་གི་རིག་པ་ཡེ་གདོད་མ་ནས་ཆོས་སྐུའི་ངོ་བོར་ལྷུན་གྲུབ་ཏུ་ཡོད་པའི་ཚུལ་སྔར་ལྟ་བའི་སྐབས་སུ་བཤད་པ་བཞིན། མངོན་སུམ་རྟོག་བྲལ་གྱི་ཡེ་ཤེས་ཡོད་མེད་ཡིན་མིན་རྟག་ཆད་གང་གི་ཡང་མཐར་མ་ལྷུངས་ཤིང་། གསལ་རིག་སྟོང་གསུམ་དབྱེར་མེད་དུ་མྱོང་ཞིང་ཤེས་


TR002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དཔེས་མཚོན་དུ་མེད་ལ་ཚིག་གིས་བརྗོད་ཐབས་ཟད་པ། རང་བྱུང་རང་གསལ་དུ་ཧྲིག་གེ་བ་འདི་ལ་ལྷག་མཐོང་ཞེས་མིང་དུ་བཏགས་མོད་ཀྱི། འདི་ཉིད་དངོས་པོ་སོ་སོ་སྐྱེ་བོའི་དུས་ནས་རང་དང་འདུ་འབྲལ་སྐད་ཅིག་མེད་ཀྱང་གདམ་ངག་དང་བྱིན་རླབས་ཀྱིས་མ་ཟིན་པས་ངོ་མ་ཤེས། བར་དུ་ཞི་གནས་ལ་མཉམ་པར་གཞག་མཁན་ནམ། གནས་མི་གནས་བལྟ་མཁན་སོགས་ཐམས་ཅད་ཁོ་རང་ཡིན་ཀྱང་རང་གིས་རང་མ་མཐོང་བ་ལྟ་བུར་གྱུར་པ་སྟེ། ཐ་མལ་པའི་དུས་ཀྱི་རྣམ་རྟོག་ལུ་གུ་རྒྱུད་དུ་འཕྲོ་བ་དེ་ཉིད་ལྷག་མཐོང་ཁོ་རང་རྣམ་རྟོག་ཏུ་སྣང་བ་ལས་གཞན་མིན་ལ། ཞི་གནས་ཀྱི་ཉམས་དང་བདེ་གསལ་མི་རྟོག་དེ་ཐམས་ཅད་ལྷག་མཐོང་གི་རིག་པ་ཁོ་རང་དག་ཏུ་ཤར་བ་ལས་གཞན་མིན་ཀྱང་། བློ་བྲལ་རྗེན་པའི་རང་ངོ་མ་རིག་ན་གནས་ཆ་རྐྱང་པ་སོང་ནས་བྱང་ཆུབ་ཀྱི་རྒྱུ་རུ་


TR002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོ་བ་ཡིན་ཞིང་། རང་ངོ་མཐོང་ཕྱིན་ཆད་ནི་གནས་འཕྲོ་གང་ཡང་ལྷག་མཐོང་ངམ་ཕྱག་རྒྱ་ཆེན་པོར་མ་གྱུར་པ་ཅི་ཡང་མེད། ལོ་རས་ཀྱི། ཚོགས་དྲུག་ཡུལ་དུ་ཅིར་ཤར་ཀྱང་། ཡིད་ཀྱི་འཛིན་པ་མ་ཞུགས་ན། ཐམས་ཅད་རང་སྣང་རང་གྲོལ་ཡིན། དབྱེར་མེད་རྟོགས་བསམ་སྒོམ་ཆེན་ཀུན། ཅེས་གསུངས་སོ། །དེ་ཡང་སྤྱི་ལྟར་ན། རྣམ་རྟོག་རང་སར་ཞི་ནས་སེམས་བདེ་གསལ་མི་རྟོག་གི་ངང་དུ་གནས་པ་ནི་ཞི་གནས། སེམས་ཀྱི་ངོ་བོ་རང་གསལ་ཡུལ་མེད་སྒྲོ་སྐུར་དང་བྲལ་བ་རྗེན་ནེ་ལྷང་ངེར་མཐོང་བ་ནི་ལྷག་མཐོང་། ཅེས་པ་དང་། ཡང་རྣམ་རྟོག་འཕྲོ་འདུ་བྲལ་བ་ཞི་གནས། འགྱུ་བ་རང་ངོ་ཤེས་པ་ལྷག་མཐོང་། ཅེས་སོགས་མང་ཡང་དོན་ལ་ནི་གང་སྣང་ཅིར་ཤར་ཐམས་ཅད་ཞི་ལྷག་དབྱེར་མེད་ཁོ་ན་ལས་མ་འདས་ཏེ། གནས་པ་དང་འགྱུ་བ་ནི་སེམས་ཁོ་རང་གཅིག་པུའི་


TR002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་ལས་མ་འདས་པས། དེ་གཉིས་གང་གི་ཚེ་ཡང་རང་ངོ་ཤེས་ན་ལྷག་མཐོང་གི་རང་བཞིན་ཉིད་དང་། ཕྱི་རོལ་ཚོགས་དྲུག་གི་སྣང་བ་གང་ལ་ཡང་ཨ་འཐས་ཀྱི་ཞེན་པ་མ་ཞུགས་པ་ནི་ཞི་གནས། འཆར་སྒོ་འགག་མེད་དུ་སྣང་བ་ལྷག་མཐོང་སྟེ། སྣང་ཐོག་ཏུ་ཞི་ལྷག་ཟུང་འཇུག་ཚང་། རྣམ་རྟོག་ལྷངས་ཀྱི་ཤར་ཚེ་རང་ངོ་ཧྲིག་གིས་ཤེས་པར་བྱེད་པ་ཞི་གནས། དེ་ཉིད་རང་སེམས་བློ་བྲལ་རྗེན་པར་གྲོལ་བ་ལྷག་མཐོང་སྟེ། རྟོག་ཐོག་ན་ཡང་ཞི་ལྷག་ཟུང་འཇུག །ཡང་། ཉོན་མོངས་པ་ཤིན་ཏུ་དྲག་པོ་ཞིག་སྐྱེས་པའི་ཚེ་ནའང་དེའི་རྗེས་སུ་ཨ་འཐས་མ་སོང་བ་རང་ངོ་ལ་བལྟ་བ་ནི་ཞི་གནས། བལྟ་མཁན་གྱི་རིག་པ་དང་བལྟ་བའི་ཉོན་མོངས་སོ་སོར་མ་གྲུབ་པའི་གསལ་སྟོང་རྗེན་པ་ནི་ལྷག་མཐོང་སྟེ། ཉོན་མོངས་ཀྱི་ཐོག་ཏུ་ཡང་ཞི་ལྷག་ཟུང་འཇུག་ཚང་སྟེ། མདོར་ན་སེམས་ཉིད་རང་གི་ངོ་བོ་


TR002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་གནས་འགྱུ་འཕྲོ་འདུ་བཟང་ངན་དུ་གྲུབ་པ་མེད་ཅིང་། དེ་དག་ཏུ་སྣང་བ་རྣམས་ནི་རོལ་རྩལ་ལས་འགག་མེད་ཀྱི་འཆར་ཚུལ་ཙམ་ཡིན་ཚེ། ཞི་གནས་ལྷག་མཐོང་ཀྱང་དེ་བཞིན་དུ་དབྱེར་མེད་ཟུང་འཇུག་ཁོ་ནར་གྲུབ་ཀྱང་། རྣམ་པ་ལྟར་གང་ཟག་གིས་འཇུག་པ་བདེ་བའི་སླད་དུ་མིང་དང་དབྱེ་བ་སོ་སོར་བསྟན་ལ། གོང་དུ་ཞི་གནས་རྐྱང་པས་ཕྱག་ཆེན་གྱི་སྒོམ་དངོས་གཞི་རུ་གོ་མི་ཆོད་པར་བཤད་པའི་རྒྱུ་མཚན་ཡང་། གནས་ཆ་གཅིག་པུ་ནི་འཇིག་རྟེན་གྱི་བསམ་གཏན་ཞེས། ཕྱི་རོལ་མུ་སྟེགས་པ་དང་། ནང་པའི་ཡང་ཉན་རང་གི་བསམ་གཏན་དག་དང་། ལྷ་གནས་རྣམས་ཀྱི་ཏིང་འཛིན་དང་ཐུན་མོང་བ་ཡིན་ཕྱིར། སྔགས་ཀྱི་དབང་བཞི་པའི་ལམ་དངོས་མ་ཡིན་པ་དང་། ཁྱད་པར་གནས་ཉམས་ལ་ཞེན་འཛིན་ཡོད་པ་ནི་ཕྱག་རྒྱ་ཆེན་པོར་མི་རུང་ལ། ཕྱག་ཆེན་ནི་སྣང་སྲིད་ཆོས་


TR002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལམ་བྱེད་ཀྱི་སྐབས་ཡིན་ཚེ། གནས་པ་དང་འགྱུར་བ་གཉིས་ལ་བཟང་ངན་དང་སྒོམ་ཡིན་མིན་གྱི་སྤང་བླང་བྱེད་ན་སྣང་སྲིད་ཆོས་སྐུ་ཅིར་སྣང་ཕྱག་ཆེན་གང་ཤར་བཟོ་མེད་དུ་མི་རུང་བས་སོ།། ༈ །།དེ་ལྟར་ཞི་ལྷག་གི་དོན་མདོ་ཙམ་སྨོས་ནས། ད་ནི་སྐྱོན་ཡོན་དང་གོལ་སའི་བྱེ་བྲག་ཅུང་ཟད་འཆད་དེ། འདི་ལའང་སྤྱིར་མཉམ་བཞག་སྐྱོང་ཚུལ་མ་ཤེས་པའི་ནོར་ས་དང་། བྱེ་བྲག་ཏུ་གོལ་ས་དང་། ཤོར་སའི་རྣམ་གྲངས་སྐྱོན་སེལ་བཤད་པ་དང་གཉིས་ཀྱི། དང་པོ་ནི། དེ་ཡང་ཕྱག་རྫོགས་ལམ་གཅོད་ཞི་བྱེད་སོགས་སྒོམ་གྱི་མན་ངག་ཟབ་རྒྱས་མཐའ་ཡས་པ་ཀུན་གྱི་དགོངས་པའི་གནད་གཅིག་ཏུ་མཐུན་པར་རང་སེམས་མ་བཅོས་པར་འཇོག་པ་ཉིད་ལགས་ཀྱང་། གང་ཟག་སོ་སོའི་གོ་ཚུལ་གྱི་དབང་གིས་སྣ་ཚོགས་ཞིག་སྣང་མོད་དེ། དེ་ལས་སྒོམ་ཆེན་པ་འགའ་ཞིག་ནི། ཚོགས་དྲུག་གི་སྣང་བ་ཕྲ་རགས་ཐམས་ཅད་


TR002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པའི་ཤེས་པ་རྟོགས་མེད་ཁོ་ན་ལ་སྒོམ་དུ་འཛིན་པར་གདའ་སྟེ། དེ་ནི་ཞི་གནས་ལྡེང་པོར་གོལ་བ་དང་། འགའ་ཞིག་ནི་དྲན་རིགས་གིས་མ་ཟིན་པའི་གཏི་མུག་ལུང་མ་བསྟན་ལ་སྒོམ་བརྟན་པོ་རུ་རློམ། ལ་ལས་ནི་སེམས་གསལ་སེང་ངེ་བ་དང་། བདེ་ལྷན་ནེ་བ་དང་། སྟོང་ཆམ་མེ་བ་སོགས་ལ་སྒོམ་དུ་འཛིན་ཏེ་ཉམས་ལ་ཞེན། ལ་ལས་རྟོག་པ་སྔ་མ་འགགས་ནས་ཕྱི་མ་སྐྱེས་པའི་བར་གྱི་ཤེས་པ་ཧད་པོ་ཁོ་ན་དགོས་པར་འདོད་དེ་སྒོམ་དུམ་བུ་རུ་ཆད། ཡང་ལ་ལས་ནི་སེམས་ཉིད་ཆོས་སྐུ་ཡིན་ནོ། །སྟོང་པ་ཡིན། ངོས་བཟུང་མེད་དོ་སྙམ་པ་སོགས་ཡིད་ལ་བཅངས་པ་དང་། དེ་བཞིན་དུ་ཐམས་ཅད་བདེན་པར་མ་གྲུབ་པའོ། །སྒྱུ་མ་ལྟ་བུའོ། །ནམ་མཁའ་ལྟ་བུའོ། །སྙམ་པ་ལ་སོགས་པའི་འཛིན་སྟངས་ལ་སྒོམ་དུ་འདོད་པ་ནི་བློས་བྱས་ཡིད་དཔྱོད་ཀྱི་མཐར་ལྷུངས་


TR002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་ནི། གང་དྲན་ཅིར་ཤར་ཐམས་ཅད་སྒོམ་གྱི་རང་བཞིན་ཡིན་ཟེར་ནས། རྣམ་རྟོག་ཐ་མལ་བའི་དབང་དུ་བཏང་བས་སྨྱོན་པར་གོལ། གཞན་དག་ཕལ་ཆེར་ནི་འགྱུ་བ་ལ་སྐྱོན་དུ་བལྟ་ཞིང་དགག་པ་དང་། འགྱུས་པ་དེ་ཚུར་བཀུག་ནས་སྒོམ་ལ་འཇོག་པར་འདོད་ཅིང་། འཇུར་དྲན་དམ་པོས་སྡུག་འཚིར་དུ་འཆིང་བར་བྱེད་པ་སོགས་ཏེ། མདོར་ན་སེམས་ཉིད་འདི་གནས་སམ། འགྱུའམ། རྣམ་རྟོག་དང་ཉོན་མོངས་སུ་ཀར་རེ་འདུག་གམ། བདེ་གསལ་མི་རྟོག་གང་རུང་དུ་ལྷན་ནེར་འདུག་གམ། གང་ལྟར་སྣང་ཀྱང་དེ་ཀའི་རང་ཐོག་ཏུ་བཟོ་བཅོས་སྤོང་བསྒྱུར་མི་དགོས་པར་གཉུག་མ་ལྷན་སྐྱེས་ཀྱི་རང་འགྲོས་བསྐྱངས་ཤེས་པ་ནི་ཤིན་ཏུ་དཀོན་པར་མཆིས་ཚེ་ངེས་དོན་གྱི་མདོ་རྒྱུད་དང་། གྲུབ་ཐོབ་རྒྱུད་པའི་བཀའ་འབུམ་མན་ངག་ཁྲིད་ཡིག་སོགས་ཀྱི་དགོངས་པ་དངོས་བསྟན་དང་མཐུན་པའི་ཉམས་


TR002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་སྐྱོན་མེད་ཞིག་དགོས་པར་སྣང་ངོ་།། ༈ །།བྱེ་བྲག་གི་གོལ་ས་དང་ཤོར་སའི་དབྱེ་བསལ་ནི་སྒྲུབ་རྒྱུད་གོང་མ་རྣམས་ཀྱི་གསུང་ལས་ཞིབ་རྒྱས་འབྱུང་མོད་ཀྱི། འདིར་ཡང་རྐང་གྲངས་བརྡ་ཚོན་ཙམ་བཤད་ན། དེ་ཡང་མཉམ་གཞག་གི་སྐབས་སུ་བདེ་གསལ་མི་རྟོག་གསུམ་གང་རུང་གི་ཉམས་ལ་ཞེན་ན། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་དང་གསུམ་དུ་སྐྱེ་བའི་རྒྱུ་བྱེད་ལ། དེ་དག་ཏུ་སྐྱེས་ནས་ཚེ་ཚད་རྫོགས་པ་དང་སླར་ངན་སོང་དུ་ལྷུང་བ་ལས་སངས་རྒྱས་ཀྱི་ལམ་དུ་མི་འགྱུར་ཞིང་། དེ་ཚུལ་ཞིབ་ཏུ་དབྱེ་ན། བྱེ་བྲག་ཏུ་སྙོམས་འཇུག་གི་བསམ་གཏན་དགུ་ཡོད་དེ། དེ་ཡང་ཞི་གནས་ལ་མཉམ་པར་བཞག་ཚེ། གཟུང་འཛིན་རག་རྟོག་མེད་ཀྱང་བསྒོམ་བྱ་སྒོམ་བྱེད་ཀྱི་བློས་བཅིང་བ་ནི་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཅེས་བྱ་སྟེ།


TR002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ན། བསམ་གཏན་དང་པོའི་ལྷ་གནས་རྣམས་ན་དེ་ལྟར་བསྒོམ་པ་ཡིན་ཚེ། དེ་ལྟ་ཡང་དེ་བཞིན་བསྒོམ་ན་བསམ་གཏན་དང་པོ་པའི་ལྷ་རུ་སྐྱེ་བའི་རྒྱུ་བྱེད་དོ། །དེ་བཞིན་དུ། རྟོག་དཔྱོད་ཀྱི་ཤེས་པ་མེད་ཀྱང་དགའ་བདེའི་ཏིང་ངེ་འཛིན་གྱི་རོ་མྱང་བར་བྱེད་པ་ནི་བསམ་གཏན་གཉིས་པ། སེམས་གཡོ་བ་མེད་ཅིང་དབུགས་ཀྱི་འབྱུང་རྔུབ་ཙམ་ལ་བརྟེན་པ་ནི་བསམ་གཏན་གསུམ་པ། རྣམ་རྟོག་ཐམས་ཅད་དང་བྲལ་ལ་གསལ་བའི་གོ་མ་འགགས་པ་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པ་སྟེ། དེ་ལྟར་འདི་དག་ནི་འཇིག་རྟེན་པའི་ཏིང་ངེ་འཛིན་རྣམས་ཀྱི་ནང་ནས་ནི་མཆོག་ཏུ་གྲགས་ཤིང་ལྷག་མཐོང་གི་གཞི་རྟེན་ཡིན་ཀྱང་། ཞེན་པས་བསྒོམས་ན་ཕྱག་ཆེན་གྱི་གོལ་སར་འགྱུར་ཏེ་བསམ་གཏན་གྱི་ལྷ་དེ་དག་ཏུ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་


TR002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སོ། སྙམ་པ་དང་། ༡ རྣམ་པར་ཤེས་པ་འདི་ནི་ཕྱོགས་སུ་མ་ལྷུང་མ་གྲུབ་ཅིང་མཐའ་ཡས་པའོ། །སྙམ་པ་དང་། ༢ འདུ་ཤེས་ནི་མེད་པ་དང་ཡོད་པ་མ་ཡིན་ཏེ་བློས་བྱར་མེད་དོ། །སྙམ་པ་དང་། ༣ སེམས་འདི་ནི་ཅི་ཡང་མེད་པའི་སྟོང་པའོ་སྙམ་པ་སྟེ། ༤ དེ་ལྟར་རིམ་པ་བཞི་པོ་འདི་ངང་ལ་འཇོག་ན། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཡོད་མིན་མེད་མིན་ཅི་ཡང་མེད་པ་སྟེ། གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ་བའི་སྐྱོན་ཅན་ནོ། །དེ་ཐམས་ཅད་ཀྱི་རྟོག་པ་སྤང་བའི་སེམས་ཉིད་ཡུལ་ལ་འཇུག་པ་བཀག་ཅིང་རླུང་སེམས་རྒྱུ་བ་ཆད་པར་གནས་པ་ནི་ཉན་ཐོས་ཞི་བའི་ཏིང་འཛིན་ཡིན་ཏེ། འདི་ཞི་གནས་ཀྱི་མཐར་ཐུག་ཏུ་བཤད་ཀྱང་ལྷག་མཐོང་གིས་མ་ཟིན་ཚེ། འདི་སྐབས་ཀྱི་སྒོམ་སྐྱོན་མེད་ནི་མ་ཡིན་ནོ། །དེ་ལྟར་སྙོམས་འཇུག་


TR002_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གི་བསམ་གཏན་དགུ་པོ་དག་སོ་སོས་གནས་སྐབས་སུ་མངོན་ཤེས་རྫུ་འཕྲུལ་སོགས་འགྲུབ་པའི་ཡོན་ཏན་ཙམ་ཡོད་ཀྱང་། འདིར་ནི་མཐར་ཐུག་གི་འབྲས་བུ་རྫོགས་བྱང་ཉིད་བསྒྲུབ་པ་ལས། ཀུན་རྫོབ་ལྟར་སྣང་གི་ཡོན་ཏན་མི་བསྒྲུབས་ཅིང་། གལ་ཏེ་ཤུགས་ཀྱིས་འགྲུབ་ཀྱང་དེ་ལ་ཞེན་པ་དང་རློམ་སེམས་སྐྱེས་ན་བྱང་ཆུབ་ཀྱི་བར་ཆད་དངོས་ཡིན་པའི་ཚུལ་རྣམས་ཤེས་དགོས་སོ།། ༈ །།དེ་ལྟར་ནོར་སའམ་གོལ་ས་བཤད་ན་ད་ནི་ཤོར་ས་བརྒྱད་ཀྱི་རྣམ་གྲངས་སྟོན་ཏེ། དེ་ཡང་སེམས་ཉིད་རྣམ་ཀུན་མཆོག་ལྡན་སྣང་སྟོང་ཟུང་འཇུག་རྒྱུ་འབྲས་རྟེན་འབྲེལ་འགགས་མེད་དུ་མེ་རྟོགས་པར། སྟོང་པ་ཁ་ལྟ་ལ་འབྱམས་པ་ནི་སྟོང་ཉིད་གཤིས་ལ་ཡེ་ཤོར་དུ་སོང་བ་ཞེས་བྱ་བ་ཡིན་པས། དེའི་སྐྱོན་རིག་པར་བྱ་ཞིང་། ༡ དེ་བཞིན་དུ། སྒོམ་ལ་ཞུགས་ནས་དོན་ཡིན་ཚུལ་ཙམ་གོ་ཡང་། ཉམས་མྱོང་རྒྱུད་ལ་མ་སྐྱེས་ཤིང་


TR002_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་དག་ཀྱང་བརྗེད་དེ། གཞན་ལ་ཚིག་འཆད་ཤེས་ཀྱང་དོན་རང་གི་རྒྱུད་ལ་མེད་པ་དེ་ལ་གཤིས་ཀྱི་ཕྲལ་ཤོར་ཞེས་བྱའོ། ༢ །ཡང་། ད་ལྟ་དགོས་རྒྱུ་འདི་ལམ་ཡིན་ལ། ཕྱིས་ནས་འབྲས་བུ་གཞན་ཞིག་ཐོབ་རྒྱུར་འདོད་པ་ལ། ལམ་གྱི་ཡེ་ཤོར་ཟེར་ལ། ༣ རང་སེམས་ཐ་མལ་ཤེས་པ་སྐྱོང་བ་འདིས་གོ་མི་ཆོད་པར་བློས་བྱས་ཀྱི་སྒོམ་བཟང་བཟང་པོར་འདོད་པ་ཅིག་ལོགས་སུ་འཚོལ་བ་ལ། ལམ་གྱི་ཕྲལ་ཤོར་ཞེས་བྱ། ༤ ཡང་། ཉོན་མོངས་ལྟ་བུ་སྐྱེས་པའི་ཚེ་དེའི་རང་ངོ་ལམ་ཁྱེར་མི་ཤེས་པར། ཐེག་པ་འོག་མ་ལྟར་ཐབས་གཞན་ཞིག་བསྒོམ་པ་ནི། གཉེན་པོའི་ཡེ་ཤོར་ཟེར། ༥ རྣམ་རྟོག་ལྟ་བུ་གང་སྐྱེས་ལམ་དུ་ལྷོངས་མ་ཤེས་པར། རྐྱེན་དེ་བཀག་པའམ། བཤིག་ནས་སྒོམ་ལ་ཕབ་དགོས་ན། གཉེན་


TR002_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྲལ་ཤོར་དུ་གོལ། ༦ ཡང་། སེམས་ཉིད་ཡེ་སྟོང་རྩ་བྲལ་གྱི་ཡིན་ཚུལ་མ་གོ་བར། རང་བཞིན་མ་གྲུབ་པའོ། །སྟོང་ཉིད་དུ་གྱུར་པའོ། །སྙམ་པ་ལ་སོགས་བློས་བཅོས་པ་དང་། ཉི་ཚེ་བའི་སྟོང་པ་སོགས། སྟོང་ཉིད་རྒྱས་འདེབས་སུ་ཡེ་ཤོར་དང་། ༧ སྔོན་མ་རྣམ་རྟོག་གི་རྗེས་སུ་འབྲེངས་ནས་ཡེངས་སོ། །ད་སླར་ལེགས་པོར་བསྒོམ་མོ་སྙམ་པའི་རྟོག་པ་ཁོ་རང་འཕྲོ་འཐུད་པའི་ངང་ལ་སོང་བའམ་དྲན་རིག་མེད་ཀྱང་ཡོད་དོ་སྙམ་པ་ལ་སོགས་རྒྱས་འདེབས་ཕྲལ་ཤོར་ཏེ། ༨ མདོར་ན་གནས་ལུགས་ཀྱི་རང་མཚང་མ་རིག་ཅིང་ཡིན་ལུགས་ཀྱི་སྒྲོ་འདོགས་མ་ཆོད་པའི་གནད་ཀྱིས། སྒོམ་འདྲ་མིན་དུ་ཤོར་བའི་རིགས་འདི་དག་དང་གཞན་ཡང་སྣ་ཚོགས་འབྱུང་ཉེན་ཡོད་ལ་འདྲ་མིན་གྱི་སྒོམ་ལ་ཇི་ཙམ་འབུངས་ཀྱང་ངལ་བ་དོན་མེད་དང་། འགའ་ཞིག་གིས་ནི་གནས། ཞི་གནས་འགོག་པ་བསྒོམས་པས་ཀླུར་སྐྱེ་བ་སོགས།


TR002_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལེན་གྱི་རྒྱུ་རྐྱེན་བྱེད་པས། དེ་ན་སྒོམ་མ་ནོར་བ་ཞིག་གལ་ཆེ་བ་དང་། གཞན་ཡང་འགའ་ཞིག་གིས་སེམས་རྟོག་མེད་བྱིང་རྨུགས་ལ་ཞི་གནས་སུ་འཛིན་པ་དང་། རྟོག་པས་བརྟགས་དཔྱད་ལ་ལྷག་མཐོང་དུ་བརློམ་པ་དང་ཨ་འཐས་འཇུར་འཛིན་ལ་དྲན་པར་འདོད་པ་དང་། བཏང་སྙོམས་ལུང་མ་བསྟན་ལ་བཅོས་མིན་དུ་ནོར་བ་དང་། གནས་ལུགས་ཀྱི་རང་ཞལ་མ་མཐོང་བའི་ཐ་མལ་པའི་ཤེས་པ་ཕལ་པ་དང་བཟོ་བཅོས་མེད་པའི་གཉུག་མ་ཐ་མལ་ཤེས་པ་གཉིས་ནོར་བ་དང་། ཏིང་འཛིན་བཟང་ཞེན་ནམ། ཟག་བཅས་ཀྱི་བདེ་བ་ཙམ་ལ་ཟུག་རྔུ་མེད་པ་རང་བཞིན་མཆོག་གི་བདེ་བར་འདོད་པ་དང་། གནས་ལུགས་ཡུལ་མེད་རང་ངོ་ཤེས་པའི་ངེས་པ་མ་རྙེད་པར་སྣང་ཡུལ་ལ་ཞེན་འཛིན་ཞུགས་པ་དང་ཡུལ་མེད་འཛིན་པ་བྲལ་བའི་


TR002_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རང་གསལ་འགགས་མེད་གཉིས་ནོར་བ་དང་། གསལ་ཆ་འགག་པའི་གཏི་མུག་ལ་མི་རྟོག་ཡེ་ཤེས་སུ་ནོར་བ་སོགས། མདོར་བསྡུས་ན། ནོར་འཁྲུལ་འདྲ་མིན་ཤོར་གོལ་གྱི་རིགས་མཐའ་དག་འབྱུང་བའི་རྒྱུ་ནི། དང་པོར་ཚོགས་བསགས་སྒྲིབ་སྦྱོང་སོགས་སྔོན་འགྲོ་ལ་གནད་དུ་མ་བསྣུན་པས་ལས་ངན་གྱི་དྲི་མ་མ་དག་པ་དང་། བར་དུ་བྱིན་རླབས་ཀྱི་རླན་གྱིས་མ་ཐུལ་བས་རང་རྒྱུད་ཐ་རྒོད་རེངས་པ་དང་། དངོས་གཞི་སྒྲོ་འདོགས་ཐམས་ཅད་སེམས་ཐོག་ཏུ་མ་ཆོད་པས་ཁ་ཆོས་ཚིག་འབྱམས་སུ་དྲེད་པ་དང་། ཐ་མར་ཉམས་ལེན་རྒྱུད་ལ་མ་ཁེལ་བས་ཆོས་མིན་འཇིག་རྟེན་མིན་གྱི་སེར་གཟུགས་སྒྲུབ་རྒྱུད་བསྟན་པའི་རླ་ཚོང་དུ་གྱུར་པའི་རིགས་ཅན་མང་པོ་སྙིགས་མའི་ཡང་ཐ་འདིར་མཆིས་ཏེ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ལས་ཀྱི་རྣམ་སྨིན་རྒྱུ་འབྲས་མི་འདོད་པ། དེ་ནི་མུ་སྟེགས་ཆད་པར་སྨྲ་བ་སྟེ། ཤི་མ་ཐག་


TR002_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མནར་མེད་དམྱལ་བར་སྐྱེ། འདི་ནི་གཞན་ཕུང་རང་ཡང་རླག་པར་བྱེད། །ཅེས་གསུངས་པ་དེ་ལྟ་བུར་མ་གྱུར་པའི་རང་མགོ་བསྒྲིམ་པ་ལ་འབད་པ་གལ་ཆེ་བར་གདའོ། དེ་ལྟར་ལྟ་སྒོམ་ནོར་འཁྲུལ་ཤོར་གོལ་གྱི་དབང་དུ་མ་སོང་བར་མཉམ་བཞག་ལ་རྩེ་གཅིག་ཏུ་འབད་ཅིང་། རྗེས་ཤེས་ཀྱང་བློས་བཏང་ཐ་མལ་འཁྲུལ་འབྱམས་ལ་མི་བསྡད་པར་དྲན་རིག་གིས་ཟིན་པར་བྱས་ན། གང་ཟག་གི་བློ་ཁྱད་དང་དབང་པོའི་རིམ་པ་གང་ཡིན་དང་མཐུན་པའི་ཉམས་རྟོགས་འབྱུང་ལ། སྤྱིར་སྙམ་བྱེད་ཀྱི་སྐབས་འདི་ལ་མཁས་གྲུབ་སོ་སོའི་བཞེད་པ་མི་གཅིག་པ་དུ་མའི་དབང་གི་ངོས་འཛིན་ཚུལ་ཐ་དད་པ་མང་པོ་འབྱུང་སྟེ། ལ་ལས་རྣལ་འབྱོར་བཞིའི་སྤྲོས་བྲལ་མན་ཆད་ལ་མཉམ་རྗེས་དངོས་བསྟན་མེད་པར་གསུངས་པ་དང་། འགའ་ཞིག་གིས་ཉམས་ཀྱི་མཉམ་རྗེས་དང་རྟོགས་པའི་


TR002_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་རྗེས་སོ་སོར་དབྱེ་བ་དང་། ལ་ལས་རྣལ་འབྱོར་བཞི་སོ་སོ་ལ་རང་པའི་མཉམ་རྗེས་རེ་ཐ་དད་དུ་གསུངས་པ་སོགས་མཐའ་ཡས་མོད་ཅིང་། དེ་བཞིན་དུ་ཉམས་དང་རྟོགས་པའི་ཁྱད་པར་ཀྱང་སྣ་ཚོགས་པའི་ཚུལ་དང་། རྩེ་གཅིག་གསུམ་ག་ཉམས་ཁོ་ན་ལས་རྟོགས་པ་དངོས་མིན་པར་གསུངས་པ་དང་། འགའ་ཞིག་གིས་ནི་སྒོམ་མེད་ལ་ཟིན་ཚེ་སེམས་ཀྱི་ངོ་བོ་མཐོང་བར་བཞེད་པ་སོགས་ཕྲ་ཞིབས་ཀྱི་དབྱེ་ཆོས་གྲངས་མེད་པ་ཞིག་སྣང་ལ། གང་ཟག་གི་མོས་ཁམས་བསམ་ཡས་ཇི་སྙེད་ཀྱི་གདུལ་ཐབས་ལ་དགོངས་པའི་ཐུགས་རྗེའི་རྣམ་རོལ་ཡིན་ཕྱིར་བདེན་པ་ཁོ་ནར་གོར་མ་ཆགས་ཕྱིར་སྐྱབས་སུ་མཆི་ཞིང་། ཁོ་བོ་ནི་དེ་ལྟ་བུའི་ས་མཚམས་རྣམས་སུ་མ་སླེབ་མ་མཐོང་མི་ཤེས་པས་འདི་དང་འདི་ནི་ཡིན་ཞིང་འཐད་ལ་འདི་དང་འདི་དག་ནི་མ་ཡིན་ཅིང་མི་འཐད་པའི་གཏན་ཚིག་འདིའོ་ཞེས་ཅི་ཞིག་སྨྲ་སྟེ།


TR002_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དམུས་ལོང་གིས་ཁ་དོག་བཟང་ངན་གྱི་དབྱེ་བ་མི་ནུས་པ་ལྟ་བུའོ། འོན་ཀྱང་རང་སྐལ་གྱི་གོ་ཚོད་ཙམ་ལ་བརྟེན་ནས་མདོ་ཙམ་བརྗོད་ན། དེ་ཡང་མཉམ་རྗེས་ཀྱི་མིང་འདོགས་དང་བརྡ་མཚོན་ནི་རིམ་གཉིས་བསྒོམ་ཏོ་ཅོག་ལ་ཡོད་པར་གྲུབ་ལ། ཅིའི་ཕྱིར་ན། ཉམས་སུ་ལེན་རྒྱུའི་དངོས་དོན་དེ་ཉིད་བྱ་བྱེད་གཞན་དང་མ་བསྲེས་པར་ཆིག་དྲིལ་དུ་བྱེད་པ་ནི་མཉམ་བཞག་དང་། དེ་ཉིད་ཐུན་མཚམས་སོགས་སུ་གཞན་དང་བསྲེ་བ་ལ་རྗེས་ཐོབ་ཀྱི་ཐ་སྙད་དང་། དེ་དུས་ཀྱི་ཤེས་པ་ལ་རྗེས་ཤེས་དང་། སྣང་བ་རྗེས་སྣང་དུ་ཐ་སྙད་གདགས་ཚུལ་ནི་ཀུན་མཐུན་པའི་ཕྱིར། སྐབས་འདི་དག་ཏུའང་། ལས་དང་པོ་པ་རྣམས་སྒོམ་དངོས་ལ་འབད་དུས་མཉམ་བཞག་དང་། བྱ་བྱེད་འགྲོ་འཆག་ཟ་ཉལ་སོགས་ཀྱི་ཚེ་ནི་རྗེས་ཀྱི་མིང་གདགས་སུ་རུང་ལ། རྣལ་འབྱོར་དམ་པ་རྣམས་ལ་ནི་


TR002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་ཡེངས་འཁྲུལ་མེད་ཚེ་མཉམ་རྗེས་དབྱེར་མེད་དམ། སྒོམ་ཁོར་ཡུག་ཅེས་བྱའོ། །དེ་བཞིན་དུ་ཉམས་རྟོགས་གཉིས་ཀྱི་ཤན་འབྱེད་ཡང་། ས་མཚམས་མཐོ་དམན་གང་དུ་ཡང་རུང་བའི་དགེ་སྦྱོར་དེ་ཉིད་སེམས་ཀྱི་ངོ་བོ་དང་མ་འདྲེས་པར་སྤང་བྱ་དང་གཉེན་པོ་ལྟ་བུའམ། བསྒོམ་བྱ་སྒོམ་བྱེད་ཐ་དད་ལྟ་བུ་ནི་ཉམས་ཡིན་ལ། དེ་དང་སེམས་གཉིས་ཐ་མི་དད་པར་སེམས་ཁོ་རང་དེའི་ངོ་བོར་ཤར་ཞིང་ཐག་ཆོད་ཀྱི་ངེས་པ་ཐོབ་པ་ལ་རྟོགས་པ་ཅེས་བྱ་སྟེ། མདོར་ན་འདི་གཉིས་ནི་སྒོམ་གྱི་སྐབས་གཅིག་པུར་མ་ཟད་དེ། བླ་མའི་རྣལ་འབྱོར་རམ། སྙིང་རྗེ་བྱང་སེམས། བསྐྱེད་རིམ་སོགས་ལམ་གྱི་ཉམས་ལེན་ཕལ་མོ་ཆེ་ལ་འགྲོ་སྟེ། དཔེར་བྱས་ན། རྡོ་རྗེ་གདན་ལྟ་བུ་ཅིག་གི་དབྱིབས་དང་བཀོད་པའི་གནས་ཚུལ་རྣམས་གཞན་གྱི་ངག་ལས་ཐོབ་པའི་དོན་འོལ་སྤྱི་ཙམ་རང་གི་ཡིད་ལ་ཤར་ཞིང་གཞན་


TR002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་འཆད་ནུས་པ་དེ་ལ་གོ་བ་ཟེར། ཐག་རིང་མོ་ནས་རྡོ་རྗེ་གདན་མཐོང་བའམ། བཀོད་པ་རི་མོར་བྲིས་པ་བལྟ་མྱོང་བས་དོན་ཕལ་ཆེར་ཙམ་བློ་ངོར་ཆུད་པ་དེ་ལ་མྱོང་བའམ་ཉམས་ཞེས་བྱ། རྡོ་རྗེ་གདན་དུ་རང་ཉིད་ཀྱིས་ཕྱིན་ནས་ཞིབ་ཏུ་མཐོང་ཞིང་ངེས་པ་དེ་ལ་རྟོགས་པ་ཤར་བ་ཟེར་བའི་དཔེ་དེ་ལྟ་བུ་དང་མཚུངས་ལ། དེ་རྣམས་ཀྱང་བློ་ངོར་ཆུད་སླད་ནི་གང་ཟག་སོ་སོའི་དབང་པོའི་རིམ་པ་གསུམ་གྱི་ཁྱད་པར་ཏེ། དེ་ཡང་བརྡ་བསྟན་པ་ཙམ་མམ་སྐད་ཅིག་ཙམ་ལ་གོ་མྱོང་རྟོགས་པ་ཤར་ནས་དཀའ་བས་འབད་མི་དགོས་པར་ཡོན་ཏན་མྱུར་དུ་རྫོགས་པ་ནི། ཅིག་ཅར་བའི་རིགས་ཞེས་བྱ་སྟེ་སྐྱེས་ཆེན་སྦྱངས་པ་མངོན་གྱུར་རྣམས་སོ། །ཡང་ཉམས་རྟོགས་ཡོན་ཏན་རྣམས་གོ་རིམ་མ་ཡིན་པར་མཐོ་དམན་ངེས་མེད་འཕེལ་འགྲིབ་ཅན་དུ་འཆར་


TR002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཐོད་རྒལ་བ་ཅེས་བྱ་སྟེ་འབྲིང་པོའོ། །གཞན་གང་ཟག་ཐུན་མོང་བ་སྤྱི་ལ་ཉམས་ལེན་བརྩོན་འགྲུས་ཆེ་ཆུང་ལྟར་གྱི་གོ་རིམ་ངེས་ཅན་དུ་ན་འཕར་བའི་རིགས་ལ་རིམ་གྱིས་པ་ཅེས་བྱ་སྟེ་ཕལ་པ་རྣམས་སོ། །དེས་ན་རིམ་གྱིས་པ་དང་མཐུན་པའི་ལམ་རིམ་ལ་གཞན་གཉིས་པོའང་འདུ་བས་དེ་ལྟར་དུ་འཆད་དེ། སྤྱིར་ཐེག་པ་ཐུན་མོང་བ་ནས་གསུངས་པ་ལ་ས་བཅུ་དང་ལམ་ལྔས་སངས་རྒྱས་སུ་བགྲོད་མོད་ཀྱི། འདིར་མཉམ་མེད་དྭགས་རྒྱུད་ཡབ་སྲས་ལ་རྒོས་སུ་གྲགས་པའི་རྣལ་འབྱོར་རིམ་པ་བཞི་དང་། དེ་རེ་རེ་ལ་ཆེ་ཆུང་འབྲིང་དུ་ཕྱེ་བའི་བཅུ་གཉིས་པོ་འདི་ནི་རྒྱུད་གསང་བ་བསམ་གྱིས་མི་ཁྱབ་པའི་ལུང་གི་དགོངས་པ་རྗེ་ཟླ་འོད་གཞོན་ནུས་གསལ་བར་མཛད་པ་སྟེ། རྒྱུད་དེ་ཉིད་ལས། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་འཛིན་གྱིས། མི་གཡོ་རྩེ་གཅིག་


TR002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དངས་པའི་ཤེས་པ་གསལ། །རང་རིག་ཡེ་ཤེས་ཁོང་ནས་སད་པར་བྱེད། །བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤོང་། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལས། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་འཆར། །དྲོད་ཐོབ་ནས་ནི་སྐྱེ་ལ་དབང་བ་ཡིན། །གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་ཤར། །དུས་གསུམ་རྒྱལ་བའི་སྲས་པོ་གཞན་དོན་མཛད། །རྩེ་མོ་ཐོབ་ནས་འཕེལ་བ་རྒྱུན་མི་འཆད། །བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི། །བསྒོམ་དུ་མེད་པའི་ཉམས་ལེན་བརྩོན་པ་ལས། །མཁྱེན་པའི་ཡེ་ཤེས་སངས་རྒྱས་ཞིང་ཁམས་མཐོང་། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་ངང་། །ཅེས་གསུངས་པ་འདི་དང་དགོངས་མཐུན་ལང་ཀར་གཤེགས་པའི་མདོ་རུ་ཡང་རྒྱ་ཆེར་


TR002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དང་། སློབ་དཔོན་ཤཱནྟི་པས་ཀྱང་གསལ་བར་མཛད་ཚུལ་རྣམས། སྤྱན་སྔ་ཐམས་ཅད་མཁྱེན་པ་སོགས་ཀྱིས་ཞིབ་མོར་ཕྱེས་ཤིང་། གཞན་ཡང་རྙིང་ལུགས་ཀྱི་ཕྱག་ཆེན་དག་ཏུའང་གུ་རུ་རིན་པོ་ཆེས་མདོར་བསྡུས་ནས་གསུངས་ཏེ། དེ་ཡང་གནད་ཀྱི་ཟིན་ཏིག་ལས། དགེ་སྡིག་སེམས་སུ་དག་པས་ན། །མི་དགེའི་ལས་རྣམས་ངང་གིས་སྤོང་། ཅེས། རྩེ་གཅིག་དང་། སེམས་ཉིད་སྤྲོས་དང་བྲལ་བས་ནི། །གཟུང་དང་འཛིན་པ་ཐམས་ཅད་སྤོང་། ཅེས། སྤྲོས་བྲལ་དང་། སྣང་བ་ཆོས་ཀྱི་སྐུར་ཤར་བས། །རྣམ་པར་རྟོག་པ་ཤུགས་ཀྱི་སྤོང་། ཅེས་རོ་གཅིག་དང་། འཁོར་འདས་རང་བཞིན་མེད་ཤེས་པས། །གཉིས་སུ་འཛིན་པ་ཐམས་ཅད་སྤང་། ཅེས། བསྒོམ་མེད་བསྟན་ཡང་དག་སྤོང་བ་བཞི་དང་རྣལ་འབྱོར་བཞིའི་དོན་སྦྱར་ནས་གསུངས་པ་དང་། ཡང་། དྲོད་ནི་སེམས་ཀྱི་ངོ་བོ་མཐོང་། །རྩེ་


TR002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མོས་སྐྱེ་མེད་ཆོས་སྐུར་རྟོགས། །བཟོད་པ་འཁོར་འདས་བླང་དོར་མེད། །ཆོས་མཆོག་འཁོར་འདས་སེམས་སུ་ཐིམ། ཅེས། སྦྱོར་ལམ་ངེས་བྱེད་བཞི་དང་རྣལ་འབྱོར་བཞི་སྦྱར་ཏེ་གསུངས་པ་སོགས་དགོངས་མཐུན་དུ་མཆིས་ཤིང་། རྣལ་འབྱོར་བཞི་པོ་དེ་དག་གི་དངོས་དོན་ཇི་ལྟར་འཆར་ཚུལ་རིམ་པ་དང་། ཞར་ལ་མདོ་ལུགས་ཀྱི་ས་བཅུ་ལམ་ལྔ་རྫོགས་ཚུལ་རྣམས་ས་བོན་ཙམ་བརྗོད་ན། རྩེ་གཅིག །སྤྲོས་བྲལ། རོ་གཅིག །བསྒོམ་མེད་དང་བཞི་ལས་དང་པོ་རྩེ་གཅིག་གི་རྣལ་འབྱོར་ནི། དེ་ཡང་སྐལ་ལྡན་གང་ཞིག་ཚེའི་ཞེན་པ་ཆོད་ཅིང་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་སྟེ་བྱིན་རླབས་གཤའ་མ་ཞུགས་ཤིང་མཉམ་པར་གཞག་པའི་ཚེ་བདེ་གསལ་མི་རྟོག་ངང་ལ་གནས་ཤིང་ངེས་ཤིང་རྙེད་ལ། རྣམ་རྟོག་ཤར་བ་བདག་ཀྱང་ངོ་ཤེས་པས་རང་གྲོལ་དུ་འགྲོ་བ་ལ་སྒོམ་


TR002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྙམ་པའི་འཛིན་པ་དང་བཅས་པ་འབྱུང་བ་དེ་ནི་རྩེ་གཅིག་ཆུང་ངུ་སྟེ། སྒྲུབ་རྒྱུད་གོང་མ་དག་རྩེ་གཅིག་གསུམ་ག་ཞི་གནས་ཁོ་ནར་བཞེད་ཀྱང་། རང་ཉིད་ཀྱི་གོ་ཚོད་ལ་ནི་གང་ཟག་གི་རིམ་པ་ཐ་དད་ཀྱི་ཁྱད་ནི་ལོས་ཀྱང་མཆིས་ལ། གཞན་ནི་གཤིས་ཀྱི་ཡིན་ལུགས་ཤེས་པ་ཅིག་ལ་ནི་ནམ་ཀྱང་ཞི་ལྷག་ཟུང་འཇུག་ཏུ་ཚང་བ་ཆོས་ཉིད་ཡིན་ཕྱིར། འདིར་ཡང་ལྷག་མཐོང་གིས་ཟིན་པར་གོའོ། །འདི་སྐབས་ཀྱི་རྗེས་ཤེས་ནི་ཨ་འཐས་ཤས་ཆེ་ཞིང་། གཉིད་ཀྱི་སྐབས་སུའང་ཐ་མལ་པ་དང་ཁྱད་ཆེར་མི་འབྱུང་སྟེ། མདོར་ན་འདི་དུས་ནི་དང་པོའི་སྐབས་ཡིན་ཚེ་ཉམས་ལེན་སྐྱོང་བདེ་མི་བདེ་སྣ་ཚོགས་མཐོ་དམན་དུ་ཡོང་ངོ་། །རྩེ་གཅིག་འབྲིང་གི་ཚེ། མཉམ་གཞག་ལ་ཇི་ཙམ་འདོད་པ་ལྟར་གནས་ནུས་ཤིང་། རེས་འགའ་མ་བསྒོམས་ཀྱང་ཏིང་འཛིན་


TR002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འཆར། རྗེས་ཤེས་ཀྱང་ཨ་འཐས་ཆུང་དུ་འགྲོ་སྟེ། སྣང་བ་གུ་ཡངས་སངས་ཀྱི་འགྱུར་བ་དང་། གཉིད་ལ་ཡང་སྐབས་འགར་དགེ་སྦྱོར་གྱིས་སླེབ་པ་སྟེ། མདོར་ན་ནམ་བསྒོམ་བསྒོམ་འོང་བའི་དུས་ཡིན་ནོ། །དེ་ནས་རྩེ་གཅིག་ཆེན་པོ་ནི་མཉམ་བདེ་གསལ་མི་རྟོག་པའི་ཉམས་དེ་ཉིན་མཚན་ཁོར་ཡུག་ཏུ་འོང་བ་དང་། རྗེས་སྣང་རྗེས་ཤེས་སོགས་ཀྱི་དབྱེ་བ་མེད་པར་ཏིང་འཛིན་དེ་ལ་རྒྱ་འབྱམས་སུ་འགྱུར། ཕྱི་ནང་གི་སྲིན་བུ་མེད་ཅིང་འདོད་ཡོན་ལ་ཞེན་པ་མི་འཇུག་པ་དང་། མངོན་ཤེས་རྫུ་འཕྲུལ་སོགས་ཀྱང་ཐོབ་པར་གསུངས་ཤིང་། འོན་ཀྱང་འདི་མན་ཆད་བཟང་ཞེན་གྱི་ཉམས་དང་མ་བྲལ་ཞིང་སྒོམ་འཛིན་གྱི་བློས་འཆིང་བ་མ་གྲོལ་བར་མཆིས་སོ། །དེ་ལྟར་རྩེ་གཅིག་གསུམ་གྱི་སྣ་ཟིན་གྱི་དབང་རིམ་གྱི་ཁྱད་དང་བརྩོན་འགྲུས་ཆེ་ཆུང་སོགས་ལས། རང་སའི་ཁྱད་


TR002_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་མ་ཡོད་དེ། དེ་ཡང་བདེ་གསལ་མི་རྟོག་གི་ངོ་བོ་དེ་ཀ་ལ་རང་རིག་ངེས་ཤེས་ཀྱི་གདེངས་རྙེད་མ་རྙེད་ཀྱི་བྱེ་བྲག་ལ་རྩེ་གཅིག་ངོ་བོ་མཐོང་མ་མཐོང་དུ་དབྱེ་བ་དང་། དེ་བཞིན་དུ། ཉམས་དེ་འཁོར་ཡུག་དང་རེས་འཇོག་གི་ཁྱད་ལ་རྩལ་རྫོགས་མ་རྫོགས་སུ་འབྱེད་པ་དང་། རྣམ་རྟོག་ཤར་ཚད་དྲན་པས་སླེབ་ཙམ་གྱིས་སྒོམ་དུ་འགྲོ་མི་འགྲོ་ལ། རྣམ་རྟོག་སྒོམ་དུ་ཤར་མ་ཤར་ཞེས་བརྗོད་པ་དང་། བློ་རྒྱུད་ལས་རུང་དུ་གྱུར་མ་གྱུར་ལ་ཡོན་ཏན་སྐྱེས་ཀྱི་ཐ་སྙད་དང་། རྗེས་ཤེས་སུ་བཅོས་མིན་གྱི་སྙིང་རྗེས་སྐྱེ་མི་སྐྱེའི་ཁྱད་ཀྱིས་གཟུགས་སྐུའི་ས་བོན་ཐེབས་མ་ཐེབས་དང་། རྒྱུ་འབྲས་རྟེན་འབྲེལ་ལ་ངེས་ཤེས་རྙེད་མ་རྙེད་ཀྱིས་ཀུན་རྫོབ་ལ་བྱན་ཚུད་མ་ཚུད་ཀྱི་དབྱེ་བ་འདི་རྣམས་ཀྱིས་འཛིན་དགོས་པར་བཀའ་རྒྱུད་གོང་མ་རྣམས་གསུངས་སོ། དེ་ལྟ་བུའི་


TR002_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་གི་ཉམས་མྱོང་ཇི་ལྟར་སྐྱེས་བཞིན་དུ་བདག་ལྟའི་རློམ་སེམས་དང་བཟང་ཞེན་གྱི་སྐྱོན་དབང་དུ་མ་ཤོར་བར་གསོལ་འདེབས་དང་ཉམས་ལེན་ལ་འབད་ན། སྤྲོས་བྲལ་དུ་འཕར་བར་འགྱུར་བ་སྟེ། དེ་ཡང་སེམས་ཀྱི་ངོ་བོ་སྐྱེ་འགགས་གནས་གསུམ་གྱི་མཐའ་དང་བྲལ་བའི་ཡིན་ལུགས་ཚུལ་བཞིན་རྟོགས། རྗེས་ཤེས་ཀྱང་དྲན་པས་ནམ་ཟིན་མཉམ་གཞག་གི་ངང་དུ་སོང་བས་གྲོལ་ཡང་། དྲན་པས་མ་ཟིན་ན་ཨ་འཐས་སུ་འཆར་ལ། རྨི་ལམ་དུ་ཡང་འཁྲུལ་མ་འཁྲུལ་ངེས་མེད་དུ་འབྱུང་ཞིང་། གང་ལྟར་འདི་སྐབས་སུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ནའོ་སྙམ་པ་ལ་སོགས་པའི་སྟོང་འཛིན་དང་བཅས་པ་འདི་སྤྲོས་བྲལ་ཆུང་ངུ་ཡིན་ལ། སྤྲོས་བྲལ་འབྲིང་གི་ཚེ། སྟོང་འཛིན་དེ་དང་རྣམ་རྟོག་གི་རང་བཞིན་ལ་བདེན་ཞེན་སོགས་དག་ཀྱང་། ཕྱིའི་སྣང་བ་ལ་བདེན་འཛིན་ཅུང་ཞིག་མ་དག་


TR002_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རྗེས་དང་གཉིད་ཀྱི་སྐབས་ལའང་འཁྲུལ་འཛིན་ཨ་འཐས་ཡོད་མེད་སྣ་ཚོགས་འབྱུང་ཞིང་། དགེ་སྦྱོར་ལ་མཐོ་དམན་འཕེལ་འགྲིབ་ཀྱང་དུ་མ་འབྱུང་ངོ་། སྤྲོས་བྲལ་ཆེན་པོ་ནི་འཁོར་འདས་དང་ཕྱིང་སྣང་སེམས་སོགས་ལ་སྒྲོ་འདོགས་གཏིང་ནས་ཆོད་དེ། སྣང་མི་སྣང་སྟོང་མི་སྟོང་སོགས་ཀྱི་ཞེན་པ་ལས་གྲོལ། ཉིན་སྣང་ཕལ་ཆེར་སྒོམ་ལ་རྒྱུན་ཆད་མེད་ལ། རྨི་ལམ་དུ་འཁྲུལ་འཛིན་སྐབས་འགར་འོང་བར་བཤད་ཅིང་། འོན་ཀྱང་འདི་དུས་དྲན་པ་རྒྱུན་ཆད་མེད་པར་ནི་མ་འགྱུར་པས་ཟུང་དྲན་ཅུང་ཞིག་དགོས་པ་ཉིད་དོ། །མདོར་ན་སྤྲོས་བྲལ་གྱི་སྐབས་འདི་དག་ཏུ་སྟོང་ཉམས་གཙོ་བོར་འཆར་ཞིང་གང་ལའང་བདེན་འཛིན་མེད་པའི་ཉམས་ཁོ་ན་ཤར་བའི་གནད་ཀྱིས། མོས་གུས་དག་སྣང་སྙིང་རྗེ་སོགས་ཀྱང་ཆུང་དུ་འགྲོ་བ་སྲིད་པས། སྟོང་པ་དགྲར་ལངས་ཀྱི་གེགས་དབང་དུ་མ་


TR002_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཤོར་བ་གལ་ཆེ་ཞིང་། འདི་སྐབས་སུ་སྟོང་འཛིན་ཉམས་ཀྱི་དྲི་མའམ་ངེས་ཤེས་ཀྱི་ཆ་དག་མ་དག་གི་ཁྱད་པར་ལ་སྤྲོས་བྲལ་ངོ་བོ་མཐོང་མ་མཐོང་གི་དབྱེ་བ་དང་། སྣང་ཐོག་སྟོང་ཐོག་གང་ཡང་ལ་རེ་དོགས་བྲལ་མ་བྲལ་ལམ་སྒྲོ་འདོགས་ཆོད་མ་ཆོད་ལ། རྩལ་རྫོགས་ཀྱི་ཐ་སྙད་དང་། འགྱུ་རྟོག་མཐའ་དག་སྟོང་ཉིད་ཁོ་ནར་རང་ངོ་ཤེས་པའི་མཉམ་བཞག་རྟོགས་པ་དེ་ཉིད་རྗེས་སྣང་དང་གཉིད་གཉིས་ཀར་སླེབ་མ་སླེབ་ལ། རྣམ་རྟོག་སྒོམ་དུ་ཤར་མ་ཤར་དང་། རྟོགས་དོན་གྱི་བདེན་པ་མཐོང་བའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་གྲུབ་རྟགས་ཀྱི་སྣང་ཆ་དང་འབྲེལ་མ་འབྲེལ་ལ་ཡོན་ཏན་སྐྱེས་མ་སྐྱེས་དང་། སྟོང་ཉིད་ཀྱི་རྩལ་མདངས་རྒྱུ་འབྲས་སུ་ཤར་ཚུལ་ལ་ངེས་ཤེས་རྙེད་ནས་སེམས་བསྐྱེད་སྨོན་ལམ་གྱི་རྟེན་འབྲེལ་བསྒྲིགས་ཤེས་མི་ཤེས་ལ་ཀུན་རྫོབ་ལ་བྱན་ཚུད་མ་ཚུད་དང་། གཟུགས་


TR002_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ས་བོན་ཐེབས་མ་ཐེབས་སོགས་ཀྱི་དབྱེ་བའི་ས་མཚམས་ཤེས་དགོས་པར་གསུངས་སོ།། ༈ །།དེ་ལྟ་བུའི་སྤྲོས་བྲལ་གྱི་རྟོགས་པ་མཐར་ཕྱིན་ནས། འཁོར་འདས། སྣང་སྟོང་། བསྐྱེད་རྫོགས། ཀུན་རྫོབ་དོན་དམ་ལ་སོགས་གཉིས་ཆོས་ཀྱི་དབྱེ་བ་དང་མིང་འདོགས་མཐའ་དག་ཕྱག་རྒྱ་ཆེན་པོར་རོ་གཅིག་པར་རྟོགས་ཤིང་། ལམ་གྱི་ཆོས་ཇེ་སྙེད་མ་ལུས་རང་རིག་གི་ཐོག་ཏུ་འདྲིལ་ཐུབ་ཀྱང་། དེ་ལ་མྱོང་འཛིན་ནམ་ངེས་ཤེས་ཀྱི་འཁྲིས་ཅུང་ཟད་ཡོད་པའི་བར་ནི་རོ་གཅིག་ཆུང་ངུ་། མྱོང་འཛིན་དེ་ཉིད་དག་ནས་སྣང་སེམས་དབྱེར་མེད་ཀྱི་རྟོགས་པ་མངོན་དུ་གྱུར་ཅིང་། རྟོགས་བྱའི་ཡུལ་དངོས་དང་རྟོགས་མཁན་གྱི་རིག་པ་སོ་སོར་མ་གྲུབ་གཅིག་ཏུའང་མི་འཛིན་ཏེ། གཟུང་འཛིན་གཉིས་ལས་གྲོལ་བ་ནི་རོ་གཅིག་འབྲིང་པོ། །ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་ཤར་བའི་མཐུ་ལས་རོ་གཅིག་གི་རྟོགས་པ་དེ་ཉིད་དུ་མ་


TR002_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རུ་འཆར་བའི་ཡེ་ཤེས་ཀྱི་རྩལ་རྒྱས་པ་ནི་རོ་གཅིག་ཆེན་པོ་སྟེ། སྒྲུབ་རྒྱུད་གོང་མ་རྣམས་ཀྱིས་མཉམ་རྗེས་འདྲེས་པ་མཚན་ཉིད་པ་དེ་འདི་སྐབས་སུ་འབྱུང་བར་གསུངས་སོ། །དེ་ཡང་གང་ཤར་གྱི་སྣང་རྟོག་རྣམས་གཤིས་ངོའི་ཆ་ནས་ཆོས་སྐུའམ་ཕྱག་ཆེན་དུ་ཡེ་ནས་ཡིན་ནའང་། སྣང་ངོའམ་འཁྲུལ་ངོ་ལ་ཨ་འཐས་དང་གཟུང་ སྣང་བ་རྣམ་རྟོག་ འཛིན་སོགས་སུ་ཡོད་པ་འདི་ལ་རང་རིག་གི་དྲན་པས་སླེབ་ན་རང་སར་གྲོལ་བ་ནི་རྣལ་འབྱོར་འོག་མ་རྣམས་ལ་ཡོད་མོད་ཀྱང་། སྐབས་འདིར་སླེབ་ཚེ་དྲན་པས་ཟིན་རྒྱུའམ་ངོ་ཤེས་རྒྱུའི་ངོ་བོ་ལོགས་སུ་མ་དགོས་པར་གང་སྣང་ཅིར་ཤར་གྱིས་ཆོག་པར་འགྱུར་བ་ཡིན་ཚེ། དེ་ལྟར་དུ་གྱུར་མ་གྱུར་ལ་རོ་གཅིག་གི་ངོ་བོ་མཐོང་མ་མཐོང་དུ་དབྱེ་བ་དང་། གཉེན་པོའི་ཞེན་འཛིན་ཕྲ་མོ་ཡོད་མེད་དམ། རོ་གཅིག་དུ་མར་འཆར་


TR002_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཆར་གྱི་ཁྱད་ལ་རྩལ་རྫོགས་མ་རྫོགས་སུ་འབྱེད་པ་དང་། ཚོགས་དྲུག་གི་སྣང་བ་ཟང་ཐལ་དུ་འཆར་བའི་སྒོ་ཐམས་ཅད་ལ་བཅིངས་གྲོལ་མེད་པར་གྱུར་མ་འགྱུར་ལ་རྣམ་རྟོག་སྒོམ་དུ་ཤར་མ་ཤར་གྱི་ཐ་སྙད་དང་། མཁྱེན་པའི་ཡེ་ཤེས་ཀྱིས་ཕྱི་ནང་གི་ཆོས་སོ་ཅོག་ལ་དབང་བསྒྱུར་ཞིང་སྤྲུལ་བསྒྱུར་རྫུ་འཕྲུལ་ལ་རང་དབང་ཐོབ་མ་ཐོབ་ལ་ཡོན་ཏན་སྐྱེས་མ་སྐྱེས་སུ་བཏགས་པ་དང་། སྣང་སེམས་འདྲེས་པས་རོ་གཅིག་དུ་མར་འཆར་བའི་རྟོགས་པའི་རྟེན་འབྲེལ་སྣང་སྲིད་རང་དབང་བསྒྱུར་བའི་རྒྱུ་འབྲས་ལམ་དུ་ལྷོངས་མ་ལྷོངས་ལ། ཀུན་རྫོབ་ལ་བྱན་ཚུད་དུ་བྱེད་པ་དང་། ཀུན་ཁྱབ་རྩོལ་མེད་ཀྱི་སྙིང་རྗེའི་ཤུགས་ལས་གཞན་དོན་གྱི་གཏེར་ཁ་ཕྱེ་མ་ཕྱེ་ལ། གཟུགས་སྐུའི་ས་བོན་ཐེབས་མ་ཐེབས་སུ་བརྗོད་པའི་ཚུལ་རྣམས་ཡོད་དོ།། ༈ །།དེ་ནས་རོ་གཅིག་མཐར་


TR002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཆེད་དུ་བསྒོམ་མ་བསྒོམ་ཡེངས་མ་ཡེངས་ལ་སོགས་པའི་གཉིས་སྣང་དག་ནས་སྣང་བ་ཐམས་ཅད་སྒོམ་དུ་ཡེ་ཡིན་ཆེན་པོར་གྲོལ་ལ། འོན་ཀྱང་མཚན་མོའི་དུས་དང་གཞན་དུའང་རྗེས་སྣང་གི་བག་ཆགས་སྒྱུ་མ་ལྟ་བུའི་འཛིན་པ་ཕྲ་མོ་ཙམ་སྐྱེ་བ་ནི་བསྒོམ་མེད་ཆུང་ངུ་། སྒྱུ་འཛིན་དེ་ཡང་རྩ་བ་ནས་དག་ཅིང་ཉིན་མཚན་ཁོར་ཡུག་ཏུ་མཉམ་བཞག་ཆེན་པོ་གཅིག་ཏུ་གྱུར་ཏེ་གཤིས་ལུགས་མངོན་དུ་གྱུར་ཀྱང་། ཡེ་ཤེས་ཀྱི་རང་གྲིབ་རྣམ་ཤེས་ཀྱི་ཆ་ཕྲ་མོ་རང་གསལ་དུ་ཡོད་པ་དེ་ཤེས་བྱའི་དྲི་མ་ཡིན་པས། དེ་དང་མ་བྲལ་བ་ནི་བསྒོམ་མེད་འབྲིང་པོ། མི་རྟོག་ངོ་མ་ཤེས་སམ། ཤེས་གྲིབ་ཕྲ་མོ་ཀུན་གཞིའི་རྣམ་ཤེས་ཀྱི་ལྷག་རོལ་ལྟ་བུ་དེ་ཉིད་ཀྱང་གཏན་ནས་སངས་ཏེ། འོད་གསལ་མ་བུ་འདྲེས་ཤིང་ཐམས་ཅད་ཡེ་ཤེས་ཀྱི་


TR002_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་འབྱམས་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་སྨིན་པ་དེ་ལ་བསྒོམ་མེད་ཆེན་པོའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ་འབྲས་བུ་མཐར་ཕྱིན་པའོ། །དེ་ཡང་རོ་གཅིག་མངོན་གྱུར་གྱི་རྟོགས་པ་དེ་ཀ་ལ་སླར་བསྒོམ་རྒྱུའི་གོམས་པར་བྱ་རྒྱུ་ལྟ་བུའི་མྱོང་ཤེས་དག་མ་དག་གི་ཁྱད་པར་ལ་བསྒོམ་མེད་ཀྱི་ངོ་བོ་མཐོང་མ་མཐོང་ཟེར། རྟོགས་པའི་ཡེ་ཤེས་དེ་ལ་མི་ཤེས་ཀྱི་དྲི་མའམ་ཤེས་བྱའི་བག་ཆགས་ཕྲ་ཞིང་ཕྲ་བའི་རྣམ་པ་ཐམས་ཅད་ཟད་ལ་བསྒོམ་མེད་རྩལ་རྫོགས་ཀྱི་དབྱེ་བ་དང་། ཀུན་གཞིའི་བག་ཆགས་ཉིད་ཆོས་དབྱིངས་ཡེ་ཤེས་ཀྱི་ངང་དུ་ཐིམ་མ་ཐིམ་ལ་རྣམ་རྟོག་བསྒོམ་དུ་ཤར་མ་ཤར་གྱི་ཐ་སྙད་དང་། གདོས་བཅས་འཇའ་ལུས་དང་སེམས་ཉིད་ཆོས་སྐུ། ཞིང་ཁམས་དག་པ་རབ་འབྱམས་སུ་སྣང་མི་སྣང་ངམ་གྲོལ་མ་གྲོལ་ལ་ཡོན་ཏན་སྐྱེས་མ་སྐྱེས་དང་། སྐུ་གསུང་ཐུགས་མི་ཟད་རྒྱན་འཁོར་


TR002_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཁའ་ཁྱབ་ཀྱི་འགྲོ་དོན་རྩོལ་མེད་དུ་མཛད་མི་མཛད་ལ། གཟུགས་སྐུའི་ས་བོན་མངོན་དུ་གྱུར་མ་གྱུར་དང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་མ་རྫོགས་ལ་ཀུན་རྫོབ་ཀྱི་ཆ་ཤས་མཐའ་དག་དབྱིངས་སུ་དག་མ་དག་སོགས་ཀྱི་དབྱེ་བ་ཕྲ་ཞིབ་མ་ལུས་པ་རྣམས་བཀའ་རྒྱུད་གོང་མ་རྣམས་ཀྱིས་གསལ་བར་མཛད་མོད་ཅིང་།། ༈ །།མདོར་ཧྲིལ་གྱིས་དྲིལ་བའི་དོན་ལས། མཉམ་བཞག་ལ་ཇི་ཙམ་འདོད་པར་གནས་ཐུབ་པ་ལ་རྩེ་གཅིག་ཟེར། ཐ་མལ་གྱི་ཤེས་པ་རང་ངོ་ཤེས་ཤིང་གཞི་རྩ་མེད་པར་རྟོགས་པ་ལ་སྤྲོས་བྲལ་ཟེར། འཁོར་འདས་གཉིས་སྣང་གི་འཛིན་པ་རིག་ཐོག་ཏུ་གྲོལ་བ་ལ་རོ་གཅིག་ཟེར། ངེས་ཤེས་དང་བག་ཆགས་ཀྱི་དྲི་མ་ཐམས་ཅད་དག་པ་ལ་སྒོམ་མེད་ཟེར་བ་སྟེ། །རྣལ་འབྱོར་བཞིའི་ངོ་བོ་ནི་འདིར་འདུས་ཤིང་། བྱེ་བྲག་ཏུ་


TR002_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་གི་མཉམ་རྗེས་ཀྱི་ཁྱད་ནི་གནས་མི་གནས་ལ་འདོད་ཅིང་། སྤྲོས་བྲལ་གྱི་མཉམ་རྗེས་ནི་དྲན་མ་དྲན་དང་། རོ་གཅིག་ཡན་ཆད་ནི་མཉམ་རྗེས་འདྲེས་པས་དབྱེར་མེད་དོ། །ཡང་། རྣམ་རྟོག་གི་རང་བཞིན་མི་རྟོག་པར་འཆར་བ་ནི་རྩེ་གཅིག །སྟོང་ཉིད་དུ་འཆར་བ་སྤྲོས་བྲལ། མཉམ་ཉིད་དུ་འཆར་བ་རོ་གཅིག །བློ་འདས་སུ་ཤར་བ་ལ་བསྒོམ་མེད་ཅེས་བྱ། ཡང་། རྩེ་གཅིག་དུས་སུ་འཁྲུལ་པ་རང་ག་མར་འཆར། སྤྲོས་བྲལ་ནས་གཞི་མེད་རྩ་བྲལ་དུ་རྟོགས། རོ་གཅིག་གི་ཚེ་འཁྲུལ་པ་ཡེ་ཤེས་སུ་འཆར། །བསྒོམ་མེད་ལ་འཁྲུལ་མ་འཁྲུལ་གྱི་མིང་དང་བྲལ་ལོ། །གཞན་ཡང་། རྩེ་གཅིག་གནས་འགྱུ་གཉིས་དབྱེར་མེད་དུ་རྟོགས་པ་ནི་མཆོག་ཡིན། སྤྲོས་བྲལ་ལ་འཁྲུལ་གྲོལ་དབྱེར་མེད། རོ་གཅིག་ལ་སྣང་སེམས་དབྱེར་མེད། བསྒོམ་མེད་ལ་སྣང་སེམས་


TR002_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་རྣམས་ནི་སོ་སོའི་རྩལ་རྫོགས་པའམ། མཆོག་ཏུ་གྱུར་པར་གསུངས་པ་དང་། ཡང་། རྩེ་གཅིག་སེམས་ཉིད་ཨ་འཐས་ཀྱི་དུས། སྤྲོས་བྲལ་གྱི་སེམས་ཉིད། མཉམ་རྗེས། རོ་གཅིག་གི་སེམས་ཉིད་ཟུང་འཇུག །བསྒོམ་མེད་སེམས་ཉིད་མངོན་གྱུར། ཅེས་གསུངས་པ་དང་། གཞན་ཡང་། རྩེ་གཅིག་གི་ཚེ་རྣམ་རྟོག་གི་མགོ་ནོན། སྤྲོས་བྲལ་གྱི་རྣམ་རྟོག་རྩ་བོ་ཆོད། རོ་གཅིག་གི་རང་བྱུང་ཡེ་ཤེས་ནང་ནས་ཤར། བསྒོམ་མེད་ནི་དེ་ལ་བརྟན་པ་ཐོབ་པའོ། །ཅེས་སོགས། མདོར་ན་དབྱེ་བསལ་དང་རྣམ་གྲངས་ཀྱི་རིམ་པ་ནི་བརྗོད་ཀྱིས་མི་ལངས་ཤིང་ཟད་མཐའ་མེད་པ་ཞིག་སྣང་མོད་ཀྱི། འགག་དོན་དུ་དགོས་གལ་ཆེ་བ་ནི་གནས་ལུགས་སེམས་ཀྱི་རང་མཚང་ཇི་བཞིན་པ་ཞིག་ངོ་ཤེས་ནས། བློས་བྱས་ཀྱིས་མ་བསླད་པའི་རང་བབས་ཐ་མ་ཤེས་པའི་


TR002_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རང་འགྲོས་སྐྱོང་ཚུལ་ཤེས་པ་ཞིག་ཁོ་ན་གལ་ཆེ་བར་གདའ་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་ནེ་གུ་མའི་ཞལ་ནས། ཅིར་སྣང་སྒོམ་དུ་མ་ཤེས་ན། །གཉེན་པོ་བསྟེན་གྱིས་ག་ལ་ལངས། །ཡུལ་རྐྱེན་སྤངས་པས་མི་སྤོངས་ཏེ། །སྒྱུ་མར་ཤེས་ན་རང་སར་གྲོལ། ཅེས་གསུངས་ཤིང་། དིང་སང་གི་ཆོས་པར་རློམ་པ་ཕལ་མོ་ཆེ་ནི་འཇིག་རྟེན་གྱི་འཁྲི་བ་དམ་པོས་བཅིངས་ཤིང་། ཚེ་འདིའི་ལྟོ་གོས་སྐྱིད་འདོད་ཟང་ཟིང་ཡོ་བྱད་འཛོམ་ཆ་དོན་དུ་གཉེར་བ་ཁོ་ན་དང་། ལ་ལ་ནི་ཐ་སྙད་ཐོས་རྒྱ་ཤེས་རློམ་ང་རྒྱལ་གྱི་དུག་གིས་སྨྱོས་ནས་རང་སེམས་ལ་རང་དབང་མ་ཐོབ། འགའ་ཞིག་ཙམ་ངེས་དོན་སྒོམ་ཕྱོགས་ལ་བློ་འདུན་པར་གྱུར་ཀྱང་། བླ་མ་དང་གདམ་ངག་ཟོལ་མེད་ཀྱིས་འཕོ་ཏེ། སྡུག་བཙིར་འཇུར་སྒོམ་གྱི་བཙོན་དུ་ཆུད་ཅིང་། གུ་ཡངས་ཁྱབ་གདལ་གྱི་ཉམས་ལེན་མ་ཤེས་པས་སྲོག་རླུང་རིན་གྱིས་


TR002_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཉོ་བའི་བླུན་སྒོམ་མང་ལ། གཞན་དག་ཕལ་ཆེར་ནི་ནག་པོ་ཁ་འབྱམས་གློ་བའི་ཐུག་པའམ་རྦུད་པའི་རྐྱལ་སྟོང་འདྲ་བའི་སྒོམ་ཆེན་གྱིས་རི་ཀླུངས་གང་བའི་དུས་འདི་འདྲར། རྣལ་འབྱོར་བཞིའི་ཡོན་ཏན་བརྗོད་རུང་མྱ་ངམ་གྱི་ཐང་ལ་ཆུའི་ཡོན་ཏན་བཤད་པ་ལྟ་བུ་ལས་མ་མཆིས་ཤིང་དགོས་པ་ཆུང་ལ། ཉམས་རྟོགས་ལྷད་མེད་སྐྱེས་པའི་སྐལ་ལྡན་ཕོ་ཐོག་ཆོད་པ་དག་ནི་བསྒོམས་བྱུང་གི་ཤེས་རབ་ནང་ནས་ཤར་བའི་ཕྱི་རོལ་གྱི་ཚིག་དང་ཡི་གེ་ལ་རག་མ་ལུས་ཕྱིར་བདག་འདྲའི་མ་མཐོང་རྒྱང་གྱི་གཏམ་རྒྱུད་ལྟ་བུའི་བཤད་ཚོགས་ལ་དགོས་པ་མེད་པར་འཁུམས་སོ། །གང་ཞིག་སྐལ་བཟང་བརྩོན་འགྲུས་ཅན་དམ་པ་བསྟེན་ཅིང་བྱིན་རླབས་ཞུགས་ཏེ་ཉམས་ལེན་ཕུར་ཚུགས་སུ་བགྱིད་ནུས་པའི་གང་ཟག་ཚད་ལྡན་དག་གིས་


TR002_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་གཞན་ནས་བཤད་པའི་རྣལ་འབྱོར་བཞི་ཇི་ལྟ་བའི་ཉམས་རྟོགས་ཤར་བ་དག་ལ་ནི། ཐེག་པ་ཐུན་མོང་ལྟར་གྱི་ལམ་ལྔ་དང་ས་བཅུའི་རིམ་པ་རྣམས་ཀྱང་ཤུགས་ལ་ཚང་ཞིང་བགྲོད་པ་སྟེ།། ༈ །།ཏིང་འཛིན་རྒྱལ་པོའི་མདོ་ལས། མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི། །ཆོས་འཛིན་དེ་དག་གང་དུ་སོང་བ་ཡང་། །ཤིན་ཏུ་སྤྱོད་པ་ཞི་ཞིང་ཡིད་རང་བཞིན། །རབ་ཏུ་དགའ་དང་དྲི་མེད་འོད་བྱེད་དང་། །འོད་འཕྲོ་སྦྱངས་དཀའ་མངོན་དུ་གྱུར་པའི་ས། །རིང་དུ་སོང་དང་མི་གཡོ་ལེགས་པའི་བློ། །ཆོས་སྤྲིན་ས་བཅུ་པོ་ཡང་ཐོབ་པར་འགྱུར། ཅེས་གསུངས་ཤིང་། དེ་ཡང་དང་པོ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ལ་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་འབྱུང་བ་ལས། ཕྱག་རྒྱ་ཆེན་པོའི་མན་ངག་གི་མྱུར་ལམ་འདིར་


TR002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐམས་ཅད་ཚང་བའི་ཚུལ་ནི། དེ་ལ་དང་པོར་སྔོན་འགྲོ་ཐུན་མོང་བའི་ནང་ཚན་གྱི། འཁོར་བའི་སྡུག་བསྔལ་དལ་འབྱོར་རྙེད་དཀའ། །ཚེ་མི་རྟག་བསམ་པ་སོགས་ལ། ལུས་མི་གཙང་བར། དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་སྡུག་བསྔལ་བར་དྲན་པ། སེམས་མི་རྟག་པར་དྲན་པ། ཆོས་བདག་མེད་པར་དྲན་པ་ཉེ་བར་གཞག་པ་དང་བཞི་པོ་ཤུགས་ཀྱིས་ཚང་ཕྱིར། དེ་དག་ལ་གནད་དུ་བསྣུན་ཏེ་མྱོང་བའམ་ངེས་ཤེས་སྐྱེས་ཚེ། ཚོགས་ལམ་ཆུང་ངུ་བགྲོད་པ་ཅེས་བྱའོ། །དེ་བཞིན་དུ་མི་དགེའི་ཆོས་རྣམས་མི་བསྐྱེད་ཅིང་སྐྱེས་པ་རྣམས་སྤོང་བ་དང་། དགེ་བའི་ཆོས་རྣམས་བསྐྱེད་ཅིང་སྐྱེས་པ་རྣམས་གོང་དུ་སྤེལ་བ་སྟེ། དེ་ལྟར་ཡང་དག་སྤོང་བ་བཞི་རྣམས་ནི་འདིར་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་མཎྜལ་རྣམས་ལ་འདུས་ཕྱིར། ཚོགས་ལམ་འབྲིང་པོ་བགྲོད། དེ་ནས་


TR002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་གྱི་སྐབས་སུ་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། དེ་ཡང་བླ་མ་ལ་མོས་གུས་རྩེ་གཅིག་བྱེད་པ་ནི་འདུན་པ་རྫུ་འཕྲུལ་གྱི་རྐང་པ། གསོལ་བ་འདེབས་པ་ནི་བརྩོན་འགྲུས་ཀྱི་རྐང་པ། དབང་བཞི་ལེན་པ་ནི་སྤྱོད་པའི་རྐང་པ། མཐར་བླ་མ་རང་སེམས་དང་བསྲེ་བ་ནི་སེམས་ཀྱིས་ཏིང་འཛིན་རྫུ་འཕྲུལ་གྱི་རྐང་པ་སྟེ། དེ་དག་གིས་ཚོགས་ལམ་ཆེན་པོ་བགྲོད་པའོ། །དེ་ཡང་ཕར་ཕྱིན་ཐེག་པར་ཚོགས་ལམ་མཐར་ཕྱིན་པའི་ཡོན་ཏན་དུ་དག་པའི་ཞིང་ཁམས་བགྲོད་ཅིང་སངས་རྒྱས་སྤྲུལ་པ་སྐུའི་ཞལ་མཐོང་བ་སོགས་འབྱུང་བར་གསུངས་པ་ལ། འདིར་ནི་བླ་མ་མཆོག་ཉིད་སངས་རྒྱས་སྐུ་གསུམ་གའི་ངོ་བོར་གྱུར་པ་དང་། དེ་ཉིད་ཀྱི་གདུལ་ཞིང་ཐམས་ཅད་སྤྲུལ་པའི་ཞིང་ལས་མ་འདས་ཕྱིར། དོན་གྱི་དགོངས་པ་མཐུན་པ་ཉིད་དོ།། ༈ །།དེ་ནས་རྩེ་གཅིག་གི་སྐབས་ཆུང་འབྲིང་ཆེ་གསུམ་ནི་སྦྱོར་ལམ་ཡིན་ཅིང་། སེམས་ཀྱི་ངོ་བོ་


TR002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ལ་དྲོད་ཅེས་བྱ་བ་དང་། དེ་ལ་ངེས་ཤེས་སྐྱེས་པ་ལ་རྩེ་མོར་བརྗོད་པ་དང་། རྐྱེན་གྱིས་མི་གནོད་པ་ལ་བཟོད་པ་ཞེས་པ་དང་། རྩེ་གཅིག་གི་ཉམས་ཀྱི་ཁོར་ཡུག་ལ་སྦྱོར་ལམ་འཇིག་རྟེན་ཆོས་མཆོག་ཏུ་བཞེད་པ་སྟེ། འདི་དག་གི་སྐབས་སུ་ཡོན་ཏན་གྱི་བྱེ་བྲག་ཏུ་དབང་པོ་ལྔ་ཡང་འབྱུང་སྟེ། གང་ཞེ་ན། ངེས་ཤེས་ཚད་མེད་སྐྱེས་པ་དད་པའི་དབང་པོ་དང་ཡེངས་མེད་དོན་ལ་བལྟ་བ་དྲན་པའི་དབང་པོ། ལེ་ལོས་བར་མི་ཆོད་པ་བརྩོན་འགྲུས་ཀྱི་དབང་པོ། སྒོམ་ལ་རྒྱུན་ཆད་མེད་པ་ཏིང་འཛིན་གྱི་དབང་པོ། ངེས་པའི་དོན་རྟོགས་པ་ཤེས་རབ་ཀྱི་དབང་པོ་དང་ལྔ་འབྱུང་ཞིང་། དེ་ལྔ་པོ་སོ་སོ་ནས་རྩལ་རྫོགས་པའམ་སྟོབས་སུ་གྱུར་པ་ལ་སྟོབས་ལྔར་ཡང་བརྗོད་པ་སྟེ། དེ་ལྟར་རྩེ་གཅིག་གསུམ་མངོན་དུ་གྱུར་པས་སྦྱོར་ལམ་མཐར་ཕྱིན་ནས། སྤྲོས་


TR002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ལ་སླེབ་པ་དང་སྔར་མ་མཐོང་བའི་རྟོགས་དོན་གྱི་བདེན་པ་མཐོང་ལམ་བགྲོད་པ་སྟེ། འདི་སྐབས་སུ་ཕར་ཕྱིན་ཐེག་པར་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པར་གསུངས་པ་རྣམས་ཀྱང་འདིར་ཤུགས་ལ་འབྱུང་བ་ཉིད། དེ་ཡང་ཆོས་ཀྱི་གནས་ལུགས་ཀྱི་དོན་ཇི་བཞིན་པའི་ངང་ལ་གནས་པས། ཏིང་འཛིན་བྱང་ཆུབ་ཀྱི་ཡན་ལག་དང་། ཉོན་མོངས་དང་མ་འདྲེས་པས་ན་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག །ཏིང་འཛིན་དེ་ཉིད་དྲན་པ་ཙམ་གྱིས་མཐོང་སྤངས་ཀྱི་དྲི་མ་རང་སར་དག་པས་དྲན་པ་བྱང་ཆུབ་ཀྱི་ཡན་ལག །ལེ་ལོ་གཡེང་བ་ལས་གྲོལ་བས་བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག །ཟག་མེད་ཀྱི་དགའ་བདེ་ལ་སྤྱོད་པས་དགའ་བ་བྱང་ཆུབ་ཀྱི་ཡན་ལག །སྤང་བྱ་མ་ལུས་དག་པས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག །


TR002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་མཉམ་ཉིད་དུ་རྟོགས་པས་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་དང་བདུན་པོ་རྫོགས་པར་འགྱུར་ལ་གཞན་ཡང་མཐོང་ལམ་གྱི་ཡོན་ཏན་དུ་མ་དང་ཏིང་འཛིན་གྱི་སྒོ་མཐའ་ཡས་པ་ཐོབ་པར་གསུངས་སོ། །དེ་ཡང་འགའ་ཞིག་གི་བཞེད་ཀྱིས། སྤྲོས་བྲལ་གསུམ་གའི་རྩལ་རྫོགས་ནས་རོ་གཅིག་ཏུ་ན་འཕར་བའི་ཚེ། སྒོམ་ལམ་དང་ས་དང་པོ་ཟིན་པར་བཞེད་ལ། གཞན་དག་ཕལ་ཆེར་ནི་སྤྲོས་བྲལ་ངོ་བོ་མཐོང་ཞིང་མཐོང་ལམ་སྐྱེས་པའི་རྗེས་ཐོག་དེ་ཀར་ས་དང་པོ་ཐོབ་པར་བཤད་པ་མང་སྟེ་གང་ཟག་གི་དབང་པོ་རིམ་ལས་མཐའ་གཅིག་ཏུ་མ་ངེས་པར་མངོན་ཏེ། ལམ་བགྲོད་ཁམས་ཆེ་ཆུང་དང་མྱུར་བུལ་གྱི་ཁྱད་སྣ་ཚོགས་འབྱུང་བར་གོར་མ་ཆགས་སོ། །དེ་ལྟར་གྱི་མཐོང་ལམ་གྱི་རྟོགས་པ་གཤའ་མ་སྐྱེས་ཚེ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་སམ། གཞི་རྟེན་བྱེད་


TR002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ས་ཞེས་བྱ་བ་ཐོབ་པ་སྟེ། །སངས་རྒྱས་ཕལ་ཆེན་གྱི་མདོ་ལས། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚེ་བ་མེད་དང་འཆི་དང་ངན་འགྲོར་མི་ལྟུང་དང་། །འཁོར་གྱི་ནང་དུ་འཇིགས་བྲལ་དེ་ལ་བག་ཚ་མེད། །ཅེས་གསུངས་པ་ལྟར། ས་བཅུའི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་བར་འགྱུར་ལ། །ས་ཐོབ་ཡན་ཆད་ལ་སྒོམ་ལམ་ཅེས་བྱ་བ་སྟེ། ཅིའི་ཕྱིར་ན། མཐོང་ལམ་གྱི་དོན་དེ་ལ་གོམས་པར་བྱེད་པས་ན་དེ་སྐད་དུ་བརྗོད་ལ། །འདི་དུས་འཕགས་ལམ་ཡན་ལག་བརྒྱད་ལ་སྤྱོད་པ་སྟེ། དེ་ཉིད་ལའང་མཉམ་བཞག་ཐམས་ཅད་ཟག་མེད་ཀྱི་ཏིང་འཛིན་ཁོ་ན་དང་། རྗེས་སྣང་འཕགས་ལམ་ཡན་ལག་བརྒྱད་དེ་གོམས་པར་བྱེད་པ་ལ་ཟག་བཅས་སུ་བཤད་ཅིང་། བརྒྱད་པོ་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། རྟོགས་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་།


TR002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་ཏིང་འཛིན་ཏེ། མདོར་ན་འདི་དག་ཐམས་ཅད་ཕྱིན་ཅི་མ་ལོག་པའི་ཆོས་ཅན་འབའ་ཞིག་ཏུ་འགྲུབ་ཕྱིར། ཐེག་པ་འོག་མ་དག་གི་ལས་ཁྱད་པར་དུ་འཕགས་པའི་ལྡོག་ཆོས་དུ་མ་ཅན་ཤ་སྟག་གོ། །ས་རྣམས་ཀྱི་དང་པོ་ནི། ཡོན་ཏན་ཁྱད་པར་ཅན་དེ་ལ་དགའ་བ་མཆོག་ཏུ་གྱུར་པའི་ཕྱིར། ས་དང་པོ་རབ་ཏུ་དགའ་བ་ཅེས་བྱ་ཞིང་། འདི་དུས་མཉམ་བཞག་སྐྱེ་མེད་རྟོག་བྲལ་གྱི་ངང་དང་། རྗེས་སྒྱུ་མ་ལྟ་བུའི་སྒོ་ནས་སེམས་ཅན་གྱི་དོན་ལ་མགོ་དང་ཡན་ལག་སོགས་གཏང་བ་ལ་ཡང་ཉམ་ང་དང་ཞུམ་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་བསྒྲུབས་པས་ལམ་བགྲོད་པ་སོགས། ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་པོ་རིམ་ཅན་དུ་སྦྱར་ནས་གསུངས་པ་དག་ཐུན་མོང་ཐེག་པར་ཞིབ་རྒྱས་འབྱུང་མོད་


TR002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། འདིར་ནི་སྤྲོས་བྲལ་དང་པོར་ཏིང་ངེ་འཛིན་གྱི་དགའ་བ་ཆེར་རྒྱས་པས་ས་དང་པོ་རབ་ཏུ་དགའ་བ། སྒོམ་ཡངས་ཀྱི་དྲི་མ་དང་བྲལ་བས་ས་གཉིས་པ་དྲི་མ་མེད་པ། རྟོགས་དོན་གྱི་རྩལ་ལས་འགྲོ་བའི་དོན་བྱེད་པས་ས་གསུམ་པ་འོད་བྱེད་པ། སྤྲོས་བྲལ་འབྲིང་པོར། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གོང་དུ་འཕེལ་བས་ས་བཞི་པ་འོད་འཕྲོ་བ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རྟོགས་པས་བག་ཆགས་ཀྱི་དྲི་མ་སྦྱངས་དཀའ་ཐམས་ཅད་སྦྱོང་བས་ལྔ་པ་སྦྱངས་དཀའ་བ། སྤྲོས་བྲལ་ཆེན་པོ་མངོན་དུ་གྱུར་ཏེ་འཁོར་འདས་སྐྱེ་མེད་དུ་རྟོགས་པས་དྲུག་པ་མངོན་གྱུར་གྱི་ས་རྣམས་ནོན་པ་སྟེ། འདི་མན་ཆད་ཉན་རང་རྣམས་དང་ཐུན་མོང་གི་སར་བཤད་ལ། དེ་ནས་མཉམ་རྗེས་འཁོར་འདས་སོགས་གཉིས་སྣང་ཕལ་ཆེར་ཟུང་འཇུག་ཏུ་གྲོལ་ཏེ་རོ་གཅིག་གི་རྟོགས་པ་ཤར་བའི་ཐོག་མར་ས་བདུན་


TR002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིང་དུ་སོང་བ། རོ་གཅིག་འབྲིང་པོར་རྟོགས་ཆོས་ཡང་དག་གི་དྲན་པ་ལས་གཡོ་བ་མེད་པས་བརྒྱད་པ་མི་གཡོ་བའི་ས། རོ་གཅིག་ཆེན་པོར་གཉིས་སྣང་སྒྱུ་མ་ལྟ་བུ་ཕྲ་མོ་ཙམ་མ་གཏོགས་གཞན་དྲི་མ་ཕལ་ཆེར་དག་པས་ས་དགུ་པ་ལེགས་པའི་བློ་གྲོས། གཉིས་སྣང་ཕྲ་མོ་དེ་ཡང་རང་སར་དག་སྟེ་ས་ལམ་གྱི་ཡོན་ཏན་མཐར་ཕྱིན་ལ། འོན་ཀྱང་ཀུན་གཞིའི་རྣམ་ཤེས་ཀྱི་ལྷག་མའི་དྲི་མའམ་བག་ཆགས་ཀྱི་འཛིན་ཆ་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་ཞིག་ཡོད་པའི་བར་དེ་ལ་འདིར་བསྒོམ་མེད་ཆུང་འབྲིང་དང་། ཐུན་མོང་བ་ལྟར་ན་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་ཞིང་། དེ་ལྟར་འདི་མན་ཆད་ནི་བྱང་སེམས་ས་བཅུའི་དབང་ཕྱུག་རྣམས་དང་སྐལ་བ་མཉམ་པའི་ཡོན་ཏན་མངའ་ལ། དེ་ནས་མི་རྟོག་ངོ་མ་ཤེས་ཀྱི་དྲི་མའམ་ཤེས་


TR002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་བག་ཆགས་ཕྲ་མོ་དེ་ཉིད་ཀྱང་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རང་བྱུང་རང་རིག་ཆེན་པོར་ཐིམ་ཞིང་སྒྲིབ་བྱེད་མཐའ་དག་གཏན་བྲལ་དུ་གྱུར་ནས། ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་ཀྱི་རྩལ་དང་མཁྱེན་བརྩེ་ནུས་པའི་སྟོབས་རྣམས་ཡོངས་སུ་རྫོགས་པའི་ཚེ་ཕྱི་ཐུན་མོང་ཐེག་པར་མཐར་ཕྱིན་པའི་ལམ་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕངས་དངོས་དང་། ཕྱག་རྒྱ་ཆེན་པོའི་སྐབས་འདིར་ནི་བསྒོམ་མེད་ཆེན་པོར་བརྗོད་ལ། གསང་སྔགས་སྤྱི་ལྟར་ན་འདི་དུས་ལས་ཉོན་བག་ཆགས་ཀྱི་སྒྲིབ་ཆ་ཟད་པས་ལམ་སྦྱང་བགྲོད་དངོས་བྱེད་རྒྱུ་མེད་ཀྱང་། ཡོན་ཏན་གྱི་འཕེལ་ཆའི་ལྡོག་ཆོས་སམ་ཁྱད་ཆོས་ཀྱི་བྱེ་བྲག་ལས་བཏགས་ཏེ། བཅུ་གཅིག་ཀུན་ཏུ་འོད་དང་། བཅུ་གཉིས་མ་ཆགས་པདྨའི་ས་སྟེ། ཐུན་མོང་མ་ཡིན་པ་ནང་གི་ས་གཉིས་པོ་སྐད་ཅིག་ལ་མངོན་དུ་བྱས་ནས། རང་དོན་ཆོས་སྐུ་མཐར་ཕྱིན་པའི་


TR002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རྩལ་ལས་གཞན་དོན་གཟུགས་སྐུས་མཁའ་ཁྱབ་འགྲོ་བའི་དོན་ཆེན་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་མཛད་པ་ལ་བཅུ་གསུམ་རྡོ་རྗེ་འཛིན་པ་སངས་རྒྱས་ཀྱི་ས་ཉིད་དུ་གསུངས་སོ། །འདི་དག་ལས་ས་ལམ་གོང་དུ་བགྲོད་རྒྱུ་ཡོད་པའི་བར་ནི་སློབ་ལམ་དུ་བརྗོད་ཅིང་། གོང་དུ་བགྲོད་ཡུལ་མེད་པར་མཐར་ཐུག་ཚེ་མི་སློབ་པའི་ལམ་དུ་བརྗོད་པ་སྟེ། བཅུ་གསུམ་རྡོ་རྗེ་འཛིན་པ་ནི་གསང་སྔགས་ནང་པའི་འབྲས་བུ་མཐར་ཕྱིན་པ་ཉིད་དོ། དེ་ལྟ་བུའི་ས་རྣམས་ཐོབ་པའི་ཚེ་ཡོན་ཏན་ཁྱད་པར་ཅི་ལྟ་བུ་ཡོད་ཅེ་ན། ས་དང་པོ་ཐོབ་པ་ཙམ་གྱིས་ཕྱོགས་བཅུར་སྤྲུལ་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་བགྲོད་ནུས་པ་དང་། སངས་བརྒྱའི་བྱའི་ཞལ་བལྟ་ཞིང་ཆོས་ཉན་པ་དང་། ལུས་སྲོག་ལོངས་སྤྱོད་རྒྱལ་སྲིད་བུ་དང་ཆུང་མ་སོགས་ཀྱང་ལྟོས་མེད་དུ་གཏོང་ནུས་པའི་སྦྱིན་པ་མི་འདྲ་བ་བརྒྱ་ཕྲག་དུས་


TR002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་བྱེད་ནུས་པ་དང་། འོད་དམར་པོ་སྤྲོ་ཞིང་དཀར་པོར་བསྡུ་བ་དང་། སེར་པོར་སྤྲོས་ནས་སྔོན་པོར་འཁྱིལ་བ་དང་། མང་པོར་སྤྲོས་ཤིང་ཉུང་ངུར་བསྡུ་བ་སོགས་འོད་ཟེར་མི་འདྲ་བ་བརྒྱ་དུས་གཅིག་ལ་འགྱེད་ནུས་པ་དང་། གདུལ་བྱ་མི་འདྲ་བ་བརྒྱ་ལ་སོ་སོའི་ཁམས་དབང་བསམ་པ་དང་མཐུན་པའི་ཆོས་སྒོ་བརྒྱ་ཕྲག་དུས་གཅིག་ལ་སྟོན་ནུས་པ་དང་། དཔའ་བར་འགྲོ་བ་དང་། དཔུངས་བཀོད་པ་དང་། སེང་གེ་རྣམ་པར་འགྱིངས་པ་ལ་སོགས་རྒྱལ་བའི་ཡུམ་ལས་གསུངས་པའི་ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ལ་དུས་གཅིག་ཏུ་སྙོམས་པར་འཇུག་ནུས་པ་དང་། ནམ་མཁའ་ལ་འགྲོ་ཞིང་ས་ལ་འཛུལ་བ། རི་བྲག་ལ་ཐོག་པ་མེད་ཅིང་ཆུ་ལ་མི་བྱིང་བ། སྟོད་ནས་མེ་འབར་ཞིང་སྨད་ནས་ཆུ་འབྲུབ་པའམ། དེ་གཉིས་རེ་མོས་དང་། གཅིག་ལས་མང་པོར་སྤྲུལ་ཞིང་མང་པོ་གཅིག་ཏུ་བསྡུ་བའི་


TR002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བསྒྱུར་སོགས་རྫུ་འཕྲུལ་གྱི་བཀོད་པ་མི་འདྲ་བ་བརྒྱ་ཕྲག་དུས་གཅིག་ལ་སྟོན་ནུས་པ་སྟེ། དེ་ལྟར་ཡོན་ཏན་བརྒྱ་ཕྲག་བདུན་ལ་དབང་འབྱོར་བར་འགྱུར་ལ། དེ་བཞིན་དུ་རིམ་པས། ས་གཉིས་པ་ལ་ཡོན་ཏན་དེ་ལྟ་བུ་སྟོང་ཕྲག་བདུན། བཞི་པར་འབུམ་ཕྲག་བདུན། ལྔ་པ་ལ་བྱེ་བ་ཕྲག་བདུན། དྲུག་པར་ས་ཡ་བདུན། བདུན་པར་དུང་ཕྱུར་བདུན། བརྒྱད་པར་ཐེར་འབུམ་བྱ། དགུ་པར་ཐེར་འབུམ་ཆེན་པོ་བདུན། བཅུ་པ་ལ། དེད་འདྲེན་ཕྲག་བདུན་དང་། བཅུ་གཅིག་པར་རབ་བཀྲམ་ཕྲག་བདུན། བཅུ་གཉིས་པ་ལ་རབ་བཀྲམ་ཆེན་པོ་ཕྲག་བདུན་དུ་འགྱུར་ཞིང་བཅུ་གསུམ་རྡོ་རྗེ་འཛིན་པ་སངས་རྒྱས་སྐུ་གསུམ་བདག་ཉིད་མངོན་དུ་གྱུར་པའི་ཆེ་བའི་ཡོན་ཏན་གྱི་རྣམ་གྲངས་ནི་མཐའ་ཡས་ཕྱིར་སུ་ཞིག་གིས་ཚད་འཛིན་པར་མི་ནུས་ཏེ་བློའི་ར་བ་ལས་བརྒལ་བའི་ཆོས་


TR002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །དེ་ལྟ་བུ་ཐུན་མོང་ཐེག་པ་ནས་གསུངས་པའི་ས་བཅུ་ལམ་ལྔ་ཐམས་ཅད་ཐེག་པའི་ཡང་རྩེ་ཕྱག་རྒྱ་ཆེན་པོའི་ལམ་འདིར་མ་འདྲེས་ཡོངས་རྫོགས་སུ་ཚང་ཕྱིར། རྣལ་འབྱོར་བཞི་པོ་ཚུལ་བཞིན་མངོན་དུ་གྱུར་པའི་གང་ཟག་ལ་ས་ལམ་གྱི་ཡོན་ཏན་མཐའ་དག་ཀྱང་རིམ་གྱིས་ཅིག་ཅར་དུ་རྫོགས་པ་ཆོས་ཉིད་ཡིན་ལ། འོན་ཀྱང་ལྟར་སྣང་དུ་ལ་ལར་དེ་དག་སོགས་ཀྱི་ཡོན་ཏན་མངོན་མཚན་ཅན་དུ་སྣང་མི་སྟོན་པ་ནི་གསང་སྔགས་གསང་བའི་ཉེ་ལམ་གྱི་ཡ་ཚུལ་ཀྱང་ཡིན་ལ། གཞན་ཡང་དཔེར་ན་འདབ་ཆགས་དང་གཅན་གཟན་སོགས་སེམས་ཅན་ཕལ་མོ་ཆེ་ནི་མའི་མངལ་ནས་བཙས་ཏེ་ཡུན་རིང་པོར་མ་སོང་གི་བར་དུ་ལུས་རྩལ་མི་རྫོགས་ཤིང་རིམ་གྱིས་མ་དང་མཉམ་པར་འགྱུར་མོད་ལ། འདབ་ཆགས་ཀྱི་དབང་པོ་བྱ་ཁྱུང་དང་། གཅན་གཟན་གྱི་རྒྱལ་པོ་སེང་གེ་ནི་སྒོང་ཤུན་དང་མའི་མངལ་དུ་


TR002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་རྫོགས་པར་གྱུར་པ་དེ་གཞན་གྱིས་མི་མཐོང་མོད་ཀྱང་། ནམ་ཞིག་བཙས་པར་གྱུར་མ་ཐག་རྩལ་གསུམ་རྫོགས་པའི་མཐུས། མ་དང་ལྷན་ཅིག་ནམ་འཕངས་གཅོད་པ་སོགས་རང་གི་བྱ་བ་མཐའ་དག་ནུས་པ་དེ་བཞིན་དུ། འདིར་ཡང་རྣལ་འབྱོར་པ་གང་ཞིག་གདོས་བཅས་ལུས་ལ་འཐུམ་པའི་རིང་ལ་མངོན་རྟགས་གསལ་བར་མི་སྣང་ཡང་། ནམ་ཞིག་ལུས་རྒྱ་གྲོལ་བ་དང་ཡོན་ཏན་གྱི་རྩལ་ཆེན་རྫོགས་པའི་འབྲས་བུ་སྨིན་པ་དུས་མཚུངས་པར་འགྱུར་བ་དང་། འོན་ཏེ་ཐབས་ཤེས་ཟུང་འཇུག་གི་ལམ་ལ་གནད་དུ་བསྣུན་པ་གང་ཞིག་ལ་ལུས་ཐོག་འདི་ནས་རྫུ་འཕྲུལ་མངོན་ཤེས་སོགས་ཀྱི་ལམ་རྟགས་གསལ་བར་སྣང་བའང་ཤིན་ཏུ་མང་ལ་དོན་དམ་པར་ནི། དབྱིངས་དང་ཡེ་ཤེས་མཉམ་པ་ཉིད་བློ་ལས་འདས་པའི་ཆོས་ཉིད་རང་སེམས་དངོས་པོ་གཤིས་ཀྱི་གནས་ལུགས་གཉུག་མ་


TR002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ཡེ་ཤེས་ལ་རང་དབང་མ་ཐོབ་ན། བསྐྱེད་རྫོགས་རྩ་རླུང་ཐིག་ལེ་སོགས་ཀྱི་ཉམས་ལེན་དྲོད་རྟག་སྣ་འགའ་ཙམ་ལ་དགའ་བྲོད་མཆོག་འཛིན་བཟང་ཞེན་མངོན་རློམ་གྱི་འགོང་པོ་ཕུགས་སུ་ཞུགས་པའི་གྲུབ་ཐོབ་ཀྱི་རང་གཞན་ངན་འགྲོར་ཁྱུང་དེད་བྱེད་པ་ནི་དིང་སང་གི་དུས་འདིར་ཤིན་ཏུ་མང་བས། དཔྱོད་ལྡན་རྣམས་ཀྱིས་གཟིགས་འཚལ་ལོ། །དེ་ལྟར་ལྟ་སྒོམ་ས་ལམ་གྱི་རིམ་པ་ཅུང་ཟད་བསྟན་ནས། ཞར་ལ་བོགས་འདོན་ལམ་འཁྱེར་གྱི་སྤྱོད་པའི་ཚུལ་ཡང་མདོ་ཙམ་འཆད་དེ། དེ་ཡང་སྤྱིར་གསང་སྔགས་ཀྱི་ལམ་ཕལ་མོ་ཆེ་ལས་སྤྱོད་པའི་རྣམ་གྲངས་ནི། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་མམ་གསང་སྤྱོད། ཚོགས་སྤྱོད། རིག་པ་བརྟུལ་ཞུགས་ཕྱོགས་ལས་རྣམ་རྒྱལ་སོགས་དབྱེ་རིམ་མང་ཡང་། ཕལ་ཆེར་བསྐྱེད་རྫོགས་ཐུན་མོང་གི་བོགས་


TR002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཤས་ཆེ་ཞིང་། འདིར་ནི་གཉུག་མ་བློ་བྲལ་གྱི་རང་འགྲོས་སྐྱོང་བ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁོ་ན་གཅེས་ཏེ། དེ་ལས་དང་པོར་སྔོན་འགྲོ་ཚོགས་བསགས་སྒྲིབ་སྦྱོང་བྱིན་རླབས་འཇུག་ཐབས་ཀྱི་རིམ་པའི་སྐབས་སུ་ཡང་ཚེ་འདིའི་བྱ་བྱེད་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མ་གང་གིས་ཀྱང་མ་བསླད་ཅིང་། རང་སེམས་རང་ལ་མི་ཁྲེལ་བའི་ཉམས་ལེན་གྱི་སྤྱོད་པ་ཀུན་ཏུ་བཟང་པོ་ལ་འབད། བར་དུ་དངོས་གཞི་ལྟ་སྒོམ་གྱི་བརྡར་ཤ་གཅོད་ཅིང་རང་རིག་གཏན་ལ་འབེབས་པའི་དུས་སུ་ཡང་བློ་མང་གི་གཟེར་མགོ་ནང་ནས་བརྡུང་ལ་སྒྲོ་འདོགས་ཀྱི་སྙེམ་ཐག་སེམས་ཐོག་ཏུ་བཅོད། གཅིག་ཤེས་ཀུན་ལ་མཁས་ཤིང་ཀུན་ཤེས་གཅིག་ཏུ་གྲོལ་བའི་སྤྱོད་པ་ཀུན་ཏུ་བཟང་པོ་ལ་འབུངས། མཐར་ཉམས་ལེན་གྱི་བོགས་འདོན་པར་བྱེད་པའི་ཐབས་ཀྱི་སྤྱོད་པའི་བྱེ་


TR002_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཀྱང་། གཞུང་དང་མན་ངག་རྣམས་ནས་སྣ་ཚོགས་འབྱུང་མོད་ཀྱི། འགགས་དོན་གྱི་སྙིང་པོར་ནི། འཇིག་རྟེན་གྱི་འཁྲི་བ་རྦད་ཀྱིས་བཅད་དེ་མི་མེད་དབེན་པའི་རི་ཁྲོད་འགྲིམ་པ་རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ་དང་། རྐྱེན་ངན་ལ་ཡ་ང་བག་ཚ་མེད་པ་སེང་གེ་རི་སུལ་བསྙེགས་པ་ལྟ་བུའི་སྤྱོད་པ་དང་། འདོད་ཡོན་ལ་ཆགས་ཞེན་མེད་པ་བར་སྣང་གི་རླུང་ལྟ་བུའི་སྤྱོད་པ་དང་། ཆོས་བརྒྱད་ལ་དགག་སྒྲུབ་ཀྱི་འཁྲིས་མི་འཇུག་པ་སྨྱོན་པ་ལྟ་བུའི་སྤྱོད་པ་དང་། རང་སེམས་ཀྱི་རང་འགྲོས་ཁ་ཡན་དུ་སྐྱོང་བ་ལས་གཞན་པའི་གཉིས་འཛིན་གྱི་ཐག་པས་མི་བཅིང་བ་ནམ་མཁའ་མདུང་བསྐོར་ལྟ་བུའི་སྤྱོད་པ་རྣམས་ལ་སྤྱད་ཅིང་། ཡེངས་འཁྲུལ་རྣམ་གཡེང་རེ་དོགས་ཀྱི་འཆིང་བ་བཅད། རྟགས་མཚན་ཉམས་རྟོགས་དངོས་གྲུབ་སོགས་ཡོང་བར་འདོད་པའི་ཁོང་མཚང་སྤུ་རྩེ་ཙམ་ཞུགས་ཀྱང་གནས་ལུགས་ཆོས་སྐུའི་རང་ཞལ་སྒྲིབ་བྱེད་འབའ་


TR002_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡིན་པས། བཟོ་མེད་གཤིས་ཀྱི་འདུག་ཚུལ་སྐྱོང་བ་ཁོ་ན་ལ་དྲིལ་བ་ནི་ལམ་ཁྱེར་གྱི་སྤྱོད་པ་ཀུན་ཏུ་བཟང་པོ་མཆོག་ཏུ་གྱུར་པ་དང་། གནས་སྐབས་སུ་རྐྱེན་གྱི་བྱེ་བྲག་ལྟར་སྣང་བའི་རྣམ་རྟོགས། ཉོན་མོངས། སྡུག་བསྔལ། འཇིག་སྐྲག་ན་ཚ་འཆི་བ་དང་བཅས་པ་གང་བྱུང་ཀྱང་། གཉེན་པོའམ་ཕན་ཐབས་གཞན་ལ་མི་རེ་མི་ལྟོས་པར། གནས་ལུགས་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གྱི་དངོས་གཞིར་ཤེས་པ་ནི་བོགས་འདོན་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པས། །འདི་ལྟ་བུ་ཉམས་སུ་ལེན་ནུས་པའི་རྣལ་འབྱོར་དེ་ནི། འཁོར་འདས་སྣང་སྲིད་ཀུན་ལ་རང་དབང་བསྒྱུར་ཕྱིར། བར་ཆད་ཀྱི་ཡུལ་དང་བྲལ། དངོས་གྲུབ་ཀྱི་མཚོ་ཆེན་རྡོལ། སྒྲིབ་གཉིས་ཀྱི་མུན་པ་སངས། གྲུབ་རྟགས་ཀྱི་ཉི་མ་ཤར། སངས་རྒྱས་སེམས་ལ་བསྙེད། གཞན་དོན་གྱི་གཏེར་ཁ་ཕྱེ་བ་ཆོས་ཉིད་ཡིན་ཀྱང་། གཅིག་ཆོག་གི་


TR002_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་ལག་ཏུ་ལེན་པ་དེ་ཐང་ལ་བསྐྱུར་ནས། བྱིས་པ་པད་ཚལ་དུ་སླེབ་པ་ལྟར་འདི་བྱེད་འདི་བཟང་གི་ཡིད་སྨོན་ལ་མི་ཚེ་སྐྱེལ་བའི་སྒོམ་ཆེན་ཤ་སྟག་སྣང་བ་འདི་ནི་ཡིད་སྐྱོ་བའི་རྒྱུར་གདའ་ལགས་སོ། དེ་ལྟར་གཞི་ལམ་ལྟ་སྒོམ་གྱི་རང་བཞིན་མདོ་ཙམ་བསྟན་ནས། ད་ནི་འབྲས་བུ་ཕྱག་རྒྱ་ཆེན་པོ་སྐུ་གསུམ་དབྱེར་མེད་དམ། སྐུ་གཉིས་ཟུང་འཇུག་གི་དོན་བཤད་པས་མཇུག་བསྡུ་བ་ནི། རྣལ་འབྱོར་གང་ཞིག་གནས་ལུགས་གཞིའི་ཕྱག་ཆེན་གྱི་རང་ཞལ་མཐོང་ཞིང་། ལྟ་སྒོམ་ལམ་གྱི་ཕྱག་ཆེན་ལ་ཉམས་ལེན་གནད་དུ་བསྣུན་པས་གོམ་པ་མཐར་ཕྱིན་པ་དེ་ཉིད། མཐར་ཐུག་འབྲས་བུའི་ཕྱག་ཆེན་དོན་དམ་ཆོས་སྐུ་མངོན་དུ་གྱུར་པ་དེའི་ཚེ། ཆོས་སྐུའི་ངོ་བོ་ནི་རང་རིག་བཅོས་མིན་གདོད་མའི་ཡེ་ཤེས་འཕོ་འགྱུར་བྲི་གང་མེད་པ་ཁམས་གསུམ་སེམས་ཅན་ཀུན་གྱི་རྒྱུད་ལ་ཡེ་ཁྱབ་ཏུ་བཞུགས་པ།


TR002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལམ་ཉམས་ལེན་གྱི་ཐབས་གནད་ཟབ་མོས་མངོན་དུ་བྱས་པ་སྟེ། འདི་ལས་གཞན་པའི་སངས་རྒྱས་སམ། ཆོས་སྐུ་ཞེས་པ་སྔར་མེད་གསར་བྱུང་ནི་མ་ཡིན་ནོ། །འདིའི་མཚན་ཉིད་ནི། གནས་ལུགས་ཇི་ལྟ་བ་དང་ཤེས་བྱ་ཇི་སྙེད་པའི་མཁྱེན་པའི་ཡེ་ཤེས་མངའ་བའི་ཕྱིར་མཁྱེན་པ་གཉིས་ལྡན་ཡང་ཟེར་ལ། གདོད་ནས་ངོ་བོ་རྣམ་པར་དག་པ་དང་བློ་བུར་ལྷན་སྐྱེས་ཀྱི་དྲི་མ་དག་པའི་ཕྱིར། དག་པ་གཉིས་ལྡན་ཀྱང་ཟེར་ཏེ། དོན་ལ་ཤེས་བྱའི་ཆོས་ཐམས་ཅད་ལ་མི་མཁྱེན་པའམ་མི་གཟིགས་པའི་དྲི་མ་དང་བྲལ་ཞིང་། ཡོན་ཏན་གྱི་ཆ་མཐའ་དག་ཡོངས་སུ་རྫོགས་པ་ཉིད་དོ། །ཆོས་སྐུའི་དེའི་གདངས་སམ་ཡེ་ཤེས་ཀྱི་རོལ་པ་འགག་མེད་དུ་ལོངས་སྤྲུལ་གཉིས་ཤར་བ་སྟེ། སྐུ་གསུམ་པོ་དེ་ལ་ཟུང་འཇུག་ཡན་ལག་བདུན་ལྡན་གྱི་ཡོན་ཏན་


TR002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བ་སྟེ། བདུན་གང་ཞེ་ན། འོག་མིན་གྱི་གནས་སུ་སེམས་དཔའ་རྣམས་ལ་ཟབ་རྒྱས་གསང་སྔགས་ཀྱི་ཆོས་འཁོར་ལ་རྟག་པ་རྒྱུན་གྱི་ལོངས་སྤྱོད་མཛད་ཕྱིར། ལོངས་སྤྱོད་ཀྱི་ཡན་ལག་དང་། ༡ མཚན་དཔེ་རྫོགས་པའི་ཡེ་ཤེས་ཀྱི་སྐུ་ཉིད་རང་འོད་ཀྱི་ཡུམ་དང་སྦྱོར་བས་ཁ་སྦྱོར་གྱི་ཡན་ལག་དང་། ༢ ཟག་མེད་ཀྱི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པས། བདེ་བ་ཆེན་པོའི་ཡན་ལག་དང་གསུམ་ནི་ལོངས་སྐུའི་ཁྱད་ཆོས་ཡིན་ལ། ༣ དམིགས་མེད་ཀྱི་ཐུགས་རྗེ་མཁའ་ལྟར་ཁྱབ་པ་ནི། སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག ༤ །ཕྲིན་ལས་རྒྱ་ཆེན་པོ་འཁོར་བའི་མཐའ་མཉམ་རྟོག་མེད་ལྷུན་གྲུབ་ཏུ་འབྱུང་བ་ནི། རྒྱུན་མི་ཆད་པའི་ཡན་ལག ༥ །མྱང་འདས་ཞི་བའི་མཐར་མི་གནས་པ་ནི། །འགོག་པ་མེད་པའི་ཡན་ལག་སྟེ། ༦ འདི་གསུམ་ནི་སྤྲུལ་པ་སྐུའི་ཁྱད་ཆོས་ཡིན་པ་དང་། སྟོང་ཉིད་སྙིང་


TR002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི། རང་བཞིན་མེད་པའི་ཡན་ལག་སྟེ། ༧ འདི་ནི་ཆོས་སྐུའི་ཁྱད་ཆོས་སུ་འདྲེན་པ་སྟེ། དེ་ལྟར་ཡན་ལག་བདུན་ལྡན་དང་། ཡང་། དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པར་ཡང་འདྲེན་ཏེ། དེ་ཡང་སྐུ་གང་ལ་གང་འདུལ་རྣམ་པ་ཐམས་ཅད་དང་ལྡན་པ་ནི་སྐུའི་དབང་ཕྱུག ༡ །གང་འདུལ་ཆོས་འཁོར་རྒྱུན་མི་འཆད་པ་ནི་གསུང་གི་དབང་ཕྱུག ༢ །རྟོག་མེད་ཐུགས་རྗེ་མངའ་བ་ནི་ཐུགས་ཀྱི་དབང་ཕྱུག ༣ །རྫུ་འཕྲུལ་ཐོག་པ་མེད་པ་ནི་རྫུ་འཕྲུལ་གྱི་དབང་ཕྱུག ༤ །འཁོར་འདས་དུས་གསུམ་མཉམ་ཉིད་རོ་གཅིག་ཏུ་མངོན་པར་བྱང་ཆུབ་པ་ནི་ཀུན་འགྲོའི་དབང་ཕྱུག ༥ །རི་རབ་སོ་གཉིས་ཀྱི་རྡུལ་གྲངས་མཉམ་པའི་ལྷ་མོས་འདོད་ཡོན་གྱིས་མཆོད་ཀྱང་འདོད་པས་གོས་པ་མེད་པ་ནི་འདོད་པའི་དབང་ཕྱུག་པ་


TR002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་ནོར་བུ་ལྟར་འགྲོ་བའི་རེ་འདོད་ཡིད་མཐུན་དུ་སྐོང་བས་ཅི་འདོད་བསྐྱེས་པའི་དབང་ཕྱུག ༧ །འོག་མིན་ཆོས་དབྱིངས་ཕོ་བྲང་ན་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་རྟག་ཏུ་བཞུགས་པ་ནི་གནས་ཀྱི་དབང་ཕྱུག་སྟེ། ༨ དེ་ལྟར་དབང་ཕྱུག་བརྒྱད་ལྡན་དུ་འདྲེན་པ་འདི་ནི་གཙོ་ཆེར་ལོངས་སྐུའི་ཡོན་ཏན་གྱི་རྣམ་གྲངས་ཡིན་ལ།། ༈ །།སྤྲུལ་པའི་སྐུ་ནི། ཆོས་ལོངས་གཉིས་ཀྱི་རྣམ་པར་འཕྲུལ་པ་བསམ་ཡས་ཀྱི་གདུལ་བྱ་འགྲོ་བའི་ཆུ་སྣོད་ཇི་སྙེད་པར་འདུལ་བྱེད་སྤྲུལ་པའི་ཟླ་སྣང་དེ་སྙེད་དུ་འབྱུང་སྟེ། བཟོ་དང་སྐྱེ་དང་བྱང་ཆུབ་ཆེན་པོ་ལ་སོགས་གང་ལ་གང་འདུལ་གྱི་སྤྲུལ་བཀོད་རབ་འབྱམས་མཐའ་ཡས་པར་འབྱུང་བ་ནི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ཞེས་བྱ་ཞིང་། དེ་ལྟར་འབྱུང་བའི་རྒྱུ་ནི་ད་ལྟ་ལམ་གྱི་སྐབས་སུ་དོན་དམ་


TR002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཕྱག་རྒྱ་ཆེན་པོ་ལ་གནད་དུ་བསྣུན་པའི་འབྲས་བུ་དངོས་ནི་ཆོས་ཀྱི་སྐུ་འགྲུབ་ཅིང་། དེའི་ཡན་ལག་གམ་ཐབས་ཀྱི་ཆར་སེམས་བསྐྱེད་སྨོན་ལམ་སོགས་རྣམ་པར་དག་པ་བགྱིས་པའི་མཐུ་ལས་སྤྲུལ་པའི་སྐུ་དང་། བསྐྱེད་རིམ་ཟབ་མོ་བསྒོམ་པའི་རྒྱུ་འབྲས་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཉམས་ལེན་དེ་དག་ཀྱང་སོ་སོ་ཡ་བྲལ་རེས་འཇོག་ལྟ་བུས་ནི་མ་ཡིན་པར་ཐབས་ཤེས་ཟུང་འཇུག་འཁོར་གསུམ་ཡོངས་དག་ཆེན་པོར་འབད་པའི་མཐུ་འབྲས་ལས། སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོར་གཏན་སྲིད་ཟིན་པར་འགྱུར་བའོ། །དེ་ལྟར་སྔར་བཤད་པའི་སྐུ་གསུམ་པོ་དང་གཞན་ཡང་སྐུ་བཞིའམ་ལྔ་སོགས་ཀྱི་དབྱེ་བ་དུ་མ་རྣམས་ཀྱི་ངོ་བོ་གཅིག་ལ་ཡོན་ཏན་དང་བྱེད་ལས་ལྟ་བུའི་ཆ་ནས་མིང་སོ་སོར་བཏགས་པ་སྟེ།


TR002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་སེམས་ཉིད་ཀྱི་གཤིས་གདངས་རྩལ་གསུམ་ལ་དེ་ཚེ་སྐུ་གསུམ་དུ་བརྗོད་པ་ཉིད་ལས་གཞན་མ་ཡིན་ནོ། །འདི་སྐབས་སུ་རྒྱུའི་ཐེག་པ་དང་སྔགས་འོག་མའི་རྒྱུད་སྡེ་སོགས་སུ་དེ་དང་དེའི་སྐབས་དོན་ལ་དགོངས་པ་དང་། ལྡེམ་པོར་དགོངས་པའི་ལུང་ཕྱོགས་རེའི་ཁ་འཛིན་གྱི་བཞེད་སྲོལ་སྣ་ཚོགས་ཏེ། ཆོས་ཀྱི་སྐུ་ལ་ཞལ་ཕྱག་ཏུ་གྲུབ་མ་གྲུབ་དང་། དེའི་ཞིང་ཁམས་དངོས་བསྟན་ཡོད་མེད་སོགས་དང་། སངས་རྒྱས་ལ་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ཡོད་མེད་དང་། གཟུགས་སྐུ་གཉིས་ལ་རང་སྣང་གི་ཚོར་བ་ཡོད་མེད་སོགས་ཀྱི་རྩོད་གཞི་དང་དགག་སྒྲུབ་དུ་མས་ཟིང་ཟིང་པོར་བྱེད་པར་སྣང་མོད་ཀྱི། དེ་ཐམས་ཅད་རང་རང་གི་སྐབས་དེར་ནི་དེ་ཉིད་བདེན་པ་ཡིན་མོད་ཀྱང་། ཐེག་པའི་བཅུད་ཀྱི་སྙིང་པོ་འདི་དག་གི་སྐབས་སུ་ནི་འོག་མ་ལྟ་གྲུབ་ལ་ལྟོས་མི་འཚལ་ཞིང་། ཐམས་ཅད་དང་


TR002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ལ་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་ཞེས་པའི་དགོངས་པ་ཡིན་ལ། དེ་ལྟ་བུའི་དགོངས་པ་དེ་གང་ལ་ཟེར་ན། འཁོར་འདས་སྣང་སྲིད་ཀྱི་བསྡུས་པའི་ཆོས་སོ་ཅོག་ཐམས་ཅད་ལ། བདེན་མི་བདེན། ཡོད་མེད། ཡིན་མིན། སྐྱེ་འགག །འགྲོ་འོང་། རྟག་ཆད་ལ་སོགས་པར་གང་ལའང་མི་ཞེན། མི་འཛིན། མི་དགག །མི་བསྒྲུབ་སྟེ། ཅིའི་ཕྱིར་ན། གང་མེད་པར་སྨྲ་ན་ཆད་པའི་མཐར་ལྷུང་ཞིང་། ཡོད་པར་བྱས་ན་ནི་རྟག་པའི་མཐའ་དང་། ཡོད་མེད་གཉིས་ཀ་མ་ཡིན་ནོ་སྙམ་དུ་འཛིན་ནའང་བློས་བྱས་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར། གཞན་སྣང་གི་ངོར་ནི། ཡོད་ན་ཡོད་དུ་ཆུག་སྟེ་འགགས་མེད་ཀྱི་འཆར་སྒོ་ཟད་མཐའ་མེད་ཅིང་རྒྱུ་འབྲས་རྟེན་འབྲེལ་ལ་བསླུ་བ་མེད་པའི་ཕྱིར་དང་།


TR002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་མེད་པ་རྣམས་ཀྱི་ངོར་ནི་མེད་དུ་ཆུག་སྟེ། གཤིས་ངོར་གང་དུ་ཡང་གྲུབ་པ་མེད་པའི་རང་བཞིན་སྟོང་པ་ཉིད་ལས་མ་གཡོས་པའི་ཕྱིར་དང་། ཡོད་མེད་གཉིས་ཀ་མ་ཡིན་པ་ཡང་བདེན་དུ་ཆུག་སྟེ། མཐའ་གང་དུ་ཡང་མ་ལྷུངས་ཤིང་ཕྱོགས་དང་རིས་སུ་མ་ཆད་པའི་ཕྱིར་རོ། །དེ་བས་ན་ཕྱི་རོལ་སྣོད་བཅུད་དུ་སྣང་བའི་དངོས་པོ་ཐམས་ཅད་ནི་མ་དག་སེམས་ཅན་གྱི་བག་ཆགས་ལས་སྣང་འཁྲུལ་པའི་ངོར་ནི་འབྱུང་ལྔ་གདོས་བཅས་ཨ་འཐས་ཀྱི་ཚུལ་དང་། ལམ་པའི་རྣལ་འབྱོར་རྣམས་ཀྱིས་ངོར་ནི་རང་སེམས་འགགས་མེད་ཀྱི་སྣང་བ། སངས་རྒྱས་བྱང་སེམས་རྣམས་ལ་ནི་ཡེ་ཤེས་རང་གསལ་གྱི་ཞིང་ཁམས་ཏེ། དོན་དམ་པར་ནི་ཐམས་ཅད་སེམས་ཉིད་ཀྱི་ཆོ་རོལ་ཁོ་ན་ཉིད་དེ་བཞིན་དུ། ནང་གི་སེམས་དང་། སེམས་བྱུང་གི་རྟོག་ཚོགས་རྣམས་ཀྱང་མ་དག་འཁྲུལ་པའི་སྐྱེ་འགྲོ་རྣམས་ལ་ནི་ལས་ཉོན་


TR002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ཀྱི་རང་བཞིན། ལམ་པའི་རྣལ་འབྱོར་རྣམས་ལ་ནི་ལྟ་སྒོམ་ཉམས་རྟོགས་ཀྱི་བྱེ་བྲག་བདེར་གཤེགས་སྐུ་གསུམ་གྱི་སངས་རྒྱས་རྣམས་ལ་ནི་མཁྱེན་བརྩེ་ཡེ་ཤེས་ཀྱི་རོལ་པ་སྟེ། དེས་ན་རྒྱུའམ་གཞིའི་གནས་ལུགས་ལ་ནི་ཁྱད་པར་རྡུལ་ཙམ་མ་མཆིས་ནའང་། བློ་བུར་ཀུན་བཏགས་ཀྱི་སྒྲིབ་པས་ཆེར་འཐུམས་པ་དང་། ཅུང་ཟད་འཐུམས་པ་དང་། སྒྲིབ་པ་བྲལ་བ་དང་བཅས་པའི་ཁྱད་པར་དུ་གྱུར་ཕྱིར། གཞི་ལམ་འབྲས་གསུམ་གའི་ངོ་ སེམས་ཅན་རྣམས་ བོ་སྐུ་གཉིས། རྣལ་འབྱོར་པ་ ཟུང་འཇུག་གམ་སྐུ་ སངས་རྒྱས་རྣམས། གསུམ་དབྱེར་མེད་ཉིད་ལས་མ་འདས། སྔར་ མི་འདའ། ད་ལྟ་ མ་འོངས་པར་ འདའ་བར་མི་འགྱུར་བའི་དོན་གྱི་སྙིང་པོ་རང་སེམས་མ་བཅོས་ཕྱག་རྒྱ་ཆེན་པོའི་ངང་དུ་གློད་པ་ཁོ་ན་གནད་དུ་ཆེ་ཡི། འདུས་མ་བྱས་ཀྱི་ཆོས་ལ་འདུས་བྱས་བློའི་སྒྲོ་བཏགས་སྐུར་


TR002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་བྱས་ཏེ་ཚིག་གི་མཐའ་ལ་ཞེན་ཅིང་ཕྱོགས་རེའི་གྲུབ་མཐའ་ལ་རྩོད་པར་བྱེད་པ་རྣམས་ནི། བྱིས་པའི་སྐྱེ་བོ་དག་གིས་ནམ་མཁའ་མཐའ་རྒྱ་རྩོད་པ་དང་མཚུངས་ཕྱིར། བཟོ་མེད་ལྷུག་པའི་ངང་དུ་ཕྱམས་གདལ་མཉམ་ཉིད་ཆེན་པོར་ཞོག་མཛོད་དང་རྣལ་འབྱོར་བཞི་དང་། ས་བཅུ་ལམ་ལྔ་སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ་དང་བཅས་པའི་དབྱིངས་སུ་བགྲོད་བྱ་བགྲོད་བྱེད་ཀྱི་མཚན་མ་ལས་འདས་པའི་ངང་དུ་གྲོལ་བར་གདོན་མི་ཟ་བ་ཉིད་དོ། །ཀྱེ་ཧོ། གདོད་ནས་ཡེ་གྲོལ་བདེར་གཤེགས་སྙིང་པོའི་ཁམས། ལྷུན་གྱིས་གྲུབ་པའི་སངས་རྒྱས་སྐུ་གསུམ་ཉིད། །འགྲོ་བ་འཇག་མིག་སྲིན་བུ་ཡན་ཆད་ལ། །རྟག་ཏུ་འབྲལ་མེད་བཞུགས་ཀྱང་མ་རིག་སྒྲིབ། །གདུལ་བྱ་ཇི་སྙེད་འདུལ་བྱེད་ཆོས་ཀྱི་སྒོ། །དེ་སྙེད་བསྟན་ཀྱང་རང་སྣང་མ་དག་འཁྲུལ། །ལམ་ནོར་ལམ་ལོག་ལམ་གོལ་ལམ་ འཇིག་རྟེན་པ་རྣམས་ མུ་སྟེགས་པ་ ཉན་རང་རྣམས་ གསང་སྔགས་འོག་མ་པ་རྣམས་


TR002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཅིངས། ཡང་དག་ལམ་བཟང་བགྲོད་པ་ཨུ་དུམ་ཝར། མཐའ་མ་གྲུབ་ཀྱང་མཐར་འཛིན་སྒྲོག་ཏུ་ཆུད། རང་ལ་ཡོད་ཀྱང་མི་ཤེས་དབུལ་མོའི་གཏེར། མ་བཅོས་རང་བྱུང་བཅོས་མའི་ལྷད་ཀྱིས་བསླད། །ཡིན་ལུགས་རང་ཚང་མི་རིག་ཅི་ཞིག་ཉེས། །སྟོབ་འབྱོར་ཅན་རྣམས་བསོད་ནམས་བདུད་དུ་བབས། །ཐོས་པས་དྲེག་ཀུན་རྒྱུད་རྐོ་སྣུམ་དྲེད་ཁྱེར། །བླུན་སྒོམ་འཇུར་བསྒྲིལ་བྱེ་མར་སྣུམ་ཚིར་འབད། །གནས་ལུགས་ཕྱག་ཆེན་སུ་ཞིག་གནད་དུ་བཞུགས། །ཀྱི་ཧུད། མདོ་སྔགས་ཉི་ཟླ་ཟུང་གི་བསྟན་མཆོག་ནི། །ཆུ་ལྷ་མོར་གཤེགས་ཐུན་མཚམས་ལི་ཁྲིའི་སྤྲིན། །ཡལ་གའི་ཚུལ་ལ་མི་སྐྱོ་འདིར་སྣང་གི །ཆེད་དུ་དལ་འབྱོར་རྡུལ་དུ་གཏོང་འདི་ཅི། མི་ སྒོམ་པ་ ལྟ་བ་ལ་ སྤྱོད་པ་ འབྲས་བུ་ སྒོམ་གྱི་སྐལ་བ་མེད་ སྒོམ་ལ་ཡིད་མི་ཆེས་ བསྒོམ་གྱི་གནད་མ་གོ་


TR002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རི་ཡི་ཁྲོད་དུ་སྲོག་འཚོའི་ཟས། གྱི་ན་ཙམ་ལ་ལེགས་བརྟེན་གཏན་འདུན་མཆོག །གཉུག་མའི་རང་ཞལ་ལྟ་མཛད་སྒྲུབ་རྒྱུད་ཀྱི། །ལུགས་དེ་བསྟན་པ་མིན་པར་གཟིགས་སམ་ཀྱཻ། བསྟན་པའི་དོན་ཞེས་བསྟན་པ་བསྣུབ་པའི་ལས། །སྒྲུབ་བརྩོན་ཡང་དག་སྒྲུབ་ལ་མི་བརྩོན་པའི། དུས་འདིར་བདག་འདྲའི་ཡིག་སྣ་འདི་འདྲའི་རིགས། །སུ་ལ་ཅི་མཁོ་སུ་ཞིག་དང་དུ་ལེན། །རང་ལ་མི་དགོས་གཞན་གྱིས་མི་འགུ་བའི། ཡིག་ནག་དཔེ་ཡིས་ཕུག་ཀུན་བརྒྱངས་ན་ཡང་། །སེམས་རྒྱུད་འགའ་ཡང་ཐུལ་བའི་ནུས་མེད་ཕྱིར། །སྣག་ཤོག་སོར་མོའི་ངལ་བ་ཙམ་དུ་ཟད། །རིང་མོའི་དུས་ནས་ནན་གྱིས་རབ་བསྐུལ་བར། །མཛད་པ་གང་གི་གསུང་ངོ་མི་ལྡོག་ཕྱིར། །སྤྱི་རྟོལ་སྐྱེས་ནས་སྨྲས་ལས་དོན་མཐུན་གྱི། །ཚིག་


TR002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྐྱོན་བྲལ་དགོས་པའི་མཐུ་ཡིས་དབེན། །བརྗོད་བྱེད་ཚིག་ལ་དབང་བའི་རྣམ་དཔྱོད་དང་། །བརྗོད་བྱ་དོན་ཆེན་རྟོགས་པའི་ཉམས་མྱོང་སོགས། །གང་ཡང་མེད་བཞིན་སྨྲས་འདིས་མཁས་གྲུབ་རྣམས། །བཞད་བགད་འཕེལ་བའི་རྒྱུ་རུ་འགྱུར་ལས་ཅི། །འོན་ཀྱང་ངན་བློས་མ་སྒྲིབ་ལྷག་བསམ་འོད། །ཀུན་དགའི་གེ་སར་བཞད་པའི་འཕྲེང་མཛེས་གང་། །རང་སྐལ་མཚུངས་པའི་སྒོམ་ཆུང་གསར་བུ་འགའི། །རྣ་བའི་རྒྱན་འགྱུར་སྲིད་མཐའ་མི་ཁེགས་ཙམ། །འདི་བྲིས་དགེ་དང་འཁོར་འདས་ལམ་གསུམ་གྱི། །ཟག་བཅས་ཟག་མེད་དགེ་ཀུན་གཅིག་སྡོམས་མཐུས། །སྒྲུབ་རྒྱུད་བསྟན་པ་ཕྱོགས་མཐར་ཁྱབ་རྒྱས་ཤིང་། །འགྲོ་ཀུན་ཕྱག་རྒྱ་ཆེ་འབྲས་མངོན་འགྱུར་ཤོག །དེ་ལྟར་ངེས་དོན་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པ་པོ་རྣམས་ལ་བོགས་འདོན་དང་ལམ་རིམ་


TR002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྟག་ཚད་ལ་ཉེ་བར་མཁོ་བའི་ཡི་གེ་ཞིབ་རྒྱས་ཞིག་བགྱིས་ཞེས། སྨན་སྒོམ་རིག་པ་འཛིན་པ་ཚུལ་ཁྲིམས་བཟང་པོས་རིང་མོ་ཞིག་ནས་ཡང་ཡང་བསྐུལ་བར་མཛད་མོད་ཀྱང་། དེ་ལྟ་བུ་ཟབ་རྒྱས་མཐའ་ཡས་པ་སྒྲུབ་རྒྱུད་གོང་མ་རྣམས་ཀྱི་བཀའ་འབུམ་དག་ལས་འབྱུང་ཕྱིར་སླར་བྲིས་པའི་དགོས་པ་ཡང་མ་མཆིས་པ་དང་། ཁྱད་པར་རང་ཉིད་ལ་སྐྱབས་གནས་དྲིན་ཅན་རྣམས་ཀྱིས་ཐུགས་རྗེས་དགོངས་ཏེ་ལམ་ཟབ་ཕྱག་ཆེན་གྱི་རིགས་གྱུར་ལ། ལྷན་ཅིག་སྐྱེས་སྦྱོར། ཡི་གེ་བཞི་པ། གངྒ་མ། ཡི་གེ་མེད་པ། བརྡ་རྩ་དང་གྲུབ་སྙིང་གི་སྐོར། གསང་བ་བསམ་གྱིས་མི་ཁྱབ་པ། ཡེ་ཤེས་གསལ་བྱེད། ལྔ་ལྡན། ཡིད་བཞིན་ནོར་བུ། གནད་ཀྱི་གཟེར་དྲུག །སྨར་འཁྲིད་སྐོར་མང་པོ་སོགས་གསར་མ་ལ་གྲགས་པ་དག་དང་། སྙིང་ལུགས་ཀྱི་ཕྱག་ཆེན་ཀློང་ཡངས་མཐའ་བྲལ་ཉི་མའི་སྙིང་པོ། རིག་པ་གཅིག་སྐྱེས། མ་རིག་མུན་སེལ། གཉུག་མ་གཅེར་མཐོང་ལ་སོགས་པ་གཏེར་བྱོན་གྱི་རིགས་མང་པོ་དང་བཅས་པ་སྐུ་དྲིན་དུ་སྩལ་བ་ཐོབ་མོད་ཀྱང་། རང་ཉིད་ལས་ཉོན་དང་རྣམ་གཡེང་གི་རྦ་ལ་འཕྱན་པས། དེ་དག་གི་ཉམས་རྟོགས་ཀྱི་


TR002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཤས་ཅུང་ཟད་ཙམ་ཡང་རྒྱུད་ལ་མ་སྐྱེས་ཚེ་འདི་བཞིན་བཀོད་པའི་ནུས་སྟོབས་མ་མཆིས་རུང་། བསྐུལ་བ་པོའི་ངག་མི་བཟློག་ཕྱིར་ལོང་འགྲོས་མུན་ཚེ་ལྟ་བུར་བྲིས་པ་འདི་ལ། མཁས་གྲུབ་དཔྱོད་ལྡན་རྣམས་ཀྱིས་མི་ཁྲེལ་བར་གསོལ་བ་སྙིང་ནས་འདེབས་ཤིང་། འདིའི་དགེ་བས་མ་རྒན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་བླ་མེད་བྱང་ཆུབ་ཀྱི་གོ་འཕངས་དམ་པ་ཚེ་འདིར་ཐོབ་པར་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ། རྒོད་ཚང་པ་མིན་རྒོད་ཚང་པར་གྲགས་པའི་མི་རྒན་སྙོམས་ལས་པས། ལས་སྟོད་རྒོད་ཚང་མ་ཡིན་པའི། དཔལ་རི་རྒོད་ཚངས་ཕུག་ཏུ་བྲིས། དགེའོ། དགེའོ། དགེའོ། ༡ཞུས་ཁུལ་ལགས།


previousཆོས་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོའི་དོན་ཡང་དག་པ་རབ་ཏུ་གསལ་བར་བྱེད་པ་དྲི་མ་མེད་པའི་སྒྲོན་མ།no next