Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
གཞན་བསྐུལ་གྱི་ངོར་བྲིས་པའི་སྨོན་ལམ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ནོར་བུའི་མཛོད་ཁང་།
   
   
   
   
   


 
previousགཞན་བསྐུལ་གྱི་ངོར་བྲིས་པའི་སྨོན་ལམ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ནོར་བུའི་མཛོད་ཁང་།next

གཞན་བསྐུལ་གྱི་ངོར་བྲིས་པའི་སྨོན་ལམ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ནོར་བུའི་མཛོད་ཁང་།


TR004_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བསྐུལ་གྱི་ངོར་བྲིས་པའི་སྨོན་ལམ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ནོར་བུའི་མཛོད་ཁང་བཞུགས་སོ།


TR004_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་འགྲོ་ལ་མ་ལྟར་བརྩེ་བ་ཅན། །ཐར་མེད་སེམས་ཅན་ཐར་པའི་ལམ་ལ་འགོད། །སྐྱབས་ཀྱི་དམ་པ་སྐྱབས་མཆོག་སྤྱན་རས་གཟིགས། །ཐུགས་རྗེའི་བདག་པོས་ཐུགས་ཀྱི་བརྩེར་དགོངས་ལ། །དུས་མཐར་སྐྱེས་པའི་དུས་ངན་སེམས་ཅན་རྣམས། །དམ་པའི་ཆོས་ལ་དམ་པར་མི་འཛིན་པར། །ལོག་པའི་ལས་སྤྱོད་ལོག་པའི་ལམ་ཞུགས་པའི། །མ་རིག་འགྲོ་ལ་མ་གཡེལ་ཐུགས་རྗེས་གཟུང་། །བདེ་ཆེན་ཞིང་དུ་བདེ་ལ་བཀོད་དུ་གསོལ། དེ་ཡང་བདག་ལྟ་བུ་ནི་ཐོས་བསམ་བསྒོམ་པའི་ཡོན་ཏན་གྱིས་དབེན་ཅིང་། མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་དོན་ཕྱོགས་ཙམ་ཡང་མ་འགྲོལ་བའི་རྨོང་


TR004_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པ་བློ་དམན་བདག་འདྲས་འཆད་རྩོད་རྩོམ་གསུམ་བགྱིས་པའི་ནུས་པ་འདི་ཆ་ཙམ་ཡང་ག་ལ་མཆིས་ཤིང་། ཁྱད་པར་དུ་ཡང་བདེ་ལེགས་ཀྱི་སྨོན་ལམ་འགྲུབ་པ་ལ་ངག་གི་བདེན་ཚིག་གྲུབ་པ་ཞིག་མེད་པར་སྨོན་ལམ་བྱེད་པའི་གང་ཟག་གི་སྐལ་བར་ལྡན་པ་དཀའ་མོད་ཀྱི། འོན་ཀྱང་ལྷག་བསམ་དག་པས་ཀུན་ནས་བླངས་ན་ཇི་ལྟར་སྨོན་བཞིན་འགྲུབ་པར་ཡང་གསུངས་སྟེ།། ༈ །།ཇི་སྐད་དུ། རང་འདོད་ཞེན་ངན་སྤང་ནས་ནི། ལྷག་བསམ་དགེ་བས་གཞན་དོན་དུ། །སྨོན་ལམ་གང་དང་གང་བཏབས་པ། །དེ་འབད་པའི་དགོས་མྱུར་འགྲུབ་འགྱུར། ཅེས་གསུངས་པའི་ཕྱིར་དང་། ཁྱད་པར་རང་ལ་མོས་འདུན་དུ་བྱེད་པའི་སྐྱེས་བུ་དག་གིས་ནན་གྱིས་བསྐུལ་བའི་ངོ་མ་ཆོག་པར་གང་དྲན་ཅི་འཐོན་དུ་སྨྲས་པའི་ཚིག་རྣམས་ཡི་གེར་བཀོད་རུང་གཞན་དོན་དུ་འགྱུར་བར་དཀའ་


TR004_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མོད་སྟེ། འོན་ཀྱང་གལ་ཏེ་སྙིགས་མའི་དུས་ཀྱི་གང་ཟག་རང་དང་འདྲ་བའི་བློ་དམན་རེ་ཞིག་ལ་ཕན་པའང་སྲིད་སྙམ་ནས། ཡུལ་དུས་སོ་སོར་སྨྲས་རྣམས་རིམ་པ་བཞིན་དུ་བྲི་བར་བྱའོ། །དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས། །རྩ་གསུམ་ལྷ་དང་རིག་འཛིན་གྲུབ་པའི་ཚོགས། །ཆོས་སྲུང་རྒྱ་མཚོ་དཀར་ཕྱོགས་སྐྱོངས་རྣམས་ཀྱིས། །རྣམ་དག་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །མཐའ་ཡས་འགྲོ་བའི་ཕན་བདེའི་རྒྱུད་གཅིག་པུ། །དགེ་ལེགས་ཡོན་ཏན་མཐའ་དག་འབྱུང་བའི་གཞི། །རྒྱལ་བའི་བསྟན་པ་རིན་ཆེན་དྲི་མེད་ཉིད། །ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་གྱུར་ཅིག །ཇི་སྙེད་སེམས་ཅན་ཁམས་རྣམས་མ་ལུས་པར། །དེ་སྙེད་རྒྱལ་བའི་བསྟན་པས་ཡོངས་ཁྱབ་ཅིང་། །རང་གི་བློ་དང་མོས་ཁམས་ཇི་བཞིན་པའི། །ཟབ་རྒྱས་ཆོས་ལ་འགྲོ་ཀུན་སྤྱོད་གྱུར་ཅིག །ཐེག་པའི་མཐར་ཐུག་བླ་མེད་ཡང་དག་དོན། །ལྟ་བའི་ཡང་རྩེ་རྨད་བྱུང་རྫོགས་པ་ཆེ། །བསྟན་པའི་སྙིང་པོ་འོད་གསལ་རྡོ་རྗེའི་ཐེག །དར་ཞིང་རྒྱས་ལ་ཡུན་རིང་གནས་


TR004_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །བསླབ་གསུམ་རྣམ་དག་ཡོན་ཏན་མཛོད་འཛིན་པའི། །བསྟན་འཛིན་སྐྱེས་བུས་ས་ཆེན་ཡོངས་ཁྱབ་ཅིང་། །ཐོས་བསམ་བསྒོམ་པའི་ཉི་ཟླ་འབུམ་ཤར་བས། །བསྟན་པའི་སྒྲོན་མེ་ཕྱོགས་ཀུན་གསལ་གྱུར་ཅིག །སྣང་གྲགས་ལྷ་སྔགས་སྣོད་བཅུད་རྒྱལ་བའི་ཞིང་། །དེ་ཉིད་རིག་པའི་ཀློང་དུ་རོ་གཅིག་པའི། །སྟོང་གསལ་དབྱེར་མེད་ཀུན་བཟང་དགོངས་པའི་ཀློང་། །ཀ་དག་དབྱིངས་སུ་འགྲོ་ཀུན་གྲོལ་གྱུར་ཅིག །དཀོན་མཆོག་བདེན་པའི་བྱིན་རླབས་རྨད་བྱུང་དང་། །བདག་གི་ལྷག་བསམ་རྣམ་དག་བདེན་པའི་མཐུས། །སྨོན་ལམ་ཐམས་ཅད་བགེགས་མེད་འགྲུབ་པ་དང་། །རྒྱལ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི། སྤོ་བོ་ཡི་ཀོའི་ས་ཕྱོགས་སུ་བསྒྲུབ་པའི་རྒྱལ་མཚན་འཛིན་པའི་ཆོས་ཀྱི་རྗེ་ཨོ་རྒྱན་བསྟན་འཛིན་གྱི་བཀས། བསྟན་པ་རྒྱས་བྱེད་ཀྱི་སྨོན་ལམ་ཞིག་དགོས་ཞེས་གསུངས་པ་ལ་བརྟེན་ནས། བདག་ཀརྨཱ་རིག་འཛིན་རྣམ་པར་རྒྱལ་བས། སྨིན་གྲོལ་སྐྱེད་རྫོགས་གླིང་ནས་ཕུལ་བའོ། །


TR004_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱའི་དགེ་སློང་དགེ་འདུན་ཉི་མ་གྲོགས་བཅས་ཀུན། །མི་མཐུན་ཉེར་འཚེ་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཆོས་དང་མཐུན་པའི་འདོད་དོན་མ་ལུས་འགྲུབ་གྱུར་ནས། །མྱུར་དུ་རྫོགས་པའི་བྱང་ཆུབ་དམ་པ་ཐོབ་པར་ཤོག །ཅེས་པའི་ཤོ་ལོ་ཀ་འདི་ནི། མདོ་ཁམས་ཚ་བ་གང་ནས། །དགེ་ལྡན་པའི་དགེ་སློང་འགའ་ཞིག་གིས་བསྐུལ་ངོར་བྲིས་པའོ། །སྐྱབས་གནས་དཀོན་མཆོག་གསུམ་དངོས་བླ་མ་དང་། །དེ་ཉིད་ལྷག་པའི་ལྷར་བཞེངས་ཡི་དམ་ལྷ། །ཕྲིན་ལས་སྒྲུབ་མཛད་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཕྱོགས་དུས་རྒྱལ་བ་མ་ལུས་དགོངས་སུ་གསོལ། །བདག་གིས་ཐོག་མཐའ་མེད་ནས་ད་ལྟའི་བར། །དགེ་བའི་ལས་བསགས་པ་ཅི་མཆིས་པ། །དེ་དག་རྣམས་ཀྱི་མཐུ་དང་ནུས་པ་ཡིས། །བདེན་ཚིག་སྨོན་ལམ་འདི་དག་འགྲུབ་གྱུར་ཅིག །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་མིར་སྐྱེས་ཆོས་ལྡན་དབང་པོ་ཚང་། །བསྟན་པའི་སྒོར་ཞུགས་བླ་མས་རྗེས་སུ་བཟུང་། །རྡོ་རྗེ་ཐེག་པའི་


TR004_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་དོན་བསྒོམ་པར་ཤོག །ཚུལ་མིན་ཁེ་གྲགས་ལོ་འདོད་ཀུན་སྤོང་ཞིང་། །རྩེ་གཅིག་བསྒྲུབ་པའི་སྙིང་པོ་ལྷུར་བླངས་ཏེ། །རང་དོན་ཀ་དག་ཟད་སར་འཁྱོལ་བྱས་ནས། །གཞན་དོན་ཕྲིན་ལས་རླབས་ཆེན་འགྲུབ་པར་ཤོག །རྗེ་བཙུན་བླ་མ་དམ་པ་ཁྱེད་དང་ནི། །སྐྱེ་དང་ཚེ་རབས་ཀུན་ཏུ་མི་འབྲལ་ཞིང་། །དམ་ཚིག་ཉེས་ལྟུང་དྲི་མས་མ་གོས་པར། །ཐུགས་རྗེ་བྱིན་རླབས་རྒྱུད་ལ་འཇུག་པར་ཤོག །གཞན་ཡང་ཚེ་འདིར་ལུས་ངག་ཡིད་གསུམ་ལ། །ནད་གདོན་ཉེར་འཚེ་བར་ཆད་ཀུན་ཞི་ཞིང་། །བསམ་དོན་ཆོས་ལྡན་ཡིད་བཞིན་འགྲུབ་གྱུར་ནས། །མྱུར་དུ་གདོད་མའི་ས་དེར་ཕྱིན་པར་ཤོག །ཞེས་པ་འདི་ནི་རང་གི་ཉེ་གནས་བསྟན་འཛིན་དར་རྒྱས་ཀྱི་བསྐུལ་ངོར་བཀོད་པའོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཡིས། །བྱིན་རླབས་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ནས། །དད་ལྡན་མོས་པའི་


TR004_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་ཐུགས་རྗེས་གཟིགས། །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །མི་ཁོམ་གནས་སྤང་ཆོས་ལྡན་ཡུལ་དུ་སྐྱེས། །དམ་པའི་རྗེས་བཟུང་ཟབ་མོའི་ཆོས་ལ་སྤྱོད། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཚེ་རིང་ནད་མེད་ལོངས་སྤྱོད་ཕུན་སུམ་ཚོགས། །འགལ་རྐྱེན་ཀུན་ཞི་བསམ་དོན་ཆོས་བཞིན་འགྲུབ། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་ནས་ཀྱང་། །མཁའ་མཉམ་འགྲོ་ཀུན་འདྲེན་པའི་དཔལ་གྱུར་ཅིག །ཅེས་པ་འདི་ནི། ཀོང་ཡུལ་ཤིང་ལོའི་ཚལ་གྱི་སྨད་གུ་རུ་རིན་པོ་ཆེ་ནས་བདུད་སྲིན་མ་རུངས་པ་བཏུལ་བའི་ས་ཕྱོགས་ཐིལ་ཞེས་བྱ་བ་ནས། དད་འབྱོར་ལྡན་པའི་སྦྱིན་བདག་ནཱ་ཐའི་མིང་ཅན་ལ་སྦྱིན་པའོ། །ཕྱོགས་དུས་རྒྱལ་བ་སྲས་བཅས་མ་ལུས་དང་། །སྐྱབས་ཀུན་གཅིག་བསྡུས་པདྨ་ཐོད་འཕྲེང་རྩལ། །བདག་སོགས་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ནས། །བསམ་པའི་དོན་ཀུན་འབད་མེད་འགྲུབ་པ་དང་། །ཆོས་དང་བཀྲ་ཤིས་བདེ་ལེགས་རབ་འཕེལ་ཞིང་། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །ཅེས་པ་ནི་


TR004_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྗེ་པདྨ་བློ་གྲོས་ཀྱི་གྲྭ་པ་འགའ་ཞིག་གིས་བསྐུལ་ངོར་མཚམས་མལ་ནས་སོ། དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །དགོངས་བརྡའ་སྙན་རྒྱུད་བླ་མའི་བྱིན་རླབས་ཀྱིས། །ཀུན་བཟང་རིག་འཛིན་བསམ་དོན་ཆོས་བཞིན་འགྲུབ། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་གྱུར་ཅིག །ཞི་ཁྲོ་རབས་འབྱམས་རྣམས་ཀྱི་ཐུགས་རྗེ་དང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ཀྱིས། །མཆོག་དང་མཐུན་མོངས་དངོས་གྲུབ་ཀུན་འགྲུབ་ཅིང་། །དགོས་འདོད་མ་ལུས་ཡིད་བཞིན་འབྱུང་གྱུར་ཅིག །མ་ཚོགས་མཁའ་འགྲོ་རྣམས་ཀྱི་ཐུགས་རྗེ་དང་། །བསྟན་བསྲུང་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་ཀྱིས། །འགལ་རྐྱེན་བར་ཆད་མ་ལུས་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་རྒྱས་གྱུར་ཅིག །རྩ་གསུམ་ལྷ་ཚོགས་བདེན་པའི་བྱིན་རླབས་དང་། །བསླུ་མེད་རྟེན་འབྲེལ་ཟབ་མོའི་ནུས་མཐུ་དང་། །བདག་གི་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །སྨོན་ལམ་གང་བཏབ་དེང་འདིར་འགྲུབ་


TR004_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཅེས་གནས་ཆེན་གྱི་སྒྲུབ་གྲྭ་ནས། དད་ལྡན་ཀུན་བཟང་རིག་འཛིན་ལའོ།། ༈ །།ཆོས་དབྱིངས་རབ་འབྱམས་ཀློང་ཡངས་ཞིང་ཁམས་ནས། །དུས་གསུམ་རྒྱལ་དང་ཉན་ཐོས་རང་རྒྱལ་ཚོགས། །ཡི་དམ་ཞི་ཁྲོ་རབ་འབྱམས་རྒྱ་མཚོར་བཅས། །སྨོན་ལམ་བདེན་ཚིག་འགྲུབ་པའི་དཔང་མཛོད་ཅིག །འཁོར་བའི་རྒྱ་མཚོ་སྡུག་བསྔལ་རྦ་རླབས་ཅན། །ཡང་ཡང་འཁོར་ཞིང་རྟག་ཏུ་མནར་བ་ལས། །ཐར་གླིང་བདེ་ཆེན་ཞིང་དུ་བདེར་ཕྱིན་ནས། །འགྲོ་ཀུན་འདྲེན་པའི་དཔལ་དུ་བདག་གྱུར་ཅིག །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ལུས་ཐོབ་དམ་པའི་ཆོས་དང་མཇལ། །དགེ་བའི་བཤེས་གཉེན་དམ་པས་རྗེས་སུ་བཟུང་། །ཟབ་མོའི་གདམས་པ་ཉམས་སུ་ལེན་པར་ཤོག །ལུས་ངག་ཡིད་གསུམ་ཆོས་དང་མཐུན་པ་ཡི། །བསམ་པའི་དོན་ཀུན་འབད་མེད་འགྲུབ་པ་དང་། །འགལ་རྐྱེན་ཉེར་འཚེ་མ་ལུས་ཀུན་ཞི་ནས། །མྱུར་དུ་བྱང་ཆུབ་མཆོག་ལ་རེག་པར་ཤོག །གནས་སྐབས་ཚེ་


TR004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནད་གདོན་བར་ཆོད་སོགས། །མི་མཐུན་གནོད་པ་ཐམས་ཅད་རབ་ཞི་ཞིང་། །མངའ་ཐང་ཆོས་སྲིད་དཔལ་འབྱོར་ལོངས་སྤྱོད་རྣམས། །ཡར་ཟླ་ལྟར་འཕེལ་བདེ་ལེགས་ཀུན་འབྱུང་ཤོག །དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་རྗེ་དང་། །ཡི་དམ་ཆོས་སྐྱོང་རྣམས་ཀྱི་ནུས་མཐུ་ཡིས། །བསམ་དོན་ཀུན་འགྲུབ་འདོད་དགུ་ཕུན་ཚོགས་པའི། །བཀྲ་ཤིས་རབ་འབྱམས་ཕྱོགས་མཐར་ཁྱབ་གྱུར་ཅིག །ཅེས་པ་འདི་ནི། གནོད་མཛེས་མཁར་གྱི་ཡུལ་ལྗོངས་ཀྱི་བདག་མོ་བཀྲ་ཤིས་དབང་མོས་བསྐུལ་ངོར་བྲིས་པའོ། །ཕྱོགས་དུས་རྒྱལ་དང་དེ་སྲས་ཉན་ཐོས་ཚོགས། །དགོངས་བརྡའ་སྙན་རྒྱུད་བླ་མའི་ཚོགས་རྣམས་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མར་བཅས། །བདེན་ཚིག་སྨོན་ལམ་འགྲུབ་པའི་དཔང་མཛོད་ཅིག །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །དལ་འབྱོར་ལུས་ཐོབ་སངས་རྒྱས་ཀུན་དང་མཇལ། །དམ་པས་རྗེས་བཟུང་ཟབ་དོན་ཉམས་སུ་བླངས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།


TR004_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

། གནས་སྐབས་ཚེ་འདིར་ལུས་ངག་ཡིད་གསུམ་ལ། །མི་མཐུན་ཉེར་འཚེ་འགལ་རྐྱེན་ཀུན་ཞི་ནས། །ཡིད་ལ་བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ། །མྱུར་དུ་རྫོགས་པའི་བྱང་ཆུབ་མཆོག་ཐོབ་ཤོག །ཞེས་པ་ནི་འཚོ་མཛད་ཀརྨ་འགྲོ་ཕན་ལའོ། །སྟོང་ཉིད་མཁའ་ལ་ཐུགས་རྗེའི་འོད་སྟོང་འཕྲོ། །ཚེ་འདིའི་སྣང་བ་རྨི་ལམ་སྒྱུ་མར་རིག །བྱམས་དང་སྙིང་རྗེས་འགྲོ་ལ་བརྩེ་བ་ཅན། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །སྙིགས་དུས་འགྲོ་བའི་དོན་ལ་བརྩེར་དགོངས་ནས། །སྔ་འགྱུར་སྙིང་པོའི་བསྟན་པ་སྤེལ་སླད་དུ། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་པ་དང་། །ཆོས་འཁོར་རྒྱུན་མི་འཆད་པར་བསྐོར་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །སྲིད་པའི་འཆིང་བ་དམ་ལས་རབ་ཐར་ནས། །ཁྱོད་དང་དབྱེར་མེད་རྫོགས་སངས་རྒྱས་པར་ཤོག །བསླུ་མེད་


TR004_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་བ་དཀོན་མཆོག་གསུམ། །འགྲོ་ཀུན་གྱི་སྐྱབས་གནས་པདྨ་འབྱུང་། །མཁའ་འགྲོ་དང་ཆོས་སྐྱོང་དམ་ཅན་ཚོགས། །བདག་སྨོན་ལམ་འགྲུབ་པའི་དཔང་མཛོད་ཅིག །སྐལ་ལྡན་གྱི་སྐྱེས་མཆོག་དམ་པ་འདི། །དུས་མཐར་ཐུག་བྱང་ཆུབ་མ་ཐོབ་བར། །སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ། །རྗེ་པདྨས་བྱིན་གྱིས་རློབས་པར་ཤོག །ལུས་གསལ་སྟོང་སྐྱེད་རིམ་ངང་གནས་ཤིང་། །དེ་སྣང་སྟོང་ཆུ་ཟླ་ལྟ་བུར་རྟོགས། །གདོས་བཅས་ཤ་ཁྲག་གི་ཕུང་པོ་ཉིད། །འོད་གསལ་མཇའ་ལུས་སུ་འགྲུབ་པར་ཤོག །ངག་རྡོ་རྗེའི་བཟླས་པ་ཆུ་བོའི་རྒྱུན། །དུས་རྟག་ཏུ་གཡེལ་མེད་བཟླས་བྱས་ཤིང་། །དེ་གྲགས་སྟོང་དབྱེར་མེད་བྲག་ཆ་ལྟར། །བརྗོད་མེད་ཀྱི་ངང་དུ་གྲོལ་བར་ཤོག །ཡིད་འཁྲུལ་རྟོག་གི་འབྱུང་ཁུངས་སེམས་ཉིད་འདི། །བག་ཆགས་ཀྱི་རྗེས་སུ་མི་འབྲེང་བར། །བདེ་སྡུག་གི་སྣང་བ་རང་སར་དག །དབྱིངས་རིག་དབྱེར་མེད་ཀྱི་དོན་རྟོག་ཤོག །


TR004_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་གྱི་སྐྱེས་མཆོག་འདི་ཉིད་ནི། །བར་ཆད་ཀྱི་རྐྱེན་གྱིས་མ་ཁྱེར་ཞིང་། །འགྲོ་དོན་དང་གདུལ་བྱའི་སྒོ་བྱེ་ནས། །སེམས་ཅན་ལ་ཕན་པ་མང་འགྲུབ་ཤོག །རིག་འཛིན་གྱི་སྐྱེས་མཆོག་དམ་པ་འདི། །སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་ཞིང་། །གནས་སྐབས་སུ་འགྲོ་དོན་ལྷུན་གྲུབ་ནས། །མཐར་ཐུག་ཏུ་མངོན་སངས་རྒྱས་པར་ཤོག །དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྐལ་ལྡན་འདི་ཡི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས་ནས་ཀྱང་། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་སུམ་ཚོགས། །སྙེན་སྒྲུབ་མཐར་ཕྱིན་ཕྲིན་ལས་རྣམ་བཞི་འགྲུབ། །སྐྱེད་རྫོགས་བརྟན་ཐོབ་སྤངས་རྟོགས་མངོན་དུ་གྱུར། །གདོད་མའི་ཀློང་དུ་གཏན་སྲིད་ཟིན་པར་ཤོག །སླར་ཡང་གང་འདུལ་ཐུགས་རྗེའི་འོད་ཟེར་གྱིས། །འགྲོ་བློའི་མུན་སེལ་རེ་འདོད་ཡིད་བཞིན་སྐོངས། །ལྷུན་གྲུབ་རྒྱུན་མི་འཆད་པའི་ཕྲིན་ལས་མཆོག །འབད་མེད་


TR004_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་མཐའ་མཉམ་འབྱུང་བར་ཤོག །རྗེ་དུས་གསུམ་རྒྱལ་བ་ཀུན་གྱི་དཔལ། །མགོན་མཁའ་འགྲོའི་དབང་ཕྱུག་པདྨ་འབྱུང་། །ཁྱེད་ཐུགས་རྗེ་ནུས་པའི་དཔུང་བསྐྱེད་ལ། །རྒྱུད་བྱིན་གྱིས་རློབས་པར་མཛད་དུ་གསོལ། །སྐལ་ལྡན་གྱི་སྐྱེས་མཆོག་མ་ཎིའི་མཚན། །བསམ་བཞིན་དུ་སྲིད་པ་ཉེར་བཞེས་ནས། །རྣམ་དཀར་གྱི་མཛད་པ་རྒྱ་ཆེན་པོ། །ཡར་ཟླ་ལྟར་འཕེལ་ཞིང་རྒྱས་པར་ཤོག །གཞི་ཀ་དག་རང་གསལ་སྐྱེ་མེད་ཀྱི། །དོན་འགྱུར་མེད་བརྩན་ས་རབ་ཟིན་ནས། །ལམ་སྐྱེད་རྫོགས་ཟུང་འཇུག་མངོན་གྱུར་ཏེ། །དབྱིངས་གདོད་མའི་གཏན་སྲིད་ཟིན་པར་ཤོག །བཀའ་རྒྱུད་བླ་མའི་ཐུགས་རྗེ་ནུས་མཐུ་དང་། །ཡི་དམ་ལྷ་ཚོགས་ཞི་ཁྲོའི་རབ་འབྱམས་ཀྱིས། །སྐྱེས་མཆོག་དམ་པ་འགྲོ་དོན་ལྷུན་གྲུབ་ནི། །སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །དུས་གསུམ་རྒྱལ་བ་སྲས་བཅས་ཉན་རང་དང་། །རིག་འཛིན་གྲུབ་མཆོག་སྐྱེས་ཆེན་ཐམས་ཅད་ཀྱིས།


TR004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

།འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་གྱུར་ཅིག །རང་རིག་སྟོང་གསལ་མཁའ་དབྱིངས་སུ། །ལྷག་བསམ་རབ་དཀར་སྤྲིན་ཕུང་སྟིབས། །སྨོན་ལམ་རྣམ་དག་ཆར་རྒྱུན་གྱིས། །དོན་གཉིས་འབྲས་བུ་སྨིན་བྱེད་ཞིག །དགོས་བཞེས་བཀའ་ཡིས་བསྐུལ་བའི་ངོར། །བྱ་བཏང་སྤྲང་པོ་རྒྱལ་ཁམས་པས། །སྨིན་གྲོལ་སྐྱེད་རྫོགས་གླིང་དུ་བྲིས། །དགེ་བས་འགྲོ་ལ་ཕན་འགྲུབ་ཤོག །ཅེས་ལེ་མཚན་གོང་འོག་འདི་དག་རྣམས་ནི། བླ་མ་ཟླ་བ་ཆོས་གྲགས་ཀྱི་སྐྱེ་མཐའ་རྒྱལ་སྲས་འགྲོ་དོན་ལྷུན་གྲུབ། ཅེས་པའམ། མཚན་གཞན་དུ་བླ་མ་ཚེ་རིང་ནོར་བུ་ཞེས་པའི་ཐུགས་བཞེད་སྐོངས་ཕྱིར་སྔ་ཕྱི་སོ་སོར་བྲིས་པ་དག་འདིར་ཁྲིགས་ཆགས་སུ་བཀོད་པའོ། །སྐལ་བཟང་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་། །དུས་གསུམ་རྒྱལ་བ་དགོངས་རྒྱུད་བྱིན་རླབས་ཀྱི། །འགྲོ་བའི་བླ་མ་འཇའ་ཚོན་སྙིང་པོ་ནི། །སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །བཀའ་གཏེར་རྒྱུད་པའི་བླ་མའི་ཐུགས་རྗེ་དང་། །གྲུབ་མཆོག་རིག་འཛིན་བརྡའ་རྒྱུད་བྱིན་རླབས་ཀྱིས། །འགྲོ་བའི་བླ་མ་


TR004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཚེ༴ །གང་ཟག་སྙན་རྒྱུད་བླ་མའི་ཐུགས་རྗེ་དང་། །མཁའ་འགྲོ་ཆོས་སྐྱོངས་བྱིན་རླབས་ནུས་མཐུ་ཡིས། །འགྲོ་བའི་བླ་མ༴ སྐུ་ཚེ༴ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་བའི་མགོན་པོ་འཇའ་ཚོན་སྙིང་པོ་ཉིད། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་པ་རུ། །མཁའ་མཉམ་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །ཞེས་གཏེར་སྟོན་རིག་འཛིན་ཆེན་པོ་དེ་ཉིད་ལ་གུས་པས་ཕུལ་བའོ། །ཆོས་དབྱིངས་མཁའ་ཁྱབ་རབ་འབྱམས་ཞིང་ཁམས་ནས། །བྱིན་རླབས་མཐུ་ལྡན་བདེ་བཤེགས་རྒྱལ་བའི་ཚོགས། །འགྲོ་བའི་གཙུག་རྒྱན་པད་འབྱུང་ལ་སོགས་ཀྱིས། །ཐུགས་རྗེའི་ཤུགས་བསྐྱེད་འཆི་མེད་དངོས་གྲུབ་སྩོལ། །ཐེག་པའི་ཡང་བཅུད་སྔ་འགྱུར་སྙིང་པོའི་དོན། །ཡང་དག་འཛིན་པས་དོན་གཉིས་ལྷུན་གྲུབ་པ། །བསྟན་པའི་གསལ་བྱེད་པདྨ་བློ་གྲོས་མཆོག །མི་འགྱུར་བསྐལ་བརྒྱའི་བར་དུ་ཞབས་བརྟན་གསོལ། །


TR004_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་རྒྱ་མཚོའི་ཕ་མཐར་ལེགས་སོན་ཅིང་། །སྨིན་གྲོལ་འདོད་འབྱུང་གཏེར་གྱི་དགའ་སྟོན་གྱིས། །དད་ལྡན་གདུལ་བྱའི་རེ་འདོད་སྐོངས་བའི་ཕྱིར། །མི་འགྱུར་བསྐལ་བརྒྱའི་བར་དུ་ཞབས་བརྟན་གསོལ། །སྟོང་ཉིད་ཁྱབ་གདལ་སྤྲོས་བྲལ་མཁའ་དབྱིངས་སུ། །འགགས་མེད་ཐུགས་རྗེའི་ཉི་འོད་ཕྱོགས་བཅུར་འགྱེད། །འགྲོ་བློའི་མུན་སེལ་བསྟན་པའི་སྒྲོན་མེ་རུ། །མི་འགྱུར་བསྐལ་པ༴ །དེ་ཕྱིར་གསོལ་བ་བཏབས་པའི་བདེན་སྟོབས་དང་། །ཕྱོགས་དུས་རྒྱལ་བའི་ཐུགས་རྗེའི་ནུས་མཐུ་ཡིས། །པདྨའི་རྒྱལ་ཚབས་པདྨ་བློ་གྲོས་ཉིད། །སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་པར་ཤོག །ཅེས་པ་འདི། མདོ་ཁམས་ཀྱི་ཕྱོགས་སུ་བསྟན་པའི་སྒྲོན་མེ་སྤར་བར་མཛད་པའི་ཆོས་ཀྱི་རྗེ་པདྨ་བློ་གྲོས་ཀྱི་སྐུ་ཚེ་བསྟན་བཞུགས་སུ། སློབ་དཔོན་རིན་པོ་ཆེ་དམ་ཆོས་པས་ཐུགས་བསམ་རྣམ་དག་གིས་བསྐུལ་བར་མཛད་པ་ལ་བརྟེན་ནས་སྨིན་གྲོལ་སྐྱེད་རྫོགས་གླིང་དུ་བཀོད་པའོ། །ཕྱོགས་དུས་རྒྱལ་བ་རབ་འབྱམས་སྲས་བཅས་དང་། །རྩ་བརྒྱུད་བླ་མ་ཡི་


TR004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མཁའ་འགྲོར་བཅས། །ཆོས་སྲུངས་སྟོབས་ལྡན་བདེན་པ་གྲུབ་རྣམས་ཀྱིས། །སྨོན་ལམ་འགྲུབ་པར་བྱིན་གྱིས་བརླབས་ཏུ་གསོལ། །ཐེག་ཀུན་ཡང་རྩེ་བླ་མེད་སྙིང་པོའི་བཅུད། །ཆོས་ཀུན་མཐར་ཐུག་འོད་གསལ་རྫོགས་པ་ཆེའོ། །དོན་བཟང་ལེགས་པར་སྟོན་མཛད་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མ་སྐུ་ཚེ་བརྟན་གྱུར་ཅིག བསྟན་པའི་ཡང་སྙིང་སྔ་འགྱུར་ཐེག་ཆོས་འདི། །ཏོག་གེའི་གྲུབ་མཐས་བརྙས་པའི་དུས་ངན་འདིར། །ཡང་ཟབ་ཨ་ཏིའི་བསྟན་པ་སྤེལ་སླད་དུ། །མི་འགྱུར་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག རྒྱལ་ཀུན་གཅིག་བསྡུས་པདྨ་ཐོད་ཕྲེང་གི། །གསུང་གི་གསང་བ་ཟབ་མོའི་ཐུགས་བཅུད་རྣམས། །དད་ལྡན་འགྲོ་ལ་རིས་མེད་རྩལ་བའི་ཕྱིར། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་གྱུར་ཅིག །དེ་ལྟར་གསོལ་བ་བཏབས་པའི་བདེན་སྟོབས་ཀྱིས། །ཁྱེད་ཞབས་བསྟན་ཞིང་ཆོས་ཀྱི་ཕྲིན་ལས་རྒྱས།


TR004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

། བདག་དང་མ་རྒན་ཁམས་གསུམ་འགྲོ་བ་ཀུན། །ཀ་དག་དབྱིངས་སུ་ཁྱེད་དང་དབྱེར་མེད་ཤོག །ཞེས་པ་ནི། སྔ་འགྱུར་འོད་གསལ་སྙིང་པོའི་བསྟན་པ་སྤེལ་བར་མཛད་པའི་ཆོས་ཀྱི་རྗེ་འོད་གསལ་ནམ་མཁའ་འབྲུག་སྒྲའི་ཞབས་དྲུང་དུ་ཕུལ་བའོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་མཐུ་སྟོབས་དཔུངས་བསྐྱེད་ནས། །བདག་སོགས་རྣམས་ལ་བྱིན་གྱིས་རླབས་ནས་ཀྱང་། །སྨོན་ལམ་གེགས་མེད་འགྲུབ་པར་མཛད་དུ་གསོལ། །བདག་གིས་འཁོར་འདས་དུས་གསུམ་བསགས་པའི་དགེ། །བྱས་དང་བྱེད་འགྱུར་རྗེས་སུ་ཡི་རངས་སོགས། །རྣམ་དཀར་དགེ་ཚོགས་ཇི་སྙེད་བསྐྲུན་པའི་མཐུས། །བསྟན་དང་འགྲོ་ལ་ཕན་པ་མང་འགྲུབ་ཤོག །གནས་སྐབས་ཚེ་འདིར་ལུས་ངག་ཡིད་གསུམ་ལ། །ནད་གདོན་འགལ་རྐྱེན་བར་ཆད་རབ་ཞི་ཞིང་། །བསམ་དོན་འབད་མེད་ཆོས་བཞིན་འགྲུབ་པ་དང་། །འདོད་དགུའི་དཔལ་འབྱོར་ཕུན་སུམ་ཚོགས་པར་ཤོག །སྐྱེ་བ་སྐྱེ་བ་གཞན་རྣམས་ཐམས་ཅད་དུ།


TR004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

། རིན་ཆེན་རིན་ཆེན་ལས་ལྷག་དལ་འབྱོར་ཐོབ། །སངས་རྒྱས་སངས་རྒྱས་སྲས་བཅས་རྗེས་བཟུང་སྟེ། །ཆོས་དང་ཆོས་ཀྱི་དཔལ་ལ་སྤྱོད་པར་ཤོག །འཁོར་བར་གནས་ཀྱང་འཁོར་བར་མ་གོས་ཤིང་། །སྲིད་པར་སྤྱོད་ཀྱང་སྲིད་པའི་འཆིང་གྲོལ་ཏེ། །ལྷག་བསམ་དག་པས་ལྷག་པར་གཞན་དོན་སྤྱོད། །འགྲོ་བ་སྒྲོལ་མཛད་འགྲོ་བའི་མགོན་དུ་ཤོག །ཤེས་བྱའི་གནས་ཀུན་ཀུན་ལ་རབ་མཁས་ཤིང་། །ཏིང་འཛིན་མཆོག་བསྒྲུབ་བསྒྲུབ་ལ་རྟག་ཏུ་བརྩོན། །བདུད་ལས་རབ་རྒྱལ་རྒྱལ་བའི་བསྟན་པ་འཛིན། །སྐུ་བཞིའི་བདག་ཉིད་ཉིད་དུ་བསྒྲུབ་གྱུར་ཅིག །ཅེས་པ་འདི་ནི། མི་དབང་ཀརྨ་བསྟན་སྲུང་ལའོ། །ཕྱོགས་བཅུའི་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་དམ་པ་སྐྱོན་མེད་ཐོབ་པ་


TR004_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དགེ་བའི་བཤེས་ཀྱི་རྗེས་སུ་འཛིན་པ་དང་། །རྡོ་རྗེ་ཐེག་པའི་ཆོས་ལ་སྤྱོད་ནས་ཀྱང་། །ཚེ་གཅིག་སངས་རྒྱས་བསྒྲུབ་ལ་བརྩོན་པར་ཤོག །འཇིག་རྟེན་ཆོས་བརྒྱད་འཁྲུལ་ཕྱིར་མི་འབྲང་ཤིང་། །སྡིག་པའི་གྲོགས་དང་གཏན་དུ་བྲལ་བ་དང་། །དད་དང་བརྩོན་འགྲུས་ཤེས་རབ་ཕུལ་བྱུང་བས། །ཆོས་ཀྱི་གནད་དོན་ཚུལ་བཞིན་རྟོགས་པར་ཤོག །ཐོས་པ་རྒྱ་མཚོ་ངོམ་པ་མེད་པ་དང་། །བསམ་པ་དགེ་བས་ལས་མིན་སྤོང་བ་དང་། །བསྒོམ་པའི་ཉམས་རྟོགས་རྩལ་གསུམ་རྫོགས་པ་ཡིས། །གཞན་ལའང་གདམས་པ་རྒྱ་ཆེན་སྟོན་པར་ཤོག །འགྲོ་བའི་མགོན་གྱུར་མཚན་ལྡན་བླ་མ་ལ། །མཉེས་པ་གསུམ་གྱི་ཞབས་གཏོགས་མཐར་ཕྱིན་ཏེ། །དམ་ཚིག་ཉེས་ལྟུང་དྲི་མས་མ་གོས་ཤིང་། །འབྲལ་མེད་བྱིན་རླབས་རྒྱུད་ལ་འཇུག་པར་ཤོག །རང་དོན་བཙན་ས་ལེགས་པར་ཟིན་ནས་ཀྱང་། །ལུས་སྲོག་ལྟོས་མེད་ངལ་བ་ཁྱད་སད་དེ། །ཆོས་


TR004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟང་ཟིང་མི་འཇིགས་སྦྱིན་པ་ཡིས། །འགྲོ་དྲུག་ཕ་མ་བདེ་ལ་འགོད་པར་ཤོག །སེམས་ཅན་སྡུག་བསྔལ་རྒྱ་མཚོ་མ་ཟད་བར། །བདག་གི་མཛད་ཕྲིན་རྒྱ་མཚོ་དཔག་མེད་ཀྱིས། །འགྲོ་ལ་ཕན་པ་རྒྱ་མཚོ་འབྱུང་བ་ཡི། །རྣམ་དག་སྨོན་ལམ་རྒྱ་མཚོ་འགྲུབ་གྱུར་ཅིག །ཕྱོགས་བཅུ་མཐའ་ཡས་ཞིང་ཁམས་ཀུན་བཞུགས་པའི། །རྒྱལ་བ་མཐའ་ཡས་སྲས་བཅས་ཀུན་གྱིས་ནི། །སྨོན་ལམ་མཐའ་ཡས་གང་དག་ཅི་མཆིས་པའི། །དགེ་བས་མཐའ་ཡས་འགྲོ་བ་ཀུན་གྲོལ་ཤོག །ཅེས་པ་འདི་ནི། ཨོ་རྒྱན་སྦྱིན་པ་ལའོ། །བདེན་པའི་དོན་སྟོན་རྒྱལ་བ་སྲས་བཅས་དང་། །བདེན་གཉིས་ཟུང་འཇུག་ལུང་རྟོགས་དམ་པའི་ཆོས། །བདེན་འཛིན་འཁྲུལ་སྣང་ཆོས་སྐུར་གྲོལ་མཛད་པ། །བདེན་ཚིག་གྲུབ་རྣམས་བདག་ལ་དགོངས་སུ་གསོལ། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ཕུན་ཚོགས་


TR004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཐེག་དང་མཇལ། །དགེ་བའི་བཤེས་གཉེན་དམ་པས་རབ་ཟིན་ནས། །འཁྲུལ་མེད་ལམ་ལ་ཡང་དག་འཇུག་པར་ཤོག །བསླུ་བྱེད་འཇིག་རྟེན་སྒྱུ་མའི་མིག་འཕྲུལ་ལ། །དུག་ཅན་ཟས་ལྟར་རིང་ནས་རྒྱབ་ཕྱོགས་ཏེ། །ཟབ་དོན་སྙིང་པོའི་དོན་མཆོག་སྤྱོད་པ་ལ། །བཀྲེས་པས་ཟས་མཐོང་བཞིན་དུ་འཇུག་པར་ཤོག །མེ་འདག་ལྟ་བུའི་ལོག་འཚོའི་དཀོར་ཟས་དང་། །བདག་འཛིན་སྐྱེད་བྱེད་ཉན་གྲགས་འདུ་འཛི་དང་། །དགེ་སྦྱོར་རླག་བྱེད་འཇིག་རྟེན་ཆོས་བརྒྱད་ཀུན། །རྒྱང་དུ་བསྲིང་ནས་ཐར་པ་བསྒྲུབ་པར་ཤོག །འགའ་ཞིག་བདག་ལ་གནོད་པའི་སེམས་ཀྱིས་སུ། །ཁྲོ་ཞིང་དམོད་དང་བརྡེག་འཚོགས་གསོད་ཀྱང་རུང་། །སྡང་སེམས་ཁྲོ་འཁྲུག་འཁོན་འཛིན་རབ་སྤངས་ཏེ། །གནོད་ལེན་བྱང་སེམས་ཆོས་ཀྱིས་འཇལ་བར་ཤོག །ཚེ་འདི་དོན་དུ་གཉེར་བ་ལས་བྱུང་བའི། །བདེ་བའི་མཚོ་བརྡོལ་སྐྱིད་པའི་ཉི་


TR004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཀྱང་། །དགོས་མེད་ཞེན་ལོག་གཏིང་ནས་སྐྱེས་པ་ཡིས། །ཆོས་ཕྱིར་དཀའ་སྤྱད་རི་ཁྲོད་འགྲིམ་པར་ཤོག །དབེན་པའི་གནས་སུ་འདུ་འཛི་ཀུན་སྤངས་ཏེ། །རང་སེམས་དཔང་གཙུག་དཀོན་མཆོག་མི་འཁྲེལ་བའི། །ཡེངས་མེད་དགེ་སྦྱོར་ཉིན་མཚན་དུས་འདའ་ཞིང་། །རང་རྒྱུད་དམ་པའི་ཆོས་ཀྱིས་ཐུལ་བར་ཤོག །གལ་ཏེ་རྣམ་རྟོག་འཁྲུལ་ཕྱིར་འབྲེང་གྱུར་ཀྱང་། །སྐད་ཅིག་དེ་ལ་དྲན་རིག་རྩིས་ཟིན་ཏེ། །སྒོམ་མེད་ཡེངས་མེད་བརྗོད་བྲལ་གནས་ལུགས་དོན། །རང་ཤར་རང་གྲོལ་ཀ་དག་མངོན་གྱུར་ཤོག །རང་བབས་གནས་ཚེ་སྤྲོས་བྲལ་ཆོས་ཀྱི་སྐུ། །འགགས་མེད་རང་མདངས་ལྷུན་གྲུབ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཕྲོ་ཡང་ཤར་གྲོལ་སྤྲུལ་སྐུའི་ངང་། །ཅིར་ཤར་སྐུ་གསུམ་དབྱེར་མེད་རྟོགས་པར་ཤོག །ངོ་བོ་སྟོང་པ་རྫོགས་རིམ་མཚན་མ་བྲལ། །རང་བཞིན་གསལ་བ་སྐྱེད་རིམ་ཡི་དམ་ལྷ། །ཟུང་འཇུག་དབྱེར་མེད་


TR004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་བླང་དོར་བྲལ། །ཆོས་ཉིད་རོལ་པའི་དཀྱིལ་འཁོར་ལྷུན་གྲུབ་ཤོག །མཉམ་བཞག་རྗེས་ཐོབ་སྤངས་བླངས་ལས་འདས་ཀྱང་། །འགགས་མེད་རྩལ་སྣང་འཕྲོ་འདུའི་རོལ་པ་ཀུན། །དག་སྣང་མོས་གུས་སྙིང་རྗེར་རང་ཤར་ནས། །རང་གཞན་དོན་ཀུན་འབད་མེད་འབྱུང་བར་ཤོག །གལ་ཏེ་བར་དོའི་སྣང་བ་འཆར་གྱུར་ཀྱང་། །ཁྲེག་ཆོད་ཐོད་རྒལ་ཟབ་གནད་སྙིང་པོ་ཀུན། །གཅིག་ཅར་དྲན་པས་རང་སྣང་ངོ་ཤེས་ཏེ། །ཡིན་ལུགས་ཇི་བཞིན་རྟོགས་ནས་གྲོལ་བར་ཤོག །བདག་ཉིད་མཐོང་ཐོས་རེག་པའི་འགྲོ་བ་ཀུན། །བདག་འཛིན་འཆིང་བའི་ཞགས་པ་རབ་གྲོལ་ཏེ། །བདག་མེད་ཡང་དག་གནས་ལུགས་རྟོགས་ནས་ཀྱང་། །བདག་གཞན་དབྱེར་མེད་ཆོས་སྐུར་གྲོལ་བར་ཤོག །སངས་རྒྱས་ཞིང་ཁམས་རྒྱ་མཚོ་མཐའ་ཡས་པར། །སངས་རྒྱས་རྣམ་འཕྲུལ་རྒྱ་མཚོ་དཔག་མེད་ལྟར། །སངས་རྒྱས་མཛད་པ་རྒྱ་མཚོ་བདག་འགྲུབ་ཤོག །བྱང་ཆུབ་སེམས་ཀྱིས་འགྲོ་བ་སྒྲོལ་མཛད་པའི། །བྱང་སེམས་རྣམས་ཀྱིས་འགྲོ་


TR004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྩེར་དགོངས་ཏེ། །བྱང་ཆུབ་སྤྱོད་པ་ཚད་མེད་སྤྱད་པ་བཞིན། །བྱང་སེམས་སྤྱོད་ལ་བདག་ཀྱང་འཇུག་པར་ཤོག །ནམ་མཁས་གར་ཁྱབ་ནམ་མཁའ་གནས་ཀྱི་བར། །འཁོར་བ་ཡང་ཡང་འཁོར་བའི་འགྲོ་བ་རྣམས། །བླ་མེད་གོ་འཕངས་བླ་ན་མེད་པ་རུ། །འདྲེན་པའི་དེད་དཔོན་འདྲེན་མཆོག་བདག་གྱུར་ཅིག །ཅེས། རྣལ་འབྱོར་པ་ཆོས་འཕེལ་བཟང་པོ་ལའོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་མ་ལུས་པས། །ཐུགས་རྗེ་ནུས་པའི་དཔུང་ཆེན་རབ་བསྐྱོད་ནས། །བདག་གི་སྨོན་ལམ་འདི་དག་འགྲུབ་པ་ཡི། །རེ་འདོད་ཡིད་བཞིན་སྐོང་བར་མཛད་དུ་གསོལ། །དེང་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །མི་ཁོམ་གནས་སྤངས་དལ་འབྱོར་རིན་ཆེན་ཐོབ། །དགེ་བའི་བཤེས་གཉེན་མཆོག་གིས་རྗེས་བཟུང་སྟེ། །སྨིན་གྲོལ་ཟབ་མོའི་དོན་ལ་སྤྱོད་པར་ཤོག །ཐོས་པས་ཆོས་ཀུན་སྒྲོ་འདོགས་ལེགས་ཆོད་ཅིང་། །བསམ་པས་


TR004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནོར་དོན་ལ་འཇུག་པ་དང་། །བསྒོམ་པའི་ཉམས་རྟོགས་འབྲས་བུ་སྨིན་པ་ཡིས། །རང་དོན་བཙན་ས་ལེགས་པར་ཟིན་པར་ཤོག །ཇི་སྲིད་སེམས་ཅན་རྒྱ་མཚོ་གནས་ཀྱི་བར། །དེ་སྲིད་རྣམ་འཕྲུལ་རྒྱ་མཚོ་འགྱེད་ནུས་ཤིང་། །སངས་རྒྱས་ཕྲིན་ལས་རྒྱ་མཚོ་བདག་འགྲུབ་པས། །མཐའ་ཡས་འགྲོ་ཕན་རྒྱ་མཚོ་མཐར་ཕྱིན་ཤོག །གནས་སྐབས་མཐར་ཐུག་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ཀུན་དང་མི་འབྲལ་ཆོས་སྤྱད་དེ། །རང་གཞན་དོན་ཀུན་ལྷུན་གྱིས་གྲུབ་པ་ཡི། །གོ་འཕངས་མཆོག་ལ་མྱུར་དུ་རེག་པར་ཤོག །ཅེས་པ་འདི་ནི། ཆོས་ཀྱི་རྒྱལ་པོ་རིམ་པར་བྱོན་པའི་གདུང་རིགས་ལས་འཁྲུངས་ཤིང་ལུགས་གཉིས་ཀྱི་དཔལ་འབྱོར་ལྡན་པའི་ལྷའི་བཙུན་མ་ཀརྨ་ཚེ་རིང་བཟང་མོའི་བཀས་བསྐུལ་བའི་ངོར། མཁས་གྲུབ་ཡེ་བཟང་རྩེ་པ་སོགས་སྐྱེས་ཆེན་མང་པོའི་བཞུགས་གནས་སུ་གྱུར་པ། དཔལ་རྩེས་ཐང་གི་ཆོས་གྲྭ་ཆེན་པོའི་ཡང་དབེན་བསམ་གཏན་གླིང་དུ་བྲིས་པའོ། །ཕྱོགས་བཅུ་དུས་གསུམ་


TR004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་མ་ལུས་པས། །སྙིགས་དུས་འགྲོ་བ་འདྲེན་པར་བསྔགས་པའི་མཆོག །སྔ་འགྱུར་བསྟན་པའི་སྒྲོན་མེ་འཇིག་རྟེན་མིག །གཞན་ཕན་རྡོ་རྗེ་བསྐལ་བརྒྱར་ཞབས་བརྟན་གསོལ། །ཐ་སྙད་ཤེས་བྱའི་གནས་ནས་ཉེར་བཟུང་སྟེ། །སངས་རྒྱས་ལག་བཅངས་ཟབ་དོན་མཐར་ཐུག་བར། །ཆོས་ཀྱི་འབྱུང་གནས་ཁྱེད་ལས་གཞན་མེད་ན། །དེ་སླད་བསྟན་འགྲོའི་དོན་དགོངས་ཞབས་བརྟན་གསོལ། །དཀོན་མཆོག་བདེན་པའི་བྱིན་རླབས་རྨད་བྱུང་དང་། །རྩ་གསུམ་ལྷ་ཚོགས་ཐུགས་རྗེའི་ནུས་སྟོབས་ཀྱིས། །འདྲེན་མཆོག་དཔལ་མགོན་རྩ་བའི་བླ་མ་ཉིད། །སྐུ་ཚེ་བརྟན་ཞིང་འཕྲིན་ལས་རྒྱས་པ་ཡི། །གསོལ་བཏབ་དོན་ལྡན་འགྲུབ་པར་མཛད་དུ་གསོལ། ཅེས་པ་འདི་ནི། བདག་ཅག་གི་འདྲེན་པ་མཚུངས་བྲལ་སྐད་གཉིས་སྨྲ་བའི་དབང་ཕྱུག་ངག་དབང་གཞན་ཕན་རྡོ་རྗེའི་དྲུང་དུ་ཕུལ་བའོ། ཨོཾ་སྭ་སྟི་སིདྡྷཾ། རྒྱལ་གསུང་


TR004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་ཆོས་ཀྱི་ཆུ་གཏེར་ལས། །ལེགས་བྱུང་ཐེག་པའི་བང་རིམ་མངོན་མཐོའི་རྩེར། །ཡང་གསང་རྫོགས་ཆེན་རྣམ་རྒྱལ་ཁང་བཟང་ལ། །དབང་བསྒྱུར་དཔལ་ལྡན་བླ་མ་ཞབས་བརྟན་གསོལ། །སྣ་ཚོགས་གཞུང་ལུགས་དུ་མའི་ཆུ་བོ་ཀུན། །མ་ལུས་གཅིག་ཏུ་གཞོལ་ཆུ་གཏེར་མཆོག །ཟབ་ཡངས་གཏིང་མཐའ་བྲལ་བའི་ཀློང་ཆེན་པོ། །རྫོགས་ཆེན་བསྟན་པའི་མངའ་བདག་ཞབས་བརྟན་གསོལ། །དུས་རིང་འབད་པ་དྲག་པོས་བསླབ་སྦྱངས་པའི། །མཁས་པར་གྲགས་པ་ཟླ་བྲལ་མཆོག་རྣམས་ཀྱང་། །ཁྱེད་གསུང་ཟབ་མོའི་ཆོས་སྒྲས་སྤོབས་བྲལ་མཛད། །སྨྲ་བའི་ཉི་མ་བསྐལ་བརྒྱར་ཞབས་བརྟན་གསོལ། །འཇིག་རྟེན་ཆོས་བརྒྱད་རྙེད་དང་གྲགས་འདོད་ཀྱི། །དྲི་མ་རྡུལ་ཆ་ཙམ་གྱིས་མ་གོས་ཤིང་། །ཟབ་དོན་སྦྲང་རྩི་འཛིན་པའི་ཨུ་དུམ་ཝར། །དད་ལྡན་རྐང་དྲུག་ཚིམ་མཛད་ཞབས་བརྟན་གསོལ། །སྙིགས་


TR004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མུན་གླིང་འཁྱམས་པའི་འགྲོ་རྣམས་ལ། །བཤེས་གཉེན་རྒྱུ་སྐར་གཞན་གྱིས་སྣང་བྱེད་པའི། །ནུས་བྲལ་དེ་སླད་རྫོགས་ཆེན་འོད་སྟོང་ཅན། །ཁྱོད་ནི་འགྲོ་བློའི་མུན་བསེལ་བསྐལ་བརྒྱར་བཞུགས། །སྔ་འགྱུར་འོད་གསལ་སྙིང་པོའི་ཉི་མ་འདི། །ལོག་རྟོག་གྲུབ་མཐའ་ངན་པས་སྒྲིབས་ཉེ་ཤིང་། །མ་རྒན་འགྲོ་འདི་ལོག་ལམ་འཁྱམས་པ་ལ། །མགོན་མཛད་དམ་པ་ཁྱེད་ཞབས་རབ་བརྟན་གསོལ། །རྩ་རྒྱུད་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས། །གཅིག་བསྡུས་རྒྱལ་དབང་པདྨ་ཚེ་ཡི་བདག །བསླུ་མེད་ཆོས་སྲུངས་སྟོབས་ལྡན་ཚོགས་བཅས་ཀྱིས། །སྨོན་ལམ་བཏབ་འདི་འགྲུབ་པར་བྱིན་གྱིས་རློབས། །ཅེས་པ་འདི་ཡང་། ཆོས་རྗེ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲའི་བརྟན་བཞུགས་སུ། རྗེ་དེ་ཉིད་ཀྱི་གྲ་སློབ་རྣམས་ཀྱིས་བསྐུལ་ངོར་ཕུལ་བའོ། །རྣམ་པ་ཀུན་ཏུ་འགྲོ་ལ་ཕན་བཞེད་པའི། །རྒྱལ་བ་སྤྱན་རས་གཟིགས་སོགས་འཕགས་མཆོག་དང་། །བླ་མ་


TR004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དཀོན་མཆོག་དཀྱིལ་འཁོར་ལྷ། །རྣམ་འདྲེན་མཆོག་རྣམས་བདག་ལ་དགོངས་སུ་གསོལ། །བདག་གིས་ཐོག་མཐའ་མེད་ནས་ད་ལྟའི་བར། །བྱས་དང་བྱེད་འགྱུར་བྱེད་ལ་ཡི་རངས་པའི། །དགེ་ཚོགས་ཅི་མཆིས་མཁའ་མཉམ་འགྲོ་ཀུན་ལ། །ལྷག་བསམ་དག་པས་ཡོངས་སུ་བསྔོ་བར་བགྱི། །འཁོར་བ་རྒྱ་མཚོ་ཇི་སྲིད་གནས་ཀྱི་བར། །བདག་གི་རྣམ་འཕྲུལ་བཀོད་པ་མཐའ་ཡས་པས། །ཕན་པ་མཆོག་དང་བདེ་བ་བླ་མེད་པའི། །བྱང་ཆུབ་ལམ་ལ་འགོད་པའི་ནུས་ལྡན་ཤོག །དལ་འབྱོར་རིན་ཆེན་ཐོབ་དཀའ་རྙེད་བཞིན་དུ། །རང་གིས་རང་བསླུད་སྟོང་ཟད་མི་བྱེད་པར། །འཁོར་བའི་གདོས་ཐག་ཆོད་པའི་བློ་ལྡན་ཞིང་། །མ་ནོར་གཏན་སྲིད་ཟིན་ལ་འབད་པར་ཤོག །རྙེད་བཀུར་གྲགས་པ་དོན་གཉེར་བླ་མ་དང་། །འཕྲད་ཚད་སྡིག་ལ་སྦྱོར་བའི་གྲོགས་ངན་དང་། །སྤྱོད་ཚད་ཡོན་ཏན་འགྲིབ་པའི་དཀོར་ཟས་སོགས། །ལམ་གྱི་འགལ་རྐྱེན་རྣམས་དང་


TR004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཕྲད་ཤོག །འབྲེལ་ཚད་དོན་དང་ལྡན་པའི་བཤེས་གཉེན་དང་། །འགྲོགས་བཞིན་ཡོན་ཏན་འགོ་བའི་གྲོགས་མཆོག་དང་། །དགེ་སྦྱོར་གོང་དུ་འཕེལ་བའི་མཐུན་རྐྱེན་ཏེ། །ཐམས་ཅད་རྩོལ་མེད་ཤུགས་ལས་འབྱུང་བར་ཤོག །སྙིང་པོ་མེད་ཅིང་ལས་ངན་གསོགས་བྱེད་པའི། །ལྟར་སྣང་མཛེས་པས་བསླུ་བྱེད་འཁོར་བའི་ཆོས། །རྙེད་བཀུར་གྲགས་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི། །དྲི་མ་རྡུལ་ཆ་ཙམ་ཡང་བྲལ་བར་ཤོག །དཀར་གསལ་གངས་རིའི་ངོག་དང་གཡའ་རིའི་མགུལ། །ལྷུང་ལྷུང་སྙན་པར་སྒྲོག་པའི་ཆུ་ཀླུང་འགྲམ། །རབ་མཛེས་སྤང་རིའི་རྩེ་དང་ནགས་ཀྱི་ཁྲོད། །མི་མེད་དབེན་པའི་རི་ཁྲོད་འགྲིམ་པར་ཤོག །ཅོང་ཅོང་བྱ་ཚོགས་སྙན་པའི་གླུ་ལེན་ཅིང་། །ལྷུག་ལྷུག་རྩེད་འཇོ་བདེ་བའི་རི་དྭགས་བཅས། །ཟིར་ཟིར་བུང་བ་ལྡིང་བའི་རི་ཁྲོད་དུ། །གཅིག་པུར་བསམ་གཏན་བསྒོམ་ལ་སྤྲོ་བར་ཤོག །ཤེས་ཤེས་རྣམ་


TR004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་པོའི་བློ་སྣ་དང་། །བྱས་བྱས་དོན་འགོ་མེད་པའི་སྡུག་ཡུས་དང་། །ཐོབ་ཐོབ་རྒྱུད་ལ་མ་འཁེལ་ང་རྒྱལ་སོགས། །སྤངས་ནས་ཚེ་འདི་སྒྲུབ་པ་མཉམ་པར་ཤོག །རང་ཉིད་མཐོ་རིས་བདེ་བ་འདོད་པའམ། །གཅིག་པུ་ཞི་བའི་བྱང་ཆུབ་གཉེར་བའི་བློ། །མ་ཡིན་གཞན་དོན་ཁོ་ནའི་ཆེད་ཉིད་དུ། །བླ་མེད་བྱང་ཆུབ་བསྒྲུབ་ལ་བརྩོན་པར་ཤོག །ཁྲེག་ཆོད་གཞི་ཐོག་གཏན་ལ་ཕེབས་པ་དང་། །ཐོད་རྒལ་སྐུ་དང་ཞིང་ཁམས་བཅུད་དུ་སྨིན། །གདེངས་གཉིས་སྡོད་པ་གསུམ་དང་ཐོས་པ་གསུམ། །མ་ལུས་མངོན་གྱུར་ཆོས་སྐུར་གྲོལ་བར་ཤོག །རྟོགས་མེད་ཆོས་སྐུའི་ངང་ལས་མ་གཡོས་བཞིན། །རྩལ་མདངས་གཟུགས་སྐུ་གཉིས་སོགས་རྣམ་རོལ་འཕྲུལ། །དུ་མས་འགྲོ་བ་མ་ལུས་སྒྲོལ་བ་ཡི། །ཕྲིན་ལས་རྒྱལ་བ་ཀུན་ལས་ལྷག་པར་ཤོག །ཞེས་པ་ནི། གཙང་གི་ལྷ་བཙུན་འཕྲིན་ལས་གསང་སྔགས་འཛིན་པས་བསྐུལ་ངོར་བྲིས་པའོ། སྭ་སྟི་སིདྡྷི། ཕྱོགས་དུས་རྒྱལ་བའི་སྨོན་


TR004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཐུ་སྟོབས་དང་། །འཁོར་འདས་ལམ་གསུམ་དགེ་བའི་འབྲས་གང་གི། །བདེན་མཐུས་སྐྱེ་བ་འདི་དང་སྐྱེ་གཞན་དུ། །རང་བཞིན་དོན་གཉིས་བསྒྲུབ་ལ་བརྩོན་པར་ཤོག །ཕར་ཕྱིན་དྲུག་དང་ཆོས་སྤྱོད་རྣམ་པ་བཅུ། །དགེ་བ་བཅུ་དང་ཐུན་མོངས་དགེ་ཚོགས་དག །རང་དོན་གཅིག་པུའི་བློ་སྤངས་གཞན་གྱི་དོན། །དམིགས་ནས་བརྩོན་པས་ཐར་པ་བསྒྲུབ་པར་ཤོག །གསང་བའི་ཡང་གསང་རྡོ་རྗེ་ཐེག་པའི་ལམ། །དབང་གིས་རྒྱུད་སྨིན་གྲོལ་བྱེད་བསྐྱེད་དང་རྫོགས། །ཉམས་སུ་བླངས་ནས་ཚེ་གཅིག་འོད་ཀྱི་སྐུ། །མངོན་དུ་གྱུར་ནས་གཞན་ཕན་དཔག་ཡས་ཤོག །དུས་གསུམ་རྒྱལ་བའི་མཛད་ཕྲིན་དཔག་མེད་དང་། །རྒྱལ་སྲས་བྱང་སེམས་འགྲོ་ཕན་ནུས་སྟོབས་དང་། །གྲུབ་མཆོག་རྣམས་ཀྱི་ཉམས་རྟོགས་མཐར་ཕྱིན་རྩལ། །ཡོན་ཏན་མ་ལུས་བདག་གིས་དེང་འགྲུབ་ཤོག །ཆོས་དབྱིངས་ནམ་མཁའ་ཇི་སྲིད་གནས་ཞིང་ཀུན། །ཕྲིན་ལས་ནམ་


TR004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་པའི་རྣམ་འཕྲུལ་གྱིས། །རིས་དྲུག་ནམ་མཁའ་མཉམ་པའི་འགྲོ་བ་རྣམས། །སྐྱེ་མེད་ནམ་མཁའ་ལྟ་བུར་གྲོལ་བར་ཤོག །ཅེས་པ་ནི། བླ་མ་བརྩོན་འགྲུས་ལའོ། །རྩ་རྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་རྗེ་ནུས་པའི་རྩལ་ཆེན་རྨད་བྱུང་བས། །ཡིད་ཀྱི་རེ་བ་ཡོངས་སུ་འགྲུབ་པ་དང་། །མཁའ་མཉམ་འགྲོ་བ་འདྲེན་པའི་ནུས་སྟོབས་མཆོག །རྒྱལ་ཀུན་མཛད་ཕྲིན་མཐུ་རྩལ་མཉམ་པར་ཤོག །ཅེས་དགེ་སློང་ལེགས་པ་ལའོ། སྭ་སྟི། ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་དང་། །རྩ་རྒྱུད་བླ་མ་ཡི་དམ་ཆོས་སྲུང་ཚོགས། །ལྷ་དང་དྲང་སྲོང་བདེན་པ་འགྲུབ་ཀུན་གྱིས། །བདག་གིས་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པས། །བྱས་དང་བྱེད་འགྱུར་དགེ་ཚོགས་ཅི་མཆིས་ཀུན། །བླ་མེད་བྱང་ཆུབ་དམ་པ་འགྲུབ་པའི་རྒྱུར། །གེགས་མེད་ཁོ་ནར་མྱུར་དུ་འགྱུར་བར་ཤོག །སྐྱེ་བ་ཀུན་ཏུ་རྒྱལ་བའི་བསྟན་པ་ལ། །ཐོས་


TR004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྒོམ་པ་ཡང་དག་ལྷུར་ལེན་ཅིང་། །ཡིད་བཞིན་རིན་ཆེན་ལྟ་བུའི་དགེ་བའི་བཤེས། །རྙེད་ནས་རྗེས་སུ་འཛིན་པ་ཉིད་གྱུར་ཅིག །ཐོས་ཀྱང་དྲེགས་པས་བཅིངས་བ་མ་ཡིན་ཞིང་། །ཤེས་ཀྱང་རློམ་སེམས་དུག་གིས་མ་སླད་དང་། །བསྒོམས་ཀྱང་ཞན་འཛིན་སྦུན་པས་མ་གཡོགས་པར། །གང་བྱེད་ཆོས་སུ་ཡང་དག་འགྱུར་བར་ཤོག །ཟང་ཟིང་ནོར་དང་འཇིག་རྟེན་ཆོས་བརྒྱད་དང་། །མི་དགེའི་བཤེས་གཉེན་སྡིག་གྲོགས་ལ་སོགས་པ། །ལོག་ལམ་ཕྱོགས་སུ་སྐད་ཅིག་མི་འཇུག་པར། །མ་ནོར་ལམ་བཞུགས་མཐུན་རྐྱེན་ཕུན་ཚོགས་ཤོག །དབེན་པའི་གནས་སུ་བསྒྲུབ་ལ་བརྩོན་བྱས་ཤིང་། །སྣང་བཞི་སྒྲོན་དྲུག་ཉམས་ལེན་མཐར་ཕྱིན་ཏེ། །རང་དོན་མངོན་གྱུར་གཞན་དོན་དཔག་ཡས་གྱིས། །འགྲོ་བའི་རེ་སྐོང་རྒྱལ་པོར་འགྱུར་བར་ཤོག ཁམས་གསུམ་འཁོར་བའི་རྒྱ་མཚོ་མ་སྟོངས་བར། །བདག་ནི་གང་


TR004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་སྤྲུལ་པར་ཡོངས་གྱུར་ནས། །རྒྱལ་ཀུན་ཕྲིན་ལས་ཉིད་དང་མཉམ་པ་ཡི། །བསྟན་དང་འགྲོ་ལ་ཕན་པ་མཆོག་འགྲུབ་ཤོག །སངས་རྒྱས་བསྟན་པ་ཡུན་རིང་གནས་པར་ཤོག །བསྟན་འཛིན་སྐྱེས་བུ་གཞན་དོན་འགྲུབ་པར་ཤོག །འགྲོ་ཀུན་བདེ་ཞིང་ཆོས་ལ་སྤྱོད་པར་ཤོག །སྨོན་ལམ་བཏབ་པ་མཐའ་དག་འགྲུབ་པར་ཤོག །ཅེས་པ་ནི། རྣལ་འབྱོར་པ་ལྷུན་གྲུབ་གདལ་ཁྱབ་ལའོ། །དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ཆུ་གཏེར་ལས། །ངོ་མཚར་རྨད་བྱུང་མཚན་དཔེའི་ནོར་བུ་མཆོག །གདུལ་བྱའི་རེ་སྐོངས་དམ་ཆོས་འདོད་འབྱུང་དབང་། །མཆོག་གི་སྤྲུལ་སྐུ་ཞབས་པད་བརྟན་བཞུགས་གསོལ། །སྙིགས་དུས་གདུལ་བྱའི་དོན་དུ་རིམ་བྱོན་པའི། །སྐྱེས་ཆེན་ནོར་བུའི་འཕྲེང་བ་དཀྲིག་པའི་དབུས། །མཁྱེན་རབ་ཐུགས་རྗེའི་གཟི་མདངས་ཆེར་གསལ་བ། །རྒྱལ་སྲས་མཐུ་བོ་བསྐལ་བརྒྱར་ཞབས་བརྟན་གསོལ། །སྨིན་གྲོལ་གདམས་པའི་ཆུ་གཏེར་


TR004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་ཞིང་། །ཟབ་དགུའི་མན་ངག་རིན་ཆེན་གྱིས་གང་བ། །གདུལ་བྱའི་རེ་བ་སྐོངས་མཁས་ཐུགས་རྗེའི་གཏེར། །ནམ་མཁའ་ཇི་སྲིད་གནས་པར་བརྟན་བཞུགས་གསོལ། །བདག་ཀྱང་སྐྱེ་བ་འདི་ནས་ཚེ་རབས་ཀུན། །ཁྱེད་ཀྱི་ཕྲིན་ལས་བསྒྲུབ་པའི་གྲོགས་ཉིད་དུ། །གྱུར་ཞིང་མཁའ་མཉམ་འགྲོ་བའི་ཚོགས་རྣམས་ཀྱི། །དེད་དཔོན་དམ་པར་གྱུར་ནས་འགྲོ་འདྲེན་ཤོག །ཅེས་པ་འདི་ནི། གྲ་དར་རྒྱས་ཆོས་སྡིངས་ཀྱི་སྤྲུལ་པའི་སྐུ་མཆོག་དམ་པའི་དྲུང་དུ་བརྟན་བཞུགས་སུ་ཕུལ་བའོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བའི་ཐུགས་རྗེ་ཀུན། །གཅིག་ཏུ་བསྡུས་པ་རྡོ་རྗེའི་སློབ་དཔོན་མཆོག །དྲིན་ཅན་བླ་མ་རྒྱལ་བའི་བསྟན་སྲོག་འཛིན། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་བཞུགས་གསོལ། །སྙིགས་དུས་ལོངས་སྤྱོད་སྐྱེ་འགྲོ་འདུལ་དཀའ་བས། །མཆོག་སྤྲུལ་མཚན་དཔེས་བརྒྱན་པའི་སྐུ་ཉིད་ཀྱང་། །མ་དག་སྐྱེ་བས་མཐོང་བའི་སྐལ་མེད་ཕྱིར། །དེ་སླད་གང་འདུལ་དེར་སྟོན་ཁྱེད་བཞུགས་གསོལ། །


TR004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་བླ་མ་རྒྱལ་བའི་དཀྱིལ་འཁོར་ཚོགས། །སྲུངས་མར་བཅས་པའི་བདེན་སྟོབས་ཐུགས་རྗེའི་མཐུས། །རྒྱལ་བའི་རྒྱལ་ཚབས་བསྟན་འཛིན་གྲགས་པའི་ཞབས། །ཆོས་འཁོར་རྒྱུན་མི་ཆད་མཛད་བརྟན་བཞུགས་གསོལ། ཅེས་པ་ནི། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་རིགས་དང་ཆོས་ཀྱི་རིང་ལུགས་དྲི་མ་མེད་པ་འཛིན་པར་མཛད་པ་ལྷོ་བྲག་གནས་གཞི་ཆོས་ཀྱི་རྗེ་ལ་བརྟན་བཞུགས་སུ་འབུལ་བ་འདི་ཉིད། རྗེ་དེ་ཉིད་དང་གདུང་རུས་གཅིག་པ་དགེ་སློང་བསྟན་འཛིན་རྒྱ་མཚོས་བསྐུལ་བ་ལྟར་བཀོད་པའོ། །བདེན་པ་གྲུབ་པའི་རྒྱལ་བ་སྲས་བཅས་ཀུན། །བདག་གིས་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །བདག་ཉིད་སྐྱེ་བ་འདི་ནས་ཚེ་རབས་ཀུན། །དལ་འབྱོར་མཆོག་ཐོབ་ཐེག་ཆེན་བསྟན་དང་མཇལ། །མཚན་ལྡན་བཤེས་གཉེན་དམ་པས་རྗེས་བཟུང་ནས། །སྨིན་གྲོལ་གདམས་པས་རང་རྒྱུད་སྨིན་པར་ཤོག །མི་མཐུན་ཉེར་འཚེ་ཀུན་ཞི་མཐུན་རྐྱེན་ཚངས། །དངོས་གྲུབ་མཆོག་བརྙེས་ཕྲིན་ལས་རྣམ་བཞི་འགྲུབ། །གང་འདུལ་རྣམ་སྤྲུལ་རྒྱ་མཚོ་


TR004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་ནུས་པའི། །ཕྲིན་ལས་རྒྱལ་བ་ཀུན་མཚུངས་འགྲུབ་གྱུར་ཅིག །ཅེས་པ་ནི། དགེ་སློང་ཚེ་དབང་ལའོ། ཨོཾ་སྭ་སྟི་སིདྡྷི། བླ་མེད་སྟོན་པ་དཀོན་མཆོག་རྣམ་གསུམ་དང་། །དཀྱིལ་འཁོར་ཀུན་གཙོ་རྒྱལ་མཆོག་པདྨ་འབྱུང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་རྒྱ་མཚོའི་མཐུས། །བདག་གིས་སྨོན་ལམ་ཅི་བཏབ་འགྲུབ་པར་ཤོག །དེང་ནས་བཟུང་སྟེ་གནས་སྐབས་ཐམས་ཅད་དུ། །བླ་མེད་སྙིང་པོ་བྱང་ཆུབ་བསྒྲུབ་པ་ལ། །མི་མཐུན་འགལ་རྐྱེན་མ་ལུས་ཞི་བ་དང་། །ཆོས་དང་མཐུན་པའི་དཔལ་འབྱོར་འཕེལ་བར་ཤོག །སྐྱེ་བ་ཀུན་ཏུ་ཐེག་ཆེན་དམ་ཆོས་དང་། །རྟག་ཏུ་འབྲལ་མེད་མཚན་ལྡན་བཤེས་གཉེན་གྱིས། །རྗེས་སུ་བཟུང་ནས་ཟབ་ལམ་རྡོ་རྗེའི་ཐེག །ལམ་མཆོག་མངོན་དུ་གྱུར་ནས་མཐར་ཕྱིན་ཤོག །སྣང་ཞིང་སྟོང་ལ་སྟོང་བཞིན་གསལ་བའི་དོན། །ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུར་བཞེངས་ནས། །སྤྲུལ་པ་སྣ་ཚོགས་འཇིག་རྟེན་ཁམས་ཀུན་ཏུ། །གང་འདུལ་


TR004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རླབས་ཆེན་སྤྱོད་པར་ཤོག །སྐྱེ་བ་ཀུན་གྱི་རྣམ་དཀར་དགེ་བའི་ཚོགས། །མཐའ་དག་གཅིག་བསྡུས་འགྲོ་བའི་ཕན་བདེའི་རྒྱུན། །དྲི་མེད་ཉིད་གྱུར་འགྲོ་ཀུན་བྱང་ཆུབ་མཆོག །མྱུར་དུ་ཐོབ་པའི་འདྲེན་མཆོག་ཉིད་གྱུར་ཅིག །སྡུག་བསྔལ་འཁོར་བའི་རྒྱ་མཚོ་མ་སྟོངས་པར། །བདག་གི་རྣམ་འཕྲུལ་དཔག་མེད་མཐུ་ལྡན་གྱིས། །ངོ་མཚར་མཛད་ཕྲིན་རྒྱལ་ཀུན་གཅིག་བསྡུས་པའི། །མཐུ་སྟོབས་ནུས་ལྡན་འཁོར་བ་དོང་སྤྲུག་ཤོག །ཅེས་པ་ནི། བསམ་གཏན་གླིང་ནས་རིག་པ་འཛིན་པ་པདྨའི་མཚན་ཅན་གྱིས་བསྐུལ་ངོར་བཀོད་པའོ། ཁམས་གསུམ་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྐུ། །མཁྱེན་བརྩེའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྗེ། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་གྱུར་ཅིག །སྣ་ཚོགས་ཆོས་སྒོ་བརྒྱ་ཕྲག་གིས་ཕྱུག་ཅིང་། །ཐེག་དགུའི་ཁང་བཟང་ཟབ་གནད་བཀོད་པའི་


TR004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ། །ངོ་མཚར་དབང་བསྒྱུར་རྒྱལ་བའི་ཕྲིན་ལས་པ། །ཆོས་ཀྱི་རྒྱལ་ཁྱོད་ཞབས་པད་རྟན་གྱུར་ཅིག །འཇིག་རྟེན་ལས་འདས་གསུམ་བརྩེའི་པད་ཚལ་དུ། །སྨིན་དབང་གྲོལ་ཁྲིད་རིན་ཆེན་དོ་ཤལ་ཅན། །དད་ལྡན་ཡིད་འཕྲོག་མཚན་དཔེའི་དཔལ་འབར་བའི། །འཆི་མེད་དབང་པོ་ཞབས་པད་བརྟན་གྱུར་ཅིག ཁམས་གསུམ་སེམས་ཅན་དུག་ལྔའི་གཅོང་ནད་ཀྱིས། །རྟག་པར་གདུང་བའི་ཉོན་མོངས་ཟུག་རྔུ་ཅན། །ཀུན་ལ་ཐེག་པའི་བྱེ་བྲག་སྨན་ཚོགས་ཀྱིས། །ཕན་མཛད་སྨན་རྒྱལ་ཁྱེད་ཞབས་བརྟན་གྱུར་ཅིག །འཁོར་བའི་སྡུག་བསྔལ་ཉམས་ཐག་རྦ་ཀློང་ཆེས། །རབ་བསྐྱོད་ངན་སོང་སྲིན་མོའི་གླིང་འཁྱམས་པའི། །འགྲོ་རྣམས་བདེ་བའི་སྐམ་སར་སྒྲོལ་མཁས་པ། །ཐར་པའི་དེད་དཔོན་ཞབས་པད་བརྟན་གྱུར་ཅིག །ད་དུས་རྩོད་ལྡན་སྙིགས་མའི་ཐ་མ་འདིར། །མགོན་པོ་ཁྱེད་ལས་རེ་


TR004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞན་མེད་ན། །བདག་སོགས་གདུལ་བྱའི་མགོན་སྐྱབས་དཔུང་གཉེན་དུ། །མི་འགྱུར་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །དུས་འདི་ནས་བཟུང་ཕྱི་མའི་མཐར་ཐུག་བར། །གུས་པས་ཕྱག་འཚལ་ལུས་སྲོག་མཆོད་པར་འབུལ། །སྡིག་ཀུན་མཐོལ་བཤགས་དགེ་ཚོགས་རྗེས་ཡི་རངས། །མཛད་བཟང་ཕྲིན་ལས་ནམ་མཁའ་མཉམ་པ་རུ། །བསྐལ་བརྒྱར་ཞབས་པད་བརྟན་པར་བཞུགས་ནས་ཀྱང་། །ཚད་མེད་བྱམས་ཆེན་ཐུགས་རྗེའི་འོད་ཟེར་གྱིས། །བསྟན་པའི་མི་མཐུན་ཕྱོགས་མུན་རབ་གསལ་ཞིང་། །ཆོས་ཀྱི་སྣང་བ་རྒྱ་ཆེན་ཁྱབ་མཛད་གསོལ། །རྒྱལ་བའི་སྤྱི་གཟུགས་དཔལ་ལྡན་བླ་མ་ལ། །ཞབས་པད་བསྟན་པར་གསོལ་བ་བཏབས་པའི་དགེས། །ཕྱོགས་བཅུའི་ཞིང་གི་བདེ་གཤེགས་རྒྱ་མཚོ་ལ། །ཆོས་འཁོར་བསྐོར་བའི་ནུས་ལྡན་བདག་གྱུར་ཅིག སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་ལ། །མཉེས་པ་གསུམ་གྱིས་ཞབས་


TR004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་བསྒྲུབ་བྱེད་ཅིང་། །ཁྱེད་ཀྱི་ཕྲིན་ལས་ནུས་སྟོབས་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྲུབ་པར་ཤོག །ཅེས་པ་འདི་ནི། དགེ་སློང་ཆོས་བསྟན་འཛིན་གྱིས་བསྐུལ་ངོར་བཀོད་པའོ། །བཀའ་རྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་རིག་འཛིན་ཆོས་སྐྱོང་དང་། །དམ་ཅན་རྒྱ་མཚོ་བསྲུང་མའི་ཚོགས་རྣམས་ཀྱིས། །རྣམ་དག་སྨོན་ལམ་འགྲུབ་པའི་དཔང་མཛོད་ཅིག །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཆོས་མིན་བསམ་པ་རྒྱུད་ལ་མི་སྐྱེ་ཞིང་། །ཉོན་མོངས་ངན་བློའི་རྗེས་སུ་མི་འབྲེང་བར། །ཡང་དག་སྙིང་པོའི་དོན་མཆོག་སྤྱོད་པར་ཤོག །རྗེ་བཙུན་བླ་མ་དམ་པ་ཉིད་དང་ནི། །སྐྱེ་དང་ཚེ་རབས་ཀུན་ཏུ་མི་འབྲལ་ཞིང་། །རྣམ་པར་དཔག་པར་དཀའ་བའི་མཛད་སྤྱོད་ལ། །མ་དད་ལོག་པར་རྟོག་པ་ཀུན་བྲལ་ཤོག །འཁོར་བའི་བྱ་བཞག་ཆུ་བོའི་རྦ་རླབས་ལྟར། །ཟིན་མེད་ལས་འདི་རིང་དུ་སྤངས་བྱས་


TR004_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྣང་བཞིན་སྟོང་ལ་སྟོང་ཞིང་གསལ་བ་ཉིད། །བྱར་མེད་ལྷུག་པའི་དོན་ལ་གནས་པར་ཤོག །དམ་པའི་དོན་དེ་ལེགས་པར་མངོན་གྱུར་ནས། །སྐྱེ་འགག་གཉིས་མེད་ངང་ལ་གནས་བྱས་ཤིང་། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །ཆོས་ཉིད་འཕོ་འགྱུར་མེད་པའི་དོན་རྟོགས་ཤོག །ཅེས་པ་ནི། སྙིང་པོའི་དོན་ལ་རྩེ་གཅིག་ཏུ་མོས་པ་དད་ལྡན་ཨོ་རྒྱན་མིང་ཅན་ལའོ། །ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཀུན་གྱིས། །བླ་མ་སངས་རྒྱས་ཡི་དམ་དཀྱིལ་འཁོར་ལ། །ཆོས་སྲུང་དམ་ཅན་དཀར་ཕྱོགས་སྐྱོངས་རྣམས་ཀྱིས། །དབང་བསྐུར་བྱིན་རློབས་སྨོན་ལམ་འགྲུབ་པར་མཛོད། །སྐྱེ་བར་ལྷ་དང་བླ་མས་རྗེས་བཟུང་ཞིང་། །ཐོས་བསམ་མཐར་ཕྱིན་བསྒྲུབ་ལ་བརྩོན་བྱས་ཏེ། །རང་དོན་ཆོས་སྐུ་མངོན་གྱུར་གཞན་དོན་དུ། །རྣམ་འཕྲུལ་དུ་མས་འགྲོ་བ་འདྲེན་པར་ཤོག །ཅེས་པ་འདི་ཀརྨ་བཟང་ལྡན་ལའོ། །བླ་མེད་འདྲེན་པ་རྒྱལ་བ་དཀོན་མཆོག་ཚོགས། །སྐྱབས་གནས་འཕགས་ཚོགས་བདེན་པའི་


TR004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཀྱིས། །བདག་གི་ལྷག་བསམ་དགེ་བའི་སྨོན་ལམ་ཀུན། །གེགས་མེད་ཁོ་ན་ཉིད་དུ་འགྲུབ་གྱུར་རིག །སྐྱེ་བ་དལ་འབྱོར་ཆོས་ལྡན་ལེགས་ཐོབ་ཅིང་། །དྲི་མེད་རྒྱལ་བསྟན་མཆོག་ལ་རབ་ཞུགས་ནས། །གཏན་འདུན་བྱང་ཆུབ་བསྒྲུབ་ལ་འགལ་རྐྱེན་བྲལ། །རྫོགས་པའི་སངས་རྒྱས་བདེ་བླག་ཐོབ་པར་ཤོག ལྷག་བསམ་དག་པས་གཞན་དོན་མཐར་ཕྱིན་ཅིང་། །སྐུ་གཉིས་མངོན་གྱུར་རང་དོན་གདེངས་ཐོབ་པས། །སྲིད་ཞིར་མི་གནས་ཐམས་ཅད་མཁྱེན་པའི་སར། །ཚེ་གཅིག་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །ཅེས་པ་ནི་ཀརྨ་བསྟན་བསྲུང་ལའོ། །ཕྱོགས་དུས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི། །གཙོ་མཆོག་དཔལ་ལྡན་བླ་མ་ལྷག་པའི་ལྷ། །མ་ལུས་བརྩེ་བའི་དགོངས་པས་ཉེར་གཟུང་སྟེ། །བདག་གིས་སྨོན་ལམ་གང་བཏབ་འགྲུབ་པར་མཛོད། །ཁམས་གསུམ་འགྲོ་བ་རྒྱ་ཆེན་དོན་སླད་དུ། །སྣ་ཚོགས་ཐབས་


TR004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དཔག་མེད་བསམ་ཡས་ཀྱིས། །ཕན་བདེའི་སྤྲིན་ཆེན་ཐུགས་རྗེའི་ཆར་འབེབས་པའི། །ཕྲིན་ལས་ནམ་མཁའ་མཉམ་པ་བདག་འགྲུབ་ཤོག །སངས་རྒྱས་བྱང་སེམས་བདེན་པའི་ཐུགས་རྗེ་དང་། །དྲང་སྲོང་རིག་འཛིན་རྣམས་ཀྱི་མཐུ་ནུས་སོགས། །མཐའ་དག་འགྲོ་ཕན་སླད་དུ་བདག་སྨོན་པ། །ཡོངས་འགྲུབ་གེགས་མེད་ཁོ་ནར་འབྱུང་གྱུར་རིག །ཅེས་པ་ནི་ཀརྨ་རིགས་ལྡན་ལའོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རབ་འབྱམས་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས། །སྐྱབས་གནས་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །སྨོན་ལམ་ཅི་བཏབ་གེགས་མེད་འགྲུབ་པར་ཤོག །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་མཆོག་ཐོབ་ཐེག་ཆེན་བསྟན་དང་མཇལ། །ཐོས་བསམ་མཐར་ཕྱིན་བསྒྲུབ་འབྲས་གདེང་ཐོབ་ཅིང་། །རང་གཞན་དོན་གཉིས་འབད་མེད་འགྲུབ་པར་ཤོག །འཁོར་བའི་རྒྱ་མཚོ་མ་སྟོངས་དེ་སྲིད་དུ། །བདག་གི་ལྷག་བསམ་


TR004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དགེའི་སྨོན་ལམ་མཐུ། །འདིས་མཚོན་ཕྱོགས་དུས་རྒྱལ་བའི་ཕྲིན་ལས་རྣམས། །མྱུར་དུ་འགྲུབ་པའི་སྨོན་ལམ་རྟག་གྲུབ་ཤོག །ཅེས་ཚེ་རིང་བསམ་གྲུབ་ལའོ། །དཔལ་ལྡན་བླ་མ་ཕྱོགས་བཅུའི་སངས་རྒྱས་རྣམས། །གཅིག་བསྡུས་ཡི་དམ་དཔལ་ཆེན་རྟ་མགྲིན་རྒྱལ། བསྙེན་ཅིང་བསྒྲུབས་པའི་བྱིན་རླབས་རྨད་པོ་ཆེ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །སྐྱེ་བ་འདི་དང་སྐྱེ་གཞན་ཐམས་ཅད་ཀྱིས། །ཐོས་བསམ་སྒོམ་དང་ཆོས་སྤྱོད་བཅུ་ལ་སོགས། །དགེ་ཀུན་ཕ་མ་མཁའ་མཉམ་སེམས་ཅན་རྣམས། །ཐར་ལམ་སྒྲོད་པ་ཁོ་ནའི་དོན་ཕྱིར་བསྔོ། །ནམ་མཁའ་ཇི་སྲིད་གནས་པར་དེ་སྲིད་དུ། །བདག་གིས་རྣམ་སྤྲུལ་གང་འདུལ་འགྱེད་ནུས་ཤིང་། །འགྲོ་ལ་ཕན་བདེ་རྒྱ་ཆེན་སྩོལ་བ་ཡི། །ཕྲིན་ལས་སངས་རྒྱས་ཀུན་དང་མཉམ་པར་ཤོག །ཅེས་ཀརྨ་བརྒྱ་བྱིན་ལའོ། །དེ་ལྟར་འདི་དག་རྣམ་ནི་དཔལ་རྣམ་ཐོས་ཀྱི་རི་བོའི་ཕོ་བྲང་དུ་བཀོད་པའོ། །མཐའ་ཡས་ཞིང་ཁམས་


TR004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོར་རབ་བཞུགས་པའི། །བླ་མ་རྒྱལ་བ་སྲས་བཅས་འཕགས་པའི་ཚོགས། །སྨོན་ལམ་ཐུགས་རྗེའི་སྤྲིན་ལས་ལེགས་འོངས་པའི། །བདེ་ལེགས་བཀྲ་ཤིས་ཆར་ཆེན་དབབ་ཏུ་གསོལ། །ཕྱོགས་བཅུ་རབ་འབྱམས་སྣ་ཚོགས་གདུལ་བྱའི་ཁམས། །བགྲང་ཡས་དེ་སྙེད་ཟབ་རྒྱས་ཆོས་ཀྱི་སྒོ། །ཀུན་གྱི་ཡང་སྙིང་རྨད་བྱུང་རྡོ་རྗེའི་ཐེག །དྲི་མེད་བསྟན་པ་ཡང་དག་རྒྱས་པར་ཤོག །བསྟན་རྩ་སྡེ་སྣོད་གསུམ་གྱི་གསེར་གཞི་བརྟན། །ཐེག་བརྒྱད་བང་རིམ་མངོན་མཐོའི་ལྷུན་པོ་བརྗིད། །རིམ་གཉིས་འོད་གསལ་སྙིང་པོ་ཉི་ཟླ་གསལ། །ཡང་བཅུ་རྫོགས་ཆེན་ཁང་བཟང་དབང་བསྒྱུར་ཤོག །མཐའ་དད་མོས་ཁམས་དང་མཐུན་གྲུབ་པའི་མཐའ། །སྣ་ཚོགས་འགྲོ་བའི་དཔལ་དུ་རབ་འབར་བའི། །གྲངས་མེད་ཆོས་སྒོའི་སྐར་ཚོགས་རྣམ་བཀྲ་བ། །མ་ལུས་ནུབ་མེད་རྟག་པར་གསལ་གྱུར་ཅིག །ལྷར་བཅས་མཆོད་ཡུལ་དཀོན་མཆོག་འདུས་པའི་སྡེ། །རབ་འཕེལ་མི་ཕྱེད་མཐུན་


TR004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཆོས་སྤྱོད་བཅུ། །རིམ་གཉིས་ཐོས་བསམ་བསྒོམ་པས་དུས་འདའ་ཞིང་། །བཞེད་དོན་མ་ལུས་གེགས་མེད་མྱུར་འགྲུབ་ཤོག །མཐུ་ལྡན་དཀར་པའི་ལྷ་རྣམས་ཀྱིས་མཆོད་ཅིང་། །ལོག་ལྟའི་སྡེ་ཚོགས་ཡང་དག་བསྟན་ལ་དད། །འགྲོ་ཀུན་མཆོད་འོས་བསྟེན་པའི་མཐུ་འབྲས་ཀྱིས། །འཇིག་རྟེན་བདེ་བའི་དཔལ་ལ་ཉེར་སྤྱོད་ཤོག །སྲིད་པ་ཇི་སྲིད་གནས་པར་རྒྱལ་བའི་བསྟན། །འགྲིབ་བྲལ་ཡང་དག་གསལ་བས་འགྲོ་བ་ཀུན། །བྱང་ཆེན་བླ་མེད་མ་འཁོད་དེ་སྲིད་དུ། །མི་འཇིགས་ཆོས་ཀྱི་ཆབ་སྲིད་བརྟན་གྱུར་རིག །ཅེས་པ། བསྟན་པ་རྒྱས་བྱེད་ཀྱི་སྨོན་ལམ་འདི། །དབོན་པོ་ཀརྨ་ཀུན་ཁྱབ་ཀྱི་བསྐུལ་ངོར་སྨན་མོ་དགོན་གྱི་ཡང་དབེན་དུ་བཀོད་པའོ། ཨོཾ་མངྒ་ལཾ་སརྦ་སིདྡྷི་ཧཱུྃ། བླ་མ་དཀོན་མཆོག་ཡི་དམ་དཀྱིལ་འཁོར་ལྷ། །མཐུ་སྟོབས་གཏེར་མཛོད་ཆོས་སྲུང་རྒྱ་མཚོའི་ཚོགས། །དཀར་ཕྱོགས་སྐྱོང་བ་ཀུན་གྱིས་བདེ་ལེགས་དཔལ། །གནས་


TR004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཉིས་མངོན་མཐོའི་མཐུ་ལས་ལེགས་གྲུབ་ཅིང་། འདོད་དགུའི་དགེ་འབྲས་དུ་མས་ཡོང་གཏམས་པའི། །དགེ་ལེགས་ཡོངས་འདུའི་དཔལ་འབྱོར་ཇི་སྙེད་པ། གནས་འདིར་ཡང་འབྱུང་བའི༴ །དུག་གསུམ་རྒྱུ་འབྲས་ནད་ཀྱི་ཟུག་རྔུ་དང་། འཁྲུལ་རྟོག་བདེན་ཞེན་འཐས་པའི་གདོན་བགེགས་སོགས། བརྟན་གཡོའི་མི་མཐུན་རྐྱེན་རིགས་སྣ་ཚོགས་ཀུན། །ཡོངས་སུ་ཞི་བ་ཆེན་པོའི་བཀྲ་ཤིས་སྩོལ། འདིར་ཡོངས་སུ་གྲུབ་པའི་བཀྲ་ཤིས་སྩོལ། །དུས་གསུམ་བདེ་དགེ་འབྱུང་བའི་ལོངས་སྤྱོད་ཆར། །གཏན་འདུན་བྱང་ཆུབ་བསྒྲུབས་པའི་མཐུན་ཕྱོགས་རྐྱེན། །སྲིད་དང་སྲིད་མིན་ཡོངས་ཀྱི་བསོད་ནམས་གཏེར། །མ་ལུས་གོང་འཕེལ་མཆོག་གི་བཀྲ་ཤིས་སྩོལ། །གྲུབ་པ་མཆོག་བརྙེས་རིག་འཛིན་མཚར་དངར་བས། །མཆོག་གསང་ངེས་པ་རྙེས་པའི་གནས་མཆོག་འདིར། །ཉེ་བར་བརྟེན་རྣམས་འགལ་རྐྱེན་ལས་གྲོལ་ཞིང་། །ཆོས་དང་བཀྲ་ཤིས་བདེ་ལེགས་འཕེལ་བར་ཤོག །ཅེས་པ་འདི་ཡང་བཀྲ་ཤིས་སྨན་མོའི་ཡང་དབེན་དུའོ། །ཤེས་བྱ་ཀུན་མཁྱེན་ཡེ་ཤེས་མཆོག་མངའ་བའི། །བཅོམ་ལྡན་ལྷ་ཡི་ལྷ་དང་དེ་སྲས་ཚོགས། །བླ་མ་དཀྱིལ་འཁོར་ལྷ་དང་ཆོས་སྲུངས་བཅས། །བྱིན་རླབས་ཐུགས་རྗེའི་ཆར་གྱིས་དགེ་ལེགས་སྩོལ། །འགྲོ་ཁམས་མོས་པ་རྒྱ་མཚོའི་ཞིང་ས་རུ། །ཐེག་དགུ་བརྒྱད་ཁྲི་བཞི་སྟོང་དམ་ཆོས་ཆར། །རྟག་པར་རྩོལ་མཛད་ཕན་བདེའི་


TR004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

། འབྱུང་གནས་མཆོག །བསྟན་པ་རྒྱ་ཆེར་འཕེལ་བའི་བཀྲ་ཤིས་སྩོལ། །ཡིད་བཞིན་འདོད་འབྱུང་གྲུབ་མཐའ་རྒྱ་མཚོའི་དབུས། །ཐེག་བརྒྱད་ཁྲི་འཕངས་མངོན་མཐོའི་ལྷུན་པོ་བརྗིད། །ཡང་ཟབ་སྙིང་པོའི་རྣམ་རྒྱལ་ཁང་བཟང་དཔལ། །རབ་འབར་མི་འགྱུར་བརྟན་པའི་དཔལ་འབྱོར་སྩོལ། །གྲངས་མེད་ཤེས་བྱའི་རྒྱུ་སྐར་རྣམ་བཀྲ་ཞིང་། །མདོ་སྔགས་ཉི་ཟླ་ཟུང་གི་སྣང་བྱེད་ཀྱིས། །གདུལ་བྱའི་མཁའ་ལ་རིམ་གཉིས་འོད་འབར་བ། །འགྲིབ་མེད་རྟག་པར་གསལ་བའི་ངོ་མཚར་སྩོལ། །རྣམ་འདྲེན་དགེ་ལེགས་འབྱུང་གནས་དཔག་བསམ་ཤིང་། །བསྐལ་བརྒྱར་མྱ་ངན་བྲལ་ཀྱང་མྱ་ངན་ལས། །འདའ་ཚུལ་སྟོན་སྤངས་སྲིད་ཞིའི་གདུང་སེལ་དང་། །གདུལ་བྱའི་བྱ་ཚོགས་སྐྱོང་བའི་བཀའ་དྲིན་སྩོལ། །འཁོར་བའི་ཆུ་གཏེར་ཆེ་ལས་རབ་བརྒལ་ནས། །


TR004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་དམ་པའི་གླིང་དུ་བགྲོད་བཞེད་པས། །བསྟན་པའི་གྲུར་ཞུགས་འཕགས་མཆོག་འདུས་པའི་སྡེ། །མི་ཕྱེད་ཀུན་དུ་མཐུན་པའི་རྟེན་འབྲེལ་སྩོལ། །འགྲོ་བའི་མཆོད་སྡོང་བསྟན་མཆོག་རིན་པོ་ཆེ། །གུས་ལྡན་ལྷ་བཅས་སྐྱེ་དགུས་རྟག་བརྟེན་ཞིང་། །སྲིད་པ་ཇི་སྲིད་གནས་པར་སྐྱེ་འཕྲོ་ཡིས། །གཙུག་རྒྱན་འགྲན་ཟླ་བྲལ་བའི་ལེགས་ཚོགས་སྩོལ། །ལྷག་བསམ་དགེ་བའི་བདེན་པའི་མཐུས། །རྒྱལ་བསྟན་ཕྱོགས་བཅུར་དར་ཞིང་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུས་ས་ཆེན་ཡོངས་ཁྱབ་ཅིང་། །ཆོས་དང་དཔལ་འབྱོར་གོང་འཕེལ་བཀྲ་ཤིས་ཤོག །ཅེས་པ་འདི་ནི། ཕྲིན་ལས་དོན་གྲུབ་ཀྱིས་བསྐུལ་བ་ལྟར། སྨིན་གྲོལ་སྐྱེད་རྫོགས་གླིང་གི་འདུས་པ་རྣམས་ཀྱིས་ཞལ་འདོན་དུ་མཛད་ཕྱིར་བཀོད་པའོ། ན་མོ་གུ་རུ་བུདྡྷ་སརྦ་མངྒ་ལཾ་སིདྡྷི་ཕ་ལ་ཧཱུྃ། རིན་ཆེན་གསེར་གྱི་ལྷུན་པོ་ཇི་བཞིན་བསོད་ནམས་དཔལ་གྱི་སྐུ་མཆོག་ནི། །ལྷ་དང་མི་དང་ལྷ་མ་ཡིན་སོགས་སྲིད་གསུམ་འགྲོ་


TR004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཙུག་རྒྱན་དུ། མཚན་དཔེའི་མེ་ཏོག་ཐུགས་རྗེའི་གཟི་འབར་སྟོན་པ་མཉམ་མེད་ཤཱཀྱའི་དབང་། །ཆོས་དང་དགེ་འདུན་སྤྲུལ་པར་བཅས་པའི་ཞབས་པད་སྤྱི་བོས་རྟག་ཏུ་མཆོད། །འཇིག་རྟེན་དགེ་བར་སྐྱོང་བའི་མཐུ་ལྡན་ཚངས་པ་དང་། །བརྒྱ་བྱིན་ལ་སོགས་རྒྱལ་བའི་བཀའ་སྡོད་དཀར་ཕྱོགས་ཀྱི། །མཐུ་དཔུང་ལྡན་པའི་ལྷ་དང་དྲང་སྲོང་སྲུང་མའི་ཚོགས། །མ་ལུས་དེང་འདིར་བདེན་པ་གྲུབ་པའི་དཔང་མཛོད་ཅིག །དུས་གསུམ་གཤེགས་པའི་རྒྱལ་དང་རྒྱལ་བའི་སྲས། །འཕགས་པ་བྱང་སེམས་ཉན་ཐོས་རང་རྒྱལ་དང་། སོ་སྐྱེ་ལྷག་བསམ་ནོར་ལྡན་མཐའ་དག་གི། །དགེ་ཀུན་རྣམ་མཁྱེན་བསྔོ་རྒྱུར་ལྷུན་གྱི་གྲུབ། །དེ་བཞིན་བདག་དང་མཁའ་མཉམ་འགྲོ་རྣམས་ཀྱིས། །བྱས་དང་བྱེད་གྱུར་ཡི་རང་ལ་སོགས་པའི། །རྣམ་དཀར་དགེ་བའི་ས་བོན་ཇི་སྙེད་ཀུན། །ཡོངས་བཟླུམས་རྫོགས་པའི་བྱང་ཆུབ་ཉིད་དུ་བསྔོ། །ཐོག་མེད་དུས་ནས་ད་ལྟའི་བར་དག་ཏུ། །དཔག་མེད་


TR004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ལྡན་རིས་དྲུག་ཕ་མའི་ཚོགས། །མཐའ་དག་སྡུག་བསྔལ་རྒྱུ་འབྲས་ཀྱིས་གཟིར་བ། །འདི་ལས་མྱུར་ཐར་གཏན་བདེ་ཐོབ་པར་ཤོག །བདག་སོགས་སྐྱེ་བ་འདི་ནས་ཚེ་རབས་ཀུན། །མི་ཁོམ་བརྒྱད་པོ་དག་ཏུ་མ་གྱུར་པའི། །དལ་འབྱོར་རིན་ཆེན་གྲུ་བོ་ལ་བརྟེན་ནས། །དམ་ཆོས་ཡིད་བཞིན་མཆོག་ལ་སྤྱོད་པར་ཤོག །གང་དུ་སྐྱེས་ཀྱང་ཐེག་ཆེན་ཆོས་དང་འཕྲད། །སངས་རྒྱས་དངོས་མཚུངས་དགེ་བའི་བཤེས་དང་མཇལ། །ཐོས་བསམ་བསྒོམ་པ་མཐར་ཕྱིན་གྲུབ་མཆོག་བརྙེད། །བླ་ན་མེད་པའི་གོ་འཕངས་མངོན་གྱུར་ཤོག །ཡིད་ལ་བསམ་པའི་དོན་ཀུན་ཐོག་མེད་འགྲུབ། །ལྷ་དང་བླ་མ་མཁའ་འགྲོས་རྗེས་སུ་བཟུང་། །དམ་ཚིག་སྡོམ་ལ་ཉེས་ལྟུང་དྲི་མ་མེད། །རིམ་གཉིས་རྣལ་འབྱོར་བསྟན་པ་ཐོབ་པར་ཤོག །རྒྱ་ཆེན་ཆོས་ལ་རྨོངས་པ་མེད་པ་ཡིས། །འགྲོ་ལ་དགེ་ལེགས་ཆོས་ཆར་འབེབས་པ་དང་། །རང་དོན་ཡིད་བྱེད་དྲི་མས་མ་གོས་པར།


TR004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

།གཞན་ཕན་ནམ་མཁའ་མཉམ་པ་འགྲུབ་པར་ཤོག །གདུལ་བྱའི་མོས་ཁམས་བསམ་ཡས་ཇི་སྙེད་ལ། །གང་འདུལ་སྤྲུལ་པ་རྒྱ་མཚོ་འགྱེད་ནུས་ཤིང་། །ཕན་བདེའི་ཆར་གྱིས་འགྲོ་བའི་ཞིང་ས་རུ། །བྱང་ཆུབ་དགེ་ལེགས་མྱུ་གུ་བསྐྱེད་པར་ཤོག །དག་སྣང་མོས་གུས་ཕྱོགས་མེད་འབྱོངས་པ་ཡིས། །རིས་མེད་བརྟན་ལ་བྱ་བ་བྱེད་པ་དང་། །རྣམ་མང་སྐྱེ་དགུའི་མོས་སྐལ་དང་མཚུངས་པའི། །དམ་ཆོས་ཟབ་མོའི་དགའ་སྟོན་འགྱེད་པར་ཤོག །བགྲང་པས་འཇིག་རྟེན་ཕྱོགས་བཅུ་མ་ལུས་པར། །རྒྱལ་སྲས་དེ་སྲས་སྤྲུལ་པས་ཡོངས་ཁྱབ་ཅིང་། །ཆོས་བསྟན་མུན་སེལ་ཡེ་ཤེས་སྒྲོན་མེ་གསལ། །འགྲོ་བའི་མ་རིག་མུན་པ་རབ་བསེལ་ཤོག །འབྱུང་པོ་ཤ་ཟ་མི་མ་ཡིན་ལ་སོགས། །གཞན་ལ་འཚེ་བའི་སེམས་ལྡན་ཐམས་ཅད་ཀྱང་། །ཞི་ཞིང་བྱམས་དང་དགེ་བའི་བསམ་པ་ཡིས། །རང་གཞན་དགེ་ལེགས་ལམ་ལ་


TR004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་ཤོག །ནད་དང་རིམས་དང་རྩྭ་སད་སེར་བ་དང་། །ཕྱུགས་ཀྱི་ནད་དང་འཐབ་འཁྲུག་རྩོད་པའི་རིགས། །ཕ་རོལ་མཐའ་ཡི་དམག་དཔུང་ལ་སོགས་པ། །ཉེ་བར་འཚེ་ཀུན་གཏན་དུ་མི་འབྱུང་ཤོག །ལོ་ཟླ་ཞག་དུས་གཟའ་ཚེས་སྐར་མ་དང་། །འབྱུང་བའི་འཕྲོད་སྦྱོར་ས་བདག་ལྡན་འབྲས་ངན། །རྨི་ལམ་མཚན་ལྟས་ངན་པ་ལ་སོགས་པ། །བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་ཤོག །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །ཚེ་རིང་འབྱོར་པ་འཕེལ་དང་མི་ནོར་རྒྱས། །འཇིག་རྟེན་ཡིད་ལ་སྨོན་དགུ་ཇི་སྙེད་དང་། །བསྟན་དང་དམ་ཆོས་དར་ཞིང་རྒྱས་པར་ཤོག །བསྟན་འཛིན་སྐྱེས་བུ་སྐུ་ཚེ་ཕྲིན་ལས་འཕེལ། །དགེ་འདུན་སྡེ་དར་མི་ཕྱེད་མཐུན་པ་དང་། །ཐོས་བསམ་བསྒོམ་བསྒྲུབ་ཆོས་སྤྱོད་མངའ་ཐང་རྒྱས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་གསལ་བར་ཤོག །སྐྱེ་འགྲོ་མ་ལུས་ཕན་ཚུན་རྟག་ཏུ་མཐུན། །


TR004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་འདོད་དགུ་འགྲུབ་ཅིང་བསྟན་ལ་དད། །དམ་ཆོས་དགེ་བ་བསྒྲུབ་བརྩོན་བར་ཆད་མེད། །བྱང་ཆུབ་ལམ་ལ་ཀུན་ཀྱང་ཞུགས་པར་ཤོག །བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །དཀར་ཕྱོགས་ཆོས་སྲུངས་རྒྱ་མཚོའི་མཐུ་རྩལ་དང་། །བདག་གི་ལྷག་བསམ་རྣམ་དག་བདེན་སྟོབས་ཀྱིས། །སྨོན་ལམ་གང་བཏབ་ཐོགས་མེད་འགྲུབ་པར་ཤོག །ཚེ་འདིར་ཡིད་ལ་ཅི་བསམ་འགྲུབ་པར་ཤོག །འཆི་ཁར་གནད་བཅོད་སྡུག་བསྔལ་མེད་པར་ཤོག །བར་དོ་འཁྲུལ་སྣང་འཇིགས་སྐྲག་བྲལ་བར་ཤོག །རང་རིག་འོད་གསལ་རང་ངོ་ཤེས་པར་ཤོག །སྐྱེ་མེད་ཆོས་སྐུ་མངོན་དུ་འགྱུར་བར་ཤོག །འགགས་མེད་གཟུགས་སྐུས་འགྲོ་བ་འདུལ་བར་ཤོག །ཐོགས་མེད་སྤྲུལ་སྐུས་གདུལ་བྱ་འདྲེན་པར་ཤོག །སྐུ་གསུམ་དབྱེར་མེད་འགྲོ་དོན་བྱེད་པར་ཤོག །བྱིན་རླབས་ཆར་འབེབས་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་ཀུན་སྩོལ་ཡི་དམ་བཀྲ་ཤིས་ཤོག །བར་ཆད་


TR004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་མཛད་མཁའ་འགྲོའི་བཀྲ་ཤིས་ཤོག །བསྟན་སྲུང་ཆོས་སྐྱོངས་སྲུང་མའི་བཀྲ་ཤིས་ཤོག །ཕྱོགས་དུས་ཀུན་དུ་བཀྲ་ཤིས་བདེ་ལེགས་ཤོག །ཅེས་པ་འདི་ནོར་འཛིན་དབང་པོ་ས་བདག་གིས་བསྐུལ་ངོར་བཀོད་པའོ། །དཀོན་མཆོག་གསུམ་དང་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་བྱིན་རླབས་བདེན་མཐུ་ཡིས། །བཀའ་འགྱུར་རིན་པོ་ཆེ་བཞེངས་པའི་སྐབས་ཀྱི་མཇུག་རྒྱན་དགོས་ཅེས། བདག་གི་བསམ་པ་ཆོས་མཐུན་འགྲུབ་པ་དང་། །འགལ་རྐྱེན་བར་ཆད་ཞི་བར་མཛད་དུ་གསོལ། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །ཆོས་མིན་བསམ་པ་རྒྱུད་ལ་མི་སྐྱེ་ཞིང་། །ལྷན་སྐྱེས་མ་རིག་མུན་པས་མི་སྒྲིབ་པར། །རང་རིག་གདོད་མའི་གནས་ལུགས་མངོན་གྱུར་ཤོག །ཕྱི་རོལ་བཟུང་བའི་ཡུལ་ཕྱིར་མི་འབྲེང་ཞིང་། །ནང་གི་འཛིན་པའི་སེམས་ཀྱིས་འཆིང་བྲལ་བས། །ཅིར་སྣང་ཁྱབ་གདལ་ཡེ་ཤེས་དཀྱིལ་འཁོར་ཆེར། །རང་གྲོལ་ལྷན་སྐྱེས་ཡེ་ཤེས་རྟོགས་པར་ཤོག །བསྒོམ་དུ་མེད་པའི་རང་


TR004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་རིག་པའི་དོན། །ཡེངས་སུ་མེད་པའི་དྲན་པ་བཅོས་མིན་ཉིད། །ལྷུན་གྲུབ་རང་གསལ་དོན་གྱི་འོད་སྐུ་དང་། །དབྱེར་མེད་གདོད་མའི་མགོན་པོ་མཆོག་འགྲུབ་ཤོག །ཅེས་རྫོགས་ཆེན་ཡང་ཏི་ནག་པོ་དང་མཐུན་པའི་སྨོན་ལམ་ཞིག་དགོས་ཞེས། ཤཱཀྱ་དཔལ་འབྱོར་གྱིས་བསྐུལ་ངོར་བཀོད་པའོ། །སྲིད་གསུམ་ལྷ་མིའི་མཆོད་པའི་གནས་གཅིག་པུ། །སྟོན་པ་དམ་པའི་ཆོས་དང་འཕགས་པའི་ཚོགས། །མ་ལུས་འགྲོ་བའི་བླ་མ་སྲས་བཅས་ཀྱིས། །བདག་དང་མཁའ་མཉམ་འགྲོ་ཀུན་རྗེས་བཟུང་གསོལ། །བདག་གིས་འཁོར་འདས་དུས་གསུམ་བསགས་པའི་དགེ། །མཐའ་དག་ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་རྒྱུ་རུ་ཡོངས་བསྔོ་བའི། །འབྲས་བུ་ཕན་བདེ་དཔག་མེད་འགྲུབ་པར་ཤོག །བདག་ཀྱང་འདི་བཟུང་སྐྱེ་བ་ཐམས་ཅད་དུ། །ཡོན་ཏན་བདུན་ལྡན་དཔལ་འབྱོར་རིན་ཆེན་དང་། །ཡིད་བཞིན་ནོར་འདྲའི་མཚན་ལྡན་བླ་མ་དང་། །དམ་ཆོས་འདོད་དགུའི་འབྱོར་བཅས་


TR004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཤོག །སྡིག་སྤོང་དགེ་བ་བསྒྲུབ་ལ་བརྩོན་པ་དང་། །ཐོས་བསམ་སྒོམ་པའི་ཡོན་ཏན་མངོན་གྱུར་ཅིང་། །རང་གཞན་དོན་གཉིས་གེགས་མེད་ལྷུན་གྲུབ་པས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །བདེ་གཤེགས་རྒྱལ་བའི་ཐུགས་རྗེའི་ནུས་མཐུ་དང་། །ཆོས་སྲུངས་དཀར་ཕྱོགས་སྐྱོང་བའི་སྟོབས་རྩལ་མཐུས། །བདག་གིས་རྣམ་དཀར་ལྷག་བསམ་བདེན་ཚིག་སོགས། །གཅིག་བསྡུས་སྨོན་ལམ་ཅི་བཏབ་འགྲུབ་གྱུར་ཅིག །ཅེས་པ་ནི་ཀརྨ་དགེ་བ་ལའོ། །རྒྱལ་ཀུན་ཡེ་ཤེས་དབྱིངས་སུ་རོ་གཅིག་པའི། །ཐུགས་རྗེ་རྨད་དུ་བྱུང་བའི་གོང་བུ་མཆོག །རབ་འབྱམས་གདུལ་བྱའི་དཔལ་དུ་ཆེར་འབར་བ། །བསྟན་པའི་ཉི་མ་འགྲོ་བློའི་མུན་སེལ་ཉིད། །ཟབ་ཡངས་ཐུགས་རྗེ་བྲི་གང་ལས་འདས་ཀྱང་། །སྙིགས་དུས་ལས་ཉོན་གྱིས་གདུང་འགྲོ་མང་འདིའི། །སྐྱབས་མཛད་ཁྱེད་ལས་གཞན་མེད་དེ་སླད་དུ། །བསྐལ་བརྒྱར་མི་འགྱུར་རྡོ་རྗེ་གདན་བཞུགས་ཤིང་། །མཆོག་གསང་ངེས་པ་དོན་གྱི་ཆོས་


TR004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཆེར། །རྒྱུན་ཆད་མེད་པའི་ངོ་མཚར་ཕྲིན་ལས་ནི། །སྲིད་པ་ཇི་སྲིད་གནས་པར་ཡོངས་སྩོལ་བར། །གསོལ་བ་བཏབ་པ་དོན་ལྡན་འགྲུབ་གྱུར་ཅིག །ཅེས་པ་ནི། །མཚུངས་བྲལ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་དྲུང་དུ་བརྟན་བཞུགས་སུ་ཕུལ་བའོ། །བླ་མ་དང་ལྷག་པའི་ལྷ་མཆོག་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཨེ་མ། བདག་དང་མཁའ་མཉམ་མར་གྱུར་འགྲོ་བ་རྣམས། །འདི་ནས་བཟུང་སྟེ་བླ་མེད་བྱང་ཆུབ་བར། །ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཞིང་། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་ཐོབ་ནས། །མཚན་ཉིད་ཀུན་ལྡན་བླ་མ་རྙེད་པ་དང་། །དམ་ཚིག་ཉམས་ཆགས་དྲི་མས་མ་གོས་པར། །མཉེས་པ་གསུམ་གྱི་ཞབས་གཏོགས་བསྒྲུབ་པར་ཤོག །ཐེག་ཆེན་དམ་པའི་ཆོས་དང་མཇལ་བ་དང་། །


TR004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་སྒོམ་ལ་སྐྱོ་ངལ་མེད་པ་དང་། །བསྒྲུབ་ལ་རབ་བརྩོན་ཉམས་རྟོགས་མཐར་ཕྱིན་ནས། །རང་དོན་ཆོས་སྐུ་མངོན་དུ་འགྱུར་བར་ཤོག །དམ་ཆོས་སྒྲུབ་ལ་བར་ཆད་མེད་པ་དང་། །ལྷ་དང་བླ་མས་བྱིན་གྱིས་རློབས་པ་དང་། །མཁའ་འགྲོ་ཆོས་སྐྱོང་བུ་ལྟར་སྐྱོང་བ་ཡིས། །རྣམ་བཞིའི་ཕྲིན་ལས་རྩོལ་མེད་འགྲུབ་པར་ཤོག །གནས་སྐབས་མཐར་ཐུག་འགལ་རྐྱེན་མེད་པ་དང་། །ཆོས་མཐུན་འདོད་དགུ་ལྷུན་གྱི་གྲུབ་པ་དང་། །རླབས་ཆེན་གཞན་དོན་འབད་མེད་འབྱུང་བ་ཡི། །འགྲོ་འདུལ་སྤྲུལ་པ་མཐའ་ཡས་འགྱེད་པར་ཤོག །གདོད་ནས་དག་པ་ཆེན་པོ་གཞི་ཡི་དབྱིངས། །རིམ་གཉིས་བདེ་སྟོང་གསལ་རིག་ལམ་གྱི་མཆོག །ཟུང་འཇུག་ཡེ་ཤེས་ལྷུན་གྲུབ་འབྲས་བུ་ཆེར། །འཁྲུལ་བྲལ་འགྱུར་མེད་གཏན་སྲིད་ཟིན་པར་ཤོག །རིག་སྟོང་སྤྲོས་པ་བྲལ་བ་ཕྱག་རྒྱ་ཆེ། །འོད་གསལ་མངོན་སུམ་ཡེ་ཤེས་རྫོགས་


TR004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གནད། །དབྱེར་མེད་ཡེངས་འཛིན་ཞེན་བྲལ་སྙིང་པོའི་དོན། །མ་ནོར་མངོན་གྱུར་ཚེ་གཅིག་སངས་རྒྱས་ཤོག །ཚེ་འདིའི་སྣང་བས་གཡེང་བ་ཡོང་བ་དང་། །བར་དོ་རང་སྣང་འཁྲུལ་པས་མ་སླད་ཅིང་། །ནམ་ཡང་གདམས་པའི་གནད་དང་མི་འབྲལ་བར། །སྐུ་གསུམ་གོ་འཕངས་ཡང་དག་ཐོབ་པར་ཤོག །བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པར་ཤོག །རང་དོན་ཚེ་གཅིག་སངས་རྒྱས་འགྲུབ་པར་ཤོག །གཞན་དོན་འཁོར་བ་དོང་ནས་སྤྲུག་པར་ཤོག །རྒྱལ་ཀུན་ཕྲིན་ལས་བདག་གི་འགྲུབ་པར་ཤོག །སྨོན་ལམ་བཏབ་པ་མཐའ་དག་འགྲུབ་པར་ཤོག །ཅེས་པའི་སྨོན་ལམ་འདི་ནི། ཆོས་དབྱིངས་དཔལ་མོ་དང་བྱང་ཆུབ་མཚོ་མོ་གྲོགས་མཆེད་གཉིས་ཀྱི་བསྐུལ་ངོར་བྲིས་པའོ། ཨོཾ་སྭ་སྟི། བླ་མ་རྒྱལ་བ་ཀུན་བདག་ཉིད། །ཐུགས་རྗེའི་སྤྲུལ་འཁོར་བཅས་པ་ཡིས། །བདག་དང་མཁའ་ཁྱབ་འགྲོ་ཀུན་ལ། །རྗེས་གཟུང་བྱིན་གྱིས་བརླབ་ཏུ་གསོལ། །འདི་ནས་བྱང་ཆུབ་མ་ཐོབ་བར། །དལ་འབྱོར་རིན་ཆེན་ཕུན་ཚོགས་


TR004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །བླ་མ་རྗེ་དང་ཡེ་འབྲལ་ཞིང་། །རྡོ་རྗེ་ཐེག་ལ་སྤྱོད་པར་ཤོག །དམ་ཆོས་ཚུལ་བཞིན་སྤྱད་ནས་ཀྱང་། །ལོག་པའི་ལམ་དུ་མི་འཇུག་ཅིང་། །ཆོས་མཐུན་འདོད་དགུ་ཕུན་ཚོགས་ནས། །རྩེ་གཅིག་བསྒྲུབ་ལ་བརྩོན་པར་ཤོག །སྒྲུབ་པའི་བར་ཆད་འགལ་རྐྱེན་རིགས། །ཅུང་ཟད་ཙམ་ཡང་མི་འབྱུང་ཞིང་། །ཉམས་རྟོགས་ཡོན་ཏན་མཐར་ཕྱིན་ཏེ། །མཆོག་མཐུན་དངོས་གྲུབ་ཐོབ་པར་ཤོག །ལམ་རྟགས་བཟང་ངན་འཆར་སྒོ་ལ། །ཞེན་འཛིན་རྟོག་པས་མ་སླད་ཅིང་། །ཡེངས་འཁྲུལ་བཅོས་མའི་དྲི་བྲལ་བའི། །གནས་ལུགས་ཆོས་སྐུ་མངོན་གྱུར་ཤོག །རང་དོན་ཆོས་ཉིད་མཐར་ཕྱིན་ནས། །གཞན་དོན་གཟུགས་སྐུའི་རོལ་གར་གྱིས། །གང་འདུལ་སྤྲུལ་སྐུའི་ཕྲིན་ལས་ཆོག །སྲིད་པ་ཇི་སྲིད་ཁྱབ་མཛད་ཤོག །ཅེས་པ་འདི་ཡང་བྱང་ཆུབ་མཚོ་མོ་ལའོ། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་དང་། །བླ་མ་རྒྱལ་


TR004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྲས་བཅས་བདེན་མཐུ་ཡིས། །བདག་སོགས་སྐྱེ་བ་འདི་ནས་ཚེ་རབས་ཀུན། །དལ་འབྱོར་དམ་ཆོས་ལྡན་པའི་ལུས་ཐོབ་ཤོག །ཐེག་ཆེན་བསྟན་པ་དར་བའི་ཡུལ་དུ་སྐྱེས། །མཐོ་རིས་ཡོན་ཏན་བདུན་གྱི་དཔལ་འབྱོར་ལྡན། །སངས་རྒྱས་དངོས་མཚུངས་བླ་མས་རྗེས་སུ་བཟུང་། །ལོག་པའི་སྤྱོད་སྤོངས་དགེ་བ་བསྒྲུབ་བརྩོན་ཅིང་། །དམ་ཆོས་དྲི་མ་མེད་ལ་མོས་འཇུག་ཤོག །དོན་མེད་འཁྲུལ་པའི་ལས་ལ་མི་འབྱམས་པར། །ཐར་པ་བྱང་ཆུབ་བསྒྲུབ་ལ་མྱུར་གཞོལ་ཤོག །སྡུག་བསྔལ་འཁོར་བའི་ཀློང་དུ་མི་འཁྱམས་ཤིང་། །གཏན་བདེ་ངེས་ལེགས་ལམ་ལ་གོམས་ཐོབ་ཤོག །མ་ནོར་ཟབ་མོའི་གདམས་པ་ཉམས་བླངས་ཏེ། །ཚེ་གཅིག་རྣམ་མཁྱེན་སངས་རྒྱས་འགྲུབ་པར་ཤོག །སྤྲུལ་པ་རྒྱ་མཚོ་གང་འདུལ་ཕྲིན་ལས་ཀྱིས། །མཁའ་མཉམ་འགྲོ་ལ་ཐུགས་རྗེས་འདྲེན་པར་ཤོག །རྒྱལ་བ་སྲས་བཅས་ཀུན་གྱིས་


TR004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་གསུངས་པའི། །སྨོན་ལམ་མཐའ་དག་བདག་གི་འགྲུབ་པར་ཤོག །ཅེས་པ་འདི་ནི་ཀུན་དགའ་ལྷ་དབང་ལའོ། །ཨེ་མ། བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་ཚོགས། །མ་ལུས་ཅིག་བསྡུས་བླ་མ་རིགས་ཀྱི་བདག །བྱིན་རླབས་ཐུགས་རྗེ་ནུས་རྩལ་རྨད་བྱུང་བས། །བདག་གི་སྨོན་ལམ་གེགས་མེད་འགྲུབ་པར་མཛོད། ༡ །སྐྱེ་བ་གྲངས་མེད་ད་ལྟ་ཡན་ཆོད་ཀྱི། །དྲི་མེད་རྣམ་དཀར་དགེ་ཚོགས་མཐའ་དག་དང་། །རིམ་གཉིས་ཟབ་གསལ་དོན་མཆོག་གང་བསྒོམ་པའི། །འབྲས་བུ་ཇི་སྙེད་ཡོད་པའི་མཐུ་བྱིན་དང་། ༢ །ཚེ་འདིར་རྣམ་འདྲེན་མཆོག་གི་སྐུ་དྲིན་གྱིས། །རང་བྱུང་ཡེ་ཤེས་རང་ཞལ་བལྟ་བ་དང་། །ཐེག་པའི་རྩེ་རྒྱལ་རྫོགས་པ་ཆེན་པོའི་དོན། །མ་ནོར་མངོན་སུམ་གནད་ལ་གང་སྤྱོད་པའི། ༣ །ཉམས་ལེན་བགྱིས་དང་བགྱིད་འགྱུར་ཀུན་ཏུ་ཡང་། །ཆོས་བརྒྱད་ཚེ་འདིའི་སྒྲོག་གིས་དམ་ཅིང་ཞིང་། །ཞེན་འཛིན་ལྷ་བུའི་


TR004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱིས་མ་སླད་པར། །སྐུ་གསུམ་དོན་གྱི་ཞིང་ཁམས་མཐོང་བར་ཤོག ༤ །མ་དག་འཁྲུལ་པའི་སྒྱུ་མས་མ་བསླུད་ཤིང་། །ལོག་རྟོགས་མཚན་འཛིན་སྒྱུ་ལུས་གཟུགས་ཕུང་འདི། །ཡང་དག་འོད་གསལ་སྒྱུ་མ་འཇའ་སྐུར་གྲོལ། །ཡེ་ཤེས་སྒྱུ་མའི་འཕྲུལ་གྱི་འགྲོ་གྲོལ་ཤོག ༥ །གལ་ཏེ་ཚེ་འདིར་འོད་ལུས་མ་འགྲུབ་པར། །རྣམ་སྨིན་གདོས་བཅས་འདོར་བ་དེ་ཡི་ཚེ། །འབྱུང་ལྔའི་ཕུང་པོ་ཆགས་གནས་འཇིག་པའི་ཚུལ། །གནད་དོན་ཤེས་པས་མི་འཚོར་བྲོད་འགྱུར་ཤོག ༦ །ལས་རླུང་ལོག་པས་འཁོར་ལྔའི་མདུད་པ་འཇིག །མཉམ་གནས་འཆུག་པས་དྲོད་ཉམས་ཟས་མི་ལེན། །སྲོག་འཛིན་ལོག་པས་ཤེས་པ་མི་གསལ་དང་། །ཐུར་བསེལ་འཆུགས་པས་རྩ་ཆུ་མི་སྡོལ་ཆོར། ༧ །གྱེན་རྒྱུ་འཆུགས་པས་ཁ་ཟས་ནང་མི་འཕུལ། །ཁྱབ་བྱེད་འཆུགས་པས་


TR004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལས་མི་རུང་། །དབུགས་ཐུགས་རྩ་བརྟུལ་མལ་མཐར་ཉལ་བའི་ཚེ། །འདི་ནང་ཆགས་སྡང་སྲེད་ཞེན་མི་འབྱུང་ཤོག ༨ །ལྡེ་འཁོར་འཇིགས་པས་ས་ཁམས་ཆུར་ཐིམ་དུས། །ཕྱི་རྟགས་ལུས་ལྕི་ནང་རྟག་ཤེས་པ་བྱིང་། །གསང་རྟགས་འོད་གསལ་སྨིག་རྒྱུ་འཆར་བའི་ཚེ། །སྙིང་གར་བླ་མ་ཆོས་སྐུར་སེམས་ཟིན་ཤོག ༩ སྙིང་གའི་འཁོར་འཇིག་ཆུ་ཁམས་མེར་ཐིམ་དུས། །ཕྱི་རུ་ཁ་སྣ་སྐམ་ཞིང་ནང་རྟགས་སུ། །ཤེས་པ་རབ་འཚུབས་གསང་རྟག་དུ་བ་འཆར། །ལྟེ་བར་བླ་མ་བསྒོམ་ལས་མ་ཡེངས་ཤོག ༡༠ །མགྲིན་པའི་འཁོར་འཇིག་མེ་ཁམས་རླུང་ཐིམ་ཚེ། །ཕྱི་རུ་དྲོད་འཆོར་ནང་དུ་ཤེས་པ་འཁྲུལ། །མི་ངོ་མི་ཤེས་གསང་རྟགས་མེ་ཁྱེར་འཆར། །བླ་མ་དཔྲལ་བར་བསྒོམ་ཞིང་མི་འཁྲུལ་ཤོག ༡༡ །གསང་གནས་འཁོར་འཇིག་རླུང་ཁམས་རྣམ་ཤེས་ཐིམ། །ཕྱི་རྟགས་དབུགས་བརྩེར་ནང་རྟགས་མཐོང་སྣང་


TR004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མང་། །གསང་རྟགས་སྒྲོན་མེ་ལྟ་བུའི་འོད་གསལ་འཆར། །གསང་གནས་བླ་མ་ལོངས་སྐུར་ངོ་ཤེས་ཤོག ༡༢ །དབང་པོ་ལྔ་འགགས་རྣམ་ཤེས་ནམ་མཁར་ཐིམ། །སྲོག་རྩར་ཁྲག་འདུས་སྙིང་ཕོག་ཕྱི་དབུགས་ཆད། །དཀར་དམར་ཁམས་ཀྱི་གནས་འཕོས་དབུ་མར་བརྒྱུད། །དཀར་ལམ་དམར་ལམ་ཤར་བ་ངོས་ཟིན་ཤོག ༡༣ །བྱང་སེམས་གཉིས་ཕྲད་བར་དུ་རྣམ་ཤེས་འཐུམ། །ནག་ལམ་འཆར་ཞིང་རང་བཞིན་བྱད་ཅུ་འགགས། །ནམ་མཁའ་འོད་གསལ་ལ་ཐིམ་སྤྲིན་མེད་མཁའ། །ཇི་བཞིན་འོད་གསལ་ཆོས་སྐུར་གྲོལ་བར་ཤོག ༡༤ །གལ་ཏེ་ངང་དེར་གྲོལ་བར་མ་ནུས་ཀྱང་། །ནང་དབུགས་ཆད་ཚེ་རིགས་པ་སྐར་མདའ་ལྟར། །ཚངས་པའི་ལམ་བརྒྱུད་བླ་མའི་ཐུགས་ཀར་ཐིམ། །མྱུར་ལམ་འཕོ་བས་མཁའ་སྤྱོད་བསྒྲོད་པར་ཤོག ༡༥ ཅི་སྟེ་ཆོས་ཉིད་བར་དོ་མཐོང་ན་ཡང་། །འོད་གསལ་ཟུང་འཇུག་ལ་ཐིམ་སྒྲ་འོད་ཟེར། །ཞི་དང་


TR004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཚོགས་འཇིག་རྟེན་ཁམས་གང་ཞིང་། །སྣང་སྲིད་འོད་སྐུར་འཆར་བ་ངོ་ཤེས་ཤོག ༡༦ །རིགས་ལྔ་འཁོར་བཅས་ཚོམ་བུའི་དཀྱིལ་འཁོར་དང་། །རང་ལུས་འོད་དུ་སྣང་བའི་ཐུགས་ཀའི་བར། །ཟེར་ཐག་འབྲེལ་ཤར་རང་བཞིན་བསམ་གཏན་གནས། །འཇུག་པ་ཤེས་པའི་གནད་ཀྱིས་གྲོལ་བར་ཤོག ༡༧ །ཡེ་ཤེས་བཞི་སྦྱོར་འོད་ལམ་ཤར་བ་ན། །ངོ་ཤེས་གདེང་ཐོབ་བཙན་ས་ཟིན་པ་དང་། །ལྷུན་གྲུབ་རིན་ཆེན་སྣང་བ་འཆར་གྱུར་ཀྱང་། །མངོན་ཤེས་དྲུག་དང་རྗེས་དྲན་དྲུག་ལ་སོགས། ༡༨ །ཆོས་རྣམས་ཀུན་ལས་རང་བྱན་ལེགས་ཚུད་ཅིང་། །འཆར་ལུགས་བརྒྱད་སོགས་གནད་དོན་ཁོང་ཆུད་དེ། །མ་དག་འཁོར་བའི་སྒོ་ལ་མི་འཇུག་པར། །དག་པ་ཡེ་ཤེས་སྒོ་ལ་གདེང་ཐོབ་ཤོག ༡༩ །ཅེས་ཀྱང་བག་ཆགས་འཁྲུལ་དབང་སོང་ཚེ་ཡང་། །སྲིད་པ་བར་དོར་ཉིད་མཚམས་མི་སྦྱོར་བར། །རྔ་ཡབ་པདྨ་འོད་ཀྱི་ཞིང་ཁམས་སུ། །པདྨའི་སྦུབས་ལས་སྐྱེས་ཤིང་ཆོས་ཉན་ཤོག ༢༠ །


TR004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་ལ་སོགས་ཕྱོགས་བཅུའི་སངས་རྒྱས་ཀུན། །གཅིག་བསྡུས་ཁྱབ་བདག་རྒྱལ་དབང་པདྨ་ཡིས། །དབང་བསྐུར་ལུང་བསྟན་དབུགས་དབྱུང་བཟེང་བསྟོད་དེ། །མངོན་པར་སངས་རྒྱས་སྤྲུལ་པ་འགྱེད་ནུས་ཤོག ༢༡ །ནམ་མཁའ་ཇི་སྲིད་གནས་པར་འགྲོ་བའི་དོན། །དཔག་མེད་ལྷུན་གྱི་གྲུབ་པ་འབྱུང་བ་རུ། །སྨོན་ལམ་བཏབས་པ་འདི་ཞིན་ལེགས་འགྲུབ་པར། །སྲས་བཅས་རྒྱལ་བ་རྣམས་ཀྱིས་མཛད་དུ་གསོལ། ༢༢ ཅེས་བར་དོ་ཐམས་ཅད་ཀྱི་སྨོན་ལམ་མདོར་བསྡུས་ཏེ་ཉམས་ལེན་གྱི་རྩ་ཚིག་ལྟ་བུར་བཀོད་པ་འདི་ཡང་སྐལ་ལྡན་ཚུལ་ཁྲིམས་བཟང་པོས་བསྐུལ་ནས་བྲིས་པ་ལགས་ཤིང་། འདི་ནི་ཀུན་ལ་སྤྱིར་ཡང་གལ་ཆེ་ལ་ཁྱད་པར་ཡང་ཉམས་ཁྲིད་དང་བར་དོའི་གདམས་པ་ཞུ་མྱོང་བའི་གང་ཟག་རྣམས་སྨོན་ལམ་འདི་རྒྱུན་དུ་ཡིད་ལ་འགྲིས་ཤིང་ངེས་པར་བྱས་ན། འཆི་ཁར་ངོ་སྤྲོད་གསལ་འདེབས་གཞན་ལ་རེ་མི་དགོས་པ་ཡོད་པས་ཅེས་ཀྱང་ནན་ཏན་དུ་མཛད་ཚལ། ཨོཾ་སྭ་སྟི་སིདྡྷཾ།


TR004_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ཐུགས་རྗེ་མངའ་བའི་བཅོམ་ལྡན་འདས། །སྲས་བཅས་རྒྱལ་བའི་ཁྱབ་བདག་བླ་མ་རྗེ། །རྣམ་འཕྲུལ་ཡི་དམ་མཁའ་འགྲོ་ཆོས་སྲུངས་ཚོགས། །མ་ལུས་ཉམས་ཐག་འགྲོ་བ་སྐྱབས་ཏུ་གསོལ། །ཐོག་མེད་དུས་ནས་ངན་གོམས་འཁྲུལ་རྟོག་གིས། །རབ་བསྐྱོད་མི་བཟད་འཁོར་བའི་མཚོ་ཆེན་འདིར། །སྡུག་བསྔལ་རྣམ་པ་མང་པོས་རྟག་གཟིར་བའི། །འགྲོ་ཀུན་ཐར་པའི་ལམ་ལ་འཇུག་གྱུར་ཅིག །བསྟན་རྩ་སྡེ་སྣོད་གསུམ་གྱི་གསེར་བཞི་བརྟན། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་ལྷུན་པོ་བརྗིད། །བླ་མེད་རིམ་གཉིས་ཉི་ཟླ་འོད་གསལ་འབར། །རྣམ་གྲོལ་བྱང་ཆུབ་གླིང་ལ་དབང་འབྱོར་ཤོག །གསུང་རབ་རིན་ཆེན་གླིང་དུ་བདེ་བླག་བགྲོད། །རྣམ་འདྲེན་དེད་དཔོན་དམ་པ་གཙུག་ཏུ་བསྟེན། །འདོད་འབྱུང་ཡིད་བཞིན་ཆོས་ལ་རང་དབང་བསྒྱུར། །དོན་གཉིས་འབྲས་བུའི་མཆོག་འགྲུབ་གེགས་མེད་ཤོག །གདོད་ནས་


TR004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཆོས་སྐུའི་གཏན་སྲིད་ཟིན། །འགག་མེད་གསལ་གདངས་ལོངས་སྐུའི་ཞིང་ཁམས་རྒྱས། །རྣམ་རོལ་སྤྲུལ་སྐུའི་རྩལ་གྱིས་འགྲོ་བ་འདྲེན། །ཟུང་འཇུག་འདུས་མ་བྱས་དབྱིངས་གྲོལ་བར་ཤོག །ཅེས་པ་ནི། དགེ་སློང་ཀརྨ་ཡོངས་དག་ལའོ། །སྐྱབས་གནས་དཀོན་མཆོག་མ་ལུས་བླ་མའི་སྐུར། །གཅིག་བསྡུས་མོས་གུས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་སོ་ཐུགས་རྗེས་མྱུར་གཟིགས་ནས། །འཇིགས་བར་དོའི་འཕྲང་ལས་སྐྱབས་ཏུ་གསོལ། །འདུས་བྱས་མི་རྟག་རང་ཚུལ་མངོན་སུམ་བསྟན། །སྐྱེས་པའི་མཐའ་དེ་འཆི་བར་ཐག་ཆོད་ཅིང་། །གདོས་བྱས་སྒྱུ་མའི་ལུས་ཀྱི་རྟག་མི་ཐུབ། །བརྩེ་བའི་སྤྱན་གྱིས་གཟིགས་ཤིག་བླ་མ་རྗེ། །ཚེ་ཡི་ཚད་རྫོགས་འབྱུང་བཞིའི་ནུས་པ་ཉམས། །སྨན་གྱི་མི་ཕན་ཟས་སྐོམ་དང་ཁ་འགྲིབ། །ལུས་སེམས་འབྲལ་བའི་དུས་ལ་བབས་པ་ན། །ཚེ་འདི་ཆགས་ཞེན་བྲལ་བར་བྱིན་གྱིས་རློབས།


TR004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

། ནམ་ཀྱང་མི་སྡོད་ཤི་བར་ཐག་ཆོད་ལ། །ད་རུང་གསོན་དུ་རེ་བའི་འདོད་བློ་ཡིས། །རང་མགོ་རང་གི་བསྐོར་ན་འཕུང་ཚབས་ཆེ། །འཆི་བ་ལམ་དུ་ལྷོངས་པར་བྱིན་གྱིས་རློབས། །ལས་རླུང་འཁྲུག་པའི་སྟོབས་ཀྱི་རང་ལུས་འདིའི། །སྤྱི་མགྲིན་སྙིང་ཁ་ལྟེ་བ་གསང་གནས་ཀྱི། །འཁོར་ལོ་ལྔ་ཡི་རྩ་མདུད་འཇིག་པའི་མཐུས། །གནད་གཅོད་ཟུག་ངུ་རང་སར་ཞི་བར་ཤོག །འཕོ་བའི་མེ་ཉམས་རླུང་འཆུགས་ཟས་མི་ལེན། །སྲོག་འཛིན་རླུང་འཆུགས་ཤེས་པ་མི་གསལ་དང་། །ཐུར་སེལ་རླུང་འཆུགས་དྲི་མ་ཆེ་ཆུང་འཆོར། །རླུང་ནུས་ཉམས་པའི་རྟགས་སུ་ངོ་ཤེས་ཤོག །གྱེན་རྒྱུའི་རླུང་འཆུགས་ཟས་སྐོམ་མིད་མི་ཐུབ། །གཏམ་གྱི་སྨྲ་བརྗོད་དཀའ་ཞིང་དབུགས་སྣ་ཐུང་། །ཁྱབ་བྱེད་རླུང་གི་ནུས་ཟད་འགུལ་སྐྱོད་དཀའ། །དེ་ཚེ་འཆི་བར་ཐག་ཆོད་འགྱོད་མེད་ཤོག །གདོས་བཅས་ལུས་འདི་དང་པོ་འབྱུང་བཞིས་བསྐྱེད། །མཐར་ཡང་


TR004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བཞི་གཅིག་ལ་གཅིག་ཐིམ་འཆི། །ཕྱི་ནང་གསང་བའི་རྟགས་སྣང་འཆར་བ་རྣམས། །ངོ་ཤེས་བླ་མ་ཡིད་ལ་དྲན་པར་ཤོག །ས་ཁམས་ཆུར་ཐིམ་ལུས་ཀྱི་ནུས་སྟོབས་ཟད། །ནང་གི་རྟགས་སུ་ཤེས་པ་བྱིང་ཞིང་རྨོངས། །གསང་རྟག་མཐོང་སྣང་མིག་རྒྱུ་ལྟ་བུ་འཆར། །དེར་ཡང་བླ་མ་དྲན་ལས་མ་ཡེངས་ཤོག །ཆུ་ཁམས་མེ་ལ་ཐིམ་པས་ཁ་སྣའི་ཆུ། །ཅུང་ཞིག་ཐོན་ཏེ་སྐོམས་ཤིང་སྨྲ་བརྗོད་འགགས། །ཤེས་པ་འཚུབ་ཅིང་གསང་རྟགས་དུ་བ་ལྟར། །བན་བུན་ལང་ལོང་འཆར་བ་ངོ་ཤེས་ཤོག །མེ་ཁམས་རླུང་ལ་ཐིམ་པས་ལུས་དྲོད་ཆད། །ནང་རྟགས་མི་ངོ་མི་ཤེས་དབང་པོ་འཁྲུལ། །གསང་རྟགས་སྲིན་བུ་མི་ཁྱེར་ལྟ་བུའི་སེམས། །རེས་གསལ་རེས་མི་གསལ་འགྱུར་ངོ་ཤེས་ཤོག །རླུང་ཁམས་རྣམ་ཤེས་ལ་ཐིམ་ཕྱི་དབུགས་ཆད། །ནང་རྟག་འཁྲུལ་པའི་མཐོང་སྣང་སྣ་ཚོགས་འཆར། །གསང་རྟགས་སྒྲོན་མེ་འབར་ལྟར་རིག་


TR004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསལ། །དེ་དུས་ཟབ་ལམ་འཕོ་བ་དྲན་པར་ཤོག །རྣམ་ཤེས་ནམ་མཁའི་ཁམས་ཐིམ་ཚོགས་དྲུག་འགགས། །སྤྱི་བོའི་དཀར་ཆ་ཐུར་དུ་བབས་པ་དང་། །ལྟེ་བའི་དམར་ཆ་གྱེན་དུ་ལྡོག་པའི་བར། །རྣམ་པར་ཤེས་པ་འཐུམ་པ་ངོ་ཤེས་ཤོག ཁམས་གཉིས་གྱེན་འཐུར་འཕོས་པའི་རྒྱུ་རྐྱེན་གྱིས། །རང་སྣང་དཀར་ལམ་དམར་ལམ་ནག་ཐོམ་འཆར། །དུག་གསུམ་རང་བཞིན་རྟོགས་པ་བརྒྱད་ཅུ་འགགས། །སྣང་མཆེད་ཐོབ་པའི་འོད་དུ་ངོ་ཤེས་ཤོག །དཀར་དམར་རླུང་སེམས་དབུ་མར་གནས་པའི་མཐུས། །གདོད་ནས་དག་པའི་བདེར་གཤེགས་སྙིང་པོ་ཉིད། །ལྷད་མེད་གཞི་ཡི་འོད་གསལ་ཆོས་ཀྱི་སྐུ། །རང་ལ་མངོན་སུམ་འཆར་བ་ངོ་ཤེས་ཤོག །དེ་ཉིད་སྒོམ་གྱིས་སྟོབས་ཞན་མ་གྲོལ་ན། །ནང་དབུགས་ཆད་ནས་ཆོས་ཉིད་བར་དོ་ཤར། །ལུས་སེམས་བྲལ་ནས་སྒྲ་འོད་ཟེར་གསུམ་གྱིས། །སྟོང་ཁམས་ཁྱབ་པ་རང་སྣང་ཡིན་ཤེས་ཤོག །འཇའ་འོད་ཐིག་ཕྲན་འོད་ལམ་དང་། །ཞི་དང་ཁྲོ་བའི་ལྷ་ཚོགས་ཅི་


TR004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཀུན། །ཆོས་ཉིད་རང་སྒྲར་བཅས་ལ་མི་སྐྲག་པར། །རང་རིག་ཆོས་ཉིད་ཡེ་ཤེས་ངོ་ཤེས་ཤོག །གལ་ཏེ་ལས་ཉོན་སྒྲིབ་པས་མ་གྲོལ་ན། །སྲིད་པ་བར་དོའི་འཇིགས་པའི་སྒྲ་བཞི་དང་། །མ་ངེས་རྟགས་དྲུག་ཡ་ངའི་གཡང་གསུམ་སོགས། །ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པར་ཤོག །ཤི་བར་ངོ་ཤེས་བླ་མ་སྙིང་ནས་དྲན། །དེས་གསུངས་གདམས་པའི་གནད་ལ་ངེས་པ་བརྙེད། །མ་དག་འཁོར་བའི་མངལ་སྒོ་མི་འཚོལ་བར། །པདྨ་འོད་ཀྱི་ཞིང་དུ་འཕོ་བར་ཤོག །མདོར་ན་དུས་དང་རྣམ་པ་དེ་ཀུན་ཏུ། །ཅི་དྲག་བློ་སྣ་མང་པོས་འཕུང་འགྱུར་བས། །རྩ་བའི་བླ་མ་ཨོ་རྒྱན་དབྱེར་མེད་ལ། །སྐད་ཅིག་ཙམ་ཡང་མ་ཡེངས་བློ་གཏད་ཤོག །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་འདྲེས། །རང་རིག་ཆོས་སྐུའི་གཏན་སྲིད་ཟིན་ནས་ཀྱང་། །སྨོན་ལམ་ཐུགས་རྗེའི་སྤྲུལ་པས་མཁའ་


TR004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གྱི། །སེམས་ཅན་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ཅེས་འཆི་ཁ་བར་དོའི་གདམས་ངག་ངག་འདོན་འདི་ནི་དབོན་པོ་རྟ་མགྲིན་རྡོ་རྗེ་དང་སྨིན་གྲོལ་སྙིང་པོ་སོགས་ཀྱི་ངོར་བཀོད་པ་ཡིན་ལ། འདི་ཡང་རྒྱུན་དུ་བློ་ལ་འཇགས་པ་ཅིག་མེད་ན། ཤི་ཁར་གདམས་ངག་དེས་ལ་ལུས་ཏེ། རང་ལ་ཕན་པ་མི་འབྱུང་བས། དེ་ཕྱིར་རྒྱུན་འཁྱེར་དུ་བྱ་ཕྱིར་གསོལ་འདེབས་སྨོན་ལམ་གྱི་ཚུལ་དུ་བྱས་པ་ཡིན་ལ། འདི་ཉིད་ཚིག་ངུར་བསྡོམས་པའི་བཤིས་ཀྱིས་གོ་དཀའ་ན་སྤྱིར་ཐོས་གྲོལ་ཆེན་མོའི་བར་དོ་གསལ་འདེབས་དང་ཁྱད་པར་ཁོ་བོས་བྱས་པའི་བར་དོའི་སྤྱི་དོན་དྲན་པའི་མེ་ལོང་དུ་གསལ་བར་བཀོད་པ་གཟིགས་འཚལ། ཞེས་བྱ་བྲལ་སྣ་ཚོགས་རང་གྲོལ་གྱིས་དཔལ་རིའི་རྒོད་ཕུག་མྱ་ངན་མེད་པའི་ནགས་ཁྲོད་དུ་བྲིས་པའོ།། ༈ །།རྒྱལ་ཀུན་ཡེ་ཤེས་ཐུགས་རྗེ་ཅིག་བཟླུམ་པ། །པད་འབྱུང་འཛམ་གླིང་གྲགས་དང་རཏྣའི་ཞབས། །འཇའ་ཚོན་བཟང་པོ་རྡོ་རྗེ་ལེགས་གྲུབ་བསྩལ། །སྐྱབས་གནས་བླ་མེད་ཐུགས་རྗེ་ནུས་མཐུ་ཡིས། །འདི་གཟུང་སྐྱེ་བའི་


TR004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་བརྒྱུད་ཇི་སྙེད་པར། །ཆོས་ཀུན་སྙིང་པོ་ཕྱག་རྒྱ་ཆེན་པོ་དང་། །དམ་ཆོས་འདུལ་བའི་ཀུན་སྤྱོད་ཟུང་འཇུག་ཉིད། །རང་བློའི་མཐའ་རྒོད་འདུལ་སྦྱོང་ཐོག་ཏུ་འཁེལ། །ལྟ་སྤྱོད་རྣམ་དག་འབྲེལ་བས་རྟན་སྲོག་ཟིན། །སྨོན་ལམ་བྱང་སེམས་ནུས་པས་འགྲོ་དོན་འགྲུབ། །དྲི་མེད་རྒྱལ་སྲས་སྤྱོད་པ་བརླབས་ཆེན་ལ། །རང་གཞན་བདེ་བླག་འཁོད་པ་ཉིད་གྱུར་ཅིག །ཅེས་རིག་འཛིན་ཆོས་ཉིད་ཀློང་གྲོལ་གྱིས་ཐུགས་བཞེད་བསྐོང་ཕྱིར། བྱ་བྲལ་སྣ་ཚོགས་རང་གྲོལ་གྱིས་རྒོད་ཕུག་ནས་ཕུལ་བ་མངྒ་ལཾ། ན་མོ། སྐྱབས་གནས་དཀོན་མཆོག་ཐུགས་རྗེའི་བདག་ཉིད་རྣམས། །བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ། །བདག་གི་ལྷག་བསམ་དག་པའི་སྨོན་ལམ་འདི། །གེགས་མེད་ཁོ་ནར་འགྲུབ་པར་བྱིན་གྱིས་རློབས། །འཁོར་བ་ སྔོ་སྨོན་གྱི་རྒྱུ་ངོས་བཟུང་བ། ཐོག་མ་ ཐོག་མར་དགོངས་གསོལ་ མེད་ནས་


TR004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟའི་བར། །སླད་མར་བྱང་ཆུབ་སྙིང་པོར་མཆིས་ཀྱི་རིང་། །འདུས་བྱས་འདུས་མ་བྱས་པའི་དགེ་རྩ་ཀུན། །གཅིག་བསྡོམས་སྨོན་ལམ་འགྲུབ་པའི་རྒྱུར་བསྔོའོ། །དེང་ནས་བཟུངས་ཏེ་ཚེ་རབས་ནམ་དུ་ཡང་། ཕུན་ཚོགས་དལ་ སྔར་བསགས་ ད་ལྟ་བསག་པ་ ཕྱི་གསོག་འགྱུར་ཐམས་ཅད་ འབྱོར་ཐོབ་པས་དོན་ལྡན་བསྒྲུབ། ལམ་རིམ་ལས་དང་པོར་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་སྨོན་ལམ། དལ་འབྱོར་རྙེད་དཀའ་བསམ། འདུས་བྱས་མི་རྟག་གོ་བས་ངེས་འབྱུང་སྐྱེས། །དམ་ཆོས་ཕྱི་བཤོལ་མེད་པར་བརྩོན་པར་ཤོག །འཁོར་བའི་རང་འཚང་རིག་པས་ཞེན་པ་ལྡོག །ཚེ་མི་རྟག་པ་བསམ་པ་ རྒྱུ་འབྲས་རྟེན་ ཆོས་ལ་བསྐུལ་བ་ འབྲེལ་ཤེས་པས་བླང་དོར་བརྩོན། འཁོར་བའི་སྡུག་བསྔལ་བསམ་པ། །འགྲོ་ཀུན་ཕ་མར་ཤེས་ནས་ཆགས་ ལས་འབྲས་བསམ་ སྡང་བྲལ། སེམས་རྒྱུད་དམ་པའི་ བློ་ཁ་ནང་ལ་བསྒྱུར། ཆོས་ལ་འགྲོ་བར་ཤོག །ཚུལ་ཁྲིམས་ བསླབ་པ་གསུམ་གྱི་དོན་བསྒྲུབ་པ་


TR004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པས་ཉེས་ལྟུང་རྩད་ནས་འབྱིན། །ཏིང་འཛིན་བསླབ་པས་སྒོ་གསུམ་གཡེང་བ་སྤོངས། །ཤེས་རབ་བསླབ་པས་བློ་ཡི་མུན་པ་སངས། །སྐྱེས་བུ་ཆུང་ངུའི་ལམ་རིམ་ཀུན་རྫོགས་ཤོག །ཐེག་དམན་རང་ཞིའི་འདོད་བདེར་མ་ཆགས་པར། །སྨོན་སེམས་དགེ་ལེགས་གྲུ་ཆེན་ལ་ཞུགས་ནས། །འཇུག་སེམས་ཕ་རོལ་ཕྱིན་བཅུའི་སྐྱ་བ་ཡིས། ཐེག་ཆེན་དུ་ཞུགས་པ་ འགྲོ་ཀུན་སྲིད་མཚོ་ སྨོན་འཇུག་གཉིས་གཞི་བཟུང་ སྒྲོལ་བའི་སྟོབས་ལྡན་ཤོག །རང་དོན་ཆེད་གཉེར་བྱིས་པའི་བློ་མེད་པར། །གཞན་དོན་རླབས་ཆེན་སྤྱོད་པའི་སྙིང་སྟོབས་ཀྱིས། གཞན་དོན་དམ་བཅའ་བ། འགྲོ་བའི་སྡུག་བསྔལ་སེལ་ལ་བསྐལ་མང་། བདག་པས་གཞན་གཅེས་ཀྱི་བསམ་པ་ཁ་ཞེ་མེད་པས། གཞན་གྱི་སྡིག་སྡུག་ཚུར་བླང་ཞིང་། རང་གི་བདེ་དགེ་གཞན་ལ་སྦྱིན་པ་སོགས་ལ་སློབ་པ། ཚོགས། །ནམ་ཡང་སྐྱོ་ངལ་མེད་པར་བརྩོན་འགྲུས་ཤོག །སེམས་ཅན་དོན་


TR004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱལ་སྲས་སྤྱོད་ཞུགས་ལ། །ཕ་རོལ་གཞན་གྱི་འཚེ་ཞིང་ལོག་སྒྲུབ་སོགས། །ཀུན་ཡང་བྱང་ཆུབ་སེམས་ཀྱི་གསལ་འདེབས་སུ། ཕར་ཕྱིན་བཅུ་ བསྡུ་བའི་དངོས་པོ་བཞི་ ཆོས་སྤྱོད་བཅུ་སོགས་ཀྱི་སྒོ་ནས་ གྱུར་ནས་གནོད་ལན་ཕན་བདེས་མཇལ་བར་ཤོག །གོང་དུ་སྨིས་པའི་བདག་གཞན་བརྗེ་བའི་དོན་བཞིན་དུ་སྔགས་ལམ་ཞུགས་པ་ ཆེ་བ་ལུས་སྲོག་ལོངས་སྤྱོད་ལ་གནོད་པ་དང་། ཆུང་བ་ལོག་ལྟ་གཤེ་སྐུར་འདེབས་པ་སོགས་གང་བྱུང་ཀྱང་། སྐྱེས་བུ་འབྲིང་ལམ་ཆོག་པར་མི་འཛིན་པར། ཟབ་མྱུར་བདེ་བས་ཡིད་སྐྱོབས་རྡོ་རྗེའི་ཐེག །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་བླ་མ་དང་། ལྷན་ཅིག་བརྙེད་ནས་གུས་པས། ལམ་ ཟབ་ ལམ་མྱུར་བ་ ལམ་གེགས་མེད་པ་ བསྟེན་པར་ཤོག །སྔགས་ཀྱི་བླ་མའི་མཚན་ཉིད། བླ་མ་དང་ཆོས་གཉིས་ཀ །བུམ་དབང་ཟབ་མོས་སྣོད་བཅུད་ཞིང་ཁམས་འབྱོང་། །གསང་དབང་རྩ་ཐིག་རླུང་གསུམ་ལས་རུང་སྨིན། མཉེས་པ་གསུམ་གྱིས། ཤེས་རབ་ཡེ་ཤེས་ལྷན་སྐྱེས་ ཚོགས་དྲུག་ཐམས་ཅད་ གཞལ་ཡས་ལྷའི་དཀྱིལ་འཁོར་ རང་ཞལ་མཐོང་། །ཚིག་གི་དབང་


TR004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་དོན་གྱིས་རྒྱུད་གྲོལ་ཤོག ཁ་དོག་དབྱིབས་ལ་ལྷར་ཞེན་མ་ཡིན་པར། །ཕུང་ཁམས་བཟོད་ནས་དཀྱིལ་འཁོར་རྒྱ་མཚོ་རུ། །ཚིག་ལ་བརྟེན་ནས་དོན་རྟོགས། ལྷུན་གྲུབ་མཆོག་གི་ སྐྱེད་རིམ་སྒོམ་ཚུལ་ སྐྱེད་རིམ་མངོན་གྱུར་ཅིང་། །ལྷ་སྔགས་ཡེ་ཤེས་རོལ་རྩལ་དབང་ཐོབ་ཤོག །མཚན་བཅས་དོན་མེད་ཨ་འཐས་ཞེན་བྲལ་ཞིང་། །མཚན་མེད་སྟོང་འཛིན་ཆད་མཐར་མི་ལྷུང་བར། །ཟུང་འཇུག་ལམ་གྱི་ཡང་སྙིང་ཇི་བཞིན་པ། རྫོགས་རིམ་སྒོམ་ཚུལ་ ཉམས་ལེན་མ་ནོར་གནད་དུ་བསྣུན་བྱེད་ཤོག །གནས་ལུགས་རྗེན་པར་རྟོགས་པས་ཕྱག་རྒྱ་ཆེ། །ཆོས་ཀུན་སེམས་ལ་རྫོགས་པས་རྫོགས་ཆེན་དང་། །མཐའ་ཀུན་རིག་ངོར་བྲལ་ ཁྱད་པར་གྱི་གདམས་པ་ཐ་དད་པའི་རྣམ་གྲངས་ལས། ཐ་མལ་ཤེས་པ། སེམས་ཉིད་ཀུན་ཏུ་བཟང་པོ། ཕྱིར་དབུ་མའི་དོན། །རྟག་ཆད་ཐམས་ཅད་བློས་སྒྲོ་བཏགས་པ་སྟེ། རག་པའི་ངོ་ལ་མེད་


TR004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབས་བྲལ་རང་སེམས་རིག་སྟེ་གྲོལ་བར་ཤོག །ལམ་འབྲས་སྙིང་པོ་བཞི་ལ་གདེངས་ཆེན་ཐོབ། །ཞི་བྱེད་ཟབ་མོ་སྡུག་བསྔལ་སེམས་སུ་ཤེས། །གཅོད་ཡུལ་དྲག་པོས་ངར་འཛིན་འདྲེ་ཆེན་ཐུལ། །ས་སྐྱ་པའི་བློ་སྦྱོང་མཐར་ཐུག་རང་རྒྱུད། ཕ་དམ་པའི་ འཐུལ་བར་ཤོག །སོར་བསམ་ ལབ་སྒྲོན་གྱི་ གཉིས་ཀྱིས་ ཀུན་རྟོག་རྦ་རླབས་ཞི། །སྲོག་རྩོལ་ནུས་པས་ཟག་མེད་བདེ་ཆེན་མྱོང་། །རྗེས་ཏིང་མཐར་ཕྱིན་ དུས་འཁོར་སྦྱོར་དྲུག སྐུ་གསུམ་རྒྱལ་པ་ཟིན། ཡན་ལག་དྲུག་དོན་བཀའ་གདམས་ཀྱི་མངོན་དུ་འགྱུར་བར་ཤོག །གཏུམ་མོ་ ན་རོ་དང་ནི་གུའི་ཆོས་དྲུག་ སྒྱུ་ལུས་ཉིན་སྣང་འཁྲུལ་རྟོག་ཆོད། །རྨི་ལམ་འོད་གསལ་མཚན་མོའི་ཉིང་འཁྲུལ་སངས། །བར་དོ་འཕོ་བས་དུས་མཐའ་འཇིགས་ཆེན་གྲོལ། །ཟབ་ལམ་ཆོས་དྲུག་དོན་འབྲས་འགྲུབ་པར་ཤོག །རྣམ་རྟོག་ངོ་ཤེས་ཉོན་མོངས་གནད་ཀྱིས་ཟིན། །ན་ཚ་ འབྲུག་པའི་རོ་སྙོམས་


TR004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལྷོངས་ལྷ་འདྲེ་རྫུན་འཚོང་རིག །སྡུག་བསྔལ་རྩ་བྲལ་འཆི་བ་ཉམས་འོག་ཆུད། །རོ་སྙོམས་དྲུག་ལ་གདེངས་ཆེན་ཐོབ་པར་ཤོག །ཆོས་རྣམས་ཐམས་ཅད་རང་སེམས་འདུལ་བའི་ཐབས། །སེམས་ཉིད་སྐུ་གསུམ་ཡེ་ནས་འདུ་འབྲལ་མེད། །མ་རྟོག་འཁྲུལ་པའི་འཁོར་ལོས་རང་མགོ་འཁོར། དེ་ཐམས་ཅད་ཀྱི་འགག་བསྡུ་བ་ །རང་སེམས་སྐུ་གསུམ་རང་བཞིན་ཀློང་གྲོལ་ཤོག །ལམ་ལྔ་ས་བཅུའི་རྒྱུན་མཐའི་རིང་བསྐོར་གྱིས། །གྲངས་མེད་བསྐལ་བར་བསག་སྦྱངས་མ་ལྟོས་པའི། །སྐད་ཅིག་ཉིད་ལ་རྫོགས་འཚང་རྒྱ་ནུས་པའི། །ཐུན་མོང་ཐེག་པ་ལྟར་ །སྣོད་བཅུད་རྐྱེན་གསུམ་འབད་མེད་ཚོགས་པར་ཤོག །གཞི་ཡི་བར་ཆད་ལྷན་ སྐྱེས་ གསང་སྔགས་བླ་མེད། དད་པ་དམ་ཚིག་སྙིང་རུས་སོགས། མ་རིག་པ། ལམ་གྱི་བར་ཆད་ཕྱི་ནང་གསང་བའི་ གདམས་པ་ཟབ་མོ་ མཚན་ལྡན་བླ་མ་ གཞི་ལ་འཁྲུལ་པ་མེད་ཀྱང་། གེགས་ རྣམ་རྟོག་ལས་བྱུང་བའི་ འབྲས་བུའི་བར་ཆད། རང་ངོ་མ་རིག་པ་ ན་ཚ་སོགས། སྤྲུལ་དང་གྲོགས་སོགས་ངན་པའི་


TR004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལྟའི་འཛིན་ཕྲ་སོགས། །བྱང་ཆུབ་བར་ཆད་རྩད་ནས་ཆོད་པར་ཤོག །དུས་མིན་འགྲོ་དོན་གཟུགས་བརྙན་སླུ་བྱེད་ཀྱིས། རང་གཞན་ ཤེས་སྒྲིབ་སོགས་ གཉིས་ཕུང་འདུན་མ་མི་བྱེད་ སངས་རྒྱ་བ་ལ་བགེགས་སུ་གྱུར་པ་ཐམས་ཅད་ པར། །རང་མ་སྨིན་པ་ རྙེད་འཚོལ་སོགས་ དུས་བབས། བླ་མ་ སློབ་མ་ རྩོལ་བྲལ་རླབས་ཆེན་འགྲོ་བའི་དོན། །ནམ་མཁའ་མཐའ་མཉམ་རྒྱུན་མི་ཆད་འགྲུབ་ཤོག །ཕྱོགས་བཅུའི་རྒྱལ་ རང་དོན་མཁྱེར་ནས་ དང་རྒྱལ་ འབད་རྩོལ་མེད་པར་ ཕྱོགས་རེས་དང་ཁོལ་བུ་མ་ཡིན་པར། ནམ་མཁའ་གར་ཁྱབ་ཀྱི་སེམས་ཅན་གང་ལ་གང་འདུལ། སྲས་མ་ལུས་ཀྱིས། །སེམས་ཅན་དོན་དུ་སྨོན་ལམ་ཅི་བཏབས་དང་། །དེ་འགྲུབ་གཞན་ཕན་རྒྱ་ཆེན་གང་མཛད་པ། ཐམས་ཅད་གཅིག་བསྡོམས་བདག་གིས་འགྲུབ་གྱུར་ རང་ཅག་སོ་སྐྱེའི་བློས་མི་ཆུད་པའི་དགེ་ཚོགས་བསགས་ཅིང་སྔོ་སྨོན་མཛད་པ་དེ་ཐམས་ཅད་དང་མཚུངས་པའི་འགྲོ་དོན་འགྲུབ་པར་སྨོན་པའོ། ཅིག །དེ་ལྟར་ཆོས་ཐམས་ཅད་ཀྱི་ལམ་གྱི་རིམ་པའི་གནད་དོན་འགག་བསྡུས་སྨོན་


TR004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་བརྗོད་བྱར་བགྱིས་ཏེ་ཉམས་ལེན་གྱི་གསལ་འདེབས་དྲན་བསྐུལ་དུ་འགྱུར་བ་འདི་ཉིད། ལེགས་བྱས་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་དཔལ་མངོན་པར་རྒྱས་པའི་གཟི་འོད་ཀྱིས་བཀྲ་བ་སྐྱེས་ཆེན་ཀརྨ་མི་ཕམ་མགོན་པོའི་བཞེད་པ་ཡོངས་སུ་བསྐང་བའི་སླད་ཁོ་ནར་ཀུན་སྤངས་པའི་སྤྱོད་ལ་མངོན་པར་དགའ་བ་ཀརྨ་རིག་འཛིན་རྣམ་པར་རྒྱལ་བས་ཕུལ་བ་སིདྡྷར་སྡཾ།།།།། བསྐལ་བཟང་འདྲེན་པ་སྟོང་གི་གསེར་རིའི་དབུས། །ཐུགས་རྗེའི་མཐུ་སྟོབས་མངོན་འཕགས་ལྷུན་པའི་དབང་། །ཟས་གཙང་སྲས་ཀྱིས་རྒྱལ་ཚབ་ཐུ་བོ་རུ། །དབང་བསྐུར་ཟླ་འོད་གཞོན་ནུར་གྱུར་པ་ཉིད། །ལྔ་བདོའི་རྣམ་འགྱུར་དར་བའི་བསིལ་ལྡན་ཡུལ། །གང་འདིར་བསྟན་གཉིས་སྒྲོན་མ་སྦར་བའི་མགོན། །ལྷ་ལམ་ཁྱབ་པའི་དབུས་ན་སྒྲུན་བྲལ་ཉི། །འཛམ་གླིང་གྲགས་པའི་འོད་ཟེར་ཚར་ངར་གདུང་། །དྲི་མེད་སྒྲུབ་བརྒྱུད་བསྟན་སྲོགས་འཛིན་པའི་དཔལ། །ཆོས་ཉིད་ཇི་བཞིན་གཟིགས་པ་མངོན་གྱུར་གྱིས། །ཆོས་ཅན་ཇི་སྙེད་མེ་


TR004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀློང་གྲོལ་བའི། །འདྲེན་པ་མཆོག་ཁྱེད་བསྐལ་བརྒྱར་ཞབས་བརྟན་གསོལ། །རྒྱལ་དགོངས་གདོད་ནས་ཡོངས་དག་འགྱུར་མེད་གཤིས། །འཁོར་འདས་དུས་གསུམ་རོ་མཉམ་ཆེན་པོ་རུ། །འཚོ་ཞིང་གཞེས་ལས་ནམ་ཡང་མ་གཡོས་བཞིན། །གདུལ་བྱའི་སྣང་ངོར་དེ་བཞིན་བཞུགས་གསོལ་འདེབས། །མི་ཟད་ཐུགས་རྗེའི་གཏེར་མངའ་རྒྱལ་བའི་ཚོགས། །འཆི་མེད་རིག་འཛིན་གྲུབ་དབང་སྤྲུལ་འཁོར་བཅས། །བྱིན་རླབས་མཐུ་དང་ཆོས་ཉིད་བདེན་སྟོབས་ཀྱིས། །གསོལ་བ་བཏབ་པ་དོན་ལྡན་འགྲུབ་གྱུར་རིག །ཞེས་རྒྱལ་བའི་བསྟན་འཛིན་མཆོག་གི་སྐྱེས་ཆེན་རིག་པ་འཛིན་པ་ཆོས་དབྱིངས་ཀློང་གྲོལ་དཔལ་བཟང་པོའི་ཞབས་པད་བརྟན་པར་གསོལ་བ་གདབ་པ་འདི་ཉིད། སྣ་ཚོགས་རང་གྲོལ་གྱི་མིང་འཛིན་པའི་བྱ་བྲལ་བས། ལྷག་བསམ་རྣམ་པར་དཀར་བས་ཀུན་ནས་བླངས་ཏེ་ཕུལ་བ་དགེ་ལེགས་གོང་འཕེལ་དུ་གྱུར་རིག །རྒྱལ་ཀུན་ཐུགས་རྗེའི་ཟློས་གར་སྒྱུ་འཕྲུལ་ལས། །བུདྡྷ་ཛྙཱ་ན་རིག་འཛིན་ཨཱ་ནན་ཏན་


TR004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བསྲུང་མཛད་བསོད་ནམས་ཆོས་འཕེལ་མཚན། །སྐྱེས་ཆེན་ཕྲེང་བར་བརྒྱུད་པའི་མདོ་འཛིན་དུ། །དཔལ་ལྡན་དྭགས་བརྒྱུད་བསྟན་པའི་སྒྲོན་མེ་རུ། །སངས་རྒྱས་དངོས་བྱོན་རཏྣ་བཛྲ་ཉིད། །གདུལ་བྱའི་དད་ཚོར་མཁྱེན་བརྩེའི་ཟླ་སྣང་གི། །མཚན་དཔེར་བསྟན་མཛད་སྤྲུལ་པའི་སྐྱེས་མཆོག་གང་། །གསང་གསུམ་མི་ཟད་རྒྱན་འཁོར་གཡོ་མེད་བསྟན། །ཐོས་བསམ་སྒོམ་པའི་སྣང་བ་འགྲིབ་མེད་གསལ། །ཕན་བདེའི་ཕྲིན་ལས་འོད་བརྒྱས་ཡོངས་ཁྱབ་པར། །རྒྱལ་བ་སྲས་བཅས་རྣམས་ཀྱི་དགེ་ལེགས་སྩོལ། །འདི་ནི་དྭགས་ལྷ་སྒམ་པོར་ཞབས་དྲུང་མཐུ་སྟོབས་བསྟན་འཛིན་དབང་པོའི་སྡེར་ཕུལ་བའི་བརྟན་བཞུགས་ཆོས་དབྱིངས་འོད་གསལ་རྩེ་ནས་སོ། །བསླུ་མེད་སྐྱབས་གནས་དཀོན་མཆོག་ཀུན་འདུས་པ། །བླ་མ་མཆོག་གི་ཐུགས་རྗེས་གཟིགས་མཛོད་ལ། །རྣམ་དཀར་ཡིད་ཀྱི་སྨོན་ལམ་གང་བཏབ་པ། །གེགས་


TR004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་རྣམ་མཁྱེན་མ་ཐོབ་བར། །བླ་མ་མཆོག་གི་གདུལ་བྱར་འགྱུར་བར་ཤོག །མཚན་ཉིད་ཀུན་ལྡན་བླ་མ་སངས་རྒྱས་ལ། ཁ་ཞེ་མེད་པའི་མོས་གུས་བརྟན་པར་ཤོག །ལུས་དང་ལོངས་སྤྱོད་གཏན་གྱི་འདུན་མར་བཅས། །ལྟོས་མེད་བླ་མའི་དོན་དུ་སྟོང་ནུས་ཤོག །ཅི་མཛད་ལེགས་མཐོང་ཅི་གསུངས་ཚད་འཛིན། །དག་སྣང་ཟོལ་མེད་རྒྱུད་ལ་སྐྱེ་བར་ཤོག །འགལ་འཁྲུལ་ཉེས་ལྟུང་སྤུ་ཙམ་མི་གསོག་པར། །ཅི་བྱེད་བླ་མ་མཉེས་པ་ཉིད་འགྱུར་ཤོག །གདམ་ངག་ཟབ་མོ་གསུང་གི་བདུད་རྩི་ལ། །རྒྱུན་ཆད་མེད་པར་འཐུང་བའི་སྐལ་ལྡན་ཤོག །ཐོས་བསམ་སྒོམ་པའི་ཤེས་རབ་དྲི་མེད་ཀྱིས། །གང་གསུངས་ཆོས་ཀྱི་དགོངས་པ་ལོན་པར་ཤོག ཁ་ཚིག་གོ་ཡུལ་ཙམ་ལ་མི་འཇོག་པར། །གདམས་ངག་རྩེ་གཅིག་ཉམས་སུ་ལོན་པར་ཤོག །ཉམས་རྟོགས་


TR004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ལམ་རྟགས་ཚུལ་བཞིན་ཤར། །ས་ལམ་སྤངས་རྟོགས་མཐའ་རུ་ཕྱིན་པར་ཤོག །ནམ་ཡང་སྡིག་པའི་གྲོགས་ཀྱིས་མ་བསླུས་ཤིང་། །ཆོས་མཐུན་གྲགས་དང་མཐུན་རྐྱེན་འཛོམ་པར་ཤོག །འཇིག་རྟེན་རྣམ་གཡེང་གྲོང་ལ་མི་ཆགས་པར། །རྒྱལ་བས་བསྔགས་པས་རི་ཁྲོད་འགྲིམ་པར་ཤོག །དཀོར་ནག་ལོག་འཚོ་སྡིག་ཟས་ཤ་ཆང་ལ། །སྲེད་ཞེན་མེད་སོགས་དཀའ་ཐུབ་འཚོ་ནུས་ཤོག །ཆོས་བརྒྱད་ཚེ་འདིའི་བྱ་བྱེད་མི་སྒྲུབས་པར། །བྱ་བྲལ་དམན་ས་འཛིན་པས་དུས་འདའ་ཤོག །ཕུང་བྱེད་སྒྱུ་མའི་ནོར་རྫས་མི་གསོག་པར། །དགོས་མེད་ཞེན་ལོག་སྙིང་ནས་སྐྱེ་བར་ཤོག །སྐྱིད་འདོད་ལོངས་སྤྱོད་འདུ་འཛི་མི་བྱེད་པར། །གྲུབ་ཐོབ་བརྒྱུད་པའི་རྣམ་ཐར་འཁྱོངས་པར་ཤོག །དལ་འབྱོར་སྟོང་ཟད་གཡེང་བས་མི་འཁྱེར་བར། །ངེས་འབྱུང་མི་རྟག་འཆི་བ་དྲན་པར་ཤོག །ཉོན་མོངས་བག་ཆགས་ན་


TR004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རོང་མི་ལྡང་བར། །ཚུལ་ཁྲིམས་གཙང་མས་རང་རྒྱུད་དག་པར་ཤོག །བློ་ཆུང་དམན་པའི་ཞི་བདེ་མི་སྒྲུབས་པར། །དགེ་འདུན་མཁའ་ཁྱབ་འགྲོ་ལ་ཕན་ནུས་ཤོག །ཆོས་མིན་བསམ་སྤྱོད་སྐད་ཅིག་མི་བྱེད་པར། །སྒོ་གསུམ་ཆོས་ཀྱིས་ཉིན་མཚན་འདའ་བར་ཤོག །བླ་མ་མཆེད་གྲོགས་ཕ་མ་སེམས་ཅན་ལ། །དག་སྣང་ཕྱོགས་མེད་ཞབས་གཏོགས་འགྲུབ་པར་ཤོག །སྣོད་བཅུད་ཐམས་ཅད་གཟོད་ནས་དཀྱིལ་འཁོར་ལྷ། །ཡིན་ཚུལ་ཤེས་པས་དག་པ་རབ་འབྱམས་ཤོག །ཕུང་ཁམས་སྐྱེ་མཆེད་སྒོ་གསུམ་ཡེ་ཤེས་ཀྱི། །རྡོ་རྗེ་མི་ཟད་རྒྱན་གྱི་འཁོར་ལོར་ཤོག །ཚོགས་དྲུག་ཡུལ་སྣང་འཆར་སྒོ་མ་ལུས་ཀུན། །ཆོས་ཉིད་རྣམ་རོལ་ཆེན་པོར་གྲོལ་བར་ཤོག །ན་ཚ་རྐྱེན་ངན་ཟུག་རྔུ་ཅི་བྱུང་ཀྱང་། །བདེ་ཆེན་རང་རིག་ཀློང་དུ་གྲོལ་བར་ཤོག །དགྲ་གདོན་གནོད་བྱེད་རྣམ་འགྱུར་གང་ལ་ཡང་། །ཉམ་ང་བྲལ་ཞིང་བྱང་ཆུབ་སེམས་འབྱོང་ཤོག །


TR004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཆུ་གཡང་སོགས་འབྱུང་བའི་འཇིགས་པ་ལ། །བདེན་མེད་རྨི་ལམ་སྒྱུ་མར་ཤེས་པར་ཤོག །གཞན་གྱིས་ཚིག་རྩུབ་ངན་སྨྲས་ཅི་བྱས་ཀྱང་། །འཛིན་མེད་བྲག་ཆའི་སྒྲ་ལྟར་རྟོགས་པར་ཤོག །རྙེད་དང་བཀུར་བསྟི་འདོད་ཡོན་ཚོགས་རྣམས་ལའང་། །ཆགས་མེད་ཞེན་བྲལ་རེ་འདོད་སྤོང་བར་ཤོག །གང་དུ་གནས་ཀྱང་དམ་པའི་ཆོས་མ་གཏོགས། །འཇིག་རྟེན་འཁྲུལ་པའི་བྱ་བ་མི་བྱེད་ཤོག །སུ་དང་འགྲོགས་ཀྱང་དག་སྣང་འབྱོངས་གྱུར་ནས། །འཐབ་འཁྲུག་འཁོན་རྩོད་ལས་ངན་མི་གསོག་ཤོག །སྒོ་གསུམ་སྐྱེད་རྫོགས་དོན་ལས་མི་གཡེལ་བའི། །རྟག་པར་དྲན་དང་ཤེས་བཞིན་ལྡན་པར་ཤོག །ཉིན་སྣང་འཁྲུལ་མེད་དྲན་རིག་རྒྱུན་ཆགས་ཀྱིས། །གཉིད་དང་རྨི་ལམ་འཁྲུལ་ཕྱིར་མི་འབྲེང་ཤོག །ཚེ་འདི་ཆོས་ཀྱི་འདའ་བའི་ནུས་སྟོབས་ཀྱིས། །འཆི་ཁར་འགྱོད་འཚེར་


TR004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ང་མེད་པར་ཤོག །མཚམས་སྦྱོར་ངན་པའི་རྐྱེན་དབང་མི་འགྲོ་བར། །གདམས་པ་དྲན་ཞིང་གནད་གཅོད་མེད་པར་ཤོག །སྒྲ་འོད་ཟེར་དང་འཇིགས་སྐྲག་ཅི་ཤར་ཡང་། །རང་མདངས་ཡིན་པའི་གནད་དོན་རྟོགས་པར་ཤོག །བར་དོར་བླ་མའི་གདམས་ངག་དྲན་ནས་ཀྱང་། །ལམ་ལོག་འཁྲུལ་ཕྱིར་མི་འབྲང་གྲོལ་བར་ཤོག །རང་དོན་འགྱུར་མེད་ཆོས་སྐུའི་གཏན་སྲིད་ཟིན། །གཞན་དོན་གཟུགས་སྐུའི་རྣམ་འཕྲུལ་འགྱེད་པར་ཤོག །གང་འདུལ་སྤྲུལ་པ་ནམ་མཁའ་གར་ཁྱབ་ཏུ། །འགྲོ་ལ་ཕན་བདེའི་ཆར་རྒྱུན་འབེབས་པར་ཤོག །བདག་གིས་སྨོན་ལམ་འདི་ལྟར་གང་བཏབ་རྣམས། །མྱུར་འགྲུབ་མཁའ་མཉམ་འགྲོ་ཀུན་བྱང་ཆུབ་ཤོག །ཅེས་པ་འདི་ནི། སྨིན་གྲོལ་སྙིང་པོ་ལའོ། །རྒྱལ་བ་མ་ལུས་ཆོས་སྐུའི་ངང་ཉིད་དུ། །རོ་མཉམ་རིགས་འདུས་བླ་མ་གཅིག་པུའི་སྐུར། །གཟོད་མ་ཉིད་ནས་ལྷུན་གྱི་གྲུབ་པ་རུ། །ཡིན་


TR004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཇི་བཞིན་རྟོགས་པས་གསོལ་བ་འདེབས། །གཉིས་འཛིན་འཁྲུལ་པ་ཡངས་པར་བྱིན་གྱིས་རླབས། །ངར་འཛིན་འགོང་པོའི་བར་ཆད་མི་འབྱུང་ཞིང་། །ལོ་འདོད་ཆོས་བརྒྱད་གདོན་གྱིས་མི་སྐྱོད་པར། །རང་རིག་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །འདི་ནས་བཟུང་སྟེ་བླ་མེད་བྱང་ཆུབ་ལ། །མ་འཁོད་དེ་སྲིད་འཇིག་རྟེན་འཁོར་བའི་བློ། །རྡུལ་ཆ་ཕྲ་མོ་ཙམ་གྱིས་མ་གོས་པར། །རིན་ཆེན་བྱང་ཆུབ་སེམས་མཆོག་འབྱོངས་པར་ཤོག །ཆགས་སྡང་འཁྲུལ་པའི་རང་གཟུགས་དགྲ་གཉེན་ཞེས། །ལོག་རྟོག་སྒྱུ་མའི་མངོན་ཞེན་རྨི་ལམ་ལ། །བདེན་ཞེན་བྱིས་པའི་རྣམ་ཐར་མི་སྟོན་པར། །འགྲོ་ཀུན་ཕ་མར་ཤེས་པས་ཕན་སྒྲུབ་ཤོག །རང་སྐྱོན་རི་བོ་ཙམ་ཡང་མ་མཐོང་བཞིན། །གཞན་སྐྱོན་ཕྲ་མོའང་མཐོང་བའི་མིག་རྣོན་པོས། །དག་སྣང་


TR004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཚུལ་གོ་ལོག་བྱེད་པར། །སྣོད་བཅུད་རྒྱལ་བའི་ཞིང་དུ་རང་ཤར་ཤོག །རང་ལ་ཚིག་ངན་ཟུར་ཙམ་མི་བཟོད་ཀྱང་། །གཞན་དག་ཁྱད་གསོད་གནོད་འཚེ་སྒྲུབས་པ་ལ། །ཉམས་ང་སྤུ་ཙམ་མེད་པའི་སྙིང་ཁམས་གི། །བློ་གདེངས་རྒྱུད་ལ་འབྱུང་བ་མེད་པར་ཤོག །བླ་མ་སངས་རྒྱས་ཉིད་དུ་མ་མཐོང་བས། །རང་ལ་མཉེས་དང་མི་མཉེས་ཚད་བཟུང་མཁན། །བློ་རིངས་མར་ཁོག་སྣུམ་གྱིས་མི་ཐུལ་ལྟར། །དེ་འདྲའི་དྲི་མ་ནམ་ཡང་མི་འབྱུང་ཤོག །དམ་ཆོས་ཟབ་དགུའི་རྒྱ་མཚོ་བཏུངས་གྱུར་ཀྱང་། །ཆོས་དང་རང་རྒྱུད་ཐ་དད་ཡ་བྲལ་བས། །འཆི་ཁར་གདམས་ངག་དེས་ལ་མ་ལུས་པར། །ཐོས་དོན་རྒྱུད་ལ་འབྱོར་བས་སྨིན་གྲོལ་ཤོག །རང་སེམས་ཆོས་ཀྱི་མ་ཐུལ་ཐ་མལ་དུ། །དུག་ལྔའི་རྦ་ཀློང་དྲག་པོར་འཁྲུག་ན་ཡང་། །གཞན་ལ་ཆོས་བཤད་དབང་བསྐུར་བྱེད་རློམས་ཀྱིས། །རང་གཞན་


TR004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བེམ་སྦྲེལ་གཡང་ལ་མི་མཆོང་ཤོག །བླ་མའི་བྱིན་རླབས་སློབ་མའི་མོས་གུས་དང་། ཁམས་དང་བསམ་པ་རྒྱུད་ཚོད་ཤེས་པ་སོགས། །རྡུལ་ཙམ་མེད་བཞིན་འགྲོ་དོན་མིང་བཏགས་པའི། །ཟང་ཟིང་སྡུད་པའི་གཡེང་བ་མི་བྱེད་ཤོག །དབེན་པར་སྒྲུབ་ལ་འབད་པའི་བློ་ཡོད་ཀྱང་། །མཁའ་ཁྱབ་འགྲོ་ཕན་སླད་དུ་རྫོགས་བྱང་དོན། །མི་གཉེར་ཚེ་འདིའི་འདོད་པ་སྣ་ཚོགས་ཕྱིར། །ལས་མཐའ་ཕན་གནོད་སྒྲུབ་པར་མི་བྱེད་ཤོག །གལ་ཏེ་ཕྱོགས་མེད་རྒྱལ་ཁམས་འཕྱོ་ན་ཡང་། །བདག་འཛིན་ཁོང་སྐྲན་རྩད་ནས་མ་ཞིག་པར། །ཕྱི་རོལ་ཐོ་ཆོ་བཅོས་མའི་བརྟུལ་ཞུགས་ཀྱིས། །སྡོམ་གསུམ་ས་ལ་བསྐུར་བར་མི་བྱེད་ཤོག །རང་ལུས་ཚེར་མས་ཟུག་པའང་མི་བཟོདབཞིན། ཁ་ལྟ་སྟོང་པའི་རྦད་ཁམ་འབྲུག་ལྡིར་བས། །ཆོས་དང་བླ་མའི་ཞབས་འདྲེན་མི་བྱེད་པར། །བག་ཡོད་རྒྱུ་འབྲས་


TR004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་ལམ་ལྷོངས་ཤོག །སྐྱིད་སྡུག་གང་བྱུང་བླ་མ་དཀོན་མཆོག་གི། །ཐུགས་རྗེར་མ་ཤེས་རྐྱེན་ངན་ཅུང་ཟད་ལའང་། །ཁྱི་རྒན་ལག་པ་ཆག་པའི་འོ་དོད་ལྟར། །མི་འབོད་སྡུག་བསྔལ་རོ་སྙོམས་ནུས་པར་ཤོག །ཕན་བྱེད་ལྷ་དང་གནོད་བྱེད་འདྲེ་ཞེས་པ། །ཀུན་རྫོབ་འཁྲུལ་པའི་ངོ་ལ་སྣང་མོད་ཀྱང་། །རང་རིག་ཆོས་ཉིད་དབྱིངས་ལ་བདེན་དངོས་མེད། །སྒོམ་ཆེན་འཁྲུལ་རྗེས་འབྲེང་བར་མི་བྱེད་ཤོག །གསང་སྔགས་ཉེ་ལམ་ཆོས་ཀུན་སྙིང་པོའི་སྙིང་། །བུམ་དབང་ཐོབ་པས་སྣོད་བཅུད་དཀྱིལ་འཁོར་ཤར། །གསང་དབང་འབྱུང་འཇུག་གནས་བརྗོད་མཐའ་དག་སྔགས། །ཤེར་དབང་རྟོག་ཚོགས་ལྷན་སྐྱེས་བདེར་གྲོལ་ཤོག །ཐེག་པའི་རྩེ་རྒྱལ་རྫོགས་པ་ཆེན་པོའི་ལམ། །ཚིག་དབང་རིན་ཆེན་རིག་པའི་རྩལ་དབང་དོན། །བསྒོམ་དུ་མེད་ལ་ཡེངས་པ་སྐད་ཅིག་བྲལ། །བཟོ་མེད་ལྷུག་པའི་བསམ་གཏན་གདེངས་ཐོབ་ཤོག །ཆོས་ཉིད་མངོན་སུམ་རང་ཞལ་


TR004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྗེན་པར་མཐོང་། །ཉམས་སྣང་གོང་འཕེལ་ས་བཅུ་ལམ་ལྔ་བགྲོད། །རིག་པ་ཚད་ཕེབས་ལོངས་སྐུའི་ཞིང་ཁམས་ཟིན། །ཆོས་ཅན་ཆོས་ཉིད་ཀློང་དུ་ཟད་པར་ཤོག །དེ་མཐུས་འཁྲུལ་པའི་ཡུལ་དང་ཡུལ་ཅན་གྱི། །སྤྲོས་པའི་མཚན་གཞི་དངོས་པོར་མི་གནས་ཀྱང་། །སྨོན་ལམ་ཐུགས་རྗེ་མཐུན་པའི་རྟེན་འབྲེལ་གྱིས། །གཞན་དོན་ནམ་མཁའི་མཁའ་མཉམ་འབྱུང་བར་ཤོག །དྲིན་ཅན་བླ་མ་དཀོན་མཆོག་ཐུགས་རྗེའི་མཐུ། །ཡི་དམ་མཁའ་འགྲོ་ཆོས་སྲུང་ནུས་པའི་སྟོབས། །དོན་དམ་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། །བདག་གི་སྨོན་ལམ་འདི་བཞིན་འགྲུབ་པར་ཤོག །ཞེས་པ་འདི་ནི། རྣལ་འབྱོར་པ་ཨཱ་ཡུ་སྡུ་ཏྲ་ཞེས་ཉེ་བར་བསྐུལ་ངོར་བཀོད་པ་དགེའོ། ཨོཾ་སྭ་སྟི། མཐའ་ཡས་ཞིང་ཁམས་རྒྱ་མཚོའི་སངས་རྒྱས་དང་། །ལེགས་གསུངས་བདེན་གཉིས་ཟུང་འཇུག་དམ་པའི་ཆོས། །དེ་འཛིན་འཕགས་པའི་དགེ་འདུན་ཚོགས་བཅས་ཀྱི། །ཆོས་ཉིད་


TR004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པས་དེང་འདིར་བདེ་ལེགས་སྩོལ། །བཀའ་རྒྱུད་བླ་མ་རྒྱལ་བ་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྲུང་མཐུ་སྟོབས་བདག །དཀར་སྐྱོང་གཞི་བདག་ལྷ་ཀླུར་བཅས་ཀུན་གྱིས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཆར་རྒྱུན་ཕོབ། །ཕྱོགས་བཅུ་ནམ་མཁའ་གར་ཁྱབ་འཇིག་རྟེན་ཀུན། །བདེ་དགེ་བཀྲ་ཤིས་འབྱོར་པས་གང་བར་ཤོག །མི་དགེ་ཉེར་འཚེའི་མཚན་མ་ཇི་སྙེད་དག །གང་དུ་ནམ་ཡང་འབྱུང་བ་མེད་པར་ཤོག །རྒྱལ་བསྟན་དྲི་མེད་མདོ་སྔགས་ལུང་རྟོགས་ཀྱི། །ཉི་ཟླ་གདུལ་བྱའི་ཡིད་མཁར་གསལ་བར་ཤོག །བསྟན་འགྲོའི་སྒྲོན་མ་སྐྱེས་ཆེན་དམ་པ་རྣམས། །སྐུ་ཚེ་ཕྲིན་ལས་ཆོས་འབྱོར་འཕེལ་བར་ཤོག །བཤད་སྒྲུབ་བསྟན་པ་འཛིན་པའི་འདུས་སྡེ་ཀུན། །ཐུགས་མཐུན་ཐོས་བསམ་སྒོམ་པས་དུས་འདའ་ཤོག །མ་རུངས་བདུད་ཀྱི་སྤྲུལ་པའི་མཐུ་སྟོབས་ཀུན། །དཀོན་མཆོག་བདེན་པའི་སྟོབས་ཀྱིས་ཐུལ་བར་ཤོག །འབྱུང་པོའི་ཁ་རླངས་ནད་ཡམས་འཁྲུག་རྩོད་


TR004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སད་སེར་ཕྱུགས་ནད་མུ་གེ་ཀུན་ཞི་ཤོག །འབྱུང་བ་གཡོ་འཁྲུག་གནོད་འཚེ་མི་འབྱུང་ཞིང་། །སྐྱེ་འགྲོ་བདེ་སྐྱིད་དམ་ཆོས་སྤྱོད་པར་ཤོག །རྒྱལ་བས་ལུང་བསྟན་དཔལ་གྱི་ཤཱནྟིའི་གནས། །བསྟན་པའི་རྒྱལ་མཚན་མི་ནུབ་རྟག་བརྟན་ཤོག །འགྲོ་བའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ། །ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག །དེ་ཡི་བཀའ་བཞིན་བསྒྲུབ་པའི་སློབ་འབངས་རྣམས། །དམ་ཚིག་གཙང་ཞིང་ཆོས་སྤྱོད་གོང་འཕེལ་ཤོག །སྦྱིན་བདག་རྣམས་ཀྱང་བསྟན་ལ་གུས་བྱེད་ཅིང་། །བར་ཆད་མེད་པར་བསམ་དོན་འགྲུབ་པར་ཤོག །བདག་སོགས་སྐྱེ་བ་འདི་ནས་ཚེ་རབས་ཀུན། །བསྟན་འགྲོའི་ཕན་བདེ་སྩོལ་བའི་ནོར་བུར་ཤོག །རང་དོན་ཞི་བདེ་ལོག་འཚོ་མི་སྒྲུབ་པར། །རྒྱལ་བའི་ཕྲིན་ལས་རླབས་ཆེན་སྤྱོད་པར་ཤོག །ལྷག་བསམ་དག་པས་


TR004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་འདི་བཏབས་མཐུས། །འགྲོ་ཀུན་བླ་མེད་རྫོགས་བྱང་ཐོབ་པར་ཤོག །མངྒ་ལཾ། འདི་ནི་གུ་རུ་རིན་པོ་ཆེའི་ལུང་བསྟན་བཞིན་བོད་ཁམས་བདེ་བའི་རྟེན་འབྲེལ་དུ་གདར་གྱི་རི་བོར་དར་ཕན་ལ་བདེན་ཚིག་སྨོན་ལམ་དུ་བསྟར་བའོ། འདི་དང་མཚུངས་པ་གནས་ཆེན་དཔལ་གྱི་ཙཱ་རི་ཏྲའི་ས་གནས་ཀྱི་སྙིང་པོ་རྣམས་སུ་ཡང་བདེན་སྟོབས་ཀྱི་དར་འཕན་དང་མཚོ་མཆོད་ཀྱི་ནང་དུ་ཤིན་ཏུ་མང་བར་བྲིས་ཀྱང་བཤུ་བར་མ་ནུས་སོ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་བདག །མཉམ་མེད་བླ་མ་མཆོག་གི་ཞབས་པད་ལ། །འདི་བཟུང་མཐར་ཐུག་བྱང་ཆུབ་སྙིང་པོའི་བར། །སྐྱབས་སུ་སྙིང་ནས་མཆི་ཞིང་གསོལ་བ་འདེབས། །དམིགས་མེད་ཐུགས་རྗེའི་སྤྱན་གྱིས་རྟག་གཟིགས་ནས། །སྐྱེ་བ་འདི་བཟུང་ཚེ་རབས་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་གྱིས་ལེགས་བརྒྱན་པའི། །རྟེན་བཟང་ཐོབ་ནས་བསྟན་ལ་འཇུག་པ་དང་། །བླ་མ་མཚན་ལྡན་གདམ་ངག་བདུད་རྩིའི་བཅུད། །བདག་གི་བསྐལ་བའི་བསོད་ནམས་ལེགས་འཛོམ་སྟེ། །


TR004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་བརྩོན་པའི་མཐུ་དང་བྱིན་རླབས་སྟོབས། །རྨད་བྱུང་ཚེ་གཅིག་སངས་རྒྱས་འགྲུབ་གྱུར་ཅིག །སྐུ་གསུམ་གོ་འཕངས་མཆོག་མཐར་ཕྱིན་ནས་ཀྱང་། །བསམ་ཡས་ཕྲིན་ལས་རྒྱ་མཚོའི་ཟློས་གར་གྱིས། །མཁའ་ཁྱབ་འགྲོ་ལ་གང་འདུལ་འདོད་སྟེར་འཕྲུལ། །འཁོར་བའི་མཐའ་མཉམ་ཉིད་དུ་འབྱུང་བར་ཤོག །བླ་མ་རྒྱལ་བ་རྒྱ་མཚོ་སྤྲུལ་འཁོར་བཅས། །ཐུགས་རྗེའི་ནུས་པས་བདག་གི་སྨོན་ལམ་ཀུན། །གེགས་མེད་མྱུར་འགྲུབ་བར་ཆད་ཀུན་ཞི་ཞིང་། །ཆོས་དང་བཀྲ་ཤིས་དགེ་ལེགས་འཕེལ་བར་ཤོག །གསོལ་དཔོན་རིན་བཟང་པ། །སྐནྡ་རཏྣ་བྷ་དྲའི་མཚན་འཆང་བས། །བཀའ་སྩོལ་དགོངས་བཞེད་བསྐང་ཕྱིར་འདི་ཕུལ་བར། །ཁྱེད་ཐུགས་དགྱེས་ནུས་བདག་འདྲས་མི་ཤེས་ཀྱང་། །རབ་དཀར་ལྷག་བསམ་རྟེན་འབྲེལ་བཟང་བར་འཁུམས། །གང་ཁྱེད་མཚུངས་བྲལ་རྒྱལ་མཆོག་དེ་ལྟ་བུའི། །ཞབས་པད་སྤྱི་བོར་བསྟེན་པའི་སྐལ་བཟང་དེ། །སྟོང་གསུམ་ནོར་བུས་བཀང་ཐོབ་དོ་ཟླ་


TR004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །ཅི་མཛད་ལེགས་མཐོང་ཅི་གསུངས་བཀའ་བསྒྲུབ་པས། །དམ་ཚིག་གཙང་མ་རང་སེམས་དཔང་གཟུགས་གིས། །མི་ཚེ་ལེགས་པར་འཁྱོལ་བའི་ཞབས་གཏོགས་མཛོད། །ཁྱེད་ཀྱི་གཏན་འདུན་དེ་ཀས་འགྲུབ་པ་ལགས། །དེ་ལས་གཞན་པའི་འཕྲལ་ཕུགས་འདི་དང་འདིའི། །བརྟག་གསལ་ལུང་བསྟན་འབུལ་རྒྱུ་བདག་ལ་མེད། །དུས་གསུམ་སྒྲིབ་མེད་མཁྱེན་གཟིགས་དེར་བཞག་ནས། །བས་མཐའི་རྨོངས་རྒན་བདག་འདྲར་ཅི་ཞིག་འདྲི། ཞེས་བྱིན་རླབས་དམ་རྫས་བདུད་རྩི་སྨན་གྲུབ་ཁུང་བཙུན་ཐུམ་བུ་ལ་རྒྱ་ཞུས་ཕུལ་བ་ལ་རྩིས་བཞེས་ཞུ་ཞིང་། ཁ་ཐག་གནང་བ་འདི་པ་དར་ཅོག་ཏུ་བགྱིས་ཡོད་པ་ཡང་། དབྱིངས་བཞུགས་འཚལ། ཟླ་༡༡ཚེས་༡༥དགེ་བར། མཐའ་འཁོབས་ཀྱི་མཚམས་མལ་ནས་ཕུལ་བ་དགེ། །འཁོར་འདས་ལམ་གསུམ་དགེ་བའི་ཚོགས། །བདག་གིས་བསགས་དང་གསོག་འགྱུར་བའི། །དུག་མེད་བསྔོ་བའི་རྒྱུར་གྱུར་ཀུན། །སེམས་ཅན་སངས་རྒྱས་ཐོབ་རྒྱུར་བསྔོ། །སྐྱོན་བྲལ་ཡོན་ཏན་མཆོག་མངའ་བའི། །བླ་མ་ཡིད་བཞིན་ནོར་བུ་ཉིད། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །


TR004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་གཙུག་ཏུ་བསྟེན་པར་ཤོག །བརྒྱད་ཁྲི་བཞི་སྟོང་ཆོས་ཀུན་གྱི། །སྙིང་པོའི་ཡང་ཞུན་ཕྱག་རྒྱ་ཆེ། །ཐབས་ཤེས་ཟུང་འཇུག་ཉམས་ལེན་ལ། །བརྩོན་པས་འབྲས་བུ་མངོན་གྱུར་ཤོག །རྟེན་འབྲེལ་རྒྱུ་འབྲས་དམ་ཚིག་སྡོམ། །ཉེས་མེད་ཕུན་ཚོགས་མཐར་ཕྱིན་ཞིང་། །ཆོས་ཕྱིར་དཀའ་བཟོད་རྒྱུད་སྨིན་གྲོལ། །ས་ལམ་ཡོན་ཏན་ཡོངས་རྫོགས་ཤོག །ལོག་ལམ་བདུད་ཀྱིས་མི་བསྐྱོད་ཅིང་། །བླ་མའི་བྱིན་གྱིས་རྟག་རློབས་པའི། །སྐལ་པ་བཟང་པོར་བདག་གྱུར་ནས། །འགྲོ་བའི་དོན་རྣམས་འགྲུབ་པར་ཤོག །ཅེས་པའི་སྨོན་ལམ་འདི་ཡང་ཡེ་ཤེས་རབ་གསལ་ལའོ། །གང་ལ་བརྟེན་ན་ཐུགས་རྗེ་མཆོག་མངའ་བའི། །སྐྱབས་གནས་དཀོན་མཆོག་ཀུན་འདུས་བླ་མ་རྗེ། །སྤྲུལ་དང་ཡང་སྤྲུལ་བཅས་པའི་བདེན་སྟོབས་ཀྱིས། །སྨོན་ལམ་གེགས་མེད་འགྲུབ་པར་མཛད་དུ་གསོལ། །


TR004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དེང་བཟུང་སྐྱེ་བའི་ཕྲེང་བ་ཇི་སྙེད་པར། །མཐོ་རིས་ཡོན་ཏན་བདུན་ལྡན་དལ་འབྱོར་ལུས། །བསླབ་གསུམ་རིན་ཆེན་རྒྱན་དང་རིམ་གཉིས་ཀྱི། །གཙུག་རྒྱན་མངོན་པར་མཐོ་བས་འབྱོར་གྱུར་ཅིག །མང་ཐོས་ཁེངས་སེམས་བྲལ་བས་དུས་ལྡན་དང་། །ལེགས་བསམ་དྲི་མ་མེད་པའི་བློ་གྲོས་ལྡན། །དོན་སྒོམས་རྒྱུད་ལ་འབྱོར་བའི་ཉམས་རྟོགས་བཅས། །ཤེས་རབ་གསུམ་གྱིས་ཆོས་མིག་ཐོབ་གྱུར་ཅིག །ཞེན་མེད་ལོག་འཚོ་བྲལ་བའི་འབྱོར་པས་ཕྱུག །གཏོང་ལ་ཡང་དག་གོམས་པས་ཚོགས་ཆེན་རྫོགས། །རང་འདོད་མངོན་རློམ་སྤངས་པའི་གཞན་ཕན་གྱིས། །སེམས་དཔའ་མཆོག་གི་རྣམ་ཐར་འགྲུབ་གྱུར་ཅིག །སྐྱབས་ཀུན་ངོ་བོ་གཅིག་འདུས་བླ་མ་ལ། ཁ་ཞེ་ཐ་དད་མིན་པའི་མོས་གུས་ཀྱིས། །ལུས་སྲོག་ལོངས་སྤྱོད་ལྟོས་མེད་ཞབས་ཏོགས་དང་། །སྒྲུབ་པས་མཉེས་པ་མཐའ་རུ་ཕྱིན་གྱུར་ཅིག །


TR004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་དང་འགལ་བའི་བར་ཆད་ཚོགས། །ཡུལ་དུས་གནས་སྐབས་གང་དུའང་མི་འབྱུང་ཞིང་། །རྣམ་དཀར་དགེ་བའི་མཐུན་རྐྱེན་ཇི་སྙེད་ཀུན། །སྲིད་ཞིའི་ཁྱོན་མཉམ་འབད་མེད་འབྱུང་གྱུར་ཅིག །བདག་སོགས་མཁའ་མཉམ་འགྲོ་བ་བྱང་ཆུབ་ལམ། །མ་འཁོད་དེ་སྲིད་རྗེ་བཙུན་བླ་མ་ཡི། །སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་རྨད་བྱུང་གི། །ཐུགས་རྗེའི་ཟློས་གར་རྒྱུན་ཆད་མེད་གྱུར་ཅིག །ནམ་མཁའི་མཐའ་ཁྱབ་འགྲོ་བའི་ཁམས་རྒྱ་མཚོ། །མ་ཟད་དེ་སྲིད་བདག་གི་ལྷག་བསམ་གྱི། །སྨོན་ལམ་ནུས་པའི་ཕྲིན་ལས་མི་ཟད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་སར་འགོད་ཤོག །དུས་གསུམ་བདེར་གཤེགས་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྲུང་བྱིན་རླབས་ནུས་མཐུ་དང་། །ཆོས་ཉིད་དོན་དམ་བདེན་པའི་སྟོབས་ཆེན་པོས། །སྨོན་ལམ་ཐོག་པ་མེད་འགྲུབ་བཀྲ་ཤིས་ཤོག །ཅེས་པ་འདི་ནི། རིགས་རུས་འབྱོར་པའི་དཔལ་གྱི་མངོན་པར་མཐོ་བ་ལས་ཀྱང་དམ་པའི་ཆོས་ལ་མི་ཕྱེད་པའི་དད་པ་དང་མི་མཉམ་


TR004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྩོན་པ་ཅན། ཡང་དག་པའི་ཡོན་ཏན་ངེས་པར་ལེགས་པའི་དཔལ་གྱིས་ཕྱུག་པར་གྱུར་པ། ཤར་སྤུ་བོ་ཀ་ནམ་ནས་སྐུ་མདུན་དབོན་མོའི་དྲུང་གི་བཀའ་བསྐུལ་བ་བཞིན། ཆོས་དབྱིངས་འོད་གསལ་རྩེ་མོའི་སྒོམ་ཁང་དུ་བྲིས་ཏེ་ཕུལ་བ་ཨི་ཐཱི། རྒྱལ་ཀུན་ཡེ་ཤེས་ཐུགས་རྗེ་གཅིག་བཟླུམ་པ། །པད་འབྱུང་འཛམ་གླིང་གྲགས་དང་རཏྣའི་ཞབས། །འཇའ་ཚོན་བཟང་པོ་རྡོ་རྗེ་ལེགས་གྲུབ་རྩལ། །སྐྱབས་གནས་བསླུ་མེད་ཐུགས་རྗེ་ནུས་མཐུ་ཡིས། །འདི་བཟུང་སྐྱེ་བའི་ལུས་རྒྱུད་ཇི་སྙེད་པར། །ཆོས་ཀུན་སྙིང་པོ་ཕྱག་རྒྱ་ཆེན་པོ་དང་། །དམ་ཆོས་འདུལ་བའི་ཀུན་སྤྱོད་ཟུང་འཇུག་ཉིད། །རང་བློའི་ཐ་རྒོད་འདུལ་སྦྱོང་ཐོག་ཏུ་འཁེལ། །ལྟ་སྤྱོད་རྣམ་དག་འབྲེལ་བས་བསྟན་སྲོག་ཟིན། །སྨོན་ལམ་བྱང་སེམས་ནུས་པས་འགྲོ་དོན་འགྲུབ། །དྲི་མེད་རྒྱལ་སྲས་སྤྱོད་པ་རླབས་ཆེན་ལ། །རང་གཞན་བདེ་བླག་འཁོད་པ་ཉིད་གྱུར་ཅིག །ཅེས་པ་འདི་ནི། རྒྱལ་སྲས་རིག་པ་འཛིན་པ་ཆེན་


TR004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆོས་དབྱིངས་ཀློང་གྲོལ་གྱི་བཞེད་པ་ལྟར་བྲིས་པའོ། །པྲ་ཎི་དྷཱ་ན་སིདྡྷནྟུ། །གདོད་མའི་གཞི་ལ་འཁོར་འདས་ལམ་གསུམ་གྱི། །དམིགས་མཚན་བྲལ་ཡང་ཀུན་བརྟག་འཁྲུལ་བློ་ཡི། །སྣང་ངོར་ལམ་གྱི་ཆོས་ཚུལ་ཇི་སྙེད་པའི། །སྨོན་ལམ་བཏབ་འདི་དོན་དུ་འགྱུར་བར་ཤོག །རྡོ་རྗེ་ཐེག་པའི་ལམ་ཟབ་སྙིང་པོ་ཀུན། །སྒོ་གསུམ་རྡོ་རྗེ་གསུམ་དུ་ཉེར་གནས་པ། །མངོན་དུ་འགྱུར་བྱེད་ཐབས་མང་རྒྱ་ཆེ་བའི། །གནད་དོན་མ་ནོར་ལམ་དུ་ལྷོངས་པར་ཤོག ཁམས་དྲུག་ལྡན་པའི་དལ་འབྱོར་རིན་ཆེན་ལུས། །རྩ་གསུམ་འཁོར་ལོ་བཞི་ཡི་རྟེན་གནས་ལ། །རླུང་དང་ཐིག་ལེའི་འདུ་འགོད་སྤྲོ་བསྡུ་ཡིས། །རྣམ་སྨིན་མ་དག་ཕུང་པོ་དག་བྱེད་ཤོག །བརྡ་ཡི་གཏུམ་མོ་ཨ་ཤད་རབ་འབར་བ། །དོན་གྱི་གཏུམ་མོ་བདེ་གསལ་མི་རྟོག་པ། །རྟགས་ཀྱི་གཏུམ་མོ་ཤེར་ཕྱིན་རྣལ་འབྱོར་མ། །དབྱེར་མེད་ལས་


TR004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་བག་ཆགས་བསྲེག་ནུས་ཤོག །འཁོར་འདས་མཐའ་དག་སྒྱུ་མའི་རོལ་པ་ལ། །རྟག་བརྟན་བདེན་པར་བཟུང་བའི་ཞེན་བློ་འདིས། །ཐོག་མེད་ད་བར་འཁྲུལ་པའི་རྒྱུ་རྐྱེན་བྱས། །ད་ནས་ཅིར་སྣང་སྒྱུ་མར་ཤར་གྲོལ་ཤོག །འབྱུང་བ་ལས་གྲུབ་སྣོད་ཀྱི་འཇིག་རྟེན་དང་། ཁམས་ལྔས་བསྐྱེད་པའི་བཅུད་ཀྱི་སྐྱེ་འགྲོ་སོགས། །བདག་གཞན་མ་དག་སྒྱུ་མའི་དངོས་འཛིན་ཀུན། །དག་པ་ཡེ་ཤེས་སྒྱུ་མར་རང་གྲོལ་ཤོག །ཚོགས་དྲུག་སྒྱུ་མའི་ཆོ་འཕྲུལ་སྣ་ཚོགས་ལ། །ཆགས་སྡང་སྤོང་ལེན་བྱིས་པའི་རྩེད་མོ་ལྟར། །མི་བདེན་བདེན་པར་འཛིན་འདི་ཞིག་ནས་ཀྱང་། །མ་དག་སྒྱུ་ལུས་འཆིང་བ་ཀུན་གྲོལ་ཤོག །གཟུགས་སྣང་ལྷ་དང་གྲག་པའི་སྒྲ་རྣམས་སྔགས། །དྲན་རྟོག་ཡེ་ཤེས་འཁོར་ལོར་ལྷུན་གྲུབ་པས། །དངོས་དང་དངོས་མིན་མཐའ་ལས་ཡོངས་གྲོལ་བའི། །དག་པའི་སྒྱུ་ལུས་བརྟན་པ་ཐོབ་པར་ཤོག །ལོངས་སྤྱོད་འཁོར་ལོར་ལས་རླུང་ཆོ་འཕྲུལ་


TR004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །འཁྲུལ་འཁོར་ཅིར་ཡང་ཤར་ལ་རྨི་ལམ་ཞེས། །ཉིང་འཁྲུལ་དེ་ལ་བཟང་ངན་རྟགས་བཟུང་བའི། །ཅོལ་ཆུང་བྱིས་པའི་རྣམ་ཐར་མི་སྟོན་ཤོག །མི་ཚེའི་ཕྱེད་ནི་གཏི་མུག་གཉིད་དབང་འགྲོ། །དེ་ལ་གདམས་པའི་གནད་མེད་འཁྲུལ་འབྱམས་ངང་། །དལ་འབྱོར་སྟོང་ཟད་བཏང་བའི་བློ་དྲེད་པོ། །ད་ནས་གདམས་པའི་གནད་ལ་འཇུག་བྱེད་ཤོག །རྨི་ལམ་རྨི་ལམ་དུ་ཤེས་བཟུང་གནད་དང་། །ཡི་དམ་ལྷར་སྤྲུལ་གཅིག་ལས་མང་པོར་བསྒྱུར། །ཞིང་ཁམས་བགྲོད་དང་གདུལ་བྱའི་དོན་བྱེད་སོགས། །སྤྲུལ་བསྒྱུར་སྦྱོང་སྤེལ་རང་དབང་ཐོབ་པར་ཤོག །གཉིད་ཀྱི་རྨི་ལམ་དབྱིངས་སུ་ནུབ་པ་དང་། །རྨི་ལམ་ཆེན་པོ་འདི་སྣང་འཁྲུལ་པ་ཞི། །དུས་མཐའི་རྨི་ལམ་བར་དོའི་འཁྲུལ་རྒྱུན་ཆད། །རྨི་ལམ་རྣམ་གསུམ་འཁྲུལ་པ་རྩད་ཆོད་ཤོག །གདོད་ནས་དག་པའི་གནས་ལུགས་འོད་


TR004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཆེ། །འཇག་མིག་སྲིན་བུ་ཡན་གྱི་འགྲོ་ཀུན་ལ། །ཁྱབ་ཀྱང་རང་ངོ་མ་ཤེས་ལྷན་སྐྱེས་ཀྱི། །མི་ཤེས་དྲི་མ་དབྱིངས་སུ་ཞི་བར་ཤོག །གཞི་ཡི་འོད་གསལ་མངོན་དུ་བྱས་པའི་ཕྱིར། །ལམ་གྱི་འོད་གསལ་སྒྲུབ་པའི་ཐབས་གདན་ལ། །རབ་བརྩོན་འབྲས་བུའི་འོད་གསལ་ཆོས་ཀྱི་སྐུ། །རང་ལ་བཞུགས་པའི་རང་ཞལ་མཐོང་བར་ཤོག །ཉམས་ཀྱི་འོད་གསལ་ཕྲ་རག་འཆར་སྒོ་ལ། །ཞེན་རློམ་ཁེངས་སེམས་ཆོག་པར་འཛིན་སྤོང་ཞིང་། །རྟོགས་པ་དོན་གྱི་འོད་གསལ་དྲི་བྲལ་ཉིད། །རང་གསལ་རང་རིག་ཆེན་པོར་གདེངས་ཐོབ་ཤོག །རྟགས་ཀྱི་འོད་གསལ་སྣང་བཞི་མཐར་ཕྱིན་ནས། །བརྡ་ཡི་འོད་གསལ་དག་པ་རབ་འབྱམས་ཤར། །དོན་གྱི་འོད་གསལ་འཆར་ནུབ་སྤྲོས་དང་བྲལ། །ཟུང་འཇུག་ཆེན་པོའི་ཀློང་དུ་གྲོལ་བར་ཤོག །ཐོག་མའི་གཞི་ནས་མཐར་ཐུག་བྱང་ཆུབ་བར། །


TR004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་བར་དོར་མ་གྱུར་འགའ་མེད་ཀྱང་། །བར་མ་དོ་ཞེས་ངན་པར་བཟུང་བའི་བློ། །ལོག་པར་རྟོག་པའི་མདུད་བརྒྱ་གཏན་གྲོལ་ཤོག །སྐྱེ་ཤི་བར་དོར་རྟག་འཛིན་ཞེན་པ་ཆོད། །རྨི་ལམ་བར་དོར་ཉིང་འཁྲུལ་མགོ་འཁོར་སངས། །འཆི་ཁ་བར་དོར་གནད་གཅོད་ཟུག་རྔུ་བྲལ། །ཆོས་ཉིད་འོད་གསལ་གཞི་ལ་གྲོལ་བར་ཤོག །གོམས་སྟོབས་ཆུང་བས་དུས་དེར་མ་གྲོལ་ཀྱང་། །རང་སྣང་སྒྲ་འོད་ཟེར་ལ་མི་སྐྲག་པར། །ཞི་ཁྲོའི་ལྷ་དང་དེ་ཡང་རང་རིག་གི། །རང་རྩལ་ཡེ་ཤེས་ཡིན་པར་རྟོགས་གྲོལ་ཤོག །གལ་ཏེ་བག་ཆགས་ཚན་ཆེ་ཤུགས་དྲག་པས། །སྲིད་པ་ལས་ཀྱི་བར་དོ་འཆར་བ་ན། །མ་ངེས་རྟགས་དྲུག་དགྲ་བཞི་གཡང་ས་གསུམ། །ཀུན་གྲོལ་སྐྱེ་འཇུག་རང་དབང་ཐོབ་པར་ཤོག །གང་ཞིག་ཚེ་འདིར་གཡེང་བའི་དབང་སོང་ནས། །ཟབ་དོན་ཉམས་ལེན་ནུས་སྟོབས་དང་


TR004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ན། །སྡིག་ཅན་སང་ལམ་བརྩན་ཐབས་བགྲོད་ནུས་པའི། །ཟབ་ལམ་འཕོ་བའི་རྟེན་འབྲེལ་འཛོམ་པར་ཤོག །འཕོ་བྱ་འཕོ་བྱེད་བྲལ་བ་ཆོས་སྐུའི་ལམ། །སྐྱེད་རིམ་ལྷ་སྐུར་གྲོལ་བ་ལོངས་སྐུའི་གནད། །ཡུལ་དང་ཡུལ་ཅན་སྤྲད་པ་སྤྲུལ་སྐུའི་ཐབས། །གང་ལ་གོམས་པའི་ཉམས་ལེན་དོན་འགྲུབ་ཤོག །མཚན་ལྡན་བླ་མ་དད་ཅན་སློབ་མ་གཉིས། །དམ་ཚིག་སེལ་མེད་མོས་གུས་མཚམས་སྦྱར་ཏེ། །བྱིན་རླབས་བླ་མའི་འཕོ་བ་ལ་སོགས་པས། །འཆུགས་མེད་མཁའ་སྤྱོད་གནས་སུ་འཕོ་ནུས་ཤོག །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་རིགས་ལྔའམ། །བདེ་ཅན་དགའ་ལྡན་པདྨ་འོད་ལ་སོགས། །དག་པའི་ཞིང་དུ་ས་ལམ་མཐར་ཕྱིན་ཏེ། །སྤྲུལ་པས་འགྲོ་བ་འདྲེན་ལ་མངའ་བརྙེས་ཤོག །དེ་ལྟར་སྨོན་ལམ་བཏབས་པའི་དགེ་འབྲས་མཐུས། །ཚོགས་རྫོགས་སྒྲིབ་བྱང་དབང་བཞིས་རྒྱུད་སྨིན་ཅིང་། །


TR004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གཉིས་ལམ་བཟང་གྲོལ་བ་མཐར་ཕྱིན་ཏེ། །སྐུ་གཉིས་གོ་འཕངས་ཐོབ་ནས་འགྲོ་གྲོལ་ཤོག ཅེས་གསང་སྔགས་ཀྱི་མྱུར་ལམ་ཕལ་མོ་ཆེ་རྣམས་ཀྱི་གནད་གསང་སྙིང་པོ་ནི་གསར་མའི་ཆོས་དྲུག་གམ། སྙིང་མའི་བར་དོ་ཁྲིད་དྲུག་ཏུ་མ་འདུས་པ་ཆེར་མེད་པས་དེ་དང་མཐུན་པའི་སྨོན་ལམ་ཉམས་ལེན་གྱི་རྩ་ཚིག་ལྟ་བུར་འགྱུར་བའི་གནད་འདུས་ཤིག་དགོས་ཞེས་ཡོན་ཏན་དབང་ཕྱུག་གི་རིང་ནས་བསྐུལ་རུང་། དོན་འདི་དག་ནི་ཆོས་ཐམས་ཅད་ཀྱི་སྒྲོམ་དང་བྱིངས་ཆེ་ས་ཡིན་པའི་གནད་ཀྱི། ཚིག་ཉུང་ངུར་བསྡུས་ཚེ་གང་ཟག་ཕལ་གྱིས་གོ་བར་དཀའ་བ་ཙམ་གྱུར་ནའང་། བསྐལ་བ་རབ་ཀྱི་སྣོད་ལྡན་དག་ལ་སྒྲོགས་འཁྲོལ་བྱེད་དང་། ཐུན་མོང་བ་དག་ལ་སྨོན་ལ་བདེན་ཚིག་ཏུ་འགྱུར་བའི་དགེ་བ་ལ་དམིགས་ནས་བཀོད་པ་དགེའོ། །རབ་འབྱམས་རྒྱལ་བའི་ཐུགས་རྗེའི་ཟློས་གར་ནི། །ཆོས་དབྱིངས་ཡངས་པའི་འཁོར་ཡུག་ཀུན་འགེངས་པའི། །རྣམ་འདྲེན་སྤྲུལ་པའི་སྒྱུ་འཕྲུལ་ཇི་སྙེད་དབུས། །ངེས་གསང་ཨ་ཏིའི་སྙིང་པོ་རྡོ་རྗེའི་དབྱངས། །མངོན་པར་


TR004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་ལ་གདོང་ལྔའི་སྒྲ་གཞོམ་མཁན། །ཆོས་བརྒྱད་འཁོར་ལོའི་སྲོག་ཤིང་རྨེག་མེད་དུ། །གཏོང་ལ་བསྒྲུན་བྲལ་དཔའ་བོ་གཅིག་པུ་ཉིད། །སྐལ་བཟང་དད་པ་རྒྱ་མཚོའི་མགོན་བཞུགས་གསོལ། །སྣ་ཚོགས་འཁྲུལ་པའི་འདུ་འགོད་འབུམ་ཕྲག་གིས། །རང་གཞན་གཏན་འདུན་ཧྲུལ་པོར་བྱེད་པ་ལ། །འགྲོ་དོན་ཞེས་པའི་མཚན་སྙན་གསེར་སྒྲོག་གི། །མ་བཅིངས་ངེས་དོན་སྒྲོན་མར་ཞབས་བརྟན་གསོལ། །དབུ་བ་རྡོལ་འདྲའི་ཟང་ཟིང་སྒྱུ་མའི་ནོར། །འཚོལ་སྒྲུབ་གསོག་འཇོག་འགྱེད་པར་བུས་པའི་གར། །གང་ལ་གདུལ་བྱའི་མིང་གི་གཡོ་ཐབས་བརྒྱའི། །ཕྲིན་ལས་བརྫུས་མའི་མ་སྒྲིབས་ཞབས་བརྟན་གསོལ། །རོ་འཛིན་གློག་ལྟར་གཡོ་བསྐྱོད་ངལ་སྤངས་ཀྱང་། །གནས་ལུགས་ཡེ་ཤེས་རྟོགས་ལ་མི་ཉེ་བར། །འདབ་ཆགས་སྨྲ་མཁན་ཇི་ལྟའི་འཆད་ཉན་གྱི། །ཁུར་པོས་མི་བསྙེལ་སྒྲུབ་བརྩོན་


TR004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བཞུགས་གསོལ། །སྙིགས་མཐའི་འགྲོ་བ་ཆོས་ཀྱིས་འདུལ་སླད་དང་། །དེ་ཡང་སྤྲོས་པའི་འཁོར་ལོས་མ་ཡིན་ཕྱིར། །མགོན་ཁྱོད་གོང་མའི་རྣམ་ཐར་རྗེས་འགྲོ་བའི། །སྒྲུབ་རྒྱུད་ཕྲིན་ལས་སྐྱོང་ཞིང་ཞབས་བརྟན་གསོལ། །ཆོས་ཀུན་སྙིང་པོའི་གནས་ལུགས་ཨ་ཏིའི་གཤིས། །བཅོས་མིན་གདོད་མའི་ཀུན་བཟང་ཁྱེད་ཐུགས་དང་། །དབྱེར་མེད་འགྱུར་བ་བྲལ་བའི་ཐུགས་རྗེའི་རྩལ། །ཕྱོགས་མཐར་འགྱེད་པའི་ཕྲིན་ལས་གོང་འཕེལ་ཤོག །ཅེས་པའི་བརྟན་བཞུགས་འདི་ནི། འཁྲུལ་ཞིག་ལྷ་བཙུན་ཆེན་པོའི་སྤྲུལ་པའི་སྐུའི་དྲུང་དུ་ཕུལ་བའོ། །སྐྱབས་གནས་དཀོན་མཆོག་ཐུགས་རྗེ་ནུས་སྟོབས་ཀུན། །གཅིག་བསྡུས་རིགས་བདག་བླ་མ་རྗེ་བཙུན་མཆོག །རང་སེམས་སྤྲོས་མེད་རང་ངོ་སྤྲོད་མཛད་དེར། །ཕྱག་འཚལ་སྐྱབས་མཆི་སྨིན་གྲོལ་དངོས་གྲུབ་ཞུ། །འཁོར་འདས་ཀུན་གྱི་རྩ་བ་སེམས་ཉིད་འདི། །གདོད་ནས་ཡོངས་དག་སྤྲོས་བྲལ་


TR004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུར། །ལྷུན་གྱིས་གྲུབ་ཀྱང་རང་ལས་རང་བསྒྲིབས་པའི། །མ་རིག་ལྷན་སྐྱེས་དྲི་མ་དག་པར་ཤོག །འཁྲུལ་པ་གཞི་ལ་མེད་ཀྱང་བློ་བུར་དུ། །མེད་བཞིན་སྣང་བར་མཐོང་བའི་ར་རི་ཡིས། །ཐོག་མེད་ད་བར་འཁོར་བར་འཆིང་བ་འདི། །སྦྲུལ་མདུད་ལྟ་བུར་རང་སར་གྲོལ་བར་ཤོག །བདག་དང་བདག་གིར་འཛིན་པའི་དངོས་པོ་ནི། །རྡུལ་ཕྲན་ཙམ་ཡང་སེམས་ལ་མ་གྲུབ་ཀྱང་། །ཆོས་དང་གང་ཟག་བདག་ཏུ་བཟུང་ཞིང་འཛིན། །བདག་མེད་ཚིག་ཙམ་མ་ཡིན་རྟོགས་པར་ཤོག །ཆོས་ལུགས་གྲུབ་མཐའ་ང་བཟང་ཞེན་ཕྱོགས་ལ། །ཡེ་ནས་གོམས་བཞིན་གྲོགས་ཀྱིས་ཆགས་སྡང་སློབ། །ཀུན་སློང་སྲིན་དུ་འདྲིལ་བའི་རྩོད་གཞི་ཡིས། །རང་དང་གཞན་རྒྱུད་བསྲེག་པར་མི་བྱེད་ཤོག །འགྲོ་བའི་ཁམས་རྒྱུད་ཐ་དད་མང་པོ་ལ། །དགོངས་ནས་རྒྱལ་བས་ཆོས་སྒོ་མང་བསྟན་ཡང་། །མཐར་ཐུག་གདོད་


TR004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གནས་ལུགས་རྟོགས་ཐབས་སུ། །གཅིག་པའི་ཆོས་ཀྱི་སྙིང་པོ་ལོན་པར་ཤོག །ལྟ་བའི་བཞེད་སྲོལ་རྣམ་གྲངས་མཐའ་ཡས་ཀྱང་། །རང་རིག་རྗེན་པའི་རང་ངོ་མ་མཐོང་ན། །ཚིག་དང་ཁས་ལེན་ལྟ་བ་ཅི་བཟང་ཡང་། །གྲོལ་མིན་ལྟ་དོན་རྒྱུད་ལ་འཆར་བར་ཤོག །སྒོམ་པར་བཏགས་ཀྱང་སྒོམ་རྒྱུའི་དངོས་པོས་དབེན། །སྒོམ་མཁན་རང་ངོ་རིག་ན་སྒོམ་པའི་མཆོག །བསྒོམ་དང་མི་བསྒོམ་རེས་འཇོག་མ་ཡིན་པར། །སྒོམ་མེད་ཡེངས་བྲལ་མངོན་དུ་འགྱུར་བར་ཤོག །ཞི་བར་གནས་ལ་བཟང་པོ་འཛིན་བློ་དང་། །ཡེངས་སུ་དོགས་པའི་དྲན་པ་བཅོས་མ་ཡིས། །སེམས་ཀྱིས་སེམས་ཉིད་བཙོན་དུ་མི་འཆིང་བར། །གང་ཤར་རང་ངོ་རིག་ལ་གོམས་ཐོབ་ཤོག །བདེ་གསལ་མི་རྟོག་ཉམས་ལ་དགའ་བྲོད་དང་། །འགྱུར་རྟོག་སྐྱོན་དུ་བཟུང་ནས་སྤོང་འདོད་ཀྱི། །དགག་སྒྲུབ་གཉིས་འཛིན་ལྷན་པ་མི་


TR004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པར། །ཇི་ལྟར་འཆར་བ་སྒོམ་དུ་འཁྱེར་ནུས་ཤོག །དབེན་པར་རྐྱེན་མེད་བདེ་བར་གནས་པའི་ཚེ། །བཟང་བཟང་འདྲ་བའི་སྒོམ་ཉམས་ཟོ་བདེ་པོ། །ཡུལ་རྐྱེན་དྲག་པོར་ཕྲད་ན་རང་འཚང་སྟོན། །དེ་ལྟའི་སྒོམ་གྱིས་བསླུ་བར་མི་འགྱུར་ཤོག །གནས་པར་སྣང་བ་སེམས་ཀྱི་འདུག་ཚུལ་དང་། །འཕྲོ་བར་སྣང་ཡང་འགག་མེད་རོལ་རྩལ་ཏེ། །གང་ལའང་དགག་སྒྲུབ་བཅོས་བསྒྱུར་མི་བྱེད་པར། །རང་བབས་ལྷུག་པ་རིག་ཐོག་རང་གྲོལ་ཤོག །གོ་བ་ཉམས་མྱོང་རྟོགས་པའི་བྱེ་བྲག་སོགས། །དབང་རིམ་བརྩོན་འགྲུས་དང་མཐུན་འཆར་ཚུལ་ལ། །ར་གན་གསེར་དུ་འཛིན་བློས་མི་འཆིང་བར། །ཡིན་ལུགས་གནད་དོན་ཇི་བཞིན་རྟོགས་པར་ཤོག །ངར་འཛིན་མདུད་པ་ནང་ནས་མ་གྲོལ་བར། །ཐོ་ཅོ་སྨྱོན་སྤྱོད་བཅོས་མའི་བརྟུལ་ཞུགས་ཀྱིས། །སྡོམ་གསུམ་རླུང་ལ་བསྐུར་བའི་འཁྲུལ་ཞིག་ཏུ། །མི་བྱེད་ལྟ་སྤྱོད་ཕྱི་ནང་


TR004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་ཤོག །ཚིག་ཟུར་མཐོ་དམན་ཙམ་ཡང་མི་ཐེག་བཞིན། །རོ་སྙོམས་གསོབ་ཏུ་ཞུགས་པའི་སྒྱུ་འཕྲུལ་གྱིས། །སྒྲུབ་བརྒྱུད་བསྟན་པའི་ཞབས་འདྲེན་མི་བྱེད་པར། །སྟོང་ཉིད་རྒྱུ་འབྲས་ཟུང་འཇུག་ཤེས་པར་ཤོག །རྩ་རླུང་ཁམས་སེམས་དངས་ཆའི་ཡོན་ཏན་ཙམ། །མངོན་ཤེས་རྫུ་འཕྲུལ་ཕྲ་མོའི་ལམ་རྟགས་ལ། །རང་གཞན་གཉིས་ཀས་གྲུབ་ཐོབ་མཚན་གསོལ་ཏེ། །ལྷ་བུའི་བདུད་ཀྱི་མངའ་ཐང་མི་བསྐྱེད་ཤོག །སྐུ་གསུམ་འབྲས་བུ་གཞི་ལ་ཡེ་རྫོགས་ཀྱི། །ཡོན་ཏན་བྲི་གང་མེད་པར་མ་རྟོགས་པས། །ས་ལམ་ཉམས་རྟོགས་རེ་བས་མི་བསྒུགས་ཤིང་། །འབྲས་བུ་གཞན་ནས་འཚོལ་བར་མི་བྱེད་ཤོག །སེམས་སྐྱེད་སྨོན་ལམ་ཚོགས་གཉིས་མཚམས་སྦྱོར་དང་། །རིམ་གཉིས་མངོན་གྱུར་ནུས་སྟོབས་བྱིན་རླབས་མཐུས། །རིས་མེད་རླབས་ཆེན་འགྲོ་དོན་ཤུགས་འབྱུང་མས། །ལྟར་སྣང་རྙེད་ཚོལ་འགྲོ་


TR004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མི་སྒྲུབ་ཤོག །དེ་ལྟར་གནས་སྐབས་འདོད་དོན་མ་ཡིན་པའི། །མཐར་ཐུག་ཡང་དག་དོན་གྱི་སྨོན་ཚིག་འདི། །ཇི་ལྟར་བཏབས་བཞིན་གེགས་མེད་མྱུར་འགྲུབ་པར། །སྐྱབས་མཆོག་བླ་མ་རྣམས་ཀྱིས་མཛད་དུ་གསོལ། །ཞེས་པ་འདི་ནི། །བུ་དོང་ཐམས་ཅད་མཁྱེན་པའི་ཐུགས་རྗེའི་འོད་ཟེར་གྱིས་བློའི་པདྨོ་ཁ་ཕྱེས་པའི་སྟོན་སྒོམ་ངེས་དོན་ཆོས་རྒྱལ་གྱི་བཞེད་དངས་ལྟར་བྲིས་པའོ། །སངས་རྒྱས་ཐམས་ཅད་དོན་ལ་ངོ་བོ་གཅིག །གནས་སྐབས་གདུལ་བྱའི་སྣང་ངོར་ཐ་དད་ཚུལ། །ཀུན་ཀྱང་ཡེ་ཤེས་འཁོར་ལོར་རོ་གཅིག་པའི། །སྤྱི་གཟུགས་གངས་ཅན་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཐབས་མཁས་འགྲོ་ལ་རྟག་ཏུ་བརྩེ། ཁམས་གསུམ་རིས་དྲུག་ཀུན་གྱི་སྐྱབས་གཅིག་པུ། །མཚན་ཙམ་དྲན་པས་ལས་ཉོན་སྡིག་སྒྲིབ་སྦྱོང་། །གསོལ་བ་བཏབ་པས་ཡིད་ལ་འདོད་དགུ་སྩོལ། །ལྷ་དང་བླ་མ་དབྱེར་མེད་ཐུགས་རྗེའི་བདག །ཁྱེད་སྐུ་དྲན་ཅིང་མོས་པས་བསྒོམས་པ་དང་། །གསུང་


TR004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡིག་དྲུག་རྡོ་རྗེའི་བཟླས་པ་ཡིས། །ཁྱོད་ཐུགས་འོད་གསལ་ཆོས་སྐུ་མངོན་འགྱུར་ཤོག །ནམ་མཁས་གར་ཁྱབ་འགྲོ་བ་རིས་དྲུག་ཀུན། །ཐོག་མ་མེད་ནས་བདག་གི་ཕ་དང་མ། །དྲིན་ལན་མ་འཁོར་ཆགས་སྡང་གནོད་འཚེ་བསྒྲུབས། །ད་ནས་དྲིན་ལན་ཆོས་ཀྱིས་འཁོར་བྱེད་ཤོག །འདི་ནས་བཟུང་སྟེ་ཚེ་རབས་ནམ་དུ་ཡང་། །འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ། །བྱམས་དང་སྙིང་རྗེ་ཕྱོགས་རིས་མེད་པ་ཡིས། །སེམས་ཅན་ཐམས་ཅད་བདེ་ལ་འགོད་པར་ཤོག །གཟུངས་སྔགས་རྒྱལ་པོ་ཡི་གེ་དྲུག་པ་འདི། །སངས་རྒྱས་ཀུན་གྱིས་ཐུགས་སྲོག་སྙིང་པོ་སྟེ། །བསྙེན་ཅིང་བསྒྲུབ་པའི་བྱིན་རླབས་རྨད་བྱུང་བས། །བར་ཆད་ཀུན་ཞི་དངོས་གྲུབ་མཆོག་ཤོག །འཕགས་མཆོག་ཁྱེད་ཀྱི་ཕྲིན་ལས་ནུས་སྟོབས་དང་། །མཚུངས་པའི་ཡོན་ཏན་མ་ལུས་བདག་འགྲུབ་ནས། །གང་ལ་གང་འདུལ་


TR004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་ཕྲིན་ལས་ཀྱིས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་སྐེམ་བྱེད་ཤོག །ལྷག་བསམ་རྣམ་དག་བྱང་ཆུབ་སེམས་ཀྱི་རྒྱུན། །ནམ་ཡང་ཉམས་པ་མེད་པའི་འགྲོ་བའི་དོན། །རྒྱལ་བ་སྲས་བཅས་ཀུན་གྱིས་མཛད་པ་དང་། །རྗེས་སུ་མཐུན་པའི་སྤྱོད་པ་བདག་འགྲུབ་ཤོག །མདོར་ན་བདག་དང་ཕ་མ་མཁའ་མཉམ་གྱི། །འགྲོ་ཀུན་ཐུགས་རྗེ་ཆེན་པོ་མྱུར་འགྲུབ་ནས། །བླ་མེད་རྫོགས་པའི་བྱང་ཆུབ་ཆེན་པོ་ཡི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ་གྱུར་ཅིག །ཅེས་པ་འདི་ནི། དད་ལྡན་ཀརྨ་ཚེ་རིང་ལའོ། སྭ་སྟི་པྲ་ཛ་བྷྱཿ གང་ཞིག་རྒྱལ་བའི་ཐུགས་རྗེ་ནི། །བསམ་མི་ཁྱབ་པའི་ཟློས་གར་ལས། །སྣ་ཚོགས་ཚུལ་གྱི་སྣ་ཚོགས་པའི། །གདུལ་བྱ་འདུལ་མཛད་ལ་ཕྱག་འཚལ། །བསྐལ་བཟང་འདྲེན་པ་སྟོང་དག་གི། །ཞབས་འབྲིང་བརྒྱ་བྱིན་ལྷ་ཡི་དབང་། །མོས་པས་རིན་ཆེན་གཡས་འཁྱིལ་དུ། །རྒྱལ་ལ་ཕུལ་ཞིང་བྱིན་གྱིས་བརླབས། །


TR004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཐུགས་རྗེ་རྨད་བྱུང་གི། །རྟེན་འབྲེལ་ནུས་སྟོབས་མཐུ་ཆེན་པོས། །ཆོས་ཀྱི་དུང་ཆེན་བླ་མེད་སྒྲས། །བསྟན་པའི་རྒྱལ་མཚན་ཉིད་གྱུར་ཅིག །ཕྱོགས་བཅུ་མཐའ་ཡས་ཞིང་ཀུན་ཏུ། །ཆོས་དུང་རྡོ་རྗེའི་དབྱངས་ཆེན་པོས། །ཡོངས་ཁྱབ་མཆོད་པའི་ཕུལ་དང་རབ། །བསྟོད་དབྱངས་རྒྱུན་མི་ཆད་དུ་ཤོག །གཞོམ་མེད་རྡོ་རྗེའི་དབྱངས་ཆེན་འདིས། །མ་རུངས་བདུད་ཚོགས་ཚར་གཅོད་ཅིང་། །ཚོགས་མཆོག་དགེ་འདུན་འདུས་པའི་སྡེ། །ཐོས་བསམ་སྒོམ་བསྟན་རབ་རྒྱས་ཤོག །ཆོས་དུང་དབྱངས་སྒྲ་ཐོས་པའི་འགྲོ། ཁམས་གསུམ་ས་ཀུན་སྡིག་སྡུག་དང་། །ངན་འགྲོའི་རྒྱུ་རྐྱེན་རྒྱུན་ཆོད་པའི། །ཕྲིན་ལས་མཆོག་ཏུ་འགྱུར་བར་ཤོག །རྒྱལ་དང་རྒྱལ་སྲས་ཐུགས་རྗེ་དང་། །འཕགས་མཆོག་འདུས་སྡེའི་བྱིན་རླབས་ཀྱིས། །ཕྱོགས་དུས་ཀུན་དུ་བསྟན་འགྲོའི་དོན། །དགེ་ལེགས་ཡོངས་


TR004_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བཀྲ་ཤིས་ཤོག །ཅེས་པ་འདི་ནི། །སྨིན་གྲོལ་བསྐྱེད་རྫོགས་གླིང་གི་ཚོགས་དུང་ལ་རིན་ཆེན་གྱི་གཤོག་པ་ཕུལ་བའི་སྐབས་སུ་དར་གྱི་ཅོད་པན་ལ་སྨོན་ལམ་འདི་ཉིད་བྲིས་ཏེ་ཕུལ་བའོ།། ༈ །།ཨོཾ་སརྦ་མངྒ་ལ་སྭསྟི་ཧཱུྃ། །ཕྱོགས་བཅུ་རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ན། །མཁྱེན་བརྩེ་ནུས་པ་རྒྱ་མཚོའི་གཏེར་མངའ་བའི། །སངས་རྒྱས་སྲས་འཁོར་རྒྱ་མཚོའི་སྤྲིན་ཕུང་གི། །ཐུགས་རྗེ་བྱིན་རླབས་རྒྱ་མཚོའི་ཆར་ཆེན་ཕོབ། །རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀྱི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །མཐའ་དག་རྫུ་འཕྲུལ་བཀོད་པའི་སྐུ་གཅིག་ཏུ། །ལེགས་སྤྲུལ་མཚོ་སྐྱེས་རྡོ་རྗེའི་བྱིན་རླབས་ཤིག །བསླུ་མེད་སྐྱབས་ཀྱི་དམ་པ་དཀོན་མཆོག་དང་། །གང་གི་སྤྲུལ་པའི་སྒྱུ་འཕྲུལ་ཡི་དམ་ལྷ། །ཕྲིན་ལས་དྲག་རྩལ་དབང་བསྒྱུར་བསྟན་སྲུང་གི། །ཆོས་སྐྱོང་ཚོགས་ཀྱིས་མཆོག་མཐུན་དངོས་གྲུབ་སྩོལ། །རིས་མེད་ཕྱོགས་བཅུའི་འཇིག་རྟེན་


TR004_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀུན་དང་། །གྲངས་མེད་འགྲོ་བའི་སྤྱོད་ཡུལ་དུས་གསུམ་དུ། །མི་དགེ་ཉེར་འཚེའི་མཚན་མས་དབེན་པ་དང་། །རྟག་ཏུ་བདེ་དགེ་འབྱོར་པས་འཚོ་གྱུར་ཅིག །རྒྱལ་བའི་རྒྱལ་མཆོག་ཤཱཀྱའི་དབང་པོ་ཡི། བསྟན་པ་མདོ་སྔགས་ཉི་ཟླ་ཟུང་གཅིག་འདི། །ནམ་ཡང་འགྲིབ་མེད་ཐོས་བསམ་སྒོམ་པའི་རྒྱུན། །གྲུབ་མཐའ་ཕྱོགས་ལྷུང་བྲལ་བར་འཕེལ་གྱུར་ཅིག །ཐེག་པའི་ཡང་རྩེ་བསྟན་པ་ཀུན་གྱི་བཅུད། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་མཆོག་གང་། །འཛིན་སྐྱོང་སྤེལ་མཛད་རྣམ་འདྲེན་འདུས་སྡེར་བཅས། །འབྲལ་མེད་སྨིན་གྲོལ་དགའ་སྟོན་སྤྱོད་གྱུར་ཅིག །མ་རུང་ལོག་པར་འདྲེན་པའི་བར་ཆད་བགེགས། །ཆོས་མིན་འཇིག་རྟེན་ཆོས་བརྒྱད་ཆགས་སྡང་གིས། །ཉེར་བསྐྱེད་ལོག་པའི་སྤྱོད་ངན་བསྟན་པའི་སོལ། །མཐའ་དག་ནམ་ཡང་འབྱུང་བ་མེད་གྱུར་ཅིག །རྣམ་


TR004_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མཆོག་རྣམས་སྐུ་ཚེ་ཕྲིན་ལས་འཕེལ། །དགེ་འདུན་མཐུན་རྒྱས་བསླབ་གསུམ་དྲི་མེད་སྤྱོད། །སྦྱིན་པའི་བདག་རྣམས་ཡིད་ལ་གང་བསམ་འགྲུབ། །ཐམས་ཅད་བྱང་ཆུབ་སྙིང་པོར་གྲོལ་གྱུར་ཅིག །རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐུགས་རྗེ་དང་། །བདག་སོགས་འཁོར་འདས་ལམ་གསུམ་དགེ་ཚོགས་མཐུས། །སྨོན་ལམ་དགེ་ལེགས་རྒྱ་མཚོའི་བཀྲ་ཤིས་ཆར། །སྲིད་ཞི་འཁོར་འདས་ཡོངས་ལ་ཁྱབ་གྱུར་ཅིག །ཅེས་པའི་སྨོན་ལམ་འདི་ཉིད་བླ་མ་རིག་འཛིན་ཡེ་ཤེས་པས་ལྷག་བསམ་གྱི་ཉེ་བར་བསྐུལ་བ་བཞིན། གནས་ཆེན་མགོ་དགུའི་ཡང་དབེན་ཀུན་སྣང་དང་བའི་སྒོམ་ཁང་གསེར་གྱི་རྒྱལ་མཚན་མངོན་པར་མཐོ་བའི་མཚམས་ཁང་དུ་ཡི་གེར་སྤེལ་བ་དགེའོ། །མཁྱེན་དང་བརྩེ་དང་ནུས་པར་ལྡན་པ་ཡི། །དཀོན་མཆོག་རྒྱལ་བ་སྲས་བཅས་བླ་མའི་ཚོགས། །ཡི་དམ་མཁའ་འགྲོ་ཆོས་སྲུང་གཏེར་བདག་རྣམས། །བདག་གི་སྨོན་ལམ་འགྲུབ་པར་བྱིན་གྱིས་རླབས། །སྐྱེ་བ་འདི་བཟུང་མཐར་ཐུག་བྱང་ཆུབ་བར། །མི་


TR004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཁོམ་མི་སྐྱེ་དལ་འབྱོར་ཕུན་ཚོགས་ཐོབ། །དབང་པོ་ཚང་ཞིང་དམ་ཆོས་སྤྱོད་པའི་རིགས། །སྐལ་པ་བཟང་པོའི་ལུས་སུ་སྐྱེ་བར་ཤོག །མཐོ་རིས་ཡོན་ཏན་བདུན་གྱིས་རྒྱན་བཞིན་དུ། །འཁོར་བར་མི་ཆགས་ངེས་འབྱུང་བསམ་པས་བསྐུལ། །རྒྱལ་བསྟན་དྲི་མ་མེད་པའི་སྒོར་ཞུགས་ནས། །ཐར་པ་དམ་པའི་ས་བོན་ཐེབས་བྱེད་ཤོག །བསྟན་པའི་གཞི་མ་སོ་ཐར་རིགས་བདུན་གྱི། །སྡོམ་པས་ལེགས་བསྡམས་ཉེས་ལྟུང་དྲི་མ་བྲལ། །མི་རྟག་སྡུག་བསྔལ་ཀུན་འབྱུང་ལམ་འགོག་གིས། །བདེན་བཞིའི་སྤོང་ལེན་མ་ནོར་མངོན་གྱུར་ཤོག །ཉན་རང་དམན་པའི་ལམ་གྱིས་མི་འཆིང་བར། །ཐེག་ཆེན་རྒྱལ་སྲས་ལམ་བཟང་ལ་ཞུགས་པས། །ཕ་རོལ་ཕྱིན་བཅུ་སྨོན་འཇུག་དོན་དམ་གྱི། །བྱང་ཆུབ་སེམས་དོན་རླབས་ཆེན་འགྲུབ་བྱེད་ཤོག །མཚན་ཉིད་རྒྱུ་ཡི་ཐེག་པའི་ལམ་རིང་ལ། །གྲངས་མེད་གསུམ་དུ་ངལ་བ་མི་དགོས་པར། །


TR004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཐེག་པ་འབྲས་བུའི་ཉེ་ལམ་ལ། །ཐེ་ཚོམ་མི་འཇུག་འགལ་རྐྱེན་མི་འབྱུང་ཤོག །དག་པ་མཐའ་བཞི་ཀྲྀ་ཡས་རྒྱུད་སྦྱངས་ཤིང་། །ལྟ་སྤྱོད་ཟུང་འབྲེལ་ཨུ་པས་གཉམས་འཛིན་གྲོལ། །མངོན་བྱང་ལྔ་ལྡན་ཡོ་གའི་ས་ལམ་རྫོགས། །གསང་སྔགས་ཕྱི་རྒྱུད་ནུས་པ་མཐར་ཕྱིན་ཤོག །མ་ཧཱ་ཡོ་གས་སྐྱེད་རིམ་ལུས་ལྷར་འགྲུབ། །ཨ་ནུ་ཡོ་གས་རྫོགས་རིམ་ཟབ་ལམ་སྨིན། །ཨ་ཏི་རྫོགས་ཆེན་ཆོས་སྐུའི་རང་ཞལ་མཐོང་། །ཡོ་ག་གསུམ་གྱིས་ཚེ་གཅིག་སངས་རྒྱས་ཤོག །ཁྲེག་ཆོད་འཁོར་འདས་ཕྱག་རྒྱ་ཆེན་པོར་གྲོལ། །ཐོད་རྒལ་སྐུ་དང་ཞིང་ཁམས་ཆད་ལ་ཕེབས། །གཅོད་ཡུལ་དངོས་པོར་འཛིན་ཞེན་རྩད་ནས་ཆོད། །ལམ་འབྲས་ཟག་མེད་འོད་སྐུར་གྲོལ་བར་ཤོག །གཏུམ་མོའི་རྩལ་རྫོགས་སྒྱུ་ལུས་ཚད་དུ་འབྱོངས། །རྨི་ལམ་དབྱིངས་ཐིམ་འོད་གསལ་མངོན་དུ་གྱུར། །བར་དོ་ངོས་


TR004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་འཕོ་བས་ལམ་མཆོག་བགྲོད། །ཟབ་ལམ་ཆོས་དྲུག་རྒྱུད་ལ་འཁེལ་བར་ཤོག །སོར་སྡུད་བསམ་གཏན་སྤྲུལ་སྐུའི་ས་བོན་ཐེབས། །སྲོག་དང་རྩོལ་བས་ལོངས་སྐུའི་ཡོན་ཏན་འགྲུབ། །རྗེས་དྲན་ཏིང་འཛིན་ཆོས་སྐུ་མཐར་ཕྱིན་པས། །སྦྱོར་བ་ཡན་ལག་དྲུག་གིས་རྒྱུད་གྲོལ་ཤོག །རྣམ་རྟོག་ངོས་ཟིན་ཉོན་མོང་ལམ་དུ་ལྷོངས། །ན་ཚ་གྲོགས་ཤར་འཇིགས་སྐྲག་རང་འཚང་རིག །སྡུག་བསྔལ་དབྱིངས་ཐིམ་འཆི་བ་ཆོས་སྐུར་གྲོལ། །རོ་སྙོམས་དྲུག་ལ་བརྟན་པ་ཐོབ་པར་ཤོག །མདོར་ན་རྒྱལ་གསུང་ཆོས་སྒོ་རབ་འབྱམས་ཀྱི། །དོན་ཀུན་ལེགས་གྲུབ་ས་ལམ་ཡོན་ཏན་རྫོགས། །རང་དོན་འགྱུར་མེད་བཙན་ས་ཟིན་ནས་ཀྱང་། །གཞན་དོན་ནམ་མཁའ་མཉམ་པ་འགྲུབ་གྱུར་ཅིག །ཅེས་བྱང་ཆུབ་ལམ་རིམ་མདོ་སྔགས་ཐམས་ཅད་ཚང་བའི་སྨོན་ལམ་ངག་འདོན་དུ་བགྱིད་ཆོག་པ་དགོས་ཞེས། དབོན་པོ་བསྟན་པའི་མིང་ཅན་གྱིས་བསྐུལ་ངོར་བྲིས་པའོ། །བསྐལ་བཟང་


TR004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་བཅས་ལས། །སྙིང་སྟོབས་བརྩོན་འགྲུས་ཕུལ་བྱུང་བ། །ཤཀྱ་སེང་གེ་ཤཱཀྱའི་གཙོ། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །ཤེས་རབ་མཆོག་ལྡན་ཤཱ་རིའི་བུ། །རྒྱལ་སྲས་སྒྲ་གཅན་ཟིན་བཟང་པོ། །བྲམ་ཟེ་ཆེན་པོ་རཱ་ཧུ་ལ། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །མགོན་པོ་ཀླུ་སྒྲུབ་ལེགས་ལྡན་འབྱེད། །དཔལ་སྦས་ཡེ་ཤེས་སྙིང་པོ་དང་། །གངས་ཅན་བསྟན་རྩ་ཞི་བ་འཚོ། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །སྦ་བཙུན་རཏྣ་གཡོ་དམར་གཙང་། །བླ་ཆེན་གྲུམ་སྟོན་ཀླུ་མེས་སོགས། །དབུས་གཙང་མི་བཅུ་སྨད་འདུལ་རྒྱུད། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །སྒྲ་གཅན་ཟིན་སླེབ་ཟག་ཟད་སྡེ། །ཆོས་སྡེ་དྷརྨ་པཱ་ལའི་ཞབས། །པྲཛྙཱ་པཱ་ལ་སྟོད་འདུལ་རྒྱུད། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །ཀླུ་སྒྲུབ་ཡོན་བློ་རིན་ཆེན་བཤེས། །ཆོས་བཟང་གུ་ཎ་སཱ་ག་ར། །ཆོས་ཀྱི་འཕྲེང་བ་ཞི་


TR004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྦས། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ། །བྱང་རྡོར་རྣམ་གཉིས་དབང་ཕྱུག་གྲགས། །གཞོན་ནུ་བྱང་ཆུབ་ཡོན་རྒྱལ་བ། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །ཡོན་ཏན་བློ་གྲོས་སེང་གེ་དཔལ། །རབ་འབྱོར་སེང་གེ་ཆོས་གྲུབ་སེང་། །དབྱངས་ཅན་བཟང་པོ་དཀོན་མཆོག་འབངས། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །དབང་ཕྱུག་རྡོ་རྗེ་དགའ་བའི་དབྱངས། །རང་གྲོལ་རྗེ་སོགས་འདུལ་སྡོམ་གྱི། །བླ་རྒྱུད་རིན་ཆེན་ཚར་དངར་བས། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །བསྟན་པའི་གཞི་མ་སོ་སོ་ཐར། །བསླབ་གསུམ་ཡིད་བཞིན་ནོར་བུ་ཡིས། །རང་གཞན་དགོས་འདོད་ཀུན་འབྱུང་བའི། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །འདུལ་སྡོམ་དྲི་མེད་ཉི་འོད་ཀྱིས། །བསྟན་པའི་པད་ཚལ་ཆེར་རྒྱས་ཤིང་། །འདུལ་


TR004_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་རྐང་དྲུག་ཚིམ་བྱེད་པའི། །བཀྲ་ཤིས་ཕྱོགས་མཐར་ཁྱབ་རྒྱས་ཤོག །ཅེས། སོ་ཐར་གྱི་སྡོམ་པའི་མཁན་རྒྱུད་སྔ་ཕྱི་བར་གསུམ་ལ་བརྟེན་པའི་ཤིས་པ་བརྗོད་པ་འདི་ལྟ་བུ་ཞིག་གྱིས་ཤིག་ཅེས། མཉམ་མེད་མཆོག་གི་སྤྲུལ་པའི་སྐུ་བཟང་པོའི་མཚན་ཅན་གང་གི་བཀའ་བརྩལ་སྤྱི་བོར་བླངས་ནས་ཡིག་ལམ་དུ་བཀོད་པར་བགྱིས་པ་དགེ་ལེགས་འཕེལ། ཆོས་དབྱིངས་གདོད་མའི་ཀློང་ལས་ཐུགས་རྗེའི་སྐུ། །ཀུན་བཟང་སྣང་མཐའ་རྡོར་འཆང་རྡོ་རྗེ་སེམས། །སྤྱན་རས་གཟིགས་དབང་ལ་སོགས་ལྷ་ཡི་ལྷ། །རྒྱལ་བ་དགོངས་རྒྱུད་བླ་མའི་བཀྲ་ཤིས་ཤོག །ཆོས་སྐུའི་རང་མདངས་གསལ་སྟོང་སྒྱུ་མའི་སྐུའི། །དགའ་རབ་འཇམ་དཔལ་ཤྲཱི་སིང་བི་མ་ལ། །པདྨ་འབྱུང་གནས་ལ་སོགས་སྤྲུལ་པའི་སྐུ། །རིག་འཛིན་བརྡ་རྒྱུད་བླ་མའི་བཀྲ་ཤིས་ཤོག །ལྷ་ལྕམ་མཚོ་རྒྱལ་རྗེ་འབངས་ཉེར་ལྔ་དང་། །གཏེར་སྟོན་སྤྲུལ་པའི་སྐྱེས་མཆོག་རིམ་བརྒྱུད་པ། །གསར་རྙིང་བཤད་སྒྲུབ་བསྟན་


TR004_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་མཛད་པའི། །གང་ཟག་སྙན་རྒྱུད་བླ་མའི་བཀྲ་ཤིས་ཤོག །བྱམས་ཆེན་ངང་ལས་སྙིང་རྗེས་ཁྲོ་ཚུལ་གྱིས། །གང་འདུལ་ཕྲིན་ལས་རོལ་གར་སྟོན་པའི་ལྷ། །དབང་དྲག་འབར་བ་ལ་སོགས་དཀྱིལ་འཁོར་གྱི། །ལྷ་ཚོགས་ཡི་དམ་རྒྱ་མཚོའི་བཀྲ་ཤིས་ཤོག །དོན་དམ་དབྱིངས་ལ་སྤྲོས་མཚན་མི་དམིགས་ཀྱང་། །ཡེ་ཤེས་སྒྱུ་འཕྲུལ་རྣམ་འགྱུར་སྣ་ཚོགས་སྟོན། །སེང་གདོང་མ་སོགས་མཁའ་འགྲོ་རྒྱ་མཚོ་དང་། །ཆོས་སྐྱོང་དམ་ཅན་སྲུང་མའི་བཀྲ་ཤིས་ཤོག །སྐྱབས་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དཀར་ཕྱོགས་གཞི་བདག་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་བཀྲ་ཤིས་ཆར། །ཕྱོགས་དུས་ཀུན་དུ་རྒྱུན་ཆད་མེད་འབབ་ཤོག །ཅེས་པ་འདི་ཡང་རྒྱ་བོད་མཚམས་ནས་ཤར་ཕྱོགས་ལ་མོ་རྩེའི་བླ་མས་བསྐུལ་བ་བཞིན་བཀོད་པ་དགེ་ལེགས་འཕེལ་བར་གྱུར་ཅིག །དགེའོ། གཅིག་ཞུས་ཁུལ།


previousགཞན་བསྐུལ་གྱི་ངོར་བྲིས་པའི་སྨོན་ལམ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ནོར་བུའི་མཛོད་ཁང་།next