Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དགོངས་དོན་སྙིང་པོར་དྲིལ་བ་བྱིན་རླབས་བུམ་བཟང་།
   
   
   
   


 
previousཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དགོངས་དོན་སྙིང་པོར་དྲིལ་བ་བྱིན་རླབས་བུམ་བཟང་།next

ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དགོངས་དོན་སྙིང་པོར་དྲིལ་བ་བྱིན་རླབས་བུམ་བཟང་།


TR004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དགོངས་དོན་སྙིང་པོར་དྲིལ་བ་བྱིན་རླབས་བུམ་བཟང་བཞུགས་སོ།


TR004_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

། སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་པའི། །སྒྲུབ་རྒྱུད་བླ་མ་ཐམས་ཅད་ལ། །གུས་པས་སྙིང་ནས་རབ་བཏུད་དེ། །སྒྲུབ་རྒྱུད་གདམས་པའི་བསྙེལ་ཐོ་འབུལ།། ༈ །།སྐུ་རིན་པོ་ཆེ་ཉིད་ཀྱིས་ཕེབས་སྒོ་ཇི་ལྟར་སྩལ་བའི་ཐུགས་དམ་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོའི་ཟབ་བཞེས་སྣང་ཚུལ་ལ། །སྤྱིར་གང་གི་ལུགས་ལྟར་གནང་ཀྱང་། །དོན་གྱི་སླེབ་པ་ཁྱད་མ་མཆིས་མོད་ཀྱང་། འོན་ཏེ་ཕྱག་ཆེན་ཡི་གེ་བཞི་པ་སྔར་ནས་གསན་པའི་མཐུས། །དེའི་ལུགས་བཞིན་མཛད་ན་བྱིན་རླབས་ཀྱི་བབས་བཟང་བར་འབྱུང་བ་དང་། །འདི་དག་གི་དོན་མ་ལུས་པ་


TR004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པར་མངའ་ཞིང་ཕྱག་དཔེ་སོགས་ཀྱང་ལོས་བཞུགས་མོད་ཀྱང་། འགག་དོན་མདོར་བསྡུས་བསྙེལ་ཐོ་ཙམ་དུ་འབུལ་བར་བགྱི་ན།། ༈ །།དེ་ལ་ཡི་གེ་བཞིའམ། ས་བཅད་བཞི་ནི། སེམས་ཀྱི་གཞི་རྩ་བཅད་པ། བསྒོམ་ཚུལ་ལམ་བཞག་ཐབས་བསྟན་པ། ལྟ་བའི་གོལ་ས་གཅོད་པ། སྤྱོད་པའི་ལམ་འཁྱེར་བྱ་ཚུལ་དང་བཞི་ལས། དང་པོ་ལ། སེམས་ཀྱི་བྱུང་གནས་འགྲོ་གསུམ། དབྱིབས་ཁ་དོག་ཡོད་མེད་རྟག་ཆད་ཀྱི་མཚན་མའི་མཐའ་ལ་གནས་མི་གནས་སོགས་ཀྱི་བརྡར་ཤ་བཅད་པའི་ཚེ་ཡང་། བསམ་མནོ་


TR004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བརྒྱུད་ཁོ་ནས་བརྟག་དཔྱད་བྱེད་པ་ནི་ཐུན་མོང་བའི་ལུགས་ཡིན་གྱི། འདི་སྐབས་ཁྱད་པར་བའི་ཕྱག་སྲོལ་ལ། ལུས་གནད་ལྟ་ལྟངས་སོགས་དང་ལྡན་པའི་ངང་ནས། རང་སེམས་རང་བབས་སུ་བཞག་ལ། གནས་ན་གནས་མཁན་གནས་ས། གནས་ཚུལ་སོགས་ཅི་འདྲ་ཞིག་འདུག་པ་རང་རིག་ཉིད་ཀྱིས་ལེགས་པར་བརྟག །འགྱུ་འཕྲོ་ཞིག་ཐོལ་གྱི་བྱུང་ན། འགྱུ་ཚུལ། འགྱུ་མཁན་སོགས་དང་། ཕ་ཡུལ་ལྟ་བུ་ཞིག་ཏུ་འགྱུས་ན། སེམས་ཕར་སོང་བ་ཡིན་ནམ། ཕ་ཡུལ་ཚུར་འོངས་པ་ཡིན་ནམ་སོགས་བརྟག །བརྟག་མཁན་དང་བརྟག་པ་ཡང་གཅིག་གམ་ཐ་དད་སོགས་ནན་གྱིས་བརྟགས་པས། དེ་དག་གང་ཡང་མ་གྲུབ་པར་ཤེས་ཤིང་། མ་གྲུབ་པའམ་མ་རྙེད་པ་ཙམ་ལ་གཞི་རྩ་ཆོད་པར་འདོད་པ་ནི་གྲུབ་མཐའ་གཞན་མའི་ལུགས་ལགས་ཀྱང་། །སྒྲུབ་རྒྱུད་རིན་པོ་ཆེ་འདི་པའི་ལུགས་ལ། གྲུབ་མ་


TR004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། རྙེད་མ་རྙེད་སོགས་ཀྱི་ཐ་སྙད་ཀྱང་བློ་ལས་མ་འདས་ཚེ། བློ་བྲལ་གཉུག་མ་ལྷན་སྐྱེས་ཀྱི་ངོ་བོ་སྣང་རིག་སྟོང་གསུམ་ཟུང་འཇུག་དོན་གྱི་གསང་མངོན་སུམ་རྗེན་པར་རྟོགས་པ་དགོས་པར་བཞེད་པ་ཉིད་ལེགས་ཅིང་། འདིར། དཔལ་ལྡན་མཁའ་སྤྱོད་པས་མཛད་པའི་ཁྲིད་གཞུང་ལས། དང་པོར་འབྱུང་ས་ཀ་ནས་དག །བར་དུ་གནས་པའི་ས་ཡིས་སྟེང་། མཐའ་མར་འགྲོ་ས་རང་བཞིན་མེད། །རང་གི་ངོ་བོ་ཁ་དོག་དང་། །དབྱིབས་དང་མཚན་མ་ཀུན་ལས་འདས། །ངོས་བཟུང་མཚོན་པ་ཀུན་དང་བྲལ། གཞི་རྩ་གཅད་དེ་ལྷག་མཐོང་གི། །རང་ངོ་རང་ལས་སྤྱད་པར་བྱ། །ཞེས་གསུངས་པ་ལྟར་དང་། འདི་དག་ཀྱང་སྔར་ནས་གོ་ཡུལ་ཡོད་པ་ཙམ་གྱིས་ཆོག་པར་མི་བཟུང་བར་དོ་གལ་དུ་འབད་ཅིང་། རྩ་བརྒྱུད་ཀྱི་བླ་མར་གསོལ་བ་བཏབ་ནས་ཉམས་ལེན་སྐྱོན་མེད་


TR004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་འཆར་བར་རྩེ་གཅིག་གསོལ་འདེབས་ལ་རེམས་པར་བྱ་བ་ནི། ཡི་གེ་བཞི་ལས། དང་པོའི་དོན་ཡིན་ནོ། །དེ་ལྟར་ཞག་འགའ་ཞིག་ནས་རང་སེམས་གཞི་རྩ་ཆོད་ཚེ། གཉིས་པ་སྒོམ་གྱི་བཞག་ཐབས་ནི་ཞི་གནས་ཡིན་ཀྱང་། ཞི་གནས་ཐུན་མོང་བ་ཙམ་ལ་མི་འཇོག་པར། གོང་དུ་གཞི་རྩ་ཆོད་པའི་ཟུང་འཇུག་ལྷན་སྐྱེས་ཀྱི་དོན་དེ་ཉིད་སྐྱོང་བ་ཡིན་ཚེ་ཞི་ལྷག་ཟུང་འབྲེལ་དུ་གྲུབ་ལ། ཇི་ལྟར་འཇོག་ན་མཁའ་སྤྱོད་ཞབས་ཀྱིས།། ༈ །།སྤྲིན་དང་བྲལ་བའི་ཉི་བཞིན་བཞག །ཅེས་ཤེས་པ་ཐོམ་པོའམ་བྱིང་རྒོད་སོགས་ཀྱིས་མ་སྒྲིབས་པའི་སེམས་གསལ་དངས་འཐོན་པ་དང་།། ༈ །།ཁྱུང་ཆེན་མཁའ་ལ་ལྡིང་ལྟར་བཞག །ཅེས་པས། ཙབ་ཙུབ་དང་ཡེངས་དོགས་ཀྱིས་བསྒྲིབས་པ་མ་ཡིན་པར། རང་བབས་གུ་ཡངས་ཁོང་གློད་དང་།། ༈ །།རྒྱ་མཚོ་ཆེན་པོའི་འཇིངས་བཞིན་བཞག །


TR004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས། ཕྲ་རག་གི་རྣམ་རྟོག་བསྐྱོད་པ་ལྟར་སྣང་བའི་དུས་ནའང་། །གཞིའི་གནས་ལུགས་རང་གསལ་རང་རིག་ལས་མ་གཡོས་པ་དང་།། ༈ །།བུ་ཆུང་ལྷ་ཁང་མཐོང་བཞིན་བཞག །ཅེས་པས། ཚོགས་དྲུག་གི་འཆར་སྒོ་འགག་མེད་གསལ་བ་ལ། དེ་དག་ལ་འདི་ནི་བཟང་ངོ་། །འདི་ནི་ངན་ནོ། །སྙམ་པ་ལ་སོགས་ཀྱི་དགག་སྒྲུབ་དང་སྟང་གཅོད་མི་བྱ་བར་རོ་མཉམ་དུ་བཞག། ༈ །།མཁའ་ལ་བྱ་འཕུར་རྗེས་བཞིན་བཞག །ཅེས་རྣམ་རྟོག་ཅི་ལྟར་ཤར་ཞིང་ཡལ་ཡང་དེ་དག་ལ་སྔོན་རྗེས་བཅད་པ་སོགས་ཆུ་ལ་རི་མོ་འབྲི་བ་ལྟ་བུའི་དོན་མེད་ཀྱི་རྩོལ་བ་མི་བྱ་བར། །གཉེར་མེད་རང་ཡན་དུ་བཞག། ༈ །།རས་བལ་འདབས་མ་བརྡལ་ལྟར་བཞག །ཅེས་པས་ལུས་སེམས་འཇུར་སྒྲིམས་བཅོས་ལས་རང་ལ་རང་བཅིངས་མི་བྱ་བར། ལྷོད་དེ། འབོལ་ལེ། ལྷན་


TR004_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་བའི་ངང་ལས་རང་སེམས་གསལ་དངས་ཕྱེད་པར་འཇོག་པ་ཉིད་ཀྱིས་དུས་འདའ་བར་བྱ་ལ། མདོར་ན། ལས་དང་པོ་པས་ཐོག་མར་ནི་ཐུན་ཆུང་གྲངས་མང་གི་ཚུལ་ལ་བསླབ་ཅིང་། ཐུན་མཚམས་རྣམས་སུ་ཡང་བསྒོམ་དུས་ཀྱི་སེམས་དང་ཁྱད་པར་འདུག་མི་འདུག་ལེགས་པར་བལྟས་པས། རིམ་གྱིས་ཐུན་མཚམས་མི་དགོས་པར་འགྱུར་བ་ཆོས་ཉིད་དོ།། ༈ །།ཡི་གེ་གསུམ་པ་གོལ་ས་གཅད་པ་ནི། མཁའ་སྤྱོད་པས་སངས་རྒྱས་ཆོས་ལ་རེ་ན་གོལ། འཁོར་བའི་ཆོས་ལ་དོགས་ན་གོལ། ཞེས་པ་འདི་གཉིས་ནི། ཡར་སངས་རྒྱས་ཅེས་བཟང་བཟང་པོ་ཞིག་ཐོབ་ཏུ་རེ་བས། ད་ལྟའི་རང་སེམས་སྐུ་གསུམ་དབྱེར་མེད་རང་ལ་ལྷུན་གྲུབ་ཏུ་མ་ཤེས་པས་སངས་རྒྱས་གཞན་ནས་བཙལ་བློ་དང་། ལར། འཁོར་བ་ངན་སོང་ཞེས་ངན་ངན་སྡུག་སྡུག་པོ་ཅིག་ཕྱོགས་ག་ཤེད་ན་ཡོད་པ་དེར་སྐྱེ་དོགས་ཀྱི་བློས། འཁོར་


TR004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སེམས་སུ་མ་ཤེས་ཤིང་ཡུལ་སེམས་ཐ་དད་དུ་བཟུང་བའི་གཟུང་འཛིན་གྱི་མཐའ་ལ་གནས་པ་ནི་ལྟ་བའི་གོལ་ས་དང་། ཡང་།། ༈ །།ཕྱི་ཡི་སྣང་བར་ཞེན་ན་གོལ། ཞེས། འཇིག་རྟེན་ཐ་མལ་བ་ལྟར་དངོས་པོར་འཛིན་པའི་བློ་ཨ་འཐས་དང་། མུ་སྟེགས་པ་ལྟར་བྱེད་པ་པོས་བྱས་པར་འཛིན་པ་དང་། ཉན་ཐོས་པ་ལྟར་རྡུལ་ཕྲན་ཆ་བཅས་སུ་འཛིན་པ་དང་། གསང་སྔགས་པས་ལྷ་དང་གཞལ་ཡས་སུ་ལྟ་བ་ཡང་བདེན་གཉིས་ཟུང་འཇུག་ཏུ་མ་གོ་བའི་བཟང་ཞེན་སོགས་དང་བྲལ་བ་ཞིག་དགོས་ལ།། ༈ །།ནང་གི་ཉམས་ལ་ཞེན་ན་གོལ། ཞེས། ཉམས་ལེན་བྱས་འབྲས་ཀྱི་ལམ་རྟགས་བདེ་གསལ་མི་རྟོག་གམ། རྟགས་བཅུ་དང་། མངོན་ཤེས་རྫུ་འཕྲུལ་ལྟ་བུ་བྱུང་ནའང་གཏད་མེད་དུ་བསྐྱུར་མ་ཤེས་པར། རང་ལ་རང་མཐོང་དགའ་བྲོད་རློམ་སེམས་ཞེན་འཁྲིས་ཀྱིས་བསླད་


TR004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཕུང་ཚབས་ནན་ལྟར་ཆེ་བ་དང་།། ༈ །།ཤེས་ཙམ་ཆོག་པར་བཟུང་ན་གོལ། །ཞེས། བདག་གིས་མན་ངག་ཟབ་མོ་འདི་ལྟར་བུ་ཐོས་སོ། །ཐོབ་བོ། །ཤེས་སོ། །བསྒོམས་སོ། །སྙམ་པ་སོགས་ཀྱིས་ཁེངས་ཏེ་ཉམས་སུ་མ་བླངས་པས། །དོན་མངོན་དུ་གེགས་སུ་གྱུར་པ་དེ་ལྟ་བུ་དང་།། ༈ །།དགེ་ཚོགས་ཁྱད་དུ་གསོད་ན་གོལ། ཞེས། སྟོང་པ་ཉིད་ཁ་ཁྱེར་ཚིག་གི་གདེངས་བཅས་ཏེ། རྒྱུ་འབྲས་རྟེན་འབྲེལ་དང་འདུས་བྱས་ཀྱི་དགེ་བའམ། མཚན་བཅས་ཀྱི་ཉམས་ལེན་ལ་བསྐུར་པ་འདེབས་ཅིང་དོར་ནས། གཞན་དག་ཀྱང་དགེ་རྩ་ལས་ཟློག་པར་བྱེད་པའི་ནག་པོ་ཁ་འབྱམས་ཏེ། དེ་ལྟར་ལྟ་སྒོམ་སྤྱོད་པའི་གོལ་ས་དེ་དག་ཏུ་མ་ཤོར་བར་ཐབས་ཤེས་ཟུང་འབྲེལ་ལ་བསླབ་པར་བྱ་ཞིང་། །གཞན་དག་ཀྱང་དེ་ལྟ་བུའི་ལམ་བཟང་ལ་གཟུད་པར་བྱའོ།། ༈ །།ཡི་གེ་བཞི་པ་ལམ་ཁྱེར་ལ་ཡང་དྲུག་


TR004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཉིན་མོ་སྣང་བ་རྒྱ་ཡིས་གདབ། ཅེས་པ་ནི། གོང་གི་མཉམ་བཞག་གི་དོན་ཉིད་ལས་ལོགས་སུ་བརྗོད་པ་དགོས་མོད་ཀྱང་། ཐུན་དང་ཐུན་བར་ནམ་གྱི་ཚེ་ནའང་སྣང་གྲག་རྟོག་ཚོགས་ཐམས་ཅད་ལ་རང་གསལ་རང་རིག་གི་དྲན་པས་སླེབ་ཐུབ་པར་བྱ་བ་ཡིན་ལ།། ༈ །།ནང་ནུབ་འདོད་ཡོན་གྲོགས་སུ་འཁྱེར། ཞེས་བཟའ་བཏུང་། གདན་གསོལ་སྡོད་གནས་སོགས་ཉེ་བར་ལོངས་སྤྱད་བྱ་ཐམས་ཅད་ལ་ཡང་། ཕལ་པ་རྣམས་ཀྱི་ལྟར། མེད་ལ་རྩོལ་སྒྲུབ་དང་། ཡོད་ལ་སྲེད་ཞེན་དྲག་པོས་ཀུན་ནས་བཅིངས་པར་མ་ཡིན་པར་ཞེན་མེད་སྲེད་བྲལ་དུ་སྤྱད་ཅིང་། དོན་དམ་པར་ཆོས་ཉིད་ལ་ཆོས་ཉིད་རོལ་བ་དང་། ཀུན་རྫོབ་ལྟར་ཡང་ལྷ་དང་བླ་མ་མཆོད་པའི་ཚུལ་གྱིས་ལོངས་སྤྱད།། ༈ །།སྲོད་ལ་དབང་པོ་གཞི་ལ་བསྡུ། ཞེས་གཉིད་དུ་འགྲོ་ཁར་ཡང་རྣམ་རྟོག་འཁྲུལ་ཕྱིར་ལུག་


TR004_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དུ་མི་འབྲང་བར། གདོད་མའི་གཞིའམ་གཉུག་མ་མ་བཅོས་ཁྱབ་གདལ་གྱི་ངང་ནས་གཉིད་དུ་འགྲོ་བར་བྱ།། ༈ །།ནམ་གུང་ཤེས་བྱ་བུམ་པར་གཞུག །ཅེས་པ། འདི་སྐབས་སུ་གསར་རྙིང་གི་མན་ངག་རྣམས་ལས་ཤེས་བྱ་བུམ་འཇུག་གི་ཐབས་མི་འདྲ་བ་དུ་མ་ཞིག་མཆིས་མོད་ཀྱང་། འདིར་ནི། སྣང་མཆེད་ཐོབ་གསུམ་གྱི་ཤེས་བྱ་རྣམས་སྤྲོས་བྲལ་ཆོས་ཉིད་ཀྱི་བུམ་པ་རྒྱ་ཆད་ཕྱོགས་ལྷུང་མེད་པ་འོད་གསལ་སྟོང་པ་ཆེན་པོའི་ཀློང་དུ་གཞུག་བྱ་འཇུག་བྱེད་ཀྱི་མཚན་མ་བྲལ་བར་འཇོག་པ་ཉིད་དང་། དེའི་ཐབས་ཀྱི་ཡན་ལག་ཏུ། སྙིང་གར་འོད་ཀྱི་ཐིག་ལེའི་ནང་ན་བླ་མའི་སྐུ་གསོལ་བ་ལས་གཞན་དུ་མ་ཡེངས་པར་གཉིད་དུ་འགྲོ་བ་ལ་བསླབ།། ༈ །།ཐོ་རང་ཡེ་ཤེས་རང་གསལ་གདབ། ཅེས་པས། གཉིད་ལས་སད་པའི་ཚེ་ཡང་རྣམ་རྟོག་འཁྲུལ་


TR004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདུན་མི་བསུ་བར། གོང་གི་མཉམ་བཞག་གི་ངོ་བོའི་ཡེ་ཤེས་ལ་འཕྲོ་འཐུད། འཆི་ཁར་ཆོས་ཉིད་ཟང་ཐལ་བཏང་། ཞེས་པས། ནམ་འཆིའི་དུས་ལ་བབས་པའི་ཚེ་ཡང་། ཅི་དྲག་གང་དྲག་ཙབ་ཙུབ་ཀྱི་བློ་མང་མི་བྱ་བར། སྐྱེ་འཆི་རང་སྣང་དུ་ཤེས་པས། འཕོ་བྱ་འཕོ་བྱེད་ཀྱི་མཚན་མའི་དམིགས་པ་ལ་མ་ལྟོས་པར། རང་རིག་སྟོང་གསལ་ཆོས་ཉིད་ཀྱི་ངང་ལ་དགག་སྒྲུབ་ཆགས་ཐོགས་མེད་པར་ཟང་ཐལ་དུ་ལ་ཟློས་པས། གཞི་ལམ་གྱི་འོད་གསལ་གཉིས་པོ་ཆུ་སྣ་རྒྱ་མཚོར་འདྲེས་པའམ། བུམ་ཆག་ནམ་མཁའ་ཕྱི་ནང་འདྲེས་པ་ལྟར་འགྱུར་བ་ལ་འབད་པ་ཉིད་དེ། དེ་ལྟར་ཕྱག་ཆེན་ཡི་གེ་བཞི་པའི་ཉམས་ལེན་གྱི་གནད་དོན་ཐམས་ཅད་འདི་དག་ཏུ་འདུ་ལ། གལ་ཏེ་གང་ཟག་གསར་བུ་དག་འདིའི་སྒོ་ནས་དང་པོར་འཁྲིད་པ་ལྟ་བུ་ལ་ནི། སྔོན་དུ་འགྲོ་


TR004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིམ་པ་དལ་འབྱོར་རྙེད་དཀའ་དང་། མི་རྟག་པ། ལས་རྒྱུ་འབྲས་སོགས་བསམ་པ་དང་། སྐྱབས་སེམས་ཡིག་བརྒྱ། མཎྜལ་བླ་མའི་རྣལ་འབྱོར་སྒོམ་ཐབས་རྣམས་ཕྱག་ཆེན་གྱི་ཁྲིད་རིམ་སྤྱི་ཁྱབ་ལྟར། བླ་མས་ལེགས་པར་འཆད་ཅིང་། སློབ་མས་ཀྱང་གཡས་ཆུང་ཞོར་ཆོས་ཞུས་ལོ་ཐོབ་ལོར་མ་སོང་བར། རེ་རེ་ནས་ནན་ཆགས་སུ་བསྒོམ་པ་ནི་གལ་པོ་ཆེའི་གནད་ལགས་པ་དང་གཞན་ཡང་། འདི་ཉིད་ཉམས་ལེན་དངོས་ཀྱི་ཚེ། ཐུན་མགོར་མཁའ་མཉམ་གྱི་འགྲོ་བ་མཐའ་དག་སྐུ་བཞི་དབྱེར་མེད་ཀྱི་གོ་འཕངས་ལ་འགོད་ཕྱིར་ཁོ་ནར་བདག་ཉམས་ལེན་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་པའི་སེམས་བསྐྱེད་དང་། ཐུན་གྱི་མཇུག་ཏུ་དེ་ལྟར་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་པའི་བསྔོ་བ་དང་། འདོད་ཡོན་ལམ་གཉིས་ཁྱེར་གྱི་དུས་སུ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་


TR004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་ལྷ་སྔགས་སུ་ལྷུན་གྱིད་གྲུབ་པར་ཤེས་པའི་སྐྱེད་རིམ་དང་། ཤེས་བྱ་བུམ་འཇུག་གི་དུས་སུ་སྙིང་ཁར་བླ་མ་བསྒོམ་པ་བླ་མའི་རྣལ་འབྱོར་དང་། ཕྱག་ཆེན་དངོས་དང་བཅས་པ་རྣམས་ལ་བརྩོན་པས་ནི། ༈ བྱང་ཆུབ་སེམས་དང་ཡི་དམ་ལྷ། །བླ་མ་ཕྱག་རྒྱ་ཆེན་པོ་དང་། །བསྔོ་བའི་ཆོས་ཀྱིས་ཉམས་སུ་བླངས། །ཞེས་པའི་ལམ་ཟབ་མོ་ལྔ་ལྡན་ཀྱང་འདིར་ཚང་བར་འགྱུར་ཚེ་ཕྱག་རྒྱ་ཆེན་པོ་སེང་གེ་འདྲ་ཡང་ལྔ་ལྡན་མེད་ན་མིག་མེད་ཡིན། ཞེས་པའི་སྐྱོན་ཡང་མི་འབྱུང་བ་སྟེ། གནད་དོན་ཀུན་འདུས་འདི་ལྟ་བུ་ལ་ཉམས་བཞེས་ཡེ་ཤེས་ཀྱི་འཁོར་ལོ་རྒྱུན་མི་འཆད་པས། སྲིད་པའི་དྲ་བ་གཅོད་པར་མཛད་དུ་གསོལ།། ༈ །།རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་ནས། ཆོས་ཀྱི་རྒྱལ་པོ་གཙུག་ལག་རྒྱ་མཚོའི་བར། ཟུང་འཇུག་བརྒྱུད་པའི་བྱིན་རླབས་


TR004_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོངས་པའི། །གདམས་ངག་དྲི་མེད་བདུད་རྩིའི་བུམ་བཟང་འདི། །སྤྲུལ་པའི་སྐྱེས་མཆོག་མི་ཕམ་མགོན་ཉིད་ལ། །ཐུགས་དམ་བོག་འདོན་གྲོགས་སུ་ཕུལ་བ་འདིའི། །དགེ་བས་མཁའ་ཁྱབ་འགྲོ་བ་མ་ལུས་ཀྱང་། །འདི་དོན་མངོན་གྱུར་རྫོགས་པའི་བྱང་ཆུབ་ཤོག །ཅེས། སྤོང་བ་པ་སྣ་ཚོགས་རང་གྲོལ་གྱིས་རྒོད་ཕུག་མྱ་ངན་མེད་པའི་ནགས་ཁྲོད་དུ་ཡི་གེར་བཀོད་པའོ། །དགེའོ། །གཅིག་ཞུས།


previousཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དགོངས་དོན་སྙིང་པོར་དྲིལ་བ་བྱིན་རླབས་བུམ་བཟང་།next