Nitartha Digital Library
Tibetan
 
previousངེས་དོན་གྱི་ལྟ་སྒོམ་ཉམས་སུ་ལེན་ཚུལ་ཇི་ལྟ་བར་སྟོན་པ་རྡོ་རྗེའི་མདོ་འཛིན།no next

ངེས་དོན་གྱི་ལྟ་སྒོམ་ཉམས་སུ་ལེན་ཚུལ་ཇི་ལྟ་བར་སྟོན་པ་རྡོ་རྗེའི་མདོ་འཛིན།


TR003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་གྱི་ལྟ་སྒོམ་ཉམས་སུ་ལེན་ཚུལ་ཇི་ལྟ་བར་སྟོན་པ་རྡོ་རྗེའི་མདོ་འཛིན་ཞེས་བྱ་བ་བཞུགས་སོ། །


TR003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་པྲ་ཛཱ་བྷྱཿ བསམ་གྱིས་མི་ཁྱབ་སྣ་ཚོགས་ཆོས་ཀུན་གྱི། །རང་བཞིན་གདོད་ནས་རྣམ་དག་བྱང་ཆུབ་སེམས། །མ་བཅོས་གཉུག་མ་ལྷན་སྐྱེས་ཆོས་ཀྱི་སྐུ། །ལྷུན་གྲུབ་རང་རིག་བླ་མར་རྟོགས་པས་འདུད།། ༈ །།འགྲོ་བའི་ཁམས་ལ་བདེར་གཤེགས་སྙིང་པོ་ཡིས། ཁྱབ་ཀྱང་ལྷན་གཅིག་སྐྱེས་པའི་མ་རིག་པས། །རྟག་པར་རང་སྒྲིབས་འཁོར་མཚོར་བྱིང་འདི་ལས། །མྱུར་གྲོལ་གསང་བའི་ཟབ་ལམ་འདིར་བསྟན་གྱི།། ༈ །།སྡུག་ཆེན་ངན་འགྲོའི་གཡང་ལ་སྐྲག་པ་དང་།


TR003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གོལ་ཉན་རང་ཞི་བདེར་མ་ཆགས་དང་། །ཚེ་གཅིག་རྫོགས་བྱང་འགྲུབ་ལ་སྤྲོ་བ་ཡི། །བློ་ལྡན་སྐལ་བ་མཆོག་རྣམས་འདིར་འཇུག་བྱོས།། ༈ །།ཨེ་མའོ་སྨོན་ལམ་ལྡན་པའི་སྨོན་ལམ་མཚན། །གང་གི་ཕྱག་རྫོགས་དབུ་གསུམ་ལྟ་སྒོམ་གྱི། །སྙིང་པོའི་ཉམས་ལེན་འགག་དོན་སྨྲོས་ཤིག་ཅེས། །གསུང་བའི་ལན་གྱི་བརྡའ་མཚོན་འདི་འབུལ་ལོ།། ༈ །།གང་ཞིག་དུས་གསུམ་རྒྱལ་ཀུན་གྱིས། །ཆོས་འཁོར་བསྐོར་བའི་རྣམ་གྲངས་ནི། །མཐའ་དག་སེམས་ཅན་སངས་རྒྱས་


TR003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སར། །འགོད་ཕྱིར་ཁོ་ན་ཡིན་མོད་ཀྱང་། །གདུལ་བྱའི་བསམ་སྐལ་ཐ་དད་པས། །འདུལ་བྱེད་ཆོས་ཀྱང་སྣ་ཚོགས་པ། །མ་ལུས་རྒྱལ་བའི་ཕྲིན་ལས་ཉིད། །ཡིན་ཕྱིར་བཟང་ངན་ཡོད་མིན་ཀྱང་། །ལམ་གྱི་རྟེན་དང་ལམ་ཉིད་དང་། །འབྲས་བུར་དངོས་སུ་སྦྱོར་མཛད་པ། །ཐེག་པ་ཆུང་འབྲིང་ཆེན་པོ་རུ། །གྲགས་མོད་སངས་རྒྱས་བསྒྲུབ་པར་མཐུན།། ༈ །།འོན་ཀྱང་ཉེ་ལམ་ཡིན་མིན་གྱི། །ཁྱད་ཀྱིས་ཐེག་ཆེན་མཆོག་ཏུ་འཕགས། །དེ་ལས་ཁྱད་པར་སྔགས་ཀྱི་ལམ། །གོང་མ་ཁོ་ན་རྨད་དུ་གྱུར། །དེ་ཡང་གཞི་དང་ལམ་ཉིད་དང་། །འབྲས་བུ་དང་ནི་གསུམ་གསུངས་ཀྱང་། །འཁོར་འདས་དབྱེར་མེད་སྐུ་གསུམ་ཀློང་། །གཞི་འབྲས་རོ་གཅིག་ལས་མ་འདས།། ༈ །།འོན་ཀྱང་གཞི་ལ་འཁྲུལ་བྲལ་གྱིས། །དེ་ཉིད་མ་ཤེས་བློ་བུར་བའི། མ་རིག་ བསལ་སླད་དུ། ལམ་གྱི་ཉམས་


TR003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དུ་མར་བསྟན།། ༈ །།དེ་དག་སྙིང་པོ་ལྟ་སྒོམ་གཉིས། །ཐོག་མར་ལྟ་བའི་དོན་ཉིད་ལ། །ངོ་འཕྲོད་ཁོ་ན་མཆོག་ཏུ་གཅེས། །ལྟ་བ་ལ་ཡང་སྣ་ཚོགས་ཏེ། །འཇིག་རྟེན་པས་ནི་མ་རྟོགས་དང་། །མུ་སྟེགས་པས་ནི་ལོག་པར་རྟོག །དེ་དག་བྱང་ཆུབ་ལམ་མིན་ཕྱིར། །ཞིབ་དབྱེ་འདིར་ནི་བརྗོད་མ་བྱས། །དེ་ཚུལ་ཤེས་པར་འདོད་པ་ན། །གསར་རྙིང་རྒྱུད་དུ་མ་དང་། །བསྟན་བཅོས་ཆེན་པོ་རྣམས་སུ་ལྟོས། །ཐེག་དམན་ཉན་རང་ལྟ་བ་ཡང་། །ཉན་ཐོས་པས་ནི་གང་ཟག་གི། །བདག་མེད་རྟོགས་ཀྱང་ཆོས་ཀྱི་བདག །མ་རྟོགས་ཡུལ་སྣང་ཨ་འཐས་འཛིན། །རང་རྒྱལ་བས་ནི་དེ་ཡི་སྟོང་། །འཛིན་པ་ཆོས་ཀྱི་བདག་མེད་ཉིད། །རྟོགས་ཀྱང་གཟུང་བ་ཆོས་བདག་མེད། །མ་རྟོགས་པས་ན་རྣམ་པར་རྨོངས། །ཉན་རང་གཉིས་


TR003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་སྒོམ་པ་ནི། །འགོག་པའི་བསམ་གཏན་སྙོམས་འཇུག་བསྒོམ། །སྤྱོད་པ་ཕར་ཕྱིན་ལྔ་སྤྱོད་ཀྱང་། །ཤེས་རབ་ཕར་ཕྱིན་ལྷག་མཐོང་གིས། །མ་ཟིན་ཕྱིར་ན་གོལ་བར་གསུངས། །ཐེག་ཆེན་བྱང་སེམས་སྡེ་སྣོད་ལ། །སེམས་ཙམ་པ་དང་དབུ་མ་པ། །སེམས་ཙམ་རྣམ་བདེན་རྣམ་རྫུན་གཉིས། །ལྟ་བ་འཁོར་འདས་སེམས་སུ་འདོད། །དབུ་མ་རང་རྒྱུད་པ་རྣམས་ནི། །ལྟ་བ་བདེན་གཉིས་ཟུང་འཇུག་གཞེད། །དབུ་མ་ཐལ་འགྱུར་བ་རྣམས་ནི། །ལྟ་བ་ཁས་ལེན་བྲལ་བར་གསུངས། །ཀུན་ཀྱང་སྒོམ་པ་གསལ་སྟོང་ཟུང་། །དབྱེར་མེད་རང་རིག་རང་གསལ་དུ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །གཏན་ལ་འབེབས་ཤིང་སྒོམ་པར་བྱེད། །སྤྱོད་པ་ཕར་ཕྱིན་བཅུ་དག་གིས། །རང་གཞན་དོན་གཉིས་འབད་ནས་བསྒྲུབ། །འབྲས་བུ་གྲངས་མེད་གསུམ་ནས་ནི། །བྱང་ཆུབ་


TR003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་ཐོབ་པར་བཤད། །གསང་སྔགས་ཕྱི་པ་ཀྲྀ་ཡོག་རྣམས། །ལྟ་བ་དག་པ་མཐའ་བཞི་བྲལ། །སྒོམ་པ་བསྐྱེད་རྫོགས་ཟུང་འབྲེལ་བསྒོམ། །སྤྱོད་པ་གཙང་སྦྲས་ལྷ་མཆོད་ཅིང་། །སོ་སོའི་དམ་ཚིག་བསྲུངས་པ་ཡིས། །མི་ཚེ་བདུན་ནམ་བཅུ་དྲུག་ཏུ། །སངས་རྒྱས་སྐུ་ལྔ་ཐོབ་པར་གསུངས། །གསང་སྔགས་ནང་པ་བླ་མེད་པས། །ལྟ་བ་སྣང་སྟོང་སྣོད་བཅུད་ལྷ། །སྒོམ་པ་སྐྱེད་རྫོགས་ཟུང་འཇུག་གི། །ཆགས་གྲོལ་དབང་བཞིའི་ལམ་བཟང་ཞུགས། །སྤྱོད་པ་ཕྲིན་ལས་རྣམ་བཞག་སོགས། །མཐུན་མོང་མཐུན་མིན་སྦྱོར་སྒྲོལ་གྱི། །ཐབས་ཀྱི་རིམ་པ་བསམ་ཡས་པས། །མཆོག་མཐུན་རང་བཞིན་དོན་འགྲུབ་པའི། །འབྲས་བུ་ཚེ་གཅིག་ཁོ་ནས་བསྒྲུབས།། ༈ །།དེ་ལྟར་ཐེག་པའི་རིམ་པ་རྣམས། །སོ་སོའི་


TR003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྒོམ་དབྱེ་རིམ་ནི། །དཔག་མེད་མདོ་རྒྱུད་བསྟན་བཅོས་ལས། །འབྱུང་ཕྱིར་བདག་འདྲས་བརྗོད་པས་ཅི། །བདག་ནི་སྤྱིར་ཡང་ཐོས་པས་དབེན། ཁྱད་པར་དབུ་ཚད་ཕར་ཕྱིན་སོགས། །གཞུང་ལུགས་ཐོས་བསམ་མ་བྱས་པས། །དེ་དག་ལྟ་བའི་དབྱེ་བསྡུ་སོགས། །མི་ཤེས་སྨྲས་ཀྱང་མཁས་པས་འཁྲེལ། །དེ་བས་ཆོས་དབྱིངས་བསམ་མི་ཁྱབ། །ཉིད་ལ་མོས་པས་གནས་པར་བྱ།། ༈ །།སྐབས་འདིར་བཤད་བྱའི་དོན་གྱི་སྙིང་པོ་ནི། །སྔགས་དང་མཚན་ཉིད་ཐེག་པའི་ལྟ་བ་ལ། ཁྱད་པར་མེད་ཀྱང་ཐབས་ཀྱི་རིམ་པའི་གནད། །ཉམས་ལེན་ཉིད་ཀྱི་ཁྱད་པར་ཡིན་ནོ་ཞེས། །གསར་རྙིང་མཁས་གྲུབ་ཕལ་ཆེར་གཅིག་ཏུ་གསུངས། །འགའ་ཞིག་གིས་ནི་ཤིན་ཏུ་ཁྱད་ཡོད་པར། །གསུང་བའང་ཡོད་ལ་འགག་དོན་སྙིང་པོ་ནི།


TR003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་རང་བཞིན་ཉིད་ནི་མཐུན་ན་ཡང་། །བློ་ཡིས་བཅོས་དང་མ་བཅོས་ཁྱད་པར་རམ། །ཞེ་འདོད་དེར་འཛིན་ཡོད་མེད་ཁྱད་པར་ནི། །འདུག་པར་རྨོངས་པ་བདག་ལྟ་བུས་ཀྱང་མཐོང་། །རང་བཞིན་མཚན་མ་གང་དུའང་མ་གྲུབ་ཀྱང་། །གང་ཟག་བློ་ཡིས་སྟོང་དང་སྟོང་མིན་དང་། །མཐའ་བཅས་མཐའ་བྲལ་ལ་སོགས་སྣ་ཚོགས་སུ། །བརྟག་གཞིག་བྱས་པར་གཏན་ལ་འབེབས་འདོད་ཀུན། །ཕྱག་རྫོགས་རྣམས་ཀྱི་ལྟ་བར་མ་གསུངས་ཤིང་། །མཐའ་དང་བྲལ་ལོ་སྟོང་ཉིད་ཡིན་ནོ་ཅེས། །སྙམ་བྱེད་དེ་ནི་ལྟ་བའི་གོལ་སར་ཟད། །བརྗོད་བྲལ་འདུས་མ་བྱས་པའི་ཆོས་ཉིད་ལ། །རང་རིག་ཡེ་ཤེས་རང་ངོ་འཕྲོད་པ་ཡིས། །ཡིན་ཚུལ་ཡིན་ལུགས་རྗེན་པར་རྟོགས་པ་ལས། །བློས་བྱས་ཡིད་དཔྱོད་ལྟ་བས་དགོས་པ་


TR003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

མེད།། ༈ །།ཇི་སྐད་དུ། འཕགས་པ་བརྒྱད་སྟོང་པ་ལས། རབ་འབྱོར། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་བསམ་གྱིས་མི་ཁྱབ་པ་ཉེ་བར་གནས་པ་སྟེ། སེམས་ཀྱི་བསམ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་འཇུག་པའི་ཕྱིར་རོ། །ཅེས་སོགས་གསུངས་ཤིང་། གཞན་ཡང་། ཏི་ལླི་པའི་ཞལ་ནས། ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཏེ། ངག་གི་ལམ་འདས་ཡིད་ཀྱིས་སྤྱོད་ཡུལ་མིན། ཅེས་སོགས་དང་། མཻ་ཏྲི་པས། །ཆོས་རྣམས་རང་རང་ངོ་བོས་སྟོང་། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་མི་བྱེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་དང་། འགྲོ་མགོན་ཞང་རིན་པོ་ཆེས། ལྟ་བ་དངོས་པོའི་གནས་ལུགས་རྟོགས་འདོད་ན། །ལྟ་བ་མ་བལྟ་ལྟ་བུའི་བྱ་བ་ཐོང་། །ལྟ་དང་མི་ལྟ་ཞེ་འདོད་བྱ་བྲལ་ན། །བྱ་བ་བཏང་བ་ལྟ་བའི་མཐར་ཐུག་ཡིན། །ཅེས་གསུངས་པ་དང་། མཁའ་སྤྱོད་ཀླུ་འཕྲེང་ལས། མཐའ་བཅས་དང་མཐའ་བྲལ་ལ་སོགས་པའི། །བཟང་འདོད་ཀྱི་ལྟ་བ་རྫུན་གྱི་ཁྲིགས། །ཡིན་ལུགས་ཀྱི་ལྟ་བ་ཐ་མལ་པ། །བལྟ་རྒྱུ་


TR003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་གདའ་བལྟས་ཀྱང་རུང་། །ཅེས་དང་། །གཞུང་ཐ་སྙད་མཁན་གྱི་བདེན་གཉིས་དེ། །ལུང་རིག་པ་མང་ཡང་གནད་མ་གོ། །གཉིས་ཐ་དད་དུ་བཟུང་པས་གཉིས་མེད་ཉམས། །བློ་སྤང་བླང་གི་འཁྲུལ་འཁོར་རྒྱུན་མི་ཆད། །ཅེས་སོགས། ལུང་བརྗོད་ལས་འདས་པ་མཆིས་སོ། །རྒྱལ་གསུང་འཁོར་ལོ་མཐའ་དང་བར་པ་ཡིས། །དགོངས་དོན་བྱམས་དང་འཇམ་དབྱངས་ཀྱིས་བཀྲལ་བའི། །རྗེས་འབྲང་ཐོགས་མེད་ཀླུ་གྲུབ་ལ་སོགས་པའི། །ཤིང་རྟའི་སྲོལ་ཆེན་དབུ་སེམས་གཞུང་ལུགས་ལ། །སྐྱོན་དུ་མཆིས་པ་ནམ་ཡང་ག་ལ་སྲིད། །དེ་དག་རྣམས་དང་ཕྱག་རྫོགས་ལྟ་བ་ལ། །དགོངས་དོན་མི་མཐུན་ཅི་ཡང་མེད་མོད་ཀྱང་། །ཕྱིས་བྱུང་གང་ཟག་མཁས་རློམ་མང་པོ་ཡིས། །རང་བཟོའི་དྲི་མས་དབུ་སེམས་བསླད་པ་མང་། །གཏན་ཚིག་དགག་བསྒྲུབ་ཐ་སྙད་སྣ་ཚོགས་ཀྱིས། །བསྒྲུབས་པའི་


TR003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཡུལ་ལྟ་བ་ཅི་བཟང་ཀྱང་། །རང་བྱུང་ཡེ་ཤེས་ཇི་བཞིན་རྟོགས་མིན་ཚེ། །བྱང་ཆུབ་ལྟ་ཞོག་ཉོན་མོངས་ཅུང་ཟད་ཙམ། ཁ་ཡང་མ་ཕྲི་སླར་ལ་ང་རྒྱལ་དང་། །ཤེས་རློམ་ཐོས་པ་ཆེ་བའི་ཡུས་ཀྱི་རྒྱལ། །ཆོས་ལ་བརྟེན་ནས་ངན་སོང་བསྒྲུབས་པས་ཕུང་། ཇི་སྐད་དུ། །བྲམ་ཟེ་ཆེན་པོ་ས་ར་ཧས། །གང་ཞིག་བླ་མའི་གདམས་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་ལྡན་ངོམ་པར་མི་འཐུང་བ། །དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྙོམ་པས་གདུང་སྟེ་འཆི་བར་ཟད། ཅེས་གསུངས་སོ།། ༈ །།དེས་ན་ཐ་སྙད་ཚིག་གི་ལྟ་གྲུབ་ལ། །མི་འབྲང་མ་ཞེན་ཟབ་མོའི་དོན་རྒྱུད་ཀྱི། །ལྟ་སྒོམ་ཉམས་ལེན་རང་ཐོག་དབབ་པ་གཅེས།། ༈ །།འོ་ན་སྒོམ་གྱི་སྔོན་འགྲོའི་སེམས་ཚོལ་རྣམས། །བློས་བྱས་བརྟག་གཞིག་མིན་ནམ་ཞེས་སྙམ་ན། །མིན་ཏེ་དེ་དག་བླ་མའི་བྱིན་རླབས་དང་། །རང་སེམས་


TR003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་ངང་ནས་བྱུང་གནས་འགྲོ། །ཐམས་ཅད་བསྒོམས་བྱུང་ཤེས་རབ་ཀྱིས་རྟོགས་ལས། །ཀུན་ཏུ་གཡོ་བའི་བློ་ཡིས་བཙལ་བ་མིན། །འགལ་བ་བསྡུས་པའི་བསམ་མནོ་མང་པོ་ཡིས། །ཀུན་ཏུ་བརྟགས་པའི་གོ་ཡུལ་སྐམ་པོ་དང་། །རང་སེམས་རང་ངོ་མཐོང་འདི་མཚུངས་མ་ཡིན།། ༈ །།འོ་ན་ལམ་ཟབ་མོ་འདི་དག་གི་ལུགས་ཀྱིས་རང་ངོ་མཐོང་བའི་ལྟ་བ་དངོས་དེ་གང་ལྟ་བུ་ཞིག་ཡིན་ཅེ་ན།། ༈ །།བདེན་གཉིས་ཟུང་འཇུག་མཐའ་བྲལ་དབུ་མ་དང་། །གནས་ལུགས་མ་བཅོས་ཡེ་ཤེས་ཕྱག་རྒྱ་ཆེ། །གདོད་མའི་ཀུན་བཟང་ཀ་དག་རྫོགས་ཆེན་རྣམས། །མ་ལུས་དགོངས་པ་གཅིག་ཏུ་མཐུན་པའི་དོན། །འགྲོ་བ་ཀུན་ལ་ཁྱབ་པའི་སེམས་ཉིད་འདི། །ངོ་བོ་ཅིར་ཡང་མ་གྲུབ་ཡེ་ནས་སྟོང་། །རང་བཞིན་འཆར་སྒོ་འགགས་མེད་རིག་ཅིང་གསལ། །


TR003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ཡོད་མེད་ཡིན་མིན་རྟག་ཆད་ཀྱི། །མཚན་མ་ཀུན་བྲལ་བློ་ཡིས་དཔོག་མིན་ཞིང་། །གདོད་ནས་ལྷུན་གྲུབ་སུས་ཀྱང་བྱས་པ་མེད། །རང་བྱུང་རང་ཤར་རང་རིག་ཆོས་ཉིད་དོན། །འདི་ལ་མིང་གི་རྣམ་གྲངས་སྣ་ཚོགས་ཏེ། །ཕར་ཕྱིན་ཐེག་པར་ཆོས་ཉིད་བདེན་པ་ཟེར། །སྔགས་ཀྱི་ཐེག་པ་རང་བཞིན་འོད་གསལ་ཟེར། །སེམས་ཅན་དུས་ན་བདེར་གཤེགས་སྙིང་པོའི་ཁམས། །ལམ་གྱི་སྐབས་སུ་ལྟ་སྒོམ་ལ་སོགས་མིང་། །འབྲས་བུའི་དུས་ན་སངས་རྒྱས་ཆོས་སྐུ་ཟེར། །དེ་སོགས་མིང་དང་དབྱེ་བ་དུ་མ་ཡང་། །དོན་ལ་ད་ལྟའི་ཐ་མལ་ཤེས་པ་འདིའོ།། ༈ །།འཁྲུལ་པས་མ་བསླད་གོང་ན་ཀ་དག་ཟེར། །འཁྲུལ་བཅས་དྲི་མར་ལྡན་དུས་ཀུན་གཞིར་བརྗོད། །འཁྲུལ་པའི་གནས་ཚང་རིག་ཚེ་ལྟ་བར་གཞེད། །ངོ་ཤེས་ཡེངས་མེད་


TR003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ལ་སྒོམ་པར་གྲགས། །སྤྱོད་ལམ་ཀུན་ཏུ་མ་འཁྲུལ་སྤྱོད་པའི་མིང་། །བག་ཆགས་འཁྲུལ་པ་སངས་ཚེ་འབྲས་བུའོ། །དེ་ལྟར་རང་སེམས་འདི་ཉིད་གཅིག་པུ་ལ། །གཞི་ལམ་འབྲས་སོགས་གནས་སྐབས་ཐ་དད་ཀྱི། །མིང་དང་དབྱེ་བསྡུ་ཟད་མཐའ་མེད་པར་འབྱུང་། །རྒྱལ་བའི་གསུང་རབ་རྒྱ་མཚོ་ལྟ་བུ་ཀུན། །ཐམས་ཅད་འདི་དོན་རྟོགས་ཕྱིར་ཁོ་ནའི་ཆེད། །མིན་ཀྱང་མིང་ཚིག་མང་པོ་དེ་དག་གིས། །གང་ཟག་མགོ་བོ་འཁོར་ཞིང་རྨོངས་པར་གདའ། །གསལ་རིག་སྟོང་གསུམ་དབྱེར་མེད་སེམས་ཉིད་འདིའི། །རང་བཞིན་མཐོང་བྱ་མཐོང་བྱེད་གཉིས་མེད་པར། །མཐོང་ལ་ལྟ་བའི་གནས་ལུགས་རྟོགས་པར་བརྗོད། །འདི་ནི་དོན་རྒྱུད་བྱིན་རླབས་མོས་གུས་ཀྱི། །རྐྱེན་དང་ཚོགས་རྫོགས་སྒྲིབ་བྱང་མ་ལགས་པ། །དྲན་པ་གསལ་དང་ཐོས་པ་ཆེ་བའམ། །


TR003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་གྲུང་འཛོམ་པས་འདི་དོན་རྟོགས་ནུས་མིན། །སྐལ་ལྡན་ལས་འཕྲོ་ཅན་ཅིག་དགོས་པར་གདའོ། །ཇི་སྐད་དུ། གྲུབ་ཐོབ་ལཱུ་ཧི་པས། འཁོར་འདས་ཆོས་རྣམས་དངོས་པོ་མ་ཡིན་དངོས་མེད་མིན། །གཉིས་ཀ་ཡིན་པའང་མིན་ལ་མིན་པའང་མིན་པར་ལྟོས། །བྱིས་པས་མཚོན་པར་དཀའ་སྟེ་བླ་མ་མཉེས་ལས་འབྱུང་། །དེ་ལས་རྙེད་ན་མ་མཐོང་བ་ཡི་དོན་མཐོང་འགྱུར། །ཅེས་དང་། ཏེ་ལོ་པ་ཡི་རྡོ་རྗེའི་གྱུར། ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་འདི། །འགྲོ་བ་ཀུན་གྱི་སྙིང་ལ་གནས་གྱུར་ཀྱང་། །བླ་མས་མི་མཚོན་རྫོགས་པར་མི་འགྱུར་རོ། །ཅེས་དང་། མཉམ་མེད་སྒམ་པོ་པས། ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན། །ཐོས་པ་ཆེ་བས་ཤེས་པ་མིན། །དད་པ་ཅན་གྱི་གོ་བ་ཡིན། །བྱིན་རླབས་ལམ་ལ་གནས་པ་ཡིན། །བླ་མའི་གསུང་ལ་བརྟེན་པ་ཡིན། །ཅེས་དང་། རྒྱལ་བ་འབྲི་གུང་པས། གསང་སྔགས་བྱིན་རླབས་ལམ་པ་ཡིན། །བླ་མའི་བྱིན་རླབས་མ་ཞུགས་ན། །ཇི་ལྟར་རྟོགས་ཀྱང་


TR003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བྱས་ཡིན། །བློ་ནི་ཀུན་རྫོབ་སྒྲིབ་པར་བཤད། །དེས་ན་བླ་མ་མཉེས་བྱས་ལ། །སྐྱོ་དུབ་མེད་པར་གསོལ་བ་གདབ། །ཅེས་སོགས་གསུངས་པས། །ལྟ་བ་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ནི་མོས་གུས་དང་བྱིན་རླབས་ལ་རག་ལས་སོ།། ༈ །།དེ་ལྟར་ལྟ་བའི་ངོ་མཐོང་ནས། །ཉམས་སུ་ཇི་ལྟར་ལེན་ཞེ་ན། །ཐེག་པ་འོག་མ་པ་རྣམས་སུ། །ལྟ་བ་སྟོང་པ་ཉིད་ཀྱི་དོན། །སོར་རྟོག་ཤེས་རབ་ཀྱིས་དཔྱད་པས། །གཏན་ལ་ཕབས་ནས་ཉམས་ལེན་ནི། །སྟོང་ཉིད་སྙིང་རྗེ་ཟུང་སྒོམ་ཞིང་། །ཚོགས་བསགས་སྒྲིབ་སྦྱོང་འབད་པར་གསུང་།། ༈ །།གསང་སྔགས་ཕྱི་ནང་སྤྱི་ཁྱབ་ཏུ། །ལྟ་བའི་རྒྱ་ཡིས་ཐེབ་པའི་ངང་། །བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་དང་། །རྫོགས་རིམ་མཚན་བཅས་མཚན་མེད་རྣམས། །ཟུང་འབྲེལ་ཚུལ་དུ་བསྒོམ་པར་བཤད།། ༈ །།དེ་ལྟར་


TR003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་ཐ་དད་ཀུན། །རྒྱལ་བ་ཐབས་ལ་མཁས་པ་ཡིས། །སྤྲོས་ཅན་གདུལ་བྱ་འདུལ་ཕྱིར་དུ། །གསུངས་མོད་ངོ་མཚར་ཆེ་ལགས་ཀྱང་། །ཐེག་པའི་རྩེ་མོ་ཕྱག་རྫོགས་ཀྱི། །ཉམས་ལེན་སྐབས་འདིར་དེ་དག་ཀུན། །ལྟ་དང་སྒོམ་པ་སོ་སོ་རུ། །བྱས་ཕྱིར་འདི་དང་ཅུང་མི་མཚུངས།། ༈ །།གནས་ལུགས་རྟོགས་པའི་ལྟ་བ་དེ། །བཟོ་མེད་རང་བབས་སོར་འཇོག་པའི། །ལྟ་སྒོམ་དབྱེར་མེད་མ་གཏོགས་པ། །ཐ་དད་པ་རུ་འདིར་མི་གཞེད།། ༈ །།གང་ཟག་དབང་པོའི་ཁྱད་པར་གྱི། །རབ་ལ་ཞི་ལྷག་དབྱེར་མེད་དུ། །ཐོག་མ་ཉིད་ནས་ངོ་སྤྲོད་ཅིང་། །མཉམ་གཞག་རྗེས་ཐོབ་གཞག་ལེན་ཀྱང་། །མི་དགོས་ཆོས་ཉིད་གདལ་ཁྱབ་ཀློང་། །རྟོགས་དང་གྲོལ་བ་དུས་མཉམ་འགྱུར།། ༈ །།དབང་པོ་འབྲིང་ཐའི་རིག་སྤྱི་ལ། །སྔོན་འགྲོའི་རིགས་རྣམས་རྟགས་འཐོན་རྗེས། །


TR003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་བརྡར་ཤ་ལེགས་པར་བཅད། །སེམས་ཀྱི་ངོ་བོ་མཐོང་ནུས་ཙམ། །བྱུང་ཚེ་གནས་ཆ་སྐྱོང་བྱ་སྟེ། །ལུས་ངག་ཡིད་གསུམ་ཟོ་གློད་ནས། །རྣམ་རྟོག་འགྱུ་བ་སྔ་ཕྱི་ཡི། །རྗེས་འབྲང་མི་བྱ་ད་ལྟར་གྱི། །སེམས་ལ་སེམས་ཀྱི་ཅེར་གྱི་བལྟ། །གཟུགས་སྒྲ་དྲི་སོགས་ཚོགས་དྲུག་ཀུན། །བཀག་པ་མ་ཡིན་རྗེས་འབྲེང་མིན། །གང་སྣང་གང་ཤར་ཐམས་ཅད་ལ། །ཧྲིག་གེ་ས་ལེ་རྗེན་ནེ་བར། །གྲིམ་ལྷོད་རན་པས་བསྐྱང་བར་བྱ། །ཧ་ཅང་བསྒྲིམ་ན་བཅོས་མར་འགྱུར། །ལྷོད་དྲག་འོག་འགྱུ་རྒྱ་འབྱམས་འཁྲུལ། །དེ་ལྟར་མ་ཡིན་མ་ཡེངས་ཙམ། །འདི་ལ་མཆོག་གི་ཞི་གནས་ཞེས། །སྒོམ་གྱི་གཞི་རྟེན་ཉིད་དུ་གསུངས།། ༈ །།དིང་སང་ཞི་གནས་བསྒོམ་མཁན་འགའ། །ཚོགས་དྲུག་འགགས་པའི་མི་རྟོག་ལ། །བཟང་


TR003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འདོད་པ་སྣང་མོད་ཀྱི། །དེ་ནི་འགོག་པའི་སྙོམས་འཇུག་ཅེས། །སྒོམ་གྱི་སྐྱོན་དང་གོལ་སར་གསུངས། །འབྲས་བུ་གཟུགས་མེད་ཁམས་སུའམ། །ཀླུ་དང་དུད་འགྲོར་སྐྱེ་རྒྱུར་བཤད། །གྲོལ་བའི་ལམ་དུ་གཏན་མི་འགྱུར། །རྗེ་ས་སྐྱ་པས། བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྟུང་། །ཅེས་གསུངས་པ་དེ་ཡང་འདི་ལྟ་བུ་ལ་གསུངས་པ་ཡིན་མོད་ཀྱི།། ༈ །།ལར་ཡང་འགྱུ་བ་བཀག་ནས་མི་རྟོག་པ་ཞིག་ཆེད་དུ་ནན་གྱིས་བསྒོམ་པ་དེས་ནི་བྱང་ཆུབ་མི་ཐོབ་པར་མདོ་རྒྱུད་ཐམས་ཅད་ནས་ནན་གྱི་གསུངས་ཏེ། ཇི་སྐད་དུ། རྒྱ་ཆེར་རོལ་པ་ལས། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཡིས་ནི་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་དགོངས་ཏེ། །ནཻ་རཉྫ་རའི་ཆུ་འགྲམ་དུ། །མི་གཡོའི་ཏིང་འཛིན་ལ་བཞུགས་པ། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིང་གི་གང་བུ་ཁེངས་བཞིན་བྱོན། །རྒྱལ་


TR003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲས་ལ་སེ་གོལ་དང་། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏ་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པའི། །འོད་གསལ་བ་དེ་དམིགས་གྱིས་ཤིག །ཅེས་དང་། དེ་ལྟར་སྒྲ་དེ་གསན་པ་དང་། །དེ་ནས་ཏིང་འཛིན་མི་གཡོ་བཏང་། །ཅེས་སོགས་རྒྱས་པར་གསུངས་ལ།། ༈ །།གཞན་ཡང་སྔོན་ཉང་བན་ཏིང་འཛིན་བཟང་པོ་དེས་རྒྱའི་ཧཱ་ཤང་ཞིག་ལ་བསམ་གཏན་བསྒོམ་ཐབས་ཞུས་ཏེ་རྩེ་གཅིག་ཏུ་བསྒོམས་པས། ཟག་བཅས་ཀྱི་མངོན་ཤེས་སོགས་ཉམས་སྣང་མང་པོ་ཤར་བ་ལ་སྒོམ་བཟང་པོར་རློམ་ཡོད་པའི་ཚེ། པ་ཆེན་བི་མ་ལ་དང་མཇལ་བས། ཉང་བན་གྱི་བདག་ལ་ཏིང་ངེ་འཛིན་བཟང་པོ་འདི་ལྟ་བུས་ཉིན་ཞག་མང་པོར་འབྱམས་ཤིང་ཟས་སྐོམ་མི་དྲན་པ་ཡོད་ཞུས་པས། དེ་འདྲས་ཀླུ་རུ་སྐྱེ། དགོས་པ་མེད་གསུངས་ནས་མ་མཉེས། སླར་པ་ཆེན་དེ་ཉིད་ལ་བཏུགས་ཏེ་རྫོགས་ཆེན་ཞུས་ནས་བསྒོམ་པས་འོད་ལུས་འགྲུབ་པའི་ལོ་རྒྱུས་དང་།། ༈ །།རྗེ་སྒམ་པོ་པས་བཀའ་གདམས་ཀྱི་གདམས་ངག་ལ་བརྟེན་ནས་བསྒོམས་


TR003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཏིང་ངེ་འཛིན་གྱི་ཉམས་བཟང་པོ་ཡོད་ཚུལ་རྗེ་མི་ལའི་དྲུང་དུ་ཞུས་པས། བཞད་མོ་མཛད་ནས་བྱེ་མ་ཙིར་བ་ལས་མར་ཁུ་མི་འོང་། དེ་བས་ངའི་གདམ་ངག་འདི་བསྒོམ་དང་། ཅེས་སོགས་གསུངས་ཚུལ་ཤིན་ཏུ་མང་ཕྱིར། །མཆོག་གི་གཞི་གནས་མ་གཏོགས་འགོག་པའམ་དམན་པའི་ཞི་གནས་ལ་མ་སོང་བ་གལ་ཆེ་བར་སྣང་ངོ་།། ༈ །།དེ་ཕྱིར་ཚོགས་དྲུག་ལ་སོགས་ཀྱི། །འཆར་སྒོ་གང་ཡང་མི་དགག་ལ། །དེར་འཛིན་རྗེས་འབྲང་མ་སོང་བར། །རང་བབས་ལྷུག་པར་མཉམ་གཞག་པའི། །མཆོག་གི་ཞི་གནས་འདི་འབད་ན། །གཡོ་དང་ཐོབ་དང་གོམས་དང་བརྟན། །མཐར་ཕྱིན་པ་ཡི་ཉམས་རྣམས་འབྱུང་། །བདེ་གསལ་མི་རྟོག་ལ་སོགས་དང་། །མངོན་ཤེས་གསལ་སྣང་རྫུ་འཕྲུལ་སོགས། །ལྟར་སྣང་ཟག་བཅས་ཡོན་ཏན་རིགས། །ཅི་ཙམ་བྱུང་ཡང་རློམ་སེམས་དང་། །ཞེན་འཛིན་ང་རྒྱལ་མ་བཞུགས་པ། །འདི་ནི་ལྷག་པར་གལ་ཆེ་གདའ། །ཉམས་


TR003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལམ་རྟགས་འདི་འདྲ་ཡིས། །སྒོམ་ཆེན་བསླུས་པ་མང་བར་མཐོང་།། ༈ །།བདེ་གཤེགས་ཕག་མོ་གྲུབ་པའི་ཞལ་ནས། །འཛིན་མེད་འོད་གསལ་མ་ཤར་བར། །བདེ་གསལ་ཉམ་ཀྱི་ཞེན་པ་ཅན། །བློ་གཞན་སྒོམ་གྱི་དགོས་པ་མེད། །གཟུགས་མེད་ལྷ་རུ་མི་སྐྱེའམ། །ཅེས་དང་། ནུས་མཐུ་ཆེ་བའི་གང་ཟག་དེ། །གྲོང་ཆོག་གི་མུ་སྣ་གཏད་པ་ཡིན། །རྨི་ལམ་རྣོ་བའི་སྒོམ་ཆེན་དེ། །འདྲེ་རྒྱལ་འགོང་གི་འགུགས་ཁྲིད་བྱེད་པ་ཡིན། །ཅེས་གསུངས་པ་དང་། །གཞན་ཡང་། རྗེ་མི་ལས། གཉིས་མེད་རྟོག་པ་མ་ཤར་ན། །ཐུན་མོང་ཡོན་ཏན་ཡད་ཡུད་ཀུན། །རྒྱལ་འགོང་ཕྱི་པ་རྣམས་ལའང་ཡོད། །དེ་ཡི་གྲུབ་ཐོབ་ག་ལ་བཏུབ། །ཅེས་སོགས་གསུངས་ཕྱིར། ང་བདག་འགོང་པོ་འདི་ལས་སྐྱོན་ཆེ་བ་གཞན་གང་ཡང་མེད་དོ།། ༈ །།དེས་ན་ཞི་གནས་སྐྱོན་མེད་ཞིག །གོམས་ན་སྒོམ་གྱི་རྨེང་གཞི་བརྟན། །དངོས་གཞི་ལྷག་མཐོང་ཡེ་ཤེས་ཀྱང་། །བྱིན་རླབས་ངོ་སྤྲོད་ཐོབ་མ་


TR003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། ཁྱད་ཀྱི་དབྱེ་བ་མ་གཏོགས་པ། །འཇིག་རྟེན་ཐ་མལ་རྣམ་རྟོག་ཀྱང་། །ལྷག་མཐོང་རྣམས་རྟོག་དེར་ཤར་མོད། །ཞི་གནས་མཉམ་གཞག་སྐྱོང་མཁན་ཀྱང་། །ལྷག་མཐོང་ཉིད་ལས་གཞན་མ་ཡིན། །གནས་དང་མི་གནས་ཡེངས་མ་ཡེངས། །ལྟ་མཁན་རིག་མཁན་ཚོར་མཁན་དེ། །ལྷག་མཐོང་རིག་པའི་ཡེ་ཤེས་ཡིན།། ༈ །།འདི་ལས་ལྷག་པའི་ལྷག་མཐོང་ཞེས། །ལོགས་སུ་གྲུབ་པ་ཡོད་མ་ཡིན། །དེ་ཕྱིར་མཆོག་གི་ཞི་གནས་དང་། །ལྷག་མཐོང་གཉིས་པོ་དང་པོ་ནས། །ལྷན་ཅིག་ལྷུན་གྱིས་གྲུབ་ནས་ཡོད། །དེའི་ཕྱིར་ཚོར་བ་བཀག་པའི་འགོག་པའི་ཞི་གནས་ཀྱི་སྒོམ་གོ་མི་ཆོད་པའི་གནད་ཀྱང་། ལྷག་མཐོང་བཀག་པའི་སྐྱོན་ཡིན་ཅིང་། མཐར་ཐུག་འབྲས་བུ་མངོན་གྱུར་གྱི་ཡོན་ཏན་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་སོགས་དང་། མཁྱེན་གཉིས་ཀྱི་ཡོན་ཏན་མཐའ་དག་


TR003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་གི་འབྲས་བུ་ཁོ་ན་ཡིན་ཕྱིར། དེ་བཀག་པའི་ཞི་གནས་གཅིག་པུ་ཇི་ཙམ་བརྟན་ཀྱང་མི་གྲོལ་བའི་རྒྱུ་དང་གནད་ཀྱང་འདི་ཡིན་ནོ།། ༈ །།སེམས་ཉིད་གནས་སམ་འགྱུས་གྱུར་རམ། །གང་ལྟར་འདུག་ཀྱང་ངོ་བོ་ལ། །ངོས་བཟུང་བྲལ་བའི་རྗེན་ནེ་བ། ཁ་དོག་དབྱིབས་མཚན་མ་གྲུབ་ཀྱང་། །གསལ་རིག་མ་འགག་ཧྲིག་གེ་བ། །རྣམ་རྟོག་བཟང་ངན་ཅི་ཤར་ཡང་། །དངོས་པོར་མ་གྲུབ་ཕྱམ་མེ་བ། །ཚོགས་དྲུག་ཡུལ་སྣང་གང་ལ་ཡང་། །ཨ་འཐས་མ་ཞེན་བུན་ནེ་བ། །འདི་ཡིན་མེད་པའི་གཏི་མུག་ཏུ། །མ་བྱིང་གསལ་རིག་ལམ་མེ་བ། །བདེ་ཉམས་གསལ་ཉམས་སྟོང་ཉམས་ཀྱིས། །མ་བསླད་ཐ་མལ་ཤེས་པ་འདི། །རང་ངོ་རིག་ལ་ལྷག་མཐོང་ཞེས། །ཕྱག་རྫོགས་དབུ་མ་ཞི་གཅོད་ཀུན། །མཐུན་པའི་སྙིང་པོ་འདི་ལགས་ཀྱི། །འདི་ཀ་གཅིག་


TR003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ངོ་ཤེས་འཚལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམས་སུ། ཆོས་རྣམ་པར་འབྱེད་པ་སོ་སོ་ཇི་ལྟ་བར་རྟོགས་པའི་ལྷག་མཐོང་ཞེས་མིང་དུ་བརྗོད་པ་དེ་འདི་ཉིད་ཡིན་ཀྱང་། གོ་བ་རྐྱང་པ་དང་ཚིག་རྐྱང་པར་སོང་ནས་རང་གི་ཉམས་ཐོག་ཏུ་ཁེལ་བའི་གང་ཟག་དཀོན་ལ།། ༈ །།སྔགས་ཀྱི་ཐེག་པར། ཐབས་ལམ་གཙོ་བོར་སྟོན་པའི་སྐབས་རྣམས་སུ་ནི། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་སུ་མིང་བཏགས་པ་དང་།། ༈ །།གྲོལ་ལམ་ཕྱག་རྫོགས་ཞི་བྱེད་སོགས་སུ་ནི། འདི་སྐབས་ཀྱི་ལྷག་མཐོང་འདི་ལ།། ༈ །།དེ་ལྟར་ལྷག་མཐོང་གི་རྣམ་གྲངས་གསུམ་པོ་འདི་ཐམས་ཅད་ད་ལྟའི་ཐ་མལ་ཤེས་པ་རང་ངོ་རིག་པ་གཅིག་པུ་ལ་འདུ་བར་ཤེས་པར་བྱའོ།། ༈ །།དེ་ལྟར་ཞི་གནས་ཀྱི་སྐྱོན་ཡོན་དང་ལྷག་མཐོང་གི་རང་བཞིན་རྣམས་བསྟན་ཅིང་། མཆོག་གི་ཞི་གནས་དང་ལྷག་མཐོང་ཟུང་འཇུག་ཡིན་ཚུལ་སྐྱོང་ཚུལ་སོགས་བཤད་པ་འདི་ཀས་སྒོམ་དངོས་གཞི་བསྟན་པ་ཡིན་མོད་ཀྱི། འོན་ཀྱང་ཆོས་ཀྱི་འགྲོ་དང་བསྟུན་ཏེ། སླར་ཡང་ཉམས་ལེན་དངོས་རྒྱུན་དུ་ཇི་ལྟར་བསྐྱངས་ཐབས་བརྡའ་མཚོན་བརྗོད་པར་བྱ་སྟེ།། ༈ །།སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བར་ཤེས་པའི་ལྷག་མཐོང་ཞེས་སུ་བཏགས་མོད། མཐར་མངོན་དུ་གྱུར་ནས་ཕྱག་ཆེན་ལུགས་ཀྱི་སྒོམ་མེད་དང་། རྫོགས་ཆེན་པའི་རེག་པ་ཚད་ཕེབས་ལྟ་བུའི་སྐབས་དེ་ནི་ཆོས་ཉིད་ཇི་བཞིན་པའི་དོན་མངོན་དུ་གྱུར་པའི་ལྷག་མཐོང་ཉེས་བརྗོད་པ་སྟེ།


TR003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཞི་གནས་བརྟན་པ་ཐོབ་པའམ། །མིན་ཀྱང་ཅུང་ཞིག་ངེས་པ་རྙེད་གྱུར་ནས། །རྒྱུན་དུ་ཉམས་སུ་ཇི་ལྟར་ལེན་ཞེ་ན། །ཁྲིད་གཞུང་ཐ་དད་ཕྱག་བཞེས་སྣ་ཚོགས་པས། །ལྟ་ཐོག་སྒོམ་དང་སྒོམ་ཐོག་ལྟ་ཚོལ་ཞེས། །སེམས་ཚོལ་དང་ནི་ཞི་གནས་སྦྱོང་བ་གཉིས། །གོ་རིམ་སྔ་རྟིང་མཛད་ཚུལ་ཐ་དད་པ། །གང་ལྟར་བྱེད་ཀྱང་དགོས་དོན་མཐུན་པའི་ཕྱིར། །མཉམ་རྗེས་བསྐྱང་པའི་ཐོག་ཏུ་ནམ་ཀྱང་གཅིག། ༈ །།དབུ་མའི་ལྟ་ཁྲིད་དག་ཏུ་མཉམ་གཞག་ནི། །སྟོང་ཉིད་ཁོ་ན་བསྒོམ་ཞིང་རྗེས་ཐོབ་ཏུ། །བྱམས་དང་སྙིང་རྗེ་སྒྱུ་མ་ལྟ་བུ་ཉིད། །བསྒོམས་པར་གསུངས་ཤིང་དེ་ཡི་ལུགས་ཉིད་ལ། །མཉམ་གཞག་ནམ་མཁའ་ལྟ་བུའི་བསམ་གཏན་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་ཟེར།། ༈ །།འདི་ལ་རྗེ་སྒམ་པོ་པས། ཕར་ཕྱིན་ཐེག་པ་བས་ནི་རྟེན་འབྲེལ་ལ་སོགས་


TR003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དང་རིག་པའི་སྒོ་ནས་སྣང་ལ་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམ་པ་ཡིན་ཏེ། མོས་པས་སྟོང་ཉིད་དུ་བྱེད་པ་ཡིན། །དེ་ནི་དབུ་མ་པའི་བསྒོམ་ལུགས་ཡིན་ཅིང་། དེ་རང་ཡང་བསྒོམ་བྱ་སྒོམ་བྱེད་དང་བཅས་པའི་གཉིས་འཛིན་གྱི་བློ་རུ་འདུག །དེ་ད་ལྟ་བ་མ་རྟོག །དངོས་འཛིན་ལ་གནོད་པ་བསྐྱལ་བས་སྒྲིབ་པ་ནི་དཔག་ཏུ་མེད་པ་མཛད་ནུས་ཏེ། འཚང་རྒྱ་མི་ནུས། ཅེས་གསུངས་པ་དང་། ཡང་། གཞན་དག་མི་རྟོག་པ་དུམ་གཅིག་ལ་མཉམ་པར་བཞག་ནས། རྗེས་རྨི་ལམ་སྒྱུ་མ་ལྟར་བསྒོམས་པ་ཡིན་ཏེ།། ༈ །།བླ་མ་མི་ལའི་ལུགས་ལ། དུག་ལྔ་དང་རྣམ་རྟོག་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་སུ་ཁྱེར་ནས། གོམས་ཙ་ན་ཐུན་མཚམས་མེད་པར་མཉམ་གཞག་འབའ་ཞིག་ཏུ་ཁྱེར་བ་ཡིན། ཅེས་སོགས་རྒྱས་པར་གསུངས་སོ།། ༈ །།ཕྱག་ཆེན་རྣམས་ལས་རྣལ་འབྱོར་དང་པོ་པས། །ཐུན་གྱི་དངོས་གཞི་མཉམ་གཞག་ཉིད་བྱ་ཞིང་། །ཐུན་མཚམས་སྤྱོད་ལམ་དྲན་པས་སྐྱོང་བ་ནི། །རྗེས་ཐོབ་ཡིན་ལ་གོམས་པ་མངོན་གྱུར་ཚེ། །ཐམས་ཅད་


TR003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་འབའ་ཞིག་འགྱུར་རོ་གསུངས།། ༈ །།རྫོགས་ཆེན་ཕལ་ཆེར་གང་ཟག་གཅིག་ཆར་བ། །དག་ལ་དགོངས་ཕྱིར་གདོད་ནས་མཉམ་རྗེས་ཀྱི། །དབྱེ་བ་མེད་པར་རིག་དང་མ་རིག་གི། །སོ་མཚམས་གཅིག་པུར་བསྡུས་ནས་གསུངས་པར་མཛད། །གང་ལྟར་ན་ཡང་འགག་དོན་ཉམས་ལེན་ལ། །ད་ལྟའི་རང་སེམས་རྗེན་པའི་འདུག་ཚུལ་འདི། །ཆེད་དུ་སྤྲོ་དང་བསྡུ་སོགས་མ་བྱས་པར། །གང་སྣང་ཅིར་འདུག་དེ་ཉིད་ངོ་ཤེས་ཙམ། །སྐྱོང་མཁན་དེ་ལ་དྲན་པ་ཅེས་སུ་བཏགས། །ཞི་གནས་དུས་སུ་གནས་ཆ་གཙོ་བོར་སྟོན་ཀྱང་། །འདི་དུས་གནས་འགྱུ་ཐམས་ཅད་སྒོམ་དུ་འཁྱེར། །ཉོན་མོང་དུག་ལྔ་ན་ཚ་སྡུག་བསྔལ་སོགས། །རྣམ་རྟོག་ངན་པའི་ཚུལ་དུ་ཤར་བའམ། །དད་མོས་སྙིང་རྗེ་ངེས་འབྱུང་དག་སྣང་སོགས། །རྣམ་པར་དཀར་བའི་


TR003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ཅིར་འཆར་ཀུན། །ཐམས་ཅད་རང་སེམས་འགག་མེད་རོལ་རྩལ་དུ། །རྟོགས་ཤིང་ཆགས་སྡང་སྤོང་ལེན་མི་བྱ་བར། །རོ་མཉམ་གཉུག་མའི་ངང་ལ་ལྷོད་ཀྱི་གློད། །སྒོམ་མོ་སྙམ་པའི་བློ་དང་ཡིད་བྱེད་ཀྱི། །ཞེན་འཛིན་ཙམ་ཡང་མི་དགོས་རང་སར་བསྐྱུར། །སྒོམ་བཟང་འོང་དུ་རེ་དང་མི་ཡོངས་དོགས། །ལ་སོགས་ཞེ་འདོད་ཅིས་ཀྱང་མ་བསླད་པར། །བློ་བྲལ་བཟོ་མེད་ལྷུག་པར་གཞག་པ་འདི། །ངེས་དོན་མ་ལུས་ཀུན་གྱི་མཉམ་གཞག་ཡིན།། ༈ །།འགྲོ་འདུག་ཟ་ཉལ་སྨྲ་བརྗོད་ལ་སོགས་ཚེ། །ཨ་འཐས་ཞེན་པས་སྤྱད་ན་འཁྲུལ་འཛིན་ཡིན། །རང་ངོ་རིག་ཙམ་མ་ཡེངས་ཙམ་གྱི་ངང་། །སྤྱོད་ལམ་གང་ཡང་སྒོམ་དང་འབྲལ་མེད་ཉིད། །དེ་ཕྱིར་རྗེས་ཐོབ་ཟེར་ཡང་མཉམ་གཞག་རང་།། ༈ །།གཉུག་མའི་རང་འགྲོས་སྐྱོང་ཚུལ་མ་ཤེས་ན།


TR003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གནད་ལྟ་སྟངས་བྱས་ཀྱང་མཉམ་གཞག་མིན། །མདོར་ན་གང་ཤར་དྲན་རིག་ཟིན་ཕྱིན་ཆད། །ཅི་བྱེད་སྒོམ་ཡིན་དྲན་པས་མ་ཟིན་ན། །གནས་པ་བརྟན་ཡང་བཏང་སྙོམས་འགོག་པར་ཟད། །དེས་ན་ཐ་མལ་ཤེས་རིག་འདི་ཀ་སྐྱོང་། །ཇི་སྐད་དུ། །བསམ་པ་དག་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་བ། དགེ་སློང་རྣལ་འབྱོར་སྤྱོད་པའི་ཏིང་ངེ་འཛིན་གྱི་ཉམས་ཇི་ལྟ་བུ་ལགས་བཀའ་སྩལ་བ། འདི་ལྟ་སྟེ། དཔེར་ན་ཐབ་ཀྱི་མེ་གསད་ན་དཀར་ཁུང་གི་དུ་བ་ཆད་པ་འགྱུར་བ་ལྟར། སེམས་སྟོང་པར་ཤེས་ཤིང་རེག་ན། གཟུགས་སྣང་སྟོང་། སྒྲ་གྲག་སྟོང་། དྲི་ཚོར་སྟོང་། རོ་མྱོང་སྟོང་། རེག་བྱ་སྟོང་གི་ཉམས་བྱུང་སྟེ། ནམ་མཁའ་མ་སྒྲིབས་ན་གསལ་ལོ། །ཆུ་མ་སྙོགས་ན་དངས་སོ། སེམས་མ་བཅོས་ན་བདེའོ། །ཅེས་དང་། སེམས་ངོ་ཤེས་པའི་དགེ་སློང་གང་། །ཇི་ལྟར་སྤྱད་ཀྱང་སྒོམ་པའི་ངང་། །གཉུག་མའི་དོན་ལ་གནས་པ་ཡིན། །ཅེས་གསུངས་ཕྱིར། །བསྐྱངས་གནས་


TR003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན་མཉམ་གཞག་འཁོར་ཡུག་ལ་དཀའ་ལས་ཆེར་མི་འབྱུང་ངོ་།། ༈ །།གཞན་ཡང་འགྱུ་བ་དང་ཚོགས་དྲུག་སོགས་བཀག་མི་དགོས་པའི་ཚུལ་ནི། རྫོགས་ཆེན་གྱི་གཞུང་དག་ལས། སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱི་འཛིན་རྟོག་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ཀ་རང་། །ཅེས་དང་། རྨི་ལམ་དགེ་བདེ་དང་སྡུག་བསྔལ་ཡང་། །སད་པའི་ཚེ་ན་རང་བཞིན་ཡོངས་ཀྱིས་མཉམ། །དེ་བཞིན་རྣམ་པར་རྟོག་དང་མི་རྟོག་ཀྱང་། །རིག་པའི་དུས་ན་རང་བཞིན་ངོ་བོར་མཉམ། །ཅེས་དང་། རྫོགས་པ་ཆེན་པོ་ཨ་རོའི་སྙན་རྒྱུད་ལས། །དེ་ལ་སེམས་ནི་འཕྲོ་གྱུར་ན། །དཔེར་ན་ནམ་མཁའི་སྤྲིན་བཞིན་དུ། །བྱུང་ཡང་གཞི་ལ་གནོད་མེད་ལྟར། །དེ་བཞིན་བྱང་ཆུབ་སེམས་ལ་ཡང་། །རྟོག་པས་མི་སྒྲིབ་བཅོས་མི་དགོས། །ཅེས་སོགས་དང་། རུ་ལུ་གསེར་འཕྲེང་ལས། དེ་ལྟར་རྟོག་པའི་རྣལ་འབྱོར་པས། །སེམས་ཉིད་མ་བཅོས་སོ་མར་གཞག དབང་པོ་མི་དགག་རང་སར་ཞོག །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །གང་མཐོང་གང་སྣང་དེ་ཉིད་ཀྱི། །ངང་ལ་ལྷན་ནེ་མཉམ་པར་བཞག །


TR003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་མི་དགག་མི་འཛིན་ཅིང་། །མཉམ་ཉིད་རེག་པའི་ངང་དུ་ཞོག །ཅེས་སོགས་རྒྱ་ཆེར་གསུངས་ཤིང་། །རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་མཐའ་དག་གནད་དོན་འདི་ལྟར་ཁོ་ན་མགྲིན་གཅིག་ཏུ་གསུངས་ཕྱིར་ལུང་འདྲེན་གྱིས་ག་ལ་ལང་ཞིང་། དེ་བཞིན་དུ། ཕྱག་ཆེན་རྣམས་སུ་ཡང་དགོངས་དོན་འདི་ཁོ་ན་འབའ་ཞིག་ལགས་མོད་དེ། དཔལ་ཤ་ཝ་རས། རྩ་བ་ཚད་ཅིང་སེམས་ཉིད་ནམ་མཁའ་འདྲ། །བསྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །དེ་བཞིན་སྟོང་པས་སྟོང་པ་བསྒོམ་དུ་མེད། །ཅེས་དང་། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱར་མེད་མཐའ་བྲལ་གཉུག་མའི་ངང་། །དེ་ཉིད་སྐྱོང་ལ་སྒོམ་ཞེས་ཐ་སྙད་བཏགས། །རླུང་ནི་མི་བཟུང་ཡིད་ནི་མ་བཅིངས་པར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །དྲན་རྟོག་བྱུང་ན་དེ་ཉིད་རང་ལ་ལྟོས། །ཆུ་དང་རླབས་གཉིས་ཐ་དད་མི་རྟོག་ཅིང་། །ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ལ། །བསྒོམ་རྒྱུ་རྡུལ་ཙམ་


TR003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་མི་བསྒོམ་སྟེ། །བསྒོམ་མེད་དོན་དང་མ་བྲལ་སྒོམ་པའི་མཆོག །ཅེས་གསུངས་པ་དང་། དཔལ་ནཱ་རོ་པས། བལྟ་ན་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་མ་གྲུབ་པས། །བརྗོད་དུ་མེད་ཅིང་ཡུལ་ལས་འདས། །སྤྲོས་བྲལ་ནམ་མཁའི་ངོ་བོ་ཉིད། །ཅེས་སོགས་དང་། རྗེ་མར་པས། སྤྱིར་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ན་འཁྲུལ་སྣང་སྟེ། །ཕྱི་ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་སེམས་ཀྱི་གྲོགས་སུ་འཆར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུར་རྣམ་པར་དག །ནང་འགྱུ་བ་སེམས་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་རྣམས་ཀྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འགྱུར། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུངས། ཅེས་དང་། རྒྱལ་བ་རྒོད་ཚང་པས། རང་གི་སེམས་ལ་ཅེར་གྱི་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །མེད་པའི་


TR003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལ་ལྷོད་དེ་ཞོག །ཡལ་ལེ་ཕྱད་དེ་འཛིན་མེད་ཞོག །ཡང་ཅིག་རྣམ་རྟོག་སྐྱེས་པ་ན། །ངོ་ཡི་ཚིར་གྱི་བཟུང་མཛོད་ལ། ཁོ་རང་ཐོག་རུ་ལྷོད་ཀྱི་ཞོག །རང་སར་གྲོལ་བར་ཐེ་ཚོམ་མེད། །ཅེས་སོགས་གསུངས་པ་དང་། གྲུབ་ཐོབ་ཨོ་རྒྱན་པས། ཐ་མལ་པའི་རིག་པའི་འཆར་སྒོ་ལ། །ཡེངས་མེད་ཆུ་བོའི་རྣལ་འབྱོར་གྱིས། །མ་བཅིངས་ཤེས་པ་ཡན་སར་ཞོག །བཟོ་མེད་ངང་དུ་ཕྱལ་ལ་ལ། །ཅེས་གསུངས་པ་སོགས། མདོར་ན་ཕྱག་རྫོགས་ཀྱི་གཞུང་མན་ངག་རྣམས་དང་། བླ་མ་རྒྱུད་པའི་གསུང་སྒྲོས་མཐའ་དག་ཏུ། གནས་འགྱུ་ཐམས་ཅད་ཁྱད་མེད་དུ་སྒོམ་བསྐྱངས་ཚུལ་འབའ་ཞིག་དང་། དེ་བཞིན་དུ་སྣང་བ་རྣམ་རྟོག་སོགས་ཐམས་ཅད་མ་སྤངས་གྲོགས་སུ་འཁྱེར་ཐབས་ཁོ་ནར་གསུངས་གདའ་ནའང་།། ༈ །།དིང་སང་གསར་རྙིང་གི་སྒོམ་ཆེན་ཕལ་མོ་ཆེས་ནི། མ་ཡེངས་པ་ཟེར་བའི་ཚིག་འདི་ལ་གོ་བ་ལེན་ལུགས་ཀྱི་སྟབས་ཅིག་གིས། གནས་པ་སྐྱོང་བ་དེ་སྒོམ་ཡིན་ལ་གཞན་ཐམས་ཅད་སྒོམ་མིན་ནོ་སྙམ་པ་བྱས་ནས། ཞི་གནས་གཅིག་


TR003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ལ་བློ་གཏད་མཁན་ཤ་སྟག་མཐོང་བས། དེ་ལྟར་ན་ད་ནི་འདུལ་བའི་བསྟན་པ་དང་། གསང་སྔགས་སྤྱིའི་ཕྱག་བཞེས་དང་ཉམས་ལེན་ཕལ་ཆེར་འཆལ་ཞིང་ནུབ་པར་མ་ཟད། སྒྲུབ་རྒྱུད་ཀྱི་བསྟན་པ་ཡང་ནུབ་ལ་ཉེ་བ་མ་ཡིན་ནམ་ཞེས་རང་ཉིད་སེམས་སོ།། ༈ །།གནས་ལུགས་གདོད་ནས་དག་པའི་རང་རིག་འདི། །དབུལ་པོའི་གཏེར་ལྟར་རང་ལ་རང་མ་མཐོང་། །གང་འདི་བླ་མའི་དྲིན་གྱིས་རྟོགས་གྱུར་ཚེ། །སྐུ་གསུམ་དབྱེར་མེད་རང་ངོ་རང་གིས་ཤེས། །དེ་ཚེ་ལྟ་སྒོམ་སྤྱོད་འབྲས་ས་ལམ་སོགས། །མིང་སྙན་མང་པོ་ཕྱེ་བ་མ་ལུས་ཀྱི། །སྙིང་པོ་དེ་རྩ་བ་གཅིག་པུ་ཆོད་པའི་མཐུས། །ཐོས་དང་མ་ཐོབ་རེ་དོགས་ཁོ་ཐག་ཆོད།། ༈ །།ཉམས་རྟོགས་དྲོད་རྟགས་ཡོན་ཏན་འདོད་པ་ན། །ཞེན་ཆོས་ངར་འཛིན་ཁོང་དུ་ཞུགས་པའི་ཕྱིར། །དེ་ལ་ནམ་ཀྱང་སྒོམ་གྱི་སྐལ་བས་དབེན། །འཁོར་འདས་ཡོན་ཏན་གཞི་


TR003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷུན་རྫོགས་པར། །མ་ཤེས་ལམ་རྟགས་འབྲས་བུ་རེ་བྱེད་ན། །དེ་ནི་ཐེག་དམན་ལས་ཀྱང་རབ་ཏུ་དམན། །གོལ་སྒྲིབ་བར་ཆད་མཐའ་དག་དེ་ལ་འབྱུང་།། ༈ །།གང་གིས་འཁོར་འདས་སེམས་སུ་ཤེས་གྱུར་པ། །དེ་ལ་གོལ་ས་ཤོར་ས་འཁྲུལ་ས་སོགས། །གང་ཡང་འབྱུང་བའི་གཞི་རྩ་མ་མཆིས་པས། །འབྲས་བུའི་ཡོན་ཏན་རྩོལ་མེད་ལྷུ་གྲུབ་བོ།། ༈ །།ཇི་སྐད་དུ། ཏིལླི་པས། ལྟ་བ་སྒོམ་པ་སྤྱོད་པ་གསུམ། །ངོ་བོ་མཉམ་པ་ཉིད་རྟོགས་ན། །དགེ་སྡིག་གཉིས་སུ་མེད་པ་ལས། །གལ་ཏེ་རྟོག་པ་གཞན་བྱུང་ན། །གདེངས་མེད་ཕྱིར་ན་རྨོངས་པར་ཟད། །ཅེས་དང་། སྒམ་པོ་པས། ལྟ་བ་འགྱུར་བ་མེད་པ་ལ། །གཞི་རྩ་ཆོད་པའི་རྟོགས་པ་འཚལ། །སྒོམ་པ་ཐུན་མཚམས་མེད་པ་ལ། །དུས་གསུམ་རྒྱུན་པར་གནས་ཀྱང་འཚལ། །ཚུལ་འཆོས་མེད་པའི་སྤྱོད་པ་ལ། །རང་འཁྲིས་མེད་པའི་གཞན་


TR003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་འཚལ། །རེ་དོགས་མེད་པའི་འབྲས་བུ་ལ། །གོམས་པ་མངོན་དུ་གྱུར་ཀྱང་འཚལ། །ཅེས་སོགས་གསུངས་ཤིང་།། ༈ །།སྙེམས་ཐག་སེམས་ལ་མི་གཅོད་པར་རྟགས་དང་མཚན་མའམ་ཉམས་རྟོགས་དང་ཡོན་ཏན་སོགས་མྱུར་དུ་འོང་བར་རེ་བའི་སྐྱོན་ནི། །གྲུབ་ཆེན་གླིང་རས་ཀྱི་ཞལ་ནས། །སངས་རྒྱས་ཀྱི་དགོངས་པ་ལྟ་འདོད་ན། །རྟགས་དང་མཚན་མ་འདོད་ན་རིང་བ་ཡིན། །རྟགས་དང་མཚན་མའི་འདོད་པ་ཟད་ཙ་ན། །སངས་རྒྱས་ཀྱི་དགོངས་པར་སླེབ་པ་ཡིན། །ཅེས་དང་། ཇི་སྲིད་བློ་ཞེན་ཡོད་ཀྱི་བར། །འཁོར་བའི་ཆུ་བོ་སྒྲོལ་མི་འགྱུར། །འཛིན་པ་ཐོངས་ན་གྲོལ་བའི་གནད། །ཞེ་འདོད་མེད་ན་སངས་རྒྱས་ཡིན། །ཅེས་གསུངས་སོ།། ༈ །།སྐབས་འདིར་ཉིད་ཀྱི་དྲི་བའི་དངོས་དོན་ལྟར། །རྟོགས་པ་གཤའ་མ་ཤར་དང་མ་ཤར་གྱི། །དབྱེ་བའི་ས་མཚམས་འགག་བསྡུས་བསྟན་པ་ནི། །ཕྱག་ཆེན་རྣལ་འབྱོར་བཞི་དང་རྫོགས་ཆེན་གྱི། །སྣང་ཉམས་བཞི་སོགས་བདག་གིས་


TR003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་དུ། །སྔར་ནས་བྲིས་ཕྱིར་སྐབས་འདིར་མ་བརྗོད་ཀྱང་། །སྐབས་དོན་སྙིང་པོར་ཉམས་དང་རྟོགས་པ་གཉིས། །དབྱེ་ཤན་ཕྱེད་ཕྱིར་འདི་ལྟར་སྨྲས་པ་ནི།། ༈ །།དབུ་མ་ལ་སོགས་ཐེག་པ་མཐུན་མོངས་བའི། །སྟོང་ཉིད་སྙིང་རྗེའི་ཏིང་འཛིན་གོམས་སྟོབས་ཀྱིས། །བྱང་ཆོས་སོ་བདུན་ལ་སོགས་རིམ་པ་རྣམས། །ཚིག་ཚོགས་མང་བས་འདིར་ནི་འཆད་མ་ནུས། །གཞུང་ཆེན་རྣམས་ལ་གཟིགས་མཛོད་གང་ལྟར་ཀྱང་། ཐུན་མོངས་ཐེག་པའི་ས་ལམ་རིམ་བགྲོད་ཀྱི། །ཡོན་ཏན་རྣམས་གྲངས་མཐའ་དག་མྱུར་ལམ་འདིར། །རྫོགས་ཕྱིར་འདི་དོན་གྲུབ་ན་དེ་དག་གི། །ཚིག་ལ་ལྟོས་མི་དགོས་ཕྱིར་སྤྲོས་པ་བསྐྱུངས།། ༈ །།འདི་ཉིད་ལུགས་ཀྱི་རྣལ་འབྱོར་བཞི་ལ་སོགས། །ནམ་གྱི་ཚེ་ནའང་སྒོམ་གྱི་ངོ་བོ་དང་། །རང་སེམས་དབྱེར་མེད་ངེས་པ་རྙེད་པ་ལ། །རྟོགས་པ་ཤར་བ་ཞེས་བྱ་དེ་ཀས་ཆོག། ༈ །།


TR003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མ་གྱུར་བསྒོམ་བྱའི་ཉམས་ལེན་དང་། །བསྒོམ་མཁན་སེམས་གཉིས་ཐ་དད་ལྟ་བུའམ། །དྲན་པ་སྐྱོང་མཁན་སྐྱོང་རྒྱུ་ཐ་དད་དུ། །འཛིན་ན་རྟོགས་པའི་དངོས་གཞི་མ་ཤར་བའོ།། ༈ །།དེས་དང་བདེ་དང་གསལ་དང་མི་རྟོག་སོགས། །གང་འཆར་ཐམས་ཅད་ཉམས་དང་མྱོང་བ་སྟེ། །སྒོམ་གྱི་ཕྱི་ཤུན་འབའ་ཤིག་ཡིན་པས་ན། །དེ་དག་ཅི་ལའང་ཞེན་པ་བྱ་བ་མིན།། ༈ །།རྩེ་གཅིག་ཆེན་པོ་ཉམས་ཀྱི་འཁོར་ཡུག་དང་། །སྤྲོས་བྲལ་གང་ཡང་སྟོང་པར་འཆར་བ་སོགས། །ཐམས་ཅད་ཉམས་མྱོང་ཙམ་ཡིན་རློམ་སེམས་སྤངས། །བསྒོམ་རྒྱུ་བསྒོམ་མཁན་སེམས་ཉིད་ཁོ་རང་ཡིན། །ཡེངས་དང་དྲན་པ་གཉིས་ཀ་ཁོ་རང་ཡིན། །བཟང་རྟོག་ངན་རྟོག་ཐམས་ཅད་སེམས་ཁོ་རང་། །དེ་ཉིད་རང་ངོ་ཤེས་པའང་ཁོ་རང་སྟེ། །ཀུན་ཀྱང་རང་སེམས་གཅིག་པུར་ཐག་


TR003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ན། །འཁོར་འདས་དབྱེར་མེད་ལྟ་བ་རྟོགས་པར་སླ། །ལྟ་བའི་གཞི་རྩ་རང་ཐོག་ཆོད་པ་ན། །བསྒོམ་རྒྱུ་གཞན་མེད་རིག་པ་གཅིག་པུ་འདི། །དུས་གསུམ་རྟག་ཏུ་རང་དང་འབྲལ་མེད་ཕྱིར། །རྟོགས་པ་འཆར་བ་དཀའ་ཚེག་མེད་མོད་ཀྱང་།། ༈ །།སེམས་ཀྱི་རྡར་ཤ་མ་ཆོད་སྒོམ་ཆེན་གང་། །སྡུག་རུས་བསྐལ་བརྒྱར་འབད་ཀྱང་ཉམས་ལ་ཞེན། །ཞེན་པས་འཁོར་བའི་རྒྱུ་ཉིད་མ་གཏོགས་པ། །ཕྱག་རྫོགས་འབྲས་བུ་མངོན་གྱུར་ག་ལ་འབྱུང་། །དབྱེ་བསྡུ་ས་མཚམས་ཐམས་ཅད་འདི་རུ་འདུས།། ༈ །།ཉམས་ཀྱི་ཤུན་པ་བྲལ་ན་རྟོགས་པ་དངོས། །རྟོགས་པ་ཟེར་ཡང་རིག་པ་ལྷད་མེད་ཉིད། །རིག་པ་ལྷད་མེད་དེ་ནི་གནས་ལུགས་དོན། །དགོས་དོན་ཉམས་ལེན་འདི་ཀ་གཅིག་པུའོ། །འདི་ཉིད་དབང་རིམ་རབ་འབྲིང་


TR003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ཁྱད་ཀྱིས། །མྱུར་དུ་རྟོགས་དང་རིམ་གྱིས་རྟོགས་པ་སོགས། །གང་ཡང་ཉམས་ལེན་མཐའ་རུ་བསྐྱངས་བྱས་ན། །བློ་ཟད་ཆོས་ཟད་གདོད་མའི་གཞི་རུ་གྲོལ། །རིམས་ནད་བྱང་བའི་སྐྱེས་བུ་ཇི་བཞིན་དུ། །ཕྱིན་ཆད་འཁོར་བར་འཁྲུལ་དོགས་མི་འབྱུང་ཞིང་། །སྐུ་དང་ཡེ་ཤེས་ཉམས་ལེན་མཐར་ཕྱིན་མཐུས། །རྩོལ་མེད་ཐུགས་རྗེས་གཞན་དོན་ལྷུན་གྲུབ་འགྱུར།། ༈ །།ཧྲིལ་གྱི་དྲིལ་ན་ཐ་མལ་ཤེས་པ་འདི། །རང་སོར་གཞག་པ་གཅིག་པུ་མ་གཏོགས་པ། །ལྟ་སྒོམ་བཟང་འདོད་བཅོས་མའི་སྒོམ་བྱེད་དང་། །ཉམས་རྟོགས་རྣལ་འབྱོར་ས་ལམ་བགྲོད་འདོད་དང་། །ཤོར་ས་གོལ་ས་འོང་དོགས་ལ་སོགས་པ། །གཉེར་ཁག་ཐམས་ཅད་རྒྱབ་ཏུ་བསྐྱུར་ལ་ཐོང་། །རྗེ་རྒོད་ཚང་པའི་གསུངས་ལས། འགག་ཐོག་ཏུ་དྲིལ་ན་ཁོ་བོ་ནི་ད་ལྟའི་ཐ་མལ་གྱི་ཤེས་པ་གྲ་མ་ཉམས་པ་འདི་ཀ་སངས་རྒྱས་ཀྱི་སར་


TR003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱེར་འགྲོ་བ་ཡིན། ཅེས་གསུངས་པ་ལྟ་བུ་མ་གཏོགས། གཞན་གང་ཡང་གི་ཞེ་འདོད་མི་བྱ་སྟེ། སྐྱེས་མཆོག་ཆོས་རྗེའི་ཞལ་ནས། ལ་ལའི་གཞེད་ཀྱི་མཉམ་གཞག་བརྟན་པ་ལ། །རྗེས་ཀྱི་ཐུན་མཚམས་མེད་པར་འོད་གསལ་ཉིད། །འཁོར་ར་ཡུག་ཏུ་གྱུར་པ་སངས་རྒྱས་ཀྱི། །དགོངས་པ་མངོན་དུ་གྱུར་བ་ཡིན་པར་འདོད། །རང་གིས་གོ་ཚུལ་འདི་ལྟར་ལགས་པར་འཁུམས། །མཉམ་རྗེས་གཉིས་ཀ་ལྕགས་ཟད་རྡར་ཟད་དུ། །བག་ཆགས་བཅས་པ་གཏན་རླག་ཉིད་གྱུར་པའི། །ཐ་མལ་ཤེས་པ་རྗེན་པ་ཆོས་སྐུར་གོ། །ཅེས་དང་། ཡོན་ཏན་འདོད་ཚད་ཞེ་འདོད་གཅོང་གིས་ཟིན། །འབྲས་བུ་བསྒྲུབ་ཚད་རེ་བའི་སད་ཀྱིས་འཁྱེར། །རྟགས་མཚན་འདོད་ཚད་བདུད་ཀྱི་གོ་རར་ཆུད། །ཅེས་སོགས་གསུངས་པ་ཉིད་དོ།། ༈ །།བོག་འདོན་རོ་སྙོམས་བརྟུལ་ཞུགས་སོགས། །སྤྱོད་པའི་རིམ་པ་མང་གསུངས་ཀྱང་། །རང་རྒྱུད་འདི་ཀ་ཐུལ་གྱུར་ན། །རོ་སྙོམ་གཞན་དག་དགོས་མི་གདའ། །དིང་སང་ཆོས་པ་ཐམས་ཅད་


TR003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཁོ་བོ་སྒོམ་ཆེན་རྣལ་འབྱོར་རམ། །དགེ་སྦྱོང་ཡིན་ཞེས་ཁས་བླངས་ནས། །དད་རྫས་དཀོར་ཟས་ལ་རྔམས་ཤིང་། །ཆ་ལུགས་རྣམ་དཔྱོད་ལྡན་བྱེད་ཀྱང་། །རྙེད་བཀུར་ཅུང་ཞིག་ངན་པའམ། །ཚིག་ངན་ཟུར་ཙམ་ཐོས་པ་ན། །སྒོམ་དང་དགེ་སྦྱོང་མི་དྲན་པར། །དུག་སྦྲུལ་བཞིན་དུ་ཚིགས་བྱེད་ན། །དགེ་སྦྱོར་བོགས་སུ་ཇི་ལྟར་འདོན། །དེ་འདྲས་རོ་སྙོམས་ཅི་ཙུག་བྱེད། །དེས་ན་གཉན་ཁྲོད་རྒྱུ་བ་དང་། །རྐྱེན་ལ་སྙེགས་པའི་བརྟུལ་ཞུགས་སོགས། །གང་ཡང་བྱ་དགོས་མི་གདའ་ཡི། །ཆོས་བརྒྱད་འདི་ལ་དགེ་སྦྱོར་གྱི། །གནད་ཀྱིས་སླེབ་པ་ཁོ་ན་ཞིག །བྱུང་ན་ཆོག་སྟེ་དཀོན་པར་མཆི།། ༈ །།སྔོན་འབྲི་གུང་གི་སྒོམ་ཆེན་པ་ཅིག་གིས། ཁོ་བོ་སྒྱུ་ལུས་འབྱོངས་སོ་ཟེར་བ་ལ། སྐྱོབས་པ་རིན་པོ་ཆེས། ཁྱོད་ལ་སྡོམ་སྐྱོན་འདུག་ཟེར་བས་ཤིན་ཏུ་མ་ལེགས། ཅེས་གསུངས་པས། ཁོ་རབ་ཏུ་ཁྲོས་


TR003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཁྱེད་སྒྱུ་ལུས་འབྱོངས་ཡོད་ཟེར་བས་བལྟས་པ་ཡིན་གསུངས་པས། སྐྱེངས་པའི་ལོ་རྒྱུས་དང་། གཞན་ཡང་། རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་པས། ལྟོ་འགྲངས་ཉི་མ་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབས་ན་ཐ་མལ་པ། །རང་སེམས་ཆོས་དང་འདྲེ་བར་མི་གདའ་ཡིས། །བློ་འདི་ལས་སུ་རུང་བར་བྱིན་གྱིས་རློབས། །ཅེས་གསུངས་པ། འདི་ལ་སྤྱི་བོས་ལན་བརྒྱར་འདུད་རེ་བར་སྣང་ངོ་།། ༈ །།གཞན་ཡང་རང་རྒྱུད་ཆོས་གྱི་མ་ཐུལ་ན་རྣལ་འབྱོར་པའམ་དགེ་སྦྱོང་གི་ཆ་ལུགས་ཙམ་བྱས་པ་འདི་གཅིག་པུས་ནི་གང་ཡང་མི་ཕན་ཏེ། ཆེད་དུ་བརྗོད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། སྣལ་མ་སེར་པོ་ལ་བྱང་ཆུབ་ག་ལ་ཡོད། ཆུས་བཀྲུས་པ་ལ་བྱང་ཆུབ་ག་ལ་ཡོད། རྒོངས་ལྟོ་བཅགས་པ་ལ་བྱང་ཆུབ་ག་ལ་ཡོད། ཅེས་གསུངས་པས། འཁོར་རྣམས་ཐེ་ཚོམ་དང་ཡིད་གཉིས་སུ་གྱུར་ཏེ། འོ་ན་བྱང་ཆུབ་


TR003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཅིས་ཐོབ་པ་ཡིན་སྙམ་པ་ལ། བཀའ་སྩལ་བ། ཤེས་རབ་ཀྱི་སྤུ་གྲིས་རྣམ་རྟོག་གི་སྐྲ་སྲེག་པར་བྱའོ། །སྟོང་པ་ཉིད་ཀྱི་གོས་ཀྱིས་ཉོན་མོངས་པའི་གདུང་བ་ལས་སྐྱོབས་པར་བྱའོ། །ཡེ་ཤེས་ཀྱི་ཆུས་མ་རིག་པ་བསྐྲུ་བར་བྱའོ། །བསམ་གཏན་གྱི་ཟས་ཀྱིས་འདོད་པའི་བཀྲེས་པ་བསལ་བར་བྱའོ། །ཅེས་གསུངས་ཤིང་།། ༈ །།ཆོས་དང་སེམས་སུ་མ་འདྲེས་ན་ཐོས་པ་ཆེ་བའམ་མང་པོ་ཤེས་པ་ཙམ་གྱིས་སངས་རྒྱས་མི་ཐོབ་པའི་ཚུལ་ཡང་།། ༈ །།ཆོས་འབྱུང་བ་མེད་པའི་མདོ་ལས། །སྤྱོད་ལམ་དག་དང་འཁྲུལ་པ་ཆག་གྱུར་ཅིང་། །ཚིག་དང་སྨྲ་ལ་དགའ་ན་མི་བཙུན་ཏེ། །ཆོས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན། །ཚིག་གི་དག་པས་བྱང་ཆུབ་འཚང་མི་རྒྱ། །ཅེས་དང་། སངས་རྒྱས་ཕལ་པོ་ཆེར། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །ལ་ལ་སྟོབས་མེད་ཆུ་ཀླུང་གི། །ནན་གྱིས་འཁྱིར་བར་གྱུར་བ་དག །སྐོམ་ནས་ཤི་བར་གྱུར་པ་བཞིན། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཅེས་དང་། ཆུ་བོ་དང་ནི་རྒྱ་མཚོ་ལ། །གྲུ་དང་རྫིངས་བཅའི་གཉན་པ་ཡང་། །


TR003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་དེ་ཡིས་སྒྲོལ་བྱེད་ཀྱང་། །བདག་ཉིད་ཆུ་ལ་ཤི་བ་བཞིན། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཅེས་སོགས་མང་དུ་གསུངས་མོད་ཀྱི།། ༈ །།དིང་སང་གི་རང་གཞན་ཆོས་པར་ཁས་ཆེས་བ་ཕལ་ཆེར་ནི། རྒྱལ་བ་ཡང་དགོན་པས་གསུངས་པ་ལྟ་བུ་ཁོ་ནར་ཟད་དེ།། ༈ །།དེའི་གསུངས་སྒྲོས་ལས། འོ་སྐོལ་རྣམས་ཆོས་ཀྱི་ཕྱོགས་སུ་ནི་ནུབ་གཅིག་གི་གཉིས་སྟབས་སམ། ཉིན་གཅིག་གི་ལས་སྟབས་སམ། དར་གཅིག་གི་བྱ་བྱེད་ཀྱི་སྟབས་ཀྱང་མི་གཅོག་པར་བསྒྲུབ་བྱ་ཚེ་འདི་ཁོ་ནའི་དབང་དུ་གཏང་། དམ་པའི་ཆོས་འདི་བྱེད་སྙིང་འདོད་ན་ནི་བྱེད། མི་འདོད་ན་ནི་འཇོག །སྟབས་སུ་བདེ་ན་ནི་བྱེད། མི་བདེ་ན་ནི་འཇོག་ཅིང་། ཉན་ལོང་མེད་པར་ནི་སྒོམ་འདོད། བསྒོམ་ལོང་མེད་པར་རི་གྲུབ་རྟགས་འདོད། ཆོས་བྱ་ལོང་མེད་པར་དེ་མ་ཐག་ཏུ་གྲུབ་ཐོབ་འམ། རྟོག་ལྡན་ནམ། མངོན་ཤེའམ། རྫུ་འཕྲུལ་ལམ། ཅི་འདྲ་མ་འདྲ་ཞིག་འོང་འདོད། དེ་མ་བྱུང་ཙ་ན་ང་འདྲ་བས་ཆོས་འམ་དེ་མི་ཡོང་བར་འདུག་སྙམ་ནས་སེམས་ཞུམ་སྟེ་སྒྲུབ་པ་བྱེད་འཕྲོ་བཤོལ། མ་སྒོམ་མ་བསྒྲུབ་པའི་སངས་རྒྱས་ཅིག་འོ་སྐོལ་ལ་དགོས་


TR003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུག་སྟེ་མི་མཆིད། ཅེས་གསུངས་པ་དང་། གཞན་ཡང་། བརྩོན་འགྲུས་སྲང་ལ་བཅུར་ནས་ཉིན་མེད་མཚན་མེད་དུ་བསྒོམ་དགོས་པ་ཡིན། འོ་སྐོལ་རི་ཁྲོད་དུ་བསྡད་ལོ། །མཚམས་བྱེད་ལོ། །སྒོམ་ཆེན་བཟང་པོ་ཡིན་ལོར་བྱས་ནས། ཉིན་མོ་ལྷན་དུག་བྱེད། ནུབ་མོ་གཉིད་དུ་ལོག རི་ཁྲོད་ནས་མཚམས་ཐོན་རྩ་ན། དགེ་སྦྱོར་ལ་བོགས་སམ་བློ་སྐྱེད་ཅི་ཡང་མེད་པར་བློ་རྒྱུད་བསྲངས་འཐས་སེར་བྱས་པའི་གཟུགས་བསྙན་གྱི་ཆོས་པ་དེ་འདྲས་མི་ཡོང་། ཅེས་གསུངས་པ་དང་། ཡང་། བླ་མ་སངས་རྒྱས་དང་མཇལ། གདམ་ངག་བདུད་རྩིར་སོང་། སྒོམ་པ་གངས་དཀར་གྱི་རྒྱལ་པོ་ཏི་སིར་སོང་ཀྱང་། རང་རྒྱུད་མ་ཐུལ་བའི་སངས་རྒྱས་མི་འོང་། ཉམས་རྟོགས་དེ་བསྒོམ་མཁན་རང་དགོས་པ་ཡིན། བསྒོམ་ནས་སྟེར་མི་སུ་ལའང་མི་འོང་། ཞེས་སོགས་མང་དུ་གསུངས་སྣང་བ་ཤིན་ཏུ་བདེན་པར་གདའ་མོད་ལ།། ༈ །།ལར་ཡང་ཆོས་ཀྱི་སྙིང་པོ་སྒྲུབ་པ་གཙོ་བོར་མ་ནུས་ན་གཞན་གང་ཡང་གི་དོན་འགྲུབ་པར་དཀའ་སྟེ། མདོ་སྡེ་བསྐལ་བཟང་ལས། ཡང་དག་སྒྲུབ་ལ་གནས་པ་མ་གཏོགས་པ། །


TR003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་བྱང་ཆུབ་མཆོག་ནི་ཐོབ་མི་འགྱུར། །ཅེས་གསུངས་ཤིང་། གདམས་པའི་ཟབ་གནད་ལ་ཉམས་ལེན་སྙིང་པོར་དྲིལ་ནུས་ན་ཆོས་ཐམས་ཅད་སྙིང་པོ་ལོན་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་འི་མདོར། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བསྒོམ་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམ་པ་ཡིས། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །ཅེས་གསུངས་པ་བཞིན་འགྱུར་ལ། དེ་ལྟར་གྱུར་ཚེ། ད་ལྟ་འཕྲལ་དུ་མི་རྟགས་སམ་ཡོན་ཏན་ཡིན་ཟེར་བའི་མངོན་མཚན་ཅན་ཅིག་དགོས་པ་མ་ཡིན་ཏེ། དོན་གྱི་དགོས་པ་ཐམས་ཅད་གྲུབ་ཅིང་ནམ་གཞག་གཏན་འདུན་འགྲུབ་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། རིག་པ་སྟོང་པ་ལ་ཕྱི་རོལ་གྱིས་དངོས་པོ་གང་གིས་ཀྱང་མི་གནོད། རྐྱེན་གང་གིས་ཀྱང་བར་དུ་མི་གཅོད། འཁོར་བའི་གདོས་ཐག་ཆོད་པས་རིས་དྲུག་དུ་སྐྱེ་བའི་རྒྱུ་མི་རྙེད། རྣམ་པར་རྟོག་པའི་རོལ་བརྒྱ་རིག་པ་སྐད་ཅིག་མའི་གཤེལ་འོག་ཏུ་ཚུད་པས་ཆོས་


TR003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་གསལ་དངས་པ་ལ་ཉོན་མོངས་པའི་དུག་རོ་ལྡང་མི་སྲིད། རྣམ་སྨིན་རྩ་བ་ཟད་པས་སྡིག་པ་འཕྱག་མས་བཏབས། ལུས་ངན་བླངས་པ་མེད་པས་ངན་སོང་གི་སྒོ་ཆོད། སྣང་སྲིད་སེམས་སུ་ཤེས་པས་དམྱལ་བ་གཏན་ནས་མ་གྲུབ། མན་ངག་འདི་ལྟ་བུ་དང་ཕྲད་ནས་ཡེངས་མེད་རྩེ་གཅིག་ཏུ་ཉམས་སུ་ལེན་པའི་གང་ཟག་ལ་འཆི་བའི་འཇིགས་པ་མི་དགོས་ཏེ། ཚེ་གཅིག་འདི་ལ་ནམ་གཞག་གཏན་གྱི་སོ་ནམ་ཟིན་པ་ཡིན་ནོ། །ཅེས་གསུངས་པས། དེ་ལྟ་བུར་འགྱུར་བ་ལ་འབད་པར་བྱ་དགོས་སོ།། ༈ །།དེ་ཕྱིར་དལ་འབྱོར་དོན་ཡོད་མཛད་གཞེད་རྣམས། །བཤེས་གཉེན་མཆོག་བསྟེན་གདམས་པའི་སྒྲོ་འདོགས་གཅད། །འཆི་བ་སྙིང་བསམས་འཇིག་རྟེན་ཞེན་པ་སྐྱུངས། །ཆོས་བརྒྱད་མགོ་བསྙོམས་སེམས་དང་ཆོས་སུ་བསྲེ།། ༈ །།ལྟ་སྒོམ་སྙིང་པོར་རིག་པ་རྗེན་པ་སྐྱངས། །སྤྱོད་ལམ་སྙིང་པོར་སྒྲུབ་རྒྱུད་རྣམ་ཐར་སྐྱོང་། །དམ་སྡོམ་སྙིང་པོར་རྒྱུ་འབྲས་ཁྱད་མི་གསད། །ཕྲིན་ལས་སྙིང་པོར་ང་


TR003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འགོང་པོ་ཐུལ།། ༈ །།སྟོང་ལྟ་ཁ་འབྱམས་མ་ཤོར་ལག་ལེན་ཐེབས། །སྤྲོས་བཅས་ཞེན་ཕྱིར་མི་འབྲང་སྒྱུ་མར་རྟོགས། །གཉིས་འཛིན་གྲོགས་སུ་མ་ཆུད་གུ་ཡངས་གྲོལ། །ཆོས་ཀྱི་འགགས་དོན་ཤེས་པ་གལ་ཆེར་གདའ།། ༈ །།ཀྱི་ཧུད། སྙིགས་དུས་ངན་དགུ་མཐའ་དག་ཚང་བ་ཡིས། །ཐུབ་བསྟན་ཤིང་རྟ་འདམ་དུ་རབ་བྱིངས་བས། །ད་ནི་བསྟན་དོན་ཡིན་ཞེས་ཅིར་འབད་ཀྱང་། །བསྟན་པའི་དོན་དངོས་འགྱུར་བའི་རེ་ཐག་ཆད། །རང་ཕྱོགས་གྲུབ་མཐའ་བཟུང་བའི་ཕྱོགས་ཞེན་དང་། །དགོན་འཛིན་འཁོར་སློབ་སྐྱོང་བའི་འདུ་འཛི་དང་། །ཟང་ཟིང་དཀོར་ཟས་བསྒྲུབ་པའི་སྒོ་བཤོམ་སོགས། །རང་བྱས་འགྱོད་ཅིང་གཞན་ལའང་སྨོན་པ་ཟད།། ༈ །།དོན་བྲལ་ཚིག་ལ་འཁོར་བའི་ཐོས་བསམ་དང་། །རྙེད་གྲགས་བསྒྲུབ་ཟོང་ཤེས་ཤེས་རྣམས་གྲངས་དང་། །རང་གཞན་གཉིས་ཕུང་བླ་གཟུགས་འཛིན་ལ་སོགས། །སླན་


TR003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ནམ་ཡང་བྱེད་པར་མ་གྱུར་སྨོན།། ༈ །།རྒྱལ་བས་བསྔགས་པའི་ནགས་ཁྲོད་ལུང་སྟོངས་སུ། །ཅིས་ཀྱང་དགོས་མེད་ཤེས་པའི་ངེས་འབྱུང་གིས། །རང་སེམས་གདོད་མའི་སངས་རྒྱས་མཇལ་བ་ལ། །བདག་གཞན་སྐྱེ་དགུ་མ་ལུས་བརྩོན་པར་ཤོག། ༈ །།ཆོས་ཀུན་ལྟ་སྒོམ་སྙིང་པོ་གཅིག་གཞོལ་བའི། །གནད་དོན་རྒྱལ་བའི་གསུང་གི་ལུང་རྒྱབ་བཅས། །ལྷག་བསམ་དག་པས་འདིར་བཀོད་དགེ་ཚོགས་མཐུས། །སྲིད་མཚོ་མྱུར་སྐེམས་འགྲོ་ཀུན་བྱང་ཆུབ་ཤོག །དེ་ལྟར་ལམ་ཟབ་མོ་ཕྱག་རྫོགས་དབུ་སོགས་ཀྱི་ལྟ་སྒོམ་ཉམས་ལེན་གནད་དོན་གྱི་ཟིན་བྲིས་དགོས་ཞེས། དགེ་སློང་སྨོན་ལམ་པས་བསྐུལ་བར་མཛད་པའི་ངོར་འདི་ལྟར་བཀོད་ཀྱང་། རང་ཉིད་ལ་ངེས་པ་སྙེད་པའི་ཉམས་རྟོགས་མ་མཆིས་ཚེ། དགོངས་དོན་ཇི་བཞིན་པ་ཐོག་ཏུ་ཁེལ་བ་དཀའ་ཞིང་། བརྗོད་བྱ་རྣམས་ཀྱང་ཆང་གི་གཟི་བའི་གཏམ་ཚིག་བཞིན་ཆོལ་ལེ་བ་ཞིག་ལས་མ་བྱུང་ནའང་འོན་ཀྱང་རྣམ་དཀར་གཞན་ཕན་ཁོ་


TR003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ནར་བསམ་པ་མ་གཏོགས་གཞན་གྱི་དྲི་མ་མེད་ཅིང་། གང་ཟག་མཆོག་དམན་ཀུན་གྱི་གོ་སླ་བའི་ཕྱིར། སྙན་དངགས་སོགས་ཚིག་གིས་མཛེས་ཆ་མ་བྱས་པར་ཕལ་སྐད་ལྟར་དོན་རྗེན་ཆུང་ཁོ་ནར་བྱས་པ་འདི་ནི། རྒོད་ཕུགས་བྱ་སྐྱིབས་གྱི་དབེན་གནས་ག་ལ་བ་དེར། སྣ་ཚོགས་རང་གྲོལ་གྱིས་དབོ་ཟླའི་དཀར་ཕྱོགས་ཀྱིས་ཚེས་ཁྲིར་མངོན་པར་འཛེག་པའི་དུས་དགེ་བར་བྲིས་པའི་དགེ་འབྲས་ཀྱིས། འགྲོ་བ་ཀུན་ཀྱང་ལམ་ཟབ་འདི་ལྟ་བུ་ལ་བརྩོན་པ་མཐར་ཕྱིན་པར་གྱུར་ཅིག །དགེའོ། །གཅིག་ཞུས་ཁུལ་ལགས། །


previousངེས་དོན་གྱི་ལྟ་སྒོམ་ཉམས་སུ་ལེན་ཚུལ་ཇི་ལྟ་བར་སྟོན་པ་རྡོ་རྗེའི་མདོ་འཛིན།no next