Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
   
   
ཆོས་ཚུལ་སྣ་ཚོགས་ལས་བརྩམས་ཏེ་འབེལ་གཏམ་དུ་བགྱིས་པའི་རབ་མེ་ཏོག་ཆུན་འཕྱང་།
   
   


 
previousཆོས་ཚུལ་སྣ་ཚོགས་ལས་བརྩམས་ཏེ་འབེལ་གཏམ་དུ་བགྱིས་པའི་རབ་མེ་ཏོག་ཆུན་འཕྱང་།next

ཆོས་ཚུལ་སྣ་ཚོགས་ལས་བརྩམས་ཏེ་འབེལ་གཏམ་དུ་བགྱིས་པའི་རབ་མེ་ཏོག་ཆུན་འཕྱང་།


TR004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཚུལ་སྣ་ཚོགས་ལས་བརྩམས་ཏེ་འབེལ་གཏམ་དུ་བགྱིས་པའི་རབ་མེ་ཏོག་ཆུན་འཕྱང་ལགས།


TR004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་པྲ་ཛཱ་བྷྱཿ གཟོད་ནས་རབ་ཞི་མཉམ་ཉིད་དག་པའི་མཁར། །ཡེ་ཤེས་སྒྱུ་འཕྲུལ་ཐུགས་རྗེའི་འོད་དཀར་གསལ། །གང་འདུལ་གདུལ་བྱའི་དད་ཚོར་ཆུ་ཟླའི་གར། །སྟོན་མཛད་བླ་མའི་ཞབས་པད་ལ་བཏུད་ནས། །མི་ཕམ་ཆོས་ཀྱི་སྤྱན་ལྡན་སྐྱེས་མཆོག་གིས། །ཟབ་རྒྱས་ཆོས་ཀྱི་འབེལ་གཏམ་སྤྲོ་མཛད་པའི། །མཆིད་ལན་ཆོས་ཀྱི་དགོངས་དོན་ཇི་ལྟ་བ། །ནུས་མིན་ཆོས་ཀྱི་གོ་ཚོད་འབའ་ཞིག་འབུལ། །དེ་ལ་སྔར་དྲི་ལན་སྐལ་བཟང་དགའ་བྱེད་ཕུལ་བ་ལས་ཉེ་བར་སྤྲོས་ནས་སླར་ཡང་བཀའི་ཕེབས་སྒོར། སྔགས་ཀྱི་ལམ་ལ་འཇུག་པའི་ཐོག་མར། སྨིན་


TR004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བུམ་པའི་དབང་ལེན་པར་བྱ་བ་ལ་ཡང་སྣོད་བཅུད་ཡེ་ནས་དཀྱིལ་འཁོར་དུ་ཤེས་པ་དང་། ཕུང་ཁམས་ལྷར་ཤེས་པའི་སྐྱེད་རིམ་དང་། དེ་ལས་ཀྱང་སྔོན་དུ་སྭ་བྷཱ་ཝའི་སྔགས་དོན་གྱི་སྟོང་ཉིད་བསྒོམ་ཤེས་དགོས་ན། སློབ་མ་དེ་ཉིད་སྔར་ནས་སྐྱེད་རྫོགས་ཀྱི་དོན་དང་ལྡན་པ་ཞིག་དགོས་པར་འགྱུར་བ་དང་། དེ་ལྟར་ན་སྨིན་གྲོལ་གཉིས་ཀྱི་སྔ་རྟིང་གི་རིམ་པ་ཡང་དོན་མེད་དུ་འགྱུར་བའི་ཕྱིར། ཚུལ་འདི་ཇི་ལྟར་ཡིན་གྱི་དྲི་བ་གནང་བའི་ཆ་ལ། ལན་དུ་ཕུལ་བ་ནི། གང་ཞིག་སྔགས་ཀྱི་ལམ་ལ་བརྟེན་ནས་ཚེ་གཅིག་བྱང་ཆུབ་བསྒྲུབ་པར་འདོད་པ་དེས་ནི་ཐོག་མར་བླ་མ་མཚན་ལྡན་ལ་སྨིན་བྱེད་


TR004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ཞུས་ནས། དེ་རྗེས་གྲོལ་བྱེད་སྐྱེད་རྫོགས་ལ་འཇུག་པའི་སྔ་ཕྱི་གོ་རིམ་མ་ལོག་པ་ནི་ངེས་པར་དགོས་ལགས་ཀྱི། སྨིན་བྱེད་ཀྱི་དབང་དེ་ཐོག་མར་ཞུ་བ་པོ་དེ་སྐྱེད་རྫོགས་ཀྱི་དོན་ཇི་ལྟ་བ་སྔ་ནས་མི་ཤེས་མོད་ཀྱང་། དེ་ལྟར་ཤེས་པའི་རྒྱུའི་སྣོད་རུང་དུ་བསྒྲུབ་ཕྱིར། དང་པོར་སློབ་མ་སྟ་གོན་གྱི་ལས་རིམ་རྣམས་ཀྱི་རྒྱུད་སྦྱངས། སྐྱབས་སེམས་སྡོམ་བཟུང་སོགས་ཀྱིས་ཐུན་མོང་གི་ཐེག་པའི་ལམ་སྲོལ་དུ་བཅུག །དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ཏེ་སྣོད་གཞལ་ཡས་ཁང་དང་བཅུད་ལྷ་ཚོགས་ཀྱི་བཞུགས་ཚུལ་ཕྱི་ནང་གཞན་གསུམ་གྱི་དག་སྦྱོར་དང་བཅས་པས་ངོ་སྤྲད་ནས་ཡེ་གདོད་མའི་ཡིན་ལུགས་དང་གནས་ཚུལ་གྱི་ངེས་ཤེས་བསྐྱེད། དེ་ལྟ་བུའི་གནད་དོན་གྱི་སྐལ་བ་དང་ལྡན་པ་ལ་གསང་བ་བསྒྲག་ན་དངོས་གྲུབ་ཀྱི་གེགས་སུ་འགྱུར་ཕྱིར་གསང་བའི་དམ་ཚིག་ཕོགས། འགྲོ་ཁམས་བདེ་གཤེགས་སྙིང་པོར་རོ་གཅིག་ཀྱང་གནས་སྐབས་སུ། རང་རང་གི་སྔོན་གྱི་ལས་འཕྲོ་གང་ལ་ཡོད་པའི་ལྷའི་རིགས་བརྟག་ཕྱིར་


TR004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཅོད་པཎ་དོར། དེ་ཉིད་གང་ལ་བབས་པའི་ལྷ་དེ་ཡི་དམ་དུ་འབོག་ཅིང་རིགས་དང་མཐུན་པའི་གསང་མཚན་གདགས་པ་དང་བཅས་པའི་ལས་རིམ་རྣམས་ཀྱིས། དཔེར་ན་སློབ་གཉེར་གྱི་ཐོག་མར་ཡི་གེ་སློབ་པ་ལྟ་བུའམ། རབ་བྱུང་བསྙེན་པར་རྫོགས་པའི་སྔོན་དུ་དགེ་གཉེན་དང་། བར་པ་རབ་བྱུང་སོགས་སུ་བསྒྲུབ་ཏེ། སྤང་བླང་གིས་གནས་ལ་གོམས་སུ་འཇུག་པའི་མཐུས། དངོས་གཞི་མ་བདེ་བླག་ཏུ་སྤྱོད་ནུས་པར་འགྱུར་བའི་དཔེ་དང་མཚུངས་ཕྱིར་གོ་རིམས་འགལ་བ་སོགས་མེད་ལ། ཁྱད་པར་སློབ་མ་ལྷར་སྐྱེད་པའི་སྐབས་སུ། སྭ་བྷཱ་ཝའམ། ཤུ་ནྱ་ཏའི་སྔགས་ཀྱིས་སྦྱོང་བ་ཡང་སློབ་མས་ཇི་ལྟ་བར་སྒོམ་མི་ཤེས་ཀྱང་སློབ་དཔོན་ཉིད་ཀྱིས་བྱ་བའི་སྒོ་ནས་མ་དག་མཚན་འཛིན་གྱིས་རྟོག་པ་སྦྱང་སྟེ་སྒོ་གསུམ་ལྷ་དེ་ཉིད་ཀྱི་ངོ་བོར་བྱིན་གྱིས་བརླབ་ཅིང་ཡེ་ཤེས་བཅུག་པ་ནི། དཔེར་ན། སེང་གེའི་འོ་མ་ནི་གསེར་དངུལ་རིན་ཆེན་གྱི་སྣོད་མ་གཏོགས། རྫ་ཤིང་སོགས་ཕལ་པའི་སྣོད་དུ་བླུག་ན་


TR004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ཆགས་ཅིང་བཅུད་འབོ་བ་ལྟ་བུའི་ཉེས་པ་མི་འབྱུང་བའི་ཕྱིར་དུ། དབང་བསྐུར་གྱི་སློབ་མ་དམ་ཚིག་སེམས་དཔའ་རུ་སྐྱེད་ཅིང་ཡེ་ཤེས་སེམས་དཔའ་བསྟིམ་པ་དེ་དག་མི་ཕྱེད་པར་དབང་བསྐུར་ཞིང་རྒྱས་གདབ་པ་ཡིན་པ་དང་། དེའི་ཚེ་བླ་མ་དང་ཆོས་ཀྱི་བྱིན་རླབས་དང་ཏིང་ངེ་འཛིན་གྱིས་ནུས་པ། སློབ་མའི་མོས་གུས། རྫས་སྔགས་རྟེན་འབྲེལ་གྱི་རྒྱུ་རྐྱེན་སོགས་ཀྱི་མཐུས། སློབ་མའི་རྒྱུད་ལ་སྐྱེད་རྫོགས་ཀྱི་དོན་ཅི་རིགས་སྐལ་བ་དང་མཐུན་པར་ཤར་བ་དེ་ལ་དབང་དོན་ཅི་རིགས་སྐལ་བ་དང་མཐུན་པར་ཤར་བ་དེ་ལ་དབང་དོན་གྱི་ཡེ་ཤེས་ཟེར་བ་ལགས་མོད་ཀྱི། དེ་ནི་དཔེར་ན་ཞིང་པ་རྣམས་ཐོག་མར་རྨོ་འཁྲོལ་ཆུ་ལུད་སོགས་ཀྱི་ས་བོན་གདབ་རུང་དུ་བསྒྲུབ་ནས་སྐབས་ལ་ནམ་བབས་ཚེ་ས་བོན་སྐྱོན་མེད་བསྐྲུན་པར་བྱེད་པ་ལྟ་བུ་ནི། སྨིན་བྱེད་ཀྱི་དགོས་དོན་ཡིན་པ་དང་། སླད་དུ་ས་བོན་དེ་དག་མི་རུལ་མི་སྐམ་གནོད་པ་གཞན་གྱིས་ཆུད་འཛའ་བ་སོགས་སུ་མི་འགྱུར་བའི་ཐབས་དུ་མས་ལེགས་པར་བསྐྱངས་པས། རིམ་གྱིས་མྱུ་གུ་དང་


TR004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་པ་སྙེ་མ་སོགས་སུ་འགྲུབ་པའི་མཐར་འབྲས་བུ་སྨིན་པར་འགྱུར་བ་ནི་གྲོལ་བྱེད་ལམ་གྱི་དཔེ་ལགས་པ་དང་། ཡང་འོ་ན་གདོད་མ་ནས་སངས་རྒྱས་ཀྱིས་རྒྱུ་དང་སྒོ་གསུམ་དཀྱིལ་འཁོར་གསུམ་དུ་ལྷུན་གྱིས་གྲུབ་ན། སླར་སྨིན་གྲོལ་དུ་བྱ་རྒྱུ་ཅི་ཞིག་སྙམ་ན། དཔེར་ན་ཞིང་པ་དང་ས་བོན་ཡོད་ཀྱང་འདེབས་པ་དང་གསོ་སྐྱེད་ཀྱི་རྩོལ་བ་མ་བྱས་ན་འབྲས་བུ་མི་ཐོབ་པ་ལྟ་བུ་དང་། དཔེ་གཞན་ཡང་། མདོ་རྒྱུད་རྣམས་ནས་རྒྱ་ཆེར་གསུངས་པ་བཞིན་ནོ། །གསེར་དངུལ་གྱི་རྡོ་ཡང་བཞུ་བཏུལ་ལ་རག་ལས་པ་དང་། ཏིལ་དང་འོ་མ་ལ་མར་གྱིས་ཁྱབ་ཀྱང་བཙིར་བ་དང་བསྲུབ་པའི་རྩོལ་བ་དགོས་ཚུལ་སོགས་དང་མཚུངས་པ་ཉིད་དོ། །དེས་ན། སྨིན་གྲོལ་གཉིས་ཀྱི་གོ་རིམས་དང་དགོས་དོན་ནི་དེ་ལྟར་ལགས་ཤིང་། བུམ་དབང་དེས་མཚོན་ནས་དབང་གཞན་རྣམས་ཀྱང་དེ་དང་དེའི་ཉམས་ལེན་གྱི་གོང་དུ་ཐོབ་དགོས་ཚུལ་ནི་སྐལ་བཟང་དགའ་བྱེད་དུ་ཡོད་པ་ལྟར་ལགས་པ་དང་། རྒྱུད་སྡེ་འོག་མ་དག་ལ་ནི་ལྷ་གང་ཡིན་པ་དེ་ཉིད་བསྒོམ་ཞིང་


TR004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ལ་དབང་ཕྱིར་རིགས་གཏད་རྗེས་གནང་སོགས་ཀྱིས་ཆོག་ཡོད་ཀྱང་། བླ་མེད་ཀྱི་ལམ་ཡོངས་རྫོགས་ཞིག་ལ་ཉམས་ལེན་བྱེད་ན་དེ་ཉིད་ཀྱི་དབང་བཞི་ཡོངས་རྫོགས་ཐོབ་དགོས་ཚུལ་དང་། དབང་སྔ་མས་མ་སྨིན་པར་ཕྱི་མ་བསྐུར་དུ་མི་རུང་བ་སོགས་ཀྱང་བསྐལ་བཟང་དགའ་བྱེད་དུ་བཤད་པ་བཞིན་རིམ་ནོད་གོ་མ་ལོག་པར་བྱ་ལ། ཡང་གང་ཟག་གིས་ཁྱད་ཀྱི་ཀུན་རྫོབ་ཆོ་གའི་དབང་བསྐུར་ཁོ་ན་ལ་ལྟོས་དགོས་སོགས་ཀྱང་མ་ངེས་མོད་ཀྱི། གང་ལྟར་ཡང་། གྲོལ་ལམ་ཉམས་སུ་ལེན་རྒྱུ་ནི་སྨིན་ལམ་དབང་དོན་གྱི་ཡེ་ཤེས་ཉིད་ཡིན་ཕྱིར། སྨིན་གྲོལ་གྱི་གོ་རིམ་སྔ་ཕྱི་ནི་འདི་ཀས་རྟོགས་པར་འགྱུར་བའོ། སྐབས་འདིར་འཕྲོས་དོན། སྭ་བྷཱ་ཝའི་སྔགས་དོན་འདི་ལ། ཕྱིས་བྱོན་གྱིས་མཁས་པ་རྣམས་ཀྱི་བཞེད་པར། སྭ་བྷཱ་ཝས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གདོད་ནས་དག་པའི་སྟོང་ཉིད་ཀྱི་དོན་དང་། ཤུ་ནྱ་ཏ་ནི་ཆོས་ཐམས་ཅད་ཀྱི་ཡུལ་གདོད་ནས་དག་པའི་སྟོང་ཉིད་དེ་དང་ཡུལ་ཅན་ཡེ་ཤེས་གཉིས་


TR004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་པའི་སྟོང་ཉིད་ཀྱི་དོན་ཡིན་ནོ་ཞེས་པའི་དབྱེ་བ་མཛད་མོད་ཀྱང་། བདག་གི་བླུན་ཚོད་ལ་ནི། འདི་གཉིས་ལ་དབྱེ་བ་བྱེད་དོན་ཞིག་ཡོད་པ་མ་མཐོང་སྟེ། སྔགས་འདི་གཉིས་ཀྱི་འབྲུ་དོན་ལ་རྟག་ན། ཨོཾ་སྭ་བྷཱ་ཝ་ཤུདྡྷ་ཞེས་པ་ནི་རང་བཞིན་གྱིས་དག་པ་དང་སརྦ་དྷརྨ་ནི་ཆོས་ཐམས་ཅད། སྭ་བྷཱ་ཝ་ཤུདྡྷོ྅ཧྃ་ནི་རང་བཞིན་གྱིས་དག་པའི་བདག་ཉིད་དོ། །ཅེས་པར་འགྱུར་པ་དང་། ཨོཾ་མ་ཧཱ་ཤུ་ནྱ་ཏ་ནི་སྟོང་པ་ཉིད་ཆེན་པོ། ཛྙཱ་ན་བཛྲ་ནི་ཡེ་ཤེས་རྡོ་རྗེ། ས་བྷཱ་ནི་རང་བཞིན། ཨཏྨ་ཀོ྅ཧཾ་ནི་བདག་ཉིད་དོ། །ཅེས་པའམ། ང་ཉིད་དོད་ཅེས་པར་འགྱུར་སྤྱིར། གདོད་ནས་དག་པའི་སྟོང་ཉིད་ཡེ་ཤེས་འགྱུར་བ་མེད་པའི་རྡོ་རྗེའི་ངོ་བོའི་བདག་ཉིད་ཀྱི་དོན་གསལ་འདེབས་པ་ཉིད་ཡིན་པར་གོ་ལགས། ཡང་ལ་ལའི་བཞེད་ཀྱིས། ལས་དང་པོ་པའི་གང་ཟག་རྣམས་ཀྱིས་དངོས་པོའི་ཆོས་རྣམས་གཞིགས་ནས་སྟོང་ཉིད་བསྒོམ་པ་དང་། གོམས་པ་རྣམས་རང་བཞིན་གྱིས་གདོད་ནས་དག་པའི་སྟོང་ཉིད་དྲན་


TR004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་གང་ཟག་གི་ཁྱད་ཡིན་གསུང་མཁན་སྣང་ཡང་། སྔ་མ་དེ་ནི། ཕྱི་ནང་གི་ཆོས་ཐམས་ཅད་མི་དམིགས་པར་སྟོང་པ་ཉིད་དུ་འགྱུར། ཅེས་པའི་ཚིག་ལ་བསམ་འདུག་ནའང་། མི་དམིགས་པར་གྱུར་བསམ་པ་དེ་ཀ་དམིགས་པ་ཚབ་ཆེ་ཤོས་སུ་འགྱུར་ལ། བློས་བྱས་ཀྱི་སྟོང་ཉིད་དེ་ནི་གདོད་མའི་གནས་ལུགས་སུ་ནམ་ཡང་མི་འགྱུར་བའི་ཕྱིར་དང་། སྔགས་དེ་ཉིད་ཀྱི་སྐད་དོད་ལ་རང་བཞིན་གྱིས་དག་པ་ཅེས་པ་དེ་དང་རྒྱབ་འགལ་དུ་འགྲོ་བས་ན། སྔགས་དོན་དུ་ནམ་ཡང་མི་འགྱུར་བར་གོའོ། །འོ་ན། ལས་དང་པོ་བ་རྣམས་ཀྱི་སྔགས་དོན་འདི་སྒོམ་ཐབས་གཏན་ནས་མེད་པར་ཐལ་ལོ་སྙམ་ན། དེ་ཡང་མ་ཡིན་ཏེ། གདོད་མའི་ཡེ་ཤེས་མ་རྟོགས་པའི་གང་ཟག་ལས་དང་པོ་བ་རྣམས་སྭ་བྷཱ་བའམ་ཤུ་ནྱ་ཏ་བརྗོད་ཚེ། སྣོད་བཅུད་ཀྱི་སྣང་བ་སོགས་འདི་ཐམས་ཅད་རང་ཉིད་ཀྱི་བདེན་འཛིན་ཨ་འཐས་སུ་བཟུང་བའི་བག་ཆགས་འཁྲུལ་ངོར་འདི་ལྟ་བུ་སྣང་བར་ཟད་ཀྱིས། དོན་དམ་པར་བདེན་རྫུན་རྟག་ཆད་ཡོད་མེད་སོགས་སྒྲོ་སྐུར་གྱིས་མཚན་མ་མཐའ་


TR004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་དབེན་པའི་ཚུལ་རྒྱལ་བ་རྣམས་ཀྱི་མདོ་བརྒྱུད་མཐའ་དག་ཏུ་གསུངས་པ་བཞིན་ཏུ་ཡིན་པར་གདོན་མི་ཟའོ། །སྙམ་པའི་ངེས་ཤེས་བསྐྱེད་པར་གསུངས་པས། མོས་པས་སྟོང་ཉིད་དུ་བྱེད་པ་འདིས་ཀྱང་དངོས་འཛིན་ཞི་ཐུབ་པར་སྒམ་པོ་པས་ཀྱང་གསུངས་ལ། དང་པོར་འདི་ཙམ་གྱི་ཚུལ་ལ་ངེས་ཤེས་འགྲོངས་ན། སླད་མར་རེམ་གྱི་རང་བཞིན་གདོད་ནས་དག་པའི་སྟོང་ཉིད་རྟོགས་པ་ལ་དཀའ་ཚེགས་མེད་པར་འགྱུར་བ་སྟེ། མི་དམིགས་པའི་སྟོང་པར་གྱུར་སྙམ་པའི་མཚན་འཛིན་དེ་དང་མི་གཅིག་གོ། །དེ་ལྟར་བརྗོད་བྱའི་ཚིག་གཅིག་ཀྱང་བརྗོད་བྱེད་ཀྱི་དོན་ལ་གོ་བ་ལེན་ཚུལ་ཐ་དད་པ་འདི་འདྲ་མང་པོས་གང་ཟག་རྣམས་ལམ་ལོག་ལམ་གོལ་ལམ་ནོར་དུ་གྱུར་པ་མང་ངོ་། །མདོར་ན། སྐྱིད་རིམ་མམ། གཏོར་མཆོད་བྱིན་རླབས་སོགས་སྭ་བྷཱ་ཝ་བརྗོད་པའི་སྐབས་ནམ་དུའང་། ད་ལྟ་མངོན་སུམ་དུ་བཤམས་པའམ་ཡོད་པའི་དངོས་པོ་འདི་རྣམས་ཅི་ཡང་མེད་པར་


TR004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ངོ་བསམ་པ་བྱེད་པ་ལ་སྭ་བྷཱ་བའི་སྔགས་དོན་དུ་འཁྲུལ་བར་མི་བྱ་སྟེ། འབག་རྩོག་སམ་མཚན་འཛིན་གྱི་རྟོགས་པ་དེ་ཁོ་རང་སྟོང་ཉིད་དུ་སྦྱང་ཐབས་ཡིན་པའི་གནད་གོ་བར་བྱ་བ་འདི་ཡང་རྡོ་རྗེ་ཐེག་པའི་ལམ་གྱིས་གལ་ཆེ་ཤོས་གཅིག་ཏུ་གདའ་ལགས། དེ་ལྟར་སྔགས་དོན་འདིའི་དགོས་ཆེད་ནི་ཇོ་བོ་རྗེའི་གསུངས་ལས་ཀྱང་། དེ་ལྟ་བུའི་སྔགས་རྣམ་པ་གཉིས་ལན་གསུམ་དུ་བརྗོད་པ་ནི། སྟོང་པ་ཉིད་རྟོགས་ནུས་པ་དང་། སྟོང་ཉིད་ཀྱི་དྲན་པ་གསོ་བ་དང་གནས་པ་བརྟན་པ་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་ཞེན་རྟོགས་སྤོང་བ་དང་། རྟེན་དང་རྟེན་པ་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་འཕྲུལ་དུ་རྟོགས་པའི་ཕྱིར་རོ། །ཞེས་གསུངས་ཤིང་། དོན་གྱི་སྙིང་པོ་ནི། འཁོར་འདས་ཀྱི་འདུས་པའི་ཆོས་མཐའ་དག་དང་པོར་ཡང་སྟོང་ཉིད་ཀྱི་ངང་ནས་འགགས་མེད་ཀྱི་རྩལ་མདངས་སུ་ཤར། ད་ལྟ་ཡང་ཇི་ལྟར་ཤར་བའི་ངོ་བོ་སྟོང་ཉིད་ལས་མ་གཡོས་པར་གནས། མཐར་ཡང་སྟོང་ཉིད་ཀྱི་ཀློང་


TR004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐིམ། དེ་ལྟ་བུ་ཤར་གནས། ཐིམས་གསུམ་ཡང་མེད་བཞིན་སྣང་བ་སྟོང་པ་ཉིད་ཀྱི་རྣམ་རོལ་དུ་ཐག་ཆོད་པ་ནི་ཆོས་ཐམས་ཅད་ཀྱི་ཡིན་ཚུལ་ཇི་ལྟ་བར་རྟོགས་པའོ། །ཡང་ཉིད་ཀྱིས། ཧེ་རུ་ཀའི་དབང་ལ་རྡོར་སེམས་ཀྱི་བརྟུལ་ཞུགས་བསྟན་པ་དང་། བརྟུལ་ཞུགས་ཉིད་ཀྱི་དོན་ཡང་མ་གོ་གསུངས་པ་ཡང་། སྤྱིར་བུམ་དབང་གི་མཐའ་རྟེན་གྱི་རྣམ་གྲངས་འདྲེན་ཚུལ་རྒྱས་བསྡུས་དང་སྔ་ཕྱི་མི་འདྲ་བ་སྣ་ཚོགས་པ་གསར་རྙིང་སོ་སོའི་གཞུང་ལས་འབྱུང་མོད་ཀྱི། སློབ་དཔོན་ཨ་བྷ་ཡ་སོགས་ཀྱིས་ནི། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་རྡོ་རྗེ་དང་མི་འབྲལ་བར་རྟོགས་ཕྱིར་རྡོ་རྗེའི་དམ་ཚིག །ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ཕྱིར་དྲིལ་བུའི་དམ་ཚིག ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བ་ཕྱག་རྒྱའི་དམ་ཚིག ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ལ་དབང་ཕྱིར་སློབ་དཔོན་གྱི་དབང་དངོས་དང་། རྡོར་སེམས་ཀྱི་གོ་འཕངས་ལ་སྒྲིབ་བྱེད་ཀྱི་དྲི་མ་འཁྲུ་ཕྱིར་ཆུ་དབང་། རྡོ་རྗེ་སློབ་དཔོན་གྱི་བྱ་བ་བསྒྲུབ་ཕྱིར་དེ་ཁོ་ན་ཉིད་ལས་རིམ་དང་བཅས་


TR004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་། སྔགས་དང་ལས་བཞིའི་དངོས་གྲུབ་འགྲུབ་ཕྱིར་སྔགས་དབང་། མ་རིག་པའི་ལིང་ཏོག་བསལ་ཞིང་ཡེ་ཤེས་སྤྱན་གྱི་ནུས་པ་འཇོག་ཕྱིར་མིག་སྨན་སྦྱིན་པ། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ཕྱིར་མེ་ལོང་བསྟན་པ། བདུད་བཞིའི་གཡུལ་ལས་རྒྱལ་བྱེད་མདའ་གཞུའི་དབང་དང་། རང་དང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་ནུས་པ་ཐོབ་ཕྱིར་རྗེས་གནང་སྦྱིན་པ། ཡེ་ཤེས་ཆེན་པོའི་དོན་གྱིས་བོགས་འབྱིན་ཕྱིར་བརྟུལ་བཞུགས་སྦྱིན་པ། མ་འོངས་པར་མངོན་སངས་རྒྱས་ནས་སྲིད་པ་གསུམ་དུ་འགྲན་ཟླ་དང་ད་པའི་སྟོན་པར་ལུང་བསྟན་ཞིང་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསུངས་པའི་དབང་འདི་རྣམས་ལ་ནང་མཚན་གྱི་དབྱེ་ཚུལ་འདྲ་མིན་ཡང་དུ་མར་ཡོད་པ་དང་། རྙིང་ལུགས་ལ་ནི་འདི་དག་གི་སྐབས་སུ། ནང་ནུས་པའི་དབང་། གསང་བ་རྡོ་རྗེ་སློབ་དཔོན་གྱི་དབང་། ཡང་གསང་བཀའ་རབ་འབྱམས་ཀྱི་དབང་སོགས་ཀྱི་རྣམ་གྲངས་འབྱུང་མོད་ལ། ཁྱད་པར་གྱི་སྐབས་དོན་དུ། བརྟུལ་བཞུགས་ཀྱི་དབང་གི་དོན་ནི། ལྷ་དང་རྒྱུད་སྡེ་གང་


TR004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ཉིད་ཀྱི་ཆ་བྱད་དང་ལམ་དང་སྤྱོད་པ་དང་འབྲས་བུ་བསྒྲུབ་པ་ལ་དབང་བར་བྱེད་ཐབས་ལ་བརྟུལ་ཞུགས་ཀྱི་མིང་དུ་བཏགས་པ་སྟེ། དཔེར་ན། འདུལ་བ་ནས་ཀྱང་མཁན་པོས་སློབ་བུ་དེ་ལ་ཆོས་གོས་གསུམ་དང་ལྷུང་བཟེད་དང་ཆུ་ཚགས་ལ་སོགས་ཚིག་གིས་གཏད་ས་དེ་དགེ་སློང་གི་བརྟུལ་ཞུགས་སྦྱིན་པར་འགྱུར་བ་ལྟ་བུའི་དོན་ཡིན་ནོ། །ཧེ་རུ་ཀའི་དབང་ལ་རྡོར་སེམས་ཀྱི་བརྟུལ་ཞུགས་བྱུང་བ་ནི། སྤྱིར་རྡོ་རྗེ་སེམས་དཔའ་ཞེས་པའི་མཚན་འཇུག་པ་ནི་མང་ནའང་། འདི་སྐབས་ནི་རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །ཅེས་གསུངས་པ་ལྟར། རྡོ་རྗེ་འཆང་། རྡོ་རྗེ་འཛིན་རྡོ་རྗེ་སེམས་དཔའ་སོགས་མཚན་གྱི་རྣམ་གྲངས་དང་། རྙིང་ལུགས་སུ་ཆོས་སྐུ་ཀུན་བཟང་སོགས་སུ་གྲགས་པ་ལྟར། རིགས་ཐམས་ཅད་ཀྱི་ཁྱབ་བདག་ལ་འཇུག་ཅིང་། དེ་ཉིད་ཁྲོ་བོའི་ཚུལ་དུ་བསྟན་པ་ལ་ཧེ་རུ་ཀ་སོགས་ཀྱི་མཚན་དང་རྣམ་འགྱུར་དུ་མ་སྟེ། ཇི་སྐད་དུ། རྡོ་རྗེ་འཇིགས་བྱེད་སམ་རྡོ་རྗེ་ཧེ་རུ་ཀ་དང་དུས་འཁོར་རོ། དང་པོའི་སངས་རྒྱས་ལ་སོགས་མཚན། ཞེས་


TR004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་། ཡོ་ག་ལས་ཀྱང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོའི་ཀུན་ཏུ་བཟང་། །ཞེས་པ་དང་དགོངས་པ་མཚུངས་ལ། འདི་ལ་སེམས་དཔའ་ཞེས་བྱང་ཆུབ་སེམས་དཔའ་ཙམ་ལ་བརྗོད་པ་ཡང་མ་ཡིན་ཏེ། དམ་ཚིག་སེམས་དཔའ། ཡེ་ཤེས་སེམས་དཔའ། ཏིང་འཛིན་སེམས་དཔའ་སོགས་སེམས་དཔའི་མཚན་གྱི་འཇུག་སྒོ་མང་མོད་ཀྱི། སྐབས་དོན་འདིར་ནི་རྡོར་སེམས་དང་ཧེ་རུ་ཀ་སོགས་མིང་ཐ་དད་ཀྱང་ངོ་བོ་དབྱེར་མེད་རིགས་བདག་བླ་མ་རྡོ་རྗེ་འཛིན་པ་ཉིད་ལ་འདུ་ཞིང་དེའི་བཏུལ་བཞུགས་ཀྱི་གོ་འཕངས་བསྒྲུབ་པའི་དབང་གི་བྱེ་བྲག་ལགས། ༈ ཡང་དུས་འཁོར་གྱི་དབང་གི་སྐབས་ཀྱི། རླུང་བཅུ་དང་ནུས་མ་བཅུ་གང་ཡིན་གསུངས་པ། རླུང་ནི་རྩ་བའི་རླུང་མེ་མཉམ་སོགས་ལྔ་དང་། རྒྱུ་བ་དང་རབ་ཏུ་རྒྱུ་སོགས་ཡན་ལག་གི་རླུང་ལྔ་སྟེ་བསྡོམས་པའི་བཅུ་པོ་དེ་ཀ་ལགས་ཤིང་། ནུས་མ་བཅུའི་ངོ་བོ་ནི། ཤ་ཁྲག་དྲོད་དབུགས་སེམས་དང་བཅས་པའི་ནང་གི་ཁམས་ལྔ་དང་། བདུད་རྩི་ལྔ་སྟེ། དེ་ལྟར་བཅུ་པོ་ཡེ་ཤེས་ཀྱི་ལྷ་མོའི་ངོ་བོར་


TR004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ་ལ་འཇུག་པར་གདའ་སྟེ། དུས་འཁོར་ཉིད་ཀྱི་ལུགས་ལྟར་འདི་དག་བཅུ་པོའི་ནང་ཚན་དང་མངོན་རྟོགས་སོགས་ཀྱི་གསལ་ཁ་ནི་འདིར་དུས་འཁོར་གྱི་ཡིག་ཆའི་རིགས་ཙམ་མ་བཞུགས་ཤིང་བདག་ལ་འདྲིས་གོམས་མེད་པས་ཞུར་མ་མཚལ་ལ། སྤྱི་ཙམ་དུ་ནི་ནུས་མ་བཅུ་དེ་སྦྱོར་དྲུག་གི་ཡུན་ཁྲིད་ཀྱི་འཆར་བར་ཚུལ་དང་སྒོ་བསྟུན་དེ། ནག་མོ་འབར་བ། སེར་མོ་འབར་བ། དཀར་མོ་འབར་བ། དམར་མོ་འབར་བ། དུ་བ་མ། མིག་རྒྱུ་མ། མར་མེ་མ། མཁའ་སྣང་མ། འདི་དག་གི་སྟེང་དུ། སྣ་ཚོགས་ཡུམ་དང་། དབྱིངས་ཕྱུག་མ་སྟེ། དེ་ལྟར་བཅུ་པོ་ནི་ནུས་མ་བཅུར་གསུངས་སོ། །རྒྱུད་སྡེ་གཞན་མ་ལྟར་ན་ཁམས་ལྔ་པོ། གནས་སུ་དག་པ་ནི་སྤྱན་མ་སོགས་ཡུམ་ལྔ་དང་། བདུད་རྩི་ལྔ་ནི་གཟུགས་རྡོ་རྗེ་མ་སོགས་ཡུལ་ལྔའི་འདོད་ཡོན་ལྔའི་ལྷ་མོ་ལ་སྦྱོར་བ་མང་འདུག་རུང་། དུས་འཁོར་རང་ལུགས་ཀྱི་སྐབས་དོན་གང་ཡིན་པ་ནི་དེ་ཉིད་ཀྱི་རྒྱུད་འགྲེལ་ སྐབས་ལ་ལར་རིགས་ལྔ་ལ་སྦྱོར། དང་དཀྱིལ་ཆོག་སོགས་ལ་དོགས་གཅོད་གནང་འཚལ་ལགས།། ༈ །།སྦྱང་གཞི་


TR004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བྱེད་སོགས་ཀྱི་སྐབས་སུ། འདོད་ཆགས་བཞི་སྤང་བྱར་བཤད་པ་ཇི་ལྟར་ཡིན་གསུངས་པ་ནི། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་བཞི་པོ་བྱུང་ཚུལ་འཆད་པའི་གཞུང་རྣམས་སུ། རྫོགས་ལྡན། གསུམ་ལྡན། གཉིས་ལྡན། རྩོད་ལྡན་དང་བཞི་ལ་འདོད་ཆགས་བཞི་རིམ་ཅན་དུ་ཡོད་པའི་གཉེན་པོར་སྔགས་ཀྱི་རྒྱུད་སྡེ་བཞི་གསུངས་ཚུལ་དང་། གཞན་འཕྲུལ་སོགས་འདོད་ལྷ་རྣམས་དང་འདོད་ཆགས་བཞི་པོ་སྦྱར་ཚུལ་སོགས་ནི་སྐབས་འདིར་བརྗོད་དགོས་པར་མ་གྱུར་ལ།། ༈ །།འདིའི་སྐབས་དོན་ནི། འདོད་ཆགས་སོགས་ཉོན་མོངས་པ་རྣམས་ཉན་ཐོས་སུ་སྤོང་། བྱང་སེམས་སུ་བསྒྱུར། གསང་སྔགས་ལམ་དུ་འཁྱེར་བར་གསུངས་པ་ལ། འདིར་སྤང་བྱར་བཤད་པ་ཅི་ཡིན་སྙམ་ན། ཉོན་མོངས་པ་ཐ་མལ་རང་གར་སྤྱད་རུང་བ་ནི་ཐེག་པ་གོང་འོག་གང་ནས་ཀྱང་མ་བཤད་པའི་ཕྱིར་ན་འདིར་སྤྱི་ཙམ་དུ་སྤང་བྱར་བགྲང་ལ། ཁྱད་དོན་ལ་ལམ་དུ་འཁྱེར་ཚུལ་ཡང་། མན་ངག་གི་གནད་དང་ལྡན་ན་ལམ་གྱིས་གྲོགས་སམ་བོགས་འདོན་


TR004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་ལ། གནད་ཀྱིས་མ་ཟིན་ན་དུག་སྔགས་མེད་པར་བཙན་དུག་ཟ་བའམ། དངུལ་ཆུ་འཆིངས་བའི་མན་ངག་མེད་པར་ལོངས་སྤྱོད་པ་བཞིན་ཕུང་བར་འགྱུར་བའི་གཏན་ཚིག་ཀྱི་དབང་གིས་སྤང་བྱར་བརྗོད་པ་ལགས་ཀྱིས། དབང་བཞིའི་སྐབས་འདིར་ནི། ཇི་སྐད་དུ། དབང་དོན་རབ་དབྱེ་ལས། བུམ་དབང་བལྟས་པས་ཚིམ་པའི་འདོད་ཆགས་དག །གསང་དབང་བགད་པས་ཚིམ་པའི་འདོད་ཆགས་དག །ཤེས་རབ་ཡེ་ཤེས་གཉིས་འཁྱུད་འདོད་ཆགས་དག །ཚིག་དབང་ལག་བཅངས་ཚིམ་པ་དག་པར་བྱེད། །དེ་ནི་འདོད་ཆགས་བཞི་པོ་སྦྱོང་ཚུལ་ལོ། །ཞེས་གསུངས་པ་ལྟར། དབང་བཞི་པོ་དེས་འདོད་ཆགས་བཞི་པོའི་ཐ་མལ་རང་གའི་དྲི་མ་སྦྱོང་ནས་དགའ་བཞི་སོགས་ཀྱི་ཡོན་ཏན་མངོན་དུ་བྱེད་པའི་དོན་ལགས་མོད།། ༈ །།དབང་གསུམ་པའི་དོན་གྱི་ལྷན་སྐྱེས་ཡེ་ཤེས་བདེ་སྟོང་ཟག་མེད་མངོན་དུ་གྱུར་པའི་ཡོན་ཏན་གྲུབ་ཐོབ་རྣམས་ཀྱི་ལྟར་གྱུར་པ་ཞིག་མ་བྱུང་ན་ཐབས་ལམ་ཚུལ་ལྡན་དུ་མི་འགྲོ་ཚུལ་བདག་


TR004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྐལ་བཟང་དགའ་བྱེད་དུ་བཤད་པ་ལ་བརྟེན་ནས། སླར་འོ་ན་རྩ་ཐེམ་རླུང་ཐེམ་གྱི་དགོས་པ་གང་ཡིན་པ་འདྲི་བར་མཛད་པ་ལ།། ༈ །།སྤྱིར་ཡང་། གསུམ་པའི་ལམ་གཅིག་པུ་ལ་ལྟོས་མ་དགོས་པར་ཚེ་གཅིག་བྱང་ཆུབ་བསྒྲུབ་ཐབས་ནི་བསམ་གྱིས་མི་ཁྱབ་མོད་ཀྱི། འོན་ཀྱང་འདོད་ཁམས་ཀྱི་སེམས་ཅན་རྣམས་ཀྱི་རྒྱུ་རྐྱེན་ཡང་འདི་ལ་རག་པ་དང་། དེའི་སྟོབས་ཀྱི་ཉོན་མོངས་པའི་ནང་ནས་འདི་ཉིད་ཤས་ཆེ་བ་དང་། འདི་ལམ་དུ་ལྷོངས་ན་གྲོལ་ཞིང་མ་ལྷོངས་ན་འཆིང་ནས་འཁོར་བར་འཁྱམས་འགྱུར་གྱི་རྒྱུ་ཡིན་པ་ལ་དགོངས་ཏེ། ཐེག་པའི་འོག་མར་སྤང་བྱའི་གཙོ་བོ་དང་། གོང་མར་ལམ་དུ་སློང་བྱའི་རྩ་བར་གསུངས་ཤིང་། དབང་གི་སྐབས་སུ་ཡང་། དང་པོར་བདག་གཞན་སྣོད་བཅུད་ཕུང་ཁམས་ཐ་མལ་གྱི་ཞེན་པ་ལས་བཟློག་ཕྱིར་བུམ་དབང་བསྟན། དེ་ནས་རྩ་དང་རླུང་དང་ཐིག་ལེ་རྣམས་ཐ་མལ་རང་རྒྱུད་པར་ཞེན་པའི་དྲི་མ་སྦྱངས་ཕྱིར་གསང་དབང་བསྟན་ནས་ཁྱད་པར་དུ་སེམས་ཀྱི་རྟོགས་ཚོགས་དང་བདེ་


TR004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་གི་ཚོར་བ་སོགས་ལ་ཆགས་སྡང་གིས་བག་ཆགས་ཨ་འཐས་འཁྲུལ་ཞེན་ལས་བཟློག་ཕྱིར་ཤེར་དབང་བསྐུར་བས་ཉོན་མོངས་པ་རང་གར་འཆོར་བའི་ཉེས་པའི་རྩ་བ་དྲུང་ནས་ཕྱུངས་པ་སྟེ། འདི་སྐབས་སྙིང་ལུགས་ཀྱི་དབང་ཆོག་དག་ཏུ། གསང་བའི་དགྲ་གསུམ་གསད་ཡུལ་གསུམ་མངོན་དུ་གྱུར། ལམ་གསུམ་གནད་དུ་ཚུད། ཅེས་སོགས་ཀྱི་རྣམ་དབྱེ་མང་དུ་གདའ་ཞིང་། དགོས་དོན་གྱི་གཙོ་བོར་ཐ་མལ་རང་རྒྱུད་པའི་ཆགས་པ་དག་སྟེ་ལྷན་སྐྱེས་ཡེ་ཤེས་ངོས་ཟིན་པ་ནི་དབང་གསུམ་པའི་དོན་གྱི་རྩ་བར་སྣང་ཞིང་། དེའི་ཕྱིར། རྗེ་བཙུན་རས་ཆུང་པའི་ལོ་རྒྱུས་འགའ་ཞིག་ན། དབང་ཐོབ་ཀྱང་ཡེ་ཤེས་ངོས་མ་ཟིན་པའི་སློབ་མ་གཅིག །ཞེས་སོགས་ཀྱི་སྒྲོས་འདུག་པ་ལྟར། དབང་ཡང་ཐོབ་ལ་ཡེ་ཤེས་ངོས་ཡང་ཟིན་པ་ཞིག་དགོས་པར་བཞེད་ཅིང་། དེ་ལྟ་བུའི་ཡེ་ཤེས་ཤར་བ་ཉིད་སླར་ཡང་ནན་ཆགས་སུ་ཚིག་གི་ངོ་སྤྲད་བརྡ་ཡིས་ངེས་ཤེས་བསྐྱེད། གནད་ཀྱི་གསང་བསྟན། དོན་གྱི་འགག་


TR004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲོལ་ཏེ། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རང་སེམས་གཅིག་པུའི་ཐོག་ཏུ་གཏན་ལ་འབེབས་པ་ནི་དབང་བཞི་པ་ཡིན་ཚེ། ཉིད་ཀྱིས། ཚིག་དབང་རིན་པོ་ཆེ་ཞེས་པའི་ངེས་ཚིག་གང་ཡིན་གསུངས་པའི་དོན་ཡང་། དབང་བཞི་པ་འདི་ལ་ཀུན་རྫོབ་རྫས་ཀྱི་དབང་ལ་མ་ལྟོས་པར་ཚིག་གིས་ངོ་སྤྲོད་པ་ལ་བརྟེན་ནས་དོན་ལ་རང་དབང་ཐོབ་པར་བྱེད་ཕྱིར་དང་། དབང་གཞན་རྣམས་ནོར་བུ་མཆིང་བུ་དང་འདྲ་ལ། འདི་ནི་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་སྟེ། གཞན་ལས་ཁྱད་པར་མཆོག་དང་རབ་དང་ཕུལ་དུ་གྱུར་ཕྱིར། ཚིག་དབང་རིན་པོ་ཆེ་ཞེས་བྱ་བ་ལགས། དེ་ལྟར་གོང་གི་འཕྲོ་བཞིན། དབང་གསུམ་པ་དེ་བསྐུར་ཞིང་ཉམས་སུ་བླངས་པའི་རྟེན་ནི་ཀུན་རྫོབ་རྒྱུའི་ཐིག་ལེ་ལ་རག་ལས་ལ། དེ་ཉིད་ལ་བརྟེན་ནས་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་མངོན་དུ་གྱུར་དགོས་པ་དང་། རྒྱུའི་ཐིག་ལེ་ཟག་མེད་དུ་འཆིང་ཞིང་འཕེལ་བར་བྱེད་པ་ལ་རྩ་ཐེམ་རླུང་ཐེམ་གྱི་མན་ངག་ལ་མ་བརྟེན་པར་དེ་ལྟ་བུ་


TR004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་ཤིང་། དེ་མི་ནུས་བཞིན་དུ་གསུམ་པའི་ལམ་ལ་འབད་པར་རློམས་ཀྱང་རྩ་ལྟུང་ལྔ་པ་སོགས་ཉེས་པ་མང་པོའི་རྒྱུར་འགྱུར་བ་ལས། ཡོན་ཏན་གྱི་བསྐལ་བས་དབེན་པའི་ཚུལ་ནི། གསང་བ་བླ་ན་མེད་པའི་འབྲས་བུ་དྲི་མ་མེད་པ་སྙིང་པོའི་རྒྱུད་ལས། ཐིག་ལེ་མཐའ་བྲལ་བདེ་སྟོང་ཆེ། །འཇིག་རྟེན་འདས་དང་མ་འདས་པ། །ཐམས་ཅད་ཀུན་གྱི་སྲོག་ཡིན་ཏེ། །ཕྱི་ལྟར་མ་རྟོགས་འབྱུང་བ་ལྔ། །ནང་ལྟར་རྟོགས་ན་སྐུ་ལྔ་དང་། །གསང་བ་ཡེ་ཤེས་ཆོས་ཉིད་དངོས། །ཐམས་ཅད་སངས་རྒྱས་རང་བཞིན་གྱིས། །རྩ་ཁམས་དཔའ་བོ་མཁའ་འགྲོ་ཡིན། །རྒྱུ་ཡིས་ཐིག་ལེ་དྭངས་མ་ནི། །ཏིལ་འབྲུ་ཙམ་ཞིག་ཉམས་གྱུར་ན། །བདེ་སྟོང་ཡེ་ཤེས་ཡོན་ཏན་དང་། །མྱང་འདས་སྲོག་རྩ་བཅད་པའི་ཕྱིར། །མཁའ་འགྲོ་ཁྲི་འབུམ་ངུ་དིར་འགྱུར། །དངོས་གྲུབ་དམ་པ་ཉམས་པ་ཡིན། །དེ་ཉིད་མ་ཉམས་ལོང་སྤྱད་ན། །བདེ་སྟོང་ཡེ་ཤེས་ཡོན་ཏན་འཕེལ། །རང་རིག་བདེ་བ་ཆེན་པོའི་ངང་། །མཁའ་འགྲོ་མ་ལུས་མཉེས་གྱུར་ཏེ། །འཁོར་འདས་ཐམས་ཅད་དབང་དུ་འདུ།


TR004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་དང་། དེ་ལྟར་མ་ཤེས་ཐིག་ལེ་སྤངས། །ཡི་དམ་ཕྱི་ནས་བསྒོམ་པ་དང་། །ཚོགས་དང་མཆོད་པ་ཕྱིར་འབུལ་ཞིང་། །དངོས་གྲུབ་གཞན་ནས་ཐོབ་འདོད་རྣམས། །གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང་། །ཡེ་ཤེས་རང་ལ་རང་གསལ་དུ། །ཡོད་བཞིན་གནད་དོན་མ་རིག་པས། །འཁོར་བའི་བག་ཆགས་གྲོལ་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། །ཐབས་ཀུན་རྡ་འཛག་མེད་དུ་སྤེལ་ཞིང་། ཤེས་རབ་ལྷན་སྐྱེས་ཡེ་ཤེས་ལས་མི་འདའ་བར་བསྒྲུབ་ཕྱིར། རྩ་རླུང་ཐེམ་བུའི་དགོས་པ་ནི་དེར་འདུ་མོད་ཀྱི། ཡེ་ཤེས་ཀྱི་མ་ཟིན་པར་ཐིག་ལེ་འཆིང་ནུས་པ་གཅིག་པུས་ནི་གནས་སྐབས་ལུས་ཀྱི་མདངས་སྟོབས་མི་ཉམས་པ་ཙམ་ཨེ་ཡོད་དམ། མཐར་ཐུག་གི་མྱུར་ལམ་དུ་འགྲོ་བ་ནི་མི་སྲིད་པའི་ཕྱིར། སྐལ་བཟང་དགའ་བྱེད་དུ་སྐྱོན་གྱི་རྣམ་གྲངས་བཤད་པའི་དོན་དེ་ལྟར་ལགས།། ༈ །།ཡང་། དབང་བཞི་ཐོབ་ཚུལ་ས་ལམ་དང་སྦྱར་བའི་སྐབས་སུ། དུས་འཁོར་དང་དགོངས་པ་མཐུན་པར་ནང་དོན་


TR004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་སོགས་སུ་ས་བཅུ་གཉིས་པའི་བར་དུ། བདེ་མཆོག་ཏུ་རྩ་ཉེར་བཞིའི་དག་པ་དང་སྦྱར་ཞིང་ས་བཅུ་པ་མན་ལས་མ་གསུངས་པས། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་སོགས་ཀྱི་སྒྲོས་མ་བྱུང་གསུངས་པ།། ༈ །།དེ་ལ་སྤྱིར་ས་ལམ་གྱི་རྣམ་གཞག་ཐམས་ཅད་ནི་ཆོས་རང་རང་སོ་སོའི་ཉམས་ལེན་གྱི་འབྲས་བུ་འགྲུབ་ཚུལ་གྱི་བྱེ་བྲག་ཡིན་ཕྱིར། རྒྱུའི་ཐེག་པ་རྣམས་སུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བརྟེན་ནས་ས་ལམ་བགྲོད་ཚུལ་དང་། སྔགས་ཀྱི་ཐེག་པར་ནི་རིམ་པ་གཉིས་ཀྱི་ལམ་ལ་བརྟེན་ནས་བགྲོད་དགོས་ཕྱིར་ལམ་གང་ལ་བརྟེན་པ་དེ་དང་མཚུངས་པའི་རྟགས་དང་ཡོན་ཏན་གྱི་ལྡོག་ཆོས་དང་སྦྱར་བས་ན་མཐའ་གཅིག་ཏུ་ནི་མ་ངེས་མོད་ཀྱི། དབང་བཞི་དང་སྦྱར་བ་དེ་ནི་སའི་རིམ་པ་དེ་དག་ཐོབ་རུང་གི་ནུས་པའམ་ས་བོན་རྒྱུད་ལ་བཞག་པ་ཡིན་པས་ན། དེ་རྣམས་ཀྱི་ལམ་ཇི་ལྟར་ཉམས་སུ་བླངས་པའི་ནུས་པ་མངོན་དུ་གྱུར་ཚུལ་དང་འབྲེལ་དགོས་པར་ནི་གཞིར་བཅས་ཏེ་


TR004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བཅས་རྩ་རླུང་ཐིག་ལེའི་ཉམས་ལེན་གྱི་གཞུང་རྣམས་ལས་ནི་དེ་དག་གི་དག་འབྲས་དང་སྦྱར་ནས་གསུངས་ལ། མཚན་མེད་ཀྱི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ལ་སོགས་སུ་ནི་རྣལ་འབྱོར་བཞི་རིམ་སོགས་དང་སྦྱར་ནས་གསུངས་མོད་ཀྱི། མཐར་ཐུག་གི་སྐྱེལ་སོ་ནི་ནམ་ཀྱང་སངས་རྒྱས་ཀྱི་སར་ཁྱད་པར་མ་མཆིས་ལ། གནས་སྐབས་ལམ་མྱུར་ཁྱད་ཀྱི་བྱེ་བྲག་ནི་མདོ་རྒྱུད་བསྟན་བཅོས་རྣམས་ལས་འབྱུང་བ་བཞིན་སྣ་ཚོགས་དང་། སྤྱི་ཁྱབ་ཏུ་ནི་ས་བཅུ་མཐར་ཕྱིན་ཚེ་ཤེས་སྒྲིབ་བག་ལ་ཉལ་གྱི་ཆད་ཕྲ་མོ་སྔགས་སུ་སྦྱངས་གཞི་སྦྱོང་བྱེད་སྦྱང་འབྲས་སོགས་གསུངས་པའི་མིང་ལ། རྒྱུའི་ཐེག་པ་རྣམས་སུ་བྲལ་གཞི་བྲལ་རྒྱུ། བྲལ་འབྲས་སོགས་གསུངས་སོ། མ་གཏོགས་གཞན་ནི་མཐོང་སྤངས་བསྒོམ་སྤངས་ཀྱི་དྲི་མ་མཐའ་དག་ཟད་པས་དག་བྱའམ་སྦྱང་བྱའི་དྲི་མ་དང་བྲལ་བའི་གནས་སྐབས་དེར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བས་ཤེས་སྒྲིབ་ཀྱི་ལྷག་མ་ཕྲ་ཞིང་ཕྲ་བ་ཡང་ཟད་ནས་


TR004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱ་བ་དང་། དེ་སྐབས་ཡོན་ཏན་གྱི་ལྡོག་ཆ་ལ་མིང་གི་ཐ་སྙད་ཙམ་དུ་ས་བཅུ་གཅིག་བཅུ་གཉིས་བཅུ་གསུམ་པ་རྣམས་སུ་བགྲངས་པ་ཙམ་ལས། འོག་མའི་ས་རྣམས་ཀྱི་བགྲོད་ཚུལ་ལྟར་མི་དགོས་པ་ལ་དགོངས་ནས། བཅུ་པ་ཡན་མ་བསྟན་པ་དང་། བཅུ་གསུམ་པའི་མིང་མ་གསུངས་པ་སོགས་དེ་ལྟར་ཡིན་པར་གོ་ལ། ཡང་འགའ་ཞིག་ཏུ་ནི་ཡོན་ཏན་གྱི་ལྡོག་ཆ་ལ་དབྱེ་བའི་རྣམ་གྲངས་ས་བཅོ་ལྔ་དང་། བཅུ་དྲུག་དང་ཉེར་གཅིག་སོགས་ཀྱི་བར་དུ་བགྲང་བ་ཡང་སྣང་མོད་ཀྱི། དོན་དམ་པར་ནི་སྐུ་གསུམ་འདུ་འབྲལ་མེད་པའི་ཡེ་ཤེས་གཞི་ལམ་འབྲས་གསུམ་ནམ་དུ་ཡང་འཕོ་འགྱུར་བྲི་གང་མེད་པར་བཞུགས་པ་ཉིད་ལ་འདུ་བ་སྟེ། ཇི་སྐད་དུ། རྟོགས་པའི་ཡེ་ཤེས་སྐད་ཅིག་ལ། །ཕྱིར་མི་ལྡོག་པ་བདེན་པའི་དོན། །མངོན་སུམ་མཐོང་ཕྱིར་ས་རྣམས་ནི། །ཀུན་རྫོབ་ཙམ་དུ་བསྟན་པ་ལས། །ཡང་དག་དོན་དུ་རང་ལས་ནི། །ས་ཞེས་བྱ་བ་གུད་ན་མེད། །བགྲོད་དུ་མེད་


TR004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རང་རིག་ལ། །མུན་པའི་དཀྱིལ་དུ་ཉི་ཤར་བཞིན། །ཐམས་ཅད་མ་ལུས་དུས་གཅིག་རྫོགས། །ཅེས་དང་། ལམ་ས་རྣམས་དང་སྒོ་བསྟུན་ན། །སྡུག་བསྔལ་བདེ་བར་ཤར་བ་ཡིས། །ས་ནི་དང་པོ་རབ་ཏུ་དགའ། །ཐེ་ཚོམ་དྲི་མ་བྲལ་བ་ཡིས། །གཉིས་པ་དྲི་མ་མེད་པའི་ས། །རང་སྣང་ཡེ་ཤེས་གསལ་འགྲིབ་མེད། །གསུམ་པ་འོད་བྱེད་ས་ཡིན་ནོ། །འོད་གསལ་སྣང་བ་ཕྱོགས་བཅུར་ཁྱབ། །བཞི་པ་འོད་འཕྲོའི་ས་ཞེས་བྱ། །ཉོན་མོངས་སྣང་བ་རང་དག་པས། །ལྔ་པ་སྦྱངས་དཀའི་ས་རུ་འདོད། །རང་རིག་ཐིག་ལེའི་སྐུར་སྨིན་པས། །དྲུག་པ་མངོན་དུ་གྱུར་པའི་ས། །དེ་ལ་གོམས་པས་འཁོར་བ་དག །བདུན་པ་རིང་དུ་སོང་བའི་ས། །སྐུ་ཡི་འོད་དང་ཞིང་ཁམས་རྒྱས། །བརྒྱད་པ་མི་གཡོའི་ས་ནོན་པའོ། །དེ་ཉིད་མི་འགྱུར་བསྟན་པ་ཡིས། །དགུ་པ་ལེགས་པའི་བློ་གྲོས་ཡིན། །ཆོས་ཉིད་རང་གསལ་ལྷུག་པར་ཤར། །བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ། །དེ་ལྟར་བདེན་མཐོང་གང་ཟག་དེ། །ལུས་


TR004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མ་བོར་ས་བཅུ་ནོན། །གཟུངས་འཛིན་ལུས་བརྒྱ་གྲོལ་བའི་ཚེ། །སྣང་སྲིད་ཆོས་སྐུའི་དཀྱིལ་འཁོར་ཉིད། །ཡེ་ཤེས་སྐུ་ཡིས་འོད་ཀྱིས་ཁྱབ། །བཅུ་གཅིག་ཀུན་འོད་ས་ཞེས་བྱ། །དེ་ལ་ཞེན་ཆགས་རྟོག་སྒྲིབ་མེད། །བཅུ་གཉིས་མ་ཆགས་པདྨའི་ས། །སྐུ་དང་ཞིང་ཁམས་འཁོར་གྱི་ཚོགས། །གསལ་ལ་འཛིན་མེད་ཡེ་ཤེས་ཀློང་། །བཅུ་གསུམ་འཁོར་ལོ་ཚོགས་ཆེན་ས། །བདེ་ཆེན་ཡེ་ཤེས་འགྱུར་མེད་སྐུ། །བཅུ་བཞི་བདེ་བ་ཆེན་པོའི་ས། །ལྷུན་གྲུབ་ཡེ་ཤེས་རྩལ་ཆེན་རྫོགས། །བཅོ་ལྔ་རྡོ་རྗེ་འཛིན་པའི་ས། །རྣམ་པར་མི་རྟོགས་ཡེ་ཤེས་ལྡན། །ས་རྣམས་མ་ལུས་ས་གཅིག་སྟེ། །ལྷག་བཅས་ཚུལ་དུ་མངོན་སངས་རྒྱ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པས་ན། ས་ལམ་གྱི་བགྲོད་ཚུལ་ངེས་ངེས་རྟག་རྟག་གཞུང་གཅིག་ཁོ་ན་ནས་བཤད་པ་བཞིན་ཀུན་མཚུངས་པར་མི་འབྱུང་བ་ནི། ཆོས་དབྱིངས་བསམ་མི་ཁྱབས་པའི་གནས་ལུགས་ཡིན་པར་གདའ་བས། དེ་ལྟར་


TR004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འཚལ་ཞིང་། རྩ་རླུང་ཐིག་ལེའི་དག་འབྲས་ཀྱི་ས་ལམ་བགྲོད་ཚུལ་འབའ་ཞིག་པའི་ཞིབ་ཆ་ནི། ནང་དོན་གྱི་རང་འགྲེལ་དང་། ངོ་ཁྲོ་འགྲེལ་ཆེན་སོགས་སུ་གཟིགས་པ་ལས་ལྷག་པ་ཞིག་རྨོངས་པ། དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བའི་ས་བཅུ་རེ་རེ་ཐོབ་ཚུལ་སོགས། བདག་འབྲས་འབུལ་རྒྱུ་ག་ལ་མཆིས། ཡང་བུམ་དབང་གིས་བསྐྱེད་རིམ་བསྟན་ནས། དབང་བཞི་པས་རྫོགས་རིམས་ཤུགས་ལ་བསྟན་པ་ཡིན་ནམ། གསུངས་པ་ལ།། ༈ །།གསང་སྔགས་འོག་མ་རྣམས་ལས་ནི་སྐྱེད་རིམས་གཙོ་ཆེར་གསུངས་ཤིང་། དེ་མཐར་རྫོགས་རིམ་ལ་བསྡུ་ཚུལ་ཕྱོགས་མཚོན་ཙམ་དང་། གནས་སྐབས་ཀྱི་ལས་ཚོགས་བསྟན་པ་མ་གཏོགས། རིམ་གཉིས་ཀྱི་ལམ་ཡོངས་རྫོགས་མ་གསུངས་ཚེ། དབང་ཡང་དེ་དང་མཚམས་པར་རྗེས་གནང་རིག་གཏད་ལས་མི་འབྱུང་མོད་ལ། བླ་མེད་ཀྱི་རྒྱུད་སྡེ་སོ་སོའི་སྨིན་གྲོལ་གྱི་གཞུང་ལས་ནི། ཐོག་མར་བུམ་དབང་གི་ལུས་སྐུ་རྡོ་རྗེར་ཡེ་ནས་གནས་ཀྱང་


TR004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རང་མ་རིག་པར་བསྒྲིབས་པའི་དྲི་མ་བསལ་ཏེ། སྐྱེད་རིམ་གྱི་ལམ་བསྟན། དེ་བཞིན་དུ། གསང་དབང་གིས་ངག་གསུང་རྡོ་རྗེ་དང་། བཟླས་བརྗོད་སྔགས་ཀྱི་ལམ་བསྟན་ཞིང་རྫོགས་རིམ་མཚན་བཅས་རྩ་ཐིག་རླུང་གསུམ་བྱིན་གྱིས་བརླབས། ཤེར་དབང་གིས་ཡིད་ཐུགས་རྡོ་རྗེ་དང་། བདེ་སྟོང་གསལ་སྟོང་རིག་སྟོང་སོགས་རང་ལ་རང་ཆས་སུ་གནས་ཚུལ་ངོ་སྤྲད། དེ་ནས་དབང་བཞི་པས་དབྱེར་མེད་ཡེ་ཤེས་རྡོ་རྗེ་འཁོར་འདས་ལམ་གསུམ་སེམས་ལ་ངོ་སྤྲོད་གསལ་འདེབས་ཀྱི་སྒོ་ནས་མཚན་མེད་ཀྱི་རྫོགས་རིམ་གཅེར་མཐོང་མཛུབ་ཚུགས་སུ་བསྟན་པ་སྟེ། མདོར་ན་བུམ་དབང་གི་སྐྱེད་རིམ་དང་། གཞན་གསུམ་པོས་རྫོགས་རིམ་སྟོན་པ་ཡིན་པས་ན། བཞི་པོ་དེ་ལ་ནི་ལམ་གྱིས་རིམ་པ་ཆགས་ལམ་གྲོལ་ལམ་ཐམས་ཅད་ཚང་བས། རྫོགས་པའི་བྱང་ཆུབ་ཀྱི་བར་ལ་ཐུག་པའི་ཉམས་ལེན་མཐའ་དག་སྟོན་པ་ནི་བླ་མེད་ཀྱི་ཁྱད་ཆོས་སུ་གདའ་ལགས་ཤིང་། གཞན་ཡང་། རྙིང་ལུགས་


TR004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྱིས་དབང་བཞིས་སྡོམ་གསུམ་ཐོབ་ལུགས་ས་དང་སྦྱར་ཚུལ་འདི་ལྟར་ཡང་མཆིས་ཏེ།། ༈ །།རྒྱུད་རྣམས་ཀུན་གྱི་དོན་འདུས་པ། །རྡོ་རྗེའི་གནས་གསུམ་སྨིན་བྱེད་དབང་། །ལུས་ནི་རྒྱལ་བའི་སྐུ་རྡོ་རྗེར། །མ་ཤེས་ཡེ་ཤེས་བསྐྱེད་པའི་ལམ། །སྣང་སྟོང་ལྷ་ཡི་སྐུར་བྱེད་པ། །བུམ་པའི་དབང་ནི་དང་པོ་སྟེ། །སྔགས་ཀྱི་དགེ་བསྙེན་ཉིད་དུ་འགྱུར། །བཅུ་གཉིས་པ་ཡི་འབྲས་བུ་ཐོབ། །ངག་ནི་རྒྱལ་བའི་གསུང་རྡོ་རྗེ། །སྨིན་བྱེད་གྲགས་སྟོང་སྔགས་ཀྱི་བཅུད། །རྣམ་རྟོག་ནད་སེལ་བདུད་རྩིའི་སྨན། །གཉིས་པ་གསང་བའི་དབང་བསྐུར་བས། །དགེ་ཚུལ་ཉིད་འགྱུར་བཅུ་གསུམ་པ། །འཁོར་ལོ་ཚོགས་ཆེན་ཡོན་ཏན་ཐོབ། །སེམས་ནི་རྒྱལ་བའི་ཐུགས་རྡོ་རྗེ། །གཟུང་འཛིན་བག་ཆགས་རྣམ་དག་པའི། །བདེ་སྟོང་ཡེ་ཤེས་ཆོས་ཉིད་མཁར། །ལྷན་ཅིག་སྐྱེས་པའི་དོན་རྟོགས་ཕྱིར། །གསུམ་པ་ཤེས་རབ་ཡེ་ཤེས་བསྐུར། །འདོད་ཆགས་དག་པ་དགེ་སློང་མཆོག །བཅུ་བཞི་བདེ་བ་ཆེན་པོ་ཐོབ། །སྒོ་གསུམ་ཡེ་ཤེས་སྐུ་གསུང་ཐུགས། །གཉིས་


TR004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཉམ་སྦྱོར་ངོ་སྤྲོད་མཆོག །དབང་གི་ནང་ནས་དབང་ཆོག་སྟེ། །བཞི་པ་ཚིག་དབང་རིན་ཆེན་བསྐུར། །སྒོ་གསུམ་རྣམ་དག་ཡེ་ཤེས་ཀྱི། །ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །བཅོ་ལྔ་རྡོ་རྗེ་འཛིན་པའི་ས། །མཉམ་སྦྱོར་སྡོམ་པའི་མཆོག་ལྡན་པའོ། །ཞེས་གསུངས་པ་དང་། དེ་བཞིན་དུ་ལམ་ལྔ་བགྲོད་པའི་ཚུལ་ཡང་།། ༈ །།རྡོ་རྗེ་ཐེག་པའི་དཀྱིལ་འཁོར་འདིར། །བླ་མ་མཉེས་པས་ཚོགས་ལམ་བགྲོད། །བྱིན་རློབས་ཞུགས་པས་སྦྱོར་ལམ་སྟེ། །དག་སྣང་འབྱོངས་པས་མཐོང་ལམ་འཆར། །དབང་བསྐུར་ཐོབ་པས་སྒོམ་པའི་ལམ། །སྐྱེད་རྫོགས་མཐར་ཕྱིན་ཚེ་གཅིག་གིས། །རྫོགས་པའི་བྱང་ཆུབ་འབྲས་བུ་ཐོབ། །ཅེས་གསུངས་ལ། །གཞན་ཡང་དབང་བཞིའི་སྐབས་འདི་ལ། །རྒྱལ་བ་ཡང་དགོན་པས་འདི་ལྟར་གསུངས་ཏེ། །རྒྱུའི་དུས་སུ་དབང་བཞི་ཐོབ་པ་སྟེ་ཇི་ལྟར་ཡིན་ཚུལ་གྱི་དོན་ངོ་ཤེས། ལམ་གྱི་དུས་སུ་གོམས་པར་བྱེད་པ་སྟེ། དབང་བཞི་སོ་སོའི་མངོན་པར་རྟོགས་པ་ཉམས་སུ་བླངས་པས། འབྲས་བུའི་དུས་སུ་དབང་བཞི་


TR004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བ་སྟེ། ས་བཅུ་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་དེ་གྲགས་ཆེན་དུ་འཚང་རྒྱ་ཁར་འོད་ཟེར་ཆེན་པོའི་དབང་གིས་སྦས་པ་ནང་གི་ས་གསུམ་བགྲོད་ནས། རྒྱུའི་དུས་ན་དབང་བཞིས་རྩ་རླུང་ཐིག་སེམས་བཞི་ལ་སྐུ་བཞིའི་རྟེན་འབྲེལ་བསྒྲིགས་པའི་དོན་ཇི་ལྟ་བ་འབྲས་བུའི་དུས་སུ་མངོན་དུ་གྱུར་པས་རྡོ་རྗེ་འཛིན་པའི་གོ་འཕངས་ཐོབ་པའོ། ཞེས་གསུངས་པ་འདིར་འགག་འདུས་པར་གོ་ལགས།། ༈ །།དེ་ནས་ཡང་། གྲོལ་བྱེད་ལམ་གྱི་སྐབས་སུ་སྐྱེད་རྫོགས་གཉིས་པོའི་དྲི་བ་གནང་བའི་ཆ་ལ། འདི་གཉིས་སོ་སོ་རིམ་གྱིས་བསྒོམ་པའི་ལུགས་དང་ཟུང་འཇུག་གཅིག་ཅར་དུ་བསྒོམ་པའི་ལུགས་གཉིས་བཤད་པ་ནི་གནས་སྐབས་སུ་གང་ཟག་རིམ་གྱིས་པ་དང་གཅིག་ཅར་བའི་ཁྱད་དང་། གོམས་པ་ཐོབ་མ་ཐོབ་དང་། རྒྱུད་སྡེའི་གོང་འོག་གི་ཁྱད་པར་སོགས་ལས་བྱུང་མོད་ཅིང་། མཐར་ཐུག་དོན་གྱིས་ངོ་བོ་ལ་ནི་དེ་གཉིས་དབྱེར་མེད་ཟུང་འཇུག་ལས་མི་འདའ་བའི་རྒྱུ་མཚན་ནི་འོག་ནས་སྟོན་ལ། དང་པོར་རིམ་ཅན་དུ་བསྒོམ་ཚུལ་


TR004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐབས་འདིར།། ༈ །།ཉིད་ཀྱི། བདེ་མཆོག་དྲིལ་བུ་ལུགས་ཀྱི་བསྐྱེད་རིམ་བསྒོམ་པའི་རྗེས་ཐོབ་ཏུ་སེམས་དཔའི་ཐུགས་ཀའི་ཐིག་ལེ་ཏིང་འཛིན་ལ་ཤེས་པ་གཏད་དེ་འཇོག་པའི་རྫོགས་རིམ་དང་། དེ་དག་སླར་ཕྱི་ནས་རིམ་ཅན་དུ་བསྡུས་མཐར་དམིགས་མེད་དུ་མཉམ་པར་འཇོག་པའི་མཚན་མའི་རྣལ་འབྱོར་གསུངས་པ་དེ་དང་། ལྷ་ལྔ་པར་རྫོགས་རིམ་དངོས་ཕྱི་མ་འདི་ལྟར་གསུངས་པ་དེ་གཉིས་མཐུན་མ་བྱུང་ཞེས་གསུངས་པ་ལ།། ༈ །།གོང་མ་དེ་ནི་སྤྱིར་མཚན་བཅས་ཀྱི་རྫོགས་རིམ་དུ་འདུག་པས་ན། དེའི་དགོངས་པ་ནི་འདི་སྐབས་སྐྱེད་རིམས་དངོས་གཞི་དྲིལ་བུ་རིམ་ལྔ་སོགས་ལས་སྟོན་པར་བཞེད་པ་ཡིན་པར་སེམས་ལ། ལྷ་ལྔའི་གཞུང་ལྟར་གསུངས་ཚུལ་དེ་ནི་སྐྱེད་རྫོགས་རིམ་ཅན་དུ་བསྒོམ་ཚུལ་སྤྱི་འགྲོ་དང་བསྟུན་ནས་གསུངས་པར་གདའ་མོད་ཀྱི། ལར་སྙིང་གའི་ཐིག་ལེ་སོགས་ལ་བརྟེན་པ་ལ་མི་ཟབ་པའི་རྫོགས་རིམ་མམ། སེམས་འཛིན་གྱི་རྫོགས་རིམ་ཞེས་གྲགས་


TR004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟབ་པའི་རྫོགས་རིམ་ནི་སྤྲོས་བྲལ་སྟོང་ཆེན་ཉིད་ལ་བཞེད་པ་དང་། ཡང་ཉལ་བའི་རྣལ་འབྱོར་གྱི་སྐབས་རྣམས་སུ་ཡང་། སྙིང་ཁའི་འོད་དང་ཐིག་ལེ་ལ་གཏད་པའི་རིགས་རྣམས་ནི་ཉམས་ཀྱི་འོད་གསལ་འཛིན་ཐབས་ཡིན་ལ། སྤྲོས་མེད་མཉམ་བཞག་གི་ངང་ལ་གཉིད་དུ་བྱེད་པ་ནི་རྟོགས་པའི་འོད་གསལ་འཛིན་ཐབས་ཡིན་པའི་ཚུལ་ནི་གསར་རྙིང་ཕལ་ཆེར་མཐུན་ནོ། དེས་ན་བདེ་མཆོག་དྲིལ་བུ་ལུགས་ཀྱི་བྱ་བ་ལ་འཇུག་སྐབས་བསྡུད་རིམ་མ་བཤད་པ་དེ་ནི་ཉལ་བའི་རྣལ་འབྱོར་མ་གཏོགས་ཐུན་མཚམས་གཞན་མི་བྱེད་པར་བསྐྱེད་རིམ་རྒྱུན་མི་ཆད་དུ་བསྒོམ་པའི་དབང་དུ་མཛད་པ་ལོས་ཡིན། གཞན། བསྐྱེད་རྫོགས་ཟུང་འཇུག་ལ་ནི་བསྡུད་རིམ་མི་དགོས་མོད་ཀྱི། ཟུང་འབྲེལ་ལམ་རིམ་ཅན་དུ་བསྒོམས་པའི་སྐབས་འདིར་ནི་མཐུན་མཚམས་ཀྱི་བྱ་བ་ལ་འཇུག་སྐབས་བསྐྱེད་རིམས་བསྡུས་མག་ངེས་པར་མཛད་པ་ཕྱག་བཞེད་དང་། འོན་ཀྱང་བསྐྱེད་རིམ་གྱི་མཉམ་གཞག་དེ་ཉིད་བསྡུས་ནས་རྫོགས་རིམ་


TR004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཐར་བསྔོ་སྨོན་གྱི་རྒྱས་གདབ་པ་སོགས་གྲུབ་རྗེས་སླར་ཡང་ཆུ་ལས་ཉ་འཕར་བ་ལྟ་བུའི་ཀྲོང་བསྐྱེད་ཀྱི་ངང་ནས་བྱ་བ་གང་ཡིན་ལ་འཇུག་པ་ནི་བསྐྱེད་རིམས་ཀྱི་རྗེས་ཐོབ་ཡིན་པ་དང་། དེ་ལྟ་བུའི་ལྷའི་འདུ་ཤེས་དང་མ་བྲལ་ན་བཟའ་བཏུང་ཚོགས་འཁོར་ཅི་སྨྲས་བཟླས་བརྗོད། ཅི་བྱེད་འགྲོ་དོན་སོགས་རྡོ་རྗེ་ཐེག་པའི་ལམ་ཁྱེར་གྱི་གནད་ཐམས་ཅད་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བ་ཉིད་དང་། དེ་ལྟ་བུ་རྗེས་ཐོབ་ཀྱི་ལྷའི་ང་རྒྱལ་དང་མི་ལྡན་པར་ཐ་མལ་པའི་འདུ་ཤེས་ཀྱིས་ནི་སྔགས་ཀྱི་རྩ་ལྟུང་ཕོག་པའི་རྒྱུ་རྐྱེན་འབའ་ཤིག་ལས་མི་འབྱུང་བ་སྟེ། ཇི་སྐད་དུ་དྲན་དང་ཤེས་བཞིན་མི་ལྡན་ན། ཐེག་ཆེན་སྔགས་པ་ཅི་ཡིས་ཆུད། །ཅེས་གསུངས་ཕྱིར། གསང་སྔགས་ཀྱི་དམ་ཚིག་སྤྱི་དང་། ཁྱད་པར་དབང་བཞིའི་དམ་ཚིག་གི་སྐལ་བཟང་དགའ་བྱེད་དུ་བཤད་པ་དེ་རྣམས་ཀྱང་མི་ཐུབ་ཚེ། བསྐྱེད་རྫོགས་བསྒོམ་པའི་དོན་ལྡན་དུ་ནམ་ཡང་མི་འགྱུར་ལ། དེའི་ཕྱིར་བདག་གིས་བསྐལ་


TR004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དགའ་བྱེད་དུ་ད་ལྟའི་ཆོས་པ་རྣམས་ལ་སྐུར་པ་འདེབས་པ་ཤོར་བའི་རྒྱུ་མཚན་ཡང་དེ་ལྟར་ཡིན་པ་དང་། རྗེ་ས་པཎ་གྱིས། དེས་ན་འདུལ་བའི་བསྟན་པ་ནི། །གཟུགས་བརྙན་ཙམ་ཞིག་དིང་སང་སྣང་། །འབྲས་བུ་གསང་སྔགས་བསྟན་པ་ནི། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ་། །ཞེས་གསུངས་པ་དེ་ལྟར་ཟད་དེ་འདུལ་བ་ནི་དངོས་པོའམ་བྱ་བ་གཙོ་ཆེ་ཞིང་། གསང་སྔགས་ནི་དམིགས་པའམ་བསམ་པ་གཙོ་ཆེ་ཚེ། དིང་སང་བསམ་པ་འཇིག་རྟེན་ཐ་མལ་པ་ལྟར་བྱས་ནས་སྤྱོད་པ་གསང་སྔགས་ཀྱི་ལུགས་ཡིན་ཟེར་བ་འདི་འདྲ་ནི་དམ་པའི་ཆོས་ཀྱི་ཕྱོགས་གང་དུ་ཡང་མི་ཉེ་བར་མངོན་སུམ་ཚད་གྲུབ་ཏུ་གྱུར་ཏོ། །དེ་བས་ན་སྐྱེད་རིམ་བསྒོམ་མཁན་ཡིན་ཚད། རྒྱུད་སྡེ་གོང་འོག་གི་ལྷ་གང་དང་གང་ཡིན་རུང་། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་རྣམས་ཀྱི་སྒོ་ནས་སྣང་བ་སྐུའི་འཁྱེར་སོ། སྒྲ་གྲགས་གསུང་གི་ཁྱེར་སོ། དྲན་རྟོག་ཐུགས་ཀྱི་ གདངས་འགག་མེད་ ངོ་བོ་སྟོང་ཉིད་ དེ་གཉིས་ཟུང་འཇུག་ འཁྱེར་


TR004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སོ་རྣམས་མེད་ཐབས་མི་འབྱུང་ཕྱིར། རབ་ཀྱི་རྟོགས་པ། འབྲིང་གི་གོ་བ། ཐ་མ་གསར་བུ་བ་དག་ཀྱང་མོས་པ་ལམ་བྱེད་ཀྱི་བློ་ཙམ་ཞིག་མེད་ན་བསྐྱེད་རིམ་དུ་ནམ་ཡང་མི་འགྱུར་བ་ལགས་པས། བླ་མའམ་སློབ་དཔོན་རྣམས་ཀྱིས་ཀྱང་སློབ་མ་རྣམས་ཀྱི་བློ་ཚོད་ལ་དཔག་པའི་གོ་རྟོགས་སྤྲོད་མཁས་པ་ཞིག་གལ་ཆེ་བར་གདའ་ལགས།། ༈ །།རྡོར་སེམས་ཕྱག་རྡོར་སྒྲོལ་མ་སོགས་ལ་རྒྱུད་སྡེའི་རྣམ་དབྱེ་ཤེས་དཀའ་བར་འདུག་གསུངས་པ་རྒྱུད་སྡེའི་རིམ་པ་ནི་གདུལ་བྱའི་བློ་རིགས་ཐ་དད་ལ་དགོངས་པ་ཡིན་ཕྱིར། རང་རང་གང་ལ་མོས་པ་དེར་ཞུགས་ནས་དེ་ཉིད་ཀྱི་ལུགས་བཞིན་ཉམས་སུ་བླངས་ཆོག་མོད་ལ། འོན་ཀྱང་། སྔོན་ལོ་ཆེན་རིན་བཟང་རྒྱུད་སྡེ་ཐམས་ཅད་ཀྱི་ལྷ་ཁང་ཐོག་རིམ་པ་ཅན་དུ་བཞེངས་ཏེ་ཉིན་རེ་བཞིན་འོག་ཐོག་ནས་རིམ་པ་ལྟར་སོ་སོའི་ཉམས་ལེན་སྒྲིགས་ཆགས་མཛད་པ་ལ་ཇོ་བོ་རྗེ་བྱོན་ཚེ། རྒྱུད་སྡེ་ཐ་དད་ཀྱི་མཁྱེན་རྒྱ་ལ་ཐུགས་མགུ་ཡང་ཐམས་ཅད་གཅིག་དྲིལ་དུ་ཉམས་


TR004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལེན་མ་ཤེས་པ་ཐུགས་ཁྲེལ་བས། སླར་ལོ་ཆེན་གྱི་གཅིག་དྲིལ་ཉམས་སུ་བླངས་ཐབས་ཞུས་ནས་བསྒོམ་པས་མཁའ་སྤྱོད་འགྲུབ་ཚུལ་གྱི་ལོ་རྒྱུས་ལྟར་ལགས་པ་དང་། གཞན་ཡང་། ཇི་སྐད་དུ། ཡེ་ཤེས་ལྷ་ལ་རང་རྒྱུད་ཀྱི། །རྩིས་གདབ་འཁྲིགས་སུ་བཅད་པ་མེད། གང་ལྟར་མོས་པ་དེ་ལྟར་སྣང་། ཞེས་དང་། སངས་རྒྱས་གར་མཁན་བསམ་མི་ཁྱབ། །ཅེས་སོགས་ཀྱི་ལུང་ལྟར་ཡིན་ཏེ། དཔེར་ན། རྣམ་འཇོམས་དང་ཕྱག་རྡོར་གཉིས་ནི་མཚན་གྱི་བྱེ་བྲག་ཙམ་ཡིན་ཚེ། རྣམ་པར་འཇོམས་པ་བྱ་རྒྱུད་ཀྱི་ལྷར་གྲགས་ཀྱང་བླ་མེད་ཀྱི་དཀྱིལ་འཁོར་ལ་ཡོད་པ་ཡང་མང་ཞིང་། ལས་བུམ་གྱི་ལྷར་རྣམ་འཇོམས་ཁྲོ་བོར་བསྟན་ཚེ་བདུད་རྩི་འཁྱིལ་པར་བརྗོད་པ་དང་། དེ་བཞིན་དུ། རིགས་གསུམ་མགོན་པོ་བྱ་རྒྱུད་གྱི་ལྷའི་གཙོ་བོ་ཡིན་ཀྱང་། རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་རྒྱུད་ཐམས་ཅད་དུ་མ་ཁྱབ་པ་མེད་པ་ལྟར་དང་། སྒྲོལ་མ་ཡང་རྒྱུད་སྡེ་ཕལ་ཆེར་གྱི་ལྷར་བཞུགས་ཤིང་། མདོ་ལུགས་ཀྱི་ཤེར་ཕྱིན་དང་


TR004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྤྱིའི་སྒྲོལ་མ་དང་། བླ་མེད་དུ་ཕག་མོ་སོགས་དོན་དུ་གཅིག་པས་ན། དབྱེ་བ་དཀའ་མི་དགོས་ལ། གནས་སྐབས་ཐ་དད་ཀྱི་བསྒོམ་ལུགས་ནི་རང་རང་གི་སྒྲུབ་ཐབས་བཞིན་བྱས་པས་འགྲུབ་པ་ལགས།། ༈ །།ཡང་ཆུ་གཏོར་དང་བསངས་ཀྱི་བདག་བསྐྱེད་སོགས་ལ་བསྐྱེད་རིམ་གྱི་ཡན་ལག་ཚང་བའི་སྤྲོ་བསྡུ་མ་བྱུང་གསུངས་པ་ནི། སྤྱིར་བདག་མདུན་བུ་སྐྱེད་ཀུན་གྱི་སྐྱེད་རིམས་རྒྱས་པའི་སྐབས་སུ་ན་དེ་ཉིད་ཀྱི་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་དང་། སྐྱེད་ཚུལ་དངོས་ཀྱང་། མངོན་བྱང་ལྔ། ཆོ་ག་གསུམ། རྡོ་རྗེ་བཞི་སོགས་ཀྱི་བསྐྱེད་ཅིང་། བསྙེན་བསྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་བསྒྲུབ་ཚུལ་དང་། མཇུག་བསྡུད་ཀྱི་ལས་རིམ་རྣམས་ཚང་བར་དགོས་ནའང་། བསངས་དང་ཆུ་གཏོར་སོགས་ཐུན་མཚམས་ཀྱི་ཆོས་སྤྱོད་ཀུན་ལ་ནི་གོང་དུ་སྨོས་པ་བཞིན་ཡི་དམ་གྱི་ང་རྒྱལ་དང་མ་བྲལ་བའི་ངང་ནས་བྱ་བ་ཡིན་རུང་། ཡི་དམ་ལྷའི་ངོ་བོ་ལ་ཁྱད་མེད་ཀྱང་གནས་སྐབས་ལྟར་


TR004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཙམ་དུ། ལས་གང་བྱེད་དེ་དང་མཐུན་པའི་ལྷར་སྐད་ཅིག་དྲན་རྫོགས་སུ་གསལ་ཞིང་བསྒྱུར་བ་ནི་གང་འདུལ་སྤྲུལ་བསྒྱུར་གྱི་འགྲོ་དོན་བྱེད་པའི་ཕྲིན་ལས་ཡིན་པ་དང་། དེ་ལྟ་བུ་ལ་ནི་སྐྱེད་རིམ་གྱི་ལས་ཆོག་ཐམས་ཅད་ཚང་བར་སྒྲིགས་ཆགས་སུ་དགོས་པ་མ་ལགས་སོ།། ༈ །།ཐུགས་སྲོག་ས་བོན་བསྒོམ་པའི་ སྔོན་བུ་སྟོན་གྱི་ཉིན་རེའི་ཚོགས་མཆོད་གནང་བའི་ཞོར་ལ་ཡང་དཀྱིལ་འཁོར་མི་འདྲ་བ་མང་པོའི་བསྙེན་སྒྲུབ་མཛད་པའི་ལོ་རྒྱུས་ལྟར་ལགས་སོ། །ཡི་གེའི་གདོང་ངམ་མདུན་གང་ལ་བརྩི་གསུངས་པ་ནི། དེ་ནི་དཔེ་ཆའི་ཡིག་མགོ་ལ་བལྟ་བ་དེ་མ་ལགས་ཏེ། རང་ལ་བལྟ་བ་འདི་ཁོ་ན་ལ་བཞེད་ཅིང་། འདི་སྐབས། རྙིང་མའི་བཏགས་གྲོལ་སོགས་འགའ་རེའི་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་ཞལ་སྦྱར་མཚོན་པའི་ཧཱུྃ་གཉིས་སྒྲིག་མ་ལ་གཅིག་དྲང་པོ་དང་གཅིག་ཁ་ལོག་ཏུ་འབྲི་བ་ཡོད་པ། མཚོན་བྱེད་རྟགས་ཀྱི་ཡི་གེ་ཙམ་ཡིན་ནའང་། འགའ་ཞིག་གི་ཧཱུྃ་གཉིས་པོ་ཀློག་ལུགས་ཀྱང་མི་འདྲ་བར་བྱེད་མཁན་སྣང་བ་ནི་མི་


TR004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པའི་མཁས་འདོད་དུ་ཟད་ལ། ལར་སྔགས་འཕྲེང་བསྐོར་ཚུལ་སོགས་ལའང་སོ་སོའི་བཞེས་པ་མི་མཐུན་པ་སྣ་ཚོགས་སྣང་མོད་ཀྱི། གསར་མའི་ཕག་མོ་ལྷ་ཁྲིད་ཀྱི་སྟེང་སྤྲོ་འོག་སྤྲོ་སོགས་དང་། རྙིང་མའི་འགལ་མེ་སྐོར་ཚུལ་སོགས་ཀྱི་དགེར་དོན་དུ་ནི་སྔགས་འབྲུ་གཅིག་གི་ཞབས་སུ་གཅིག་གི་དབུ་འཐུད་པའི་ལུ་གུ་རྒྱུད་དུ་བྱེད་དགོས་པ་སོགས་ཐ་དད་ཡོད་ནའང་། གཞན་སྤྱི་འགྲོ་ལ་ནི། མ་ཎི་རྡོ་འབུམ་ལ་ཡོད་ཚུལ་ལྟར་བྱེད་པ་ཤས་ཆེ་ཞིང་། དེ་ཡང་ཨ་འཐས་ཁ་ལྟ་ཕྱོགས་གཅིག་ཁོ་ནར་མི་བཟུང་སྟེ། ཏིང་འཛིན་ཡེ་ཤེས་ཀྱི་རྣམ་རོལ་ཡིན་ཚེ་ཕྱོགས་གང་ནས་བལྟས་ཀྱང་ཁ་ཕྱོགས་ལོག་པ་སོགས་མ་ཡིན་པར་མདུན་འབའ་ཤིག་སྣང་བར་བྱེད་པ་ལགས། སྐྱེད་རིམ་གྱི་བརྡ་དོན་རྟགས་གསུམ་གང་ལ་ཟེར་གསུངས་པ།། ༈ །།འདི་ནི་སྤྱིར་རྙིང་ལུགས་ཀྱི་ཆོས་སྐད་དུ། གདའ་བས་གསར་མ་ལ་གྲགས་ཆུང་ནའང་། རྗེ་དོན་ལྡན་ཞབས་ཀྱི་ཕག་མོའི་གཞུང་དུ། བརྡ་དོན་རྟགས་གསུམ་གྱི་ཕག་མོ་


TR004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་མཛད་པ་དང་དགོངས་པ་གཅིག་པ་ཉིད་ལགས་ཏེ། དེ་ཀ་ལ་མཚོན་ན། བརྡའི་ཕག་མོ་ནི་ལྟེ་བའི་ཙཎྜ་ལི། དོན་གྱི་ཕག་མོ་ནི་སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོ། རྟགས་ཀྱི་ཕག་མོ་ནི་སྐུ་མདོག་ཕྱག་མཚན་སོགས་ཀྱི་རྣམ་པར་ཇི་ལྟར་བསྒོམ་པའི་བསྐྱེད་རིམ་དངོས་ཏེ། དེ་གསུམ་ལ་ངོས་འཛིན་པ་ཡིན་ཚུལ་ནི་དགོངས་པར་ལོས་མངའ་ལ། རྙིང་ལུགས་ལྟར་ནའང་། སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་སོགས་གདོད་ནས་ལྷར་གྲུབ་པ་ནི་བརྡ། དེའི་རང་བཞིན་གསལ་སྟོང་གཉིས་སུ་མེད་པ་ནི་དོན། དོན་དེ་རྟོགས་ཅིང་མངོན་གྱུར་དུ་བྱ་ཕྱིར་རྣམ་པ་གསལ་བར་བསྐྱེད་པ་ནི་རྟགས་ཏེ། དེ་གསུམ་ག་ཡང་རང་སེམས་ཀྱི་རྣམ་རོལ་ལས་ནི་མ་འདས་སོ། །འདི་ལ་རྟགས་དང་བརྡ་གཉིས་སྦྱོར་ས་གོ་བརྗེ་བ་ཡང་ཡོད་པ་དང་། བསྡུ་ན་མཚོན་བྱེད་དཔེའི་སྐྱེད་རིམ་དང་། མཚོན་བྱ་དོན་གྱི་སྐྱེད་རིམ་གཉིས་ལ་ཡང་འདུ་སྟེ། བློས་བསྒོམ་པ་ནི་དཔེ། གདོད་ནས་གྲུབ་པའི་དོན་ཡིན་ཕྱིར། འདུས་བྱས་དང་འདུས་མ་བྱས་གཉིས་


TR004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སམ། ཀུན་རྫོབ་དོན་དམ་མམ། གཟུགས་སྐུ་ཆོས་སྐུ་སོགས་ཀྱི་དོན་ལགས་ཏེ། ཨོ་རྒྱན་རིན་པོ་ཆེས། རྟགས་ཀྱི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང་། །དོན་གྱི་སངས་རྒྱས་ཆོས་སྐུ་གང་ཡིན་པ། །ཆོས་ཉིད་རིགས་པ་མངོན་སུམ་ཉིད་ཡིན་པས། །སངས་རྒྱས་གཞན་ནས་མ་འཚོལ་རྗེ་འབངས་རྣམས། །ཞེས་གསུངས་པ་ལྟར་ཡིན་ཚེ། སེམས་ཉིད་ཀྱི་རང་བཞིན་རིགས་ན་སྐྱེད་རིམ་གྱི་བརྡ་དོན་བརྟགས་གསུམ་ངང་གིས་ཚང་བ་ནི། ཇི་སྐད་དུ། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཅེས་པ་ལྟར་ལགས།། ༈ །།དེ་ལྟར་སྐྱེད་རྫོགས་རིམ་ཅན་དུ་བསྒོམ་ཚུལ་ནི། གང་ཟག་ལས་དང་པོ་པ་རྣམས་འཁྲིད་ཐབས་དགོངས་ནས་སོ་སོར་གསུངས་པ་མ་གཏོགས། ཡང་དག་པའི་དོན་ལ་ནི་ནམ་ཡང་ཟུང་འཇུག་ཁོ་ན་ལས་མ་གཡོས་པ་སྟེ། ཀུན་རྫོབ་ལྟར་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་མེད་བཞིན་སྣང་བའི་ཆོ་འཕྲུལ་རྨི་ལམ་གྱི་ཡུལ་སྣང་ལྟ་བུ་སྟེ། གཤིས་སྟོང་པ་ཉིད་དང་། གདངས་འགག་པ་མེད་པ་


TR004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཀྱང་ཚིག་ལ་ཐ་དད་དུ་བརྗོད་ཀྱང་དོན་ལ་གཉིས་སུ་གྲུབ་པའི་ཟུང་འཇུག་འབའ་ཤིག་ཡིན་པ་དང་། ལམ་པའི་རྣལ་འབྱོར་པ་ལ་ཡང་སྐྱེད་རིམ་ལྷའི་འཁོར་ལོ། །རྫོགས་རིམ་སྟོང་ཉིད་ཡེ་ཤེས་ལ་སོགས་རྣམ་གྲངས་ཇི་སྙེད་བརྗོད་ཀྱང་། གཞི་ལམ་འབྲས་གསུམ་ནམ་གྱི་དུས་ནའང་། གཤིས་མ་གྲུབ་པ་སྟོང་པར་ཆམ་མེ། གདངས་མ་འགག་པ་གསལ་བར་ལམ་མེ། ངོ་བོ་གཉིས་མེད་ཟུང་འཇུག་ཏུ་འཁྲིག་གེ་བ་ལས་ནམ་ཡང་མ་གཡོས་ལ། སྣང་བའི་ཆ་ཐམས་ཅད་ཡི་དམ་ཡབ་ཀྱི་རང་བཞིན། སྟོང་པའི་ཆ་ཐམས་ཅད་ཡུམ་གྱི་རང་བཞིན། སྣང་སྟོང་ཐ་མི་དད་པ་ནི་ཡབ་ཡུམ་ཟུང་འཇུག །དེ་ནི་རྣལ་འབྱོར་པའི་སེམས་དང་དབྱེར་མེད་པ་ཉིད་དོ། །དེ་ལྟར་རྟོགས་ཚེ། སེམས་ཉིད་འགག་མེད་ཀྱི་འཆར་སྒོ་ཐམས་ཅད་ཐབས་སྐྱེད་རིམ་གྱིས་རང་བཞིན། ངོ་བོ་སྟོང་ཉིད་ཀྱི་གནས་ཚུལ་ཐམས་ཅད་ཤེས་རབ་རྫོགས་རིམ་གྱི་རང་བཞིན། དེ་གཉིས་ནི་གསེར་དང་སེར་པོའམ། ཙནྡ་དང་དྲི། མེ་དང་དྲོད། ཆུ་དང་རླན་ལྟ་བུ་ཡེ་ནས་ཟུང་འཇུག་ཁོ་ན་མ་གཏོགས། ཆུ་དང་ཕྱེ་བསྲེས་ནས་ཟན་


TR004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངོ་བོར་བཟོས་པ་ལྟ་བུ་བློ་བུར་དུ་བྱས་ཤིང་བཅོས་པ་ནི་མ་ཡིན་ནོ། །འོ་ན་རྒྱུད་དང་མན་ངག་རྣམས་སུ་སྐྱེད་རྫོགས་སོ་སོར་བསྟན་པ་གང་ཡིན་ཞེ་ན། རྒྱལ་བ་ཐབས་ལ་མཁས་པས་གདུལ་བྱ་བློ་དམན་རྣམས་ལ་ཐུགས་རྗེས་དགོངས་ཏེ་དང་པོར་སོ་སོ་ལ་བསླབ་པས་མཐར་ཟུང་འཇུག་ཏུ་རྟོགས་པར་བྱ་བའི་ཕྱིར། ཀུན་རྫོབ་ལམ་དུ་བྱས་ནས་དོན་དམ་མངོན་དུ་བྱེད་པ་སྐྱེད་རིམ་དང་། དོན་དམ་ལམ་དུ་བྱས་ནས་ཀུན་རྫོབ་མངོན་དུ་བྱེད་པ་རྫོགས་རིམ། ཞེས་སོགས་བསྟན་ནའང་། མཐར་ཐུག་གི་དོན་ལ་ནི། གཞི་བདེན་གཉིས་ཟུང་འཇུག །འབྲས་བུ་སྐུ་གཉིས་ཟུང་འཇུག་ཉིད་ལ་རྒྱལ་བས་གསུངས་པའི་ཆོས་ཐམས་ཅད་འདུ་མོད་ཀྱི། དེ་ལྟ་བུར་མ་རྟོགས། ལོག་རྟོག །ཕྱོགས་རྟོགས་ཀྱི་དབང་དུ་གྱུར་པ་ནི་དག་ནི་གང་ཟག་གི་རང་སྐྱོན་དུ་ཟད་མོད། དོན་ཇི་བཞིན་རྟོགས་པ་རྣམས་ལ་སྐྱེད་རྫོགས་གཉིས་པོ། འཇིག་རྟེན་པ། མུ་སྟེགས་པ། ཉན་རང་རྣམས། ཟུང་འཇུག་ཏུ་ལྷུན་གྱིས་གྲུབ་བར་མཆིས་སོ།། ༈ །།ཡང་སྐྱེད་རྫོགས་གཉིས་


TR004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཀ །སྟན་ཐོག་གཅིག་ཏུ་མ་ཚང་ན་ཉེས་པ་ཅི་ལྟ་བུ་ཡོད། གསུངས་པ་ནི། དེ་ཡང་རྫོགས་རིམ་གྱིས་མ་ཟིན་པའི་སྐྱེད་རིམ་ནི་བློས་བྱས་ཀུན་བཏགས་ཡིན་པས། དེས་ནི་གནས་སྐབས་ཀྱི་འབྲས་བུ་མཐུན་མོང་གི་དངོས་གྲུབ་ཙམ་འབྱུང་སྲིད་ནའང་། མཐར་ཐུག་རྫོགས་བྱང་གི་འབྲས་བུ་ལ་མི་ཉེ་སྟེ། ཇི་སྐད་དུ། རྒྱན་དང་ཆ་ལུགས་གསལ་གྱུར་ཀྱང་། །ལྷ་ནི་རང་རྒྱུད་སར་བསྒོམ་ན། །གཟུང་འཛིན་འཁྲུལ་པའི་བློ་ཡིན་པས། །མཁའ་ལ་རྒྱུ་བའི་རིགས་ཅན་གྱི། །ལྷའམ་འབྱུང་པོའི་རིགས་སུ་གོལ། ཞེས་དང་། ཡང་སྣང་ཆའམ་གསལ་ཆ་ཡེ་མི་འདོད་པར་མི་རྟོགས་སྟོང་རྐྱང་ཁོ་ན་བསྒོམ་པ་ནི་འགོག་པའི་སྙོམས་འཇུག་ཏུ་གོལ་ཞིང་། ཐབས་ཀྱི་མ་ཟིན་པས་སངས་རྒྱས་ལམ་དུ་མི་འགྱུར་བའི་ཚུལ་ནི།། ༈ །།ལྷ་ཉིད་གསལ་བར་མི་སྒོམ་ཞིང་། །བསོད་ནམས་ཚོགས་ནི་མ་རྫོགས་ན། །ཡེ་ཤེས་རྫོགས་ཆེན་མི་རྫོགས་ཏེ། །གཟུགས་མེད་ཁམས་ཀྱི་ལྷ་རུ་སྐྱེ། །དེ་


TR004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྣང་སྟོང་གཉིས་མེད་ཀྱི། །གནས་ལུགས་ཡེ་ཤེས་ཆོས་ཀྱི་སྐུ། །གསལ་བདག་བདེ་བ་ཆེན་པོའི་སྐུར། །ཟུང་འཇུག་ཡོན་ཏན་དྲན་པས་བསྒོམ། །མི་དམིགས་ལས་བྱུང་སྐྱེད་རིམ་དང་། །བསྐྱེད་པ་དམིགས་མེད་རྫོགས་རིམ་སྟེ། །གཉིས་མེད་རྣམ་པར་གནས་པ་ནི། །རྡོ་རྗེ་འཆང་གི་ཆོས་ཉིད་དོ། །ཅེས་གསུངས་པས། ཐབས་ཤེས་རིམ་གཉིས་ཚང་བར་ཉམས་སུ་མ་བླངས་ན་སངས་རྒྱས་མི་འགྲུབ་སྟེ། བྱ་ནམ་མཁར་འཕུར་བ་ཡང་འདབས་གཤོག་ཚང་དགོས་པ་ལྟར་ལགས་མོད་ཀྱི། ཚུལ་འདི་ལ་ལུང་མང་ཡང་ཡིག་རྫོགས་ལ་འཛེམ་སྟེ་མ་བྲིས་སོ།། ༈ །།དེ་ནས་ཡང་རྫོགས་རིམ་གཙོ་བོར་གྱུར་པའི་འཕྲོས་དོན་ལས་ནང་དོན་གྱི་ལུང་འདྲེན་གནང་ནས། སྐབས་དོན་སྙིང་པོར། རྩ་ཨ་ཝ་དྷཱུ་ཏི་ལུས་ཅན་ཀུན་གྱི་སྲོག་རྩར་གསུངས་ན། འགྲོ་བ་དྲུག་ཀ་ལ་ཡོད་མེད་དང་། བར་དོའི་སེམས་ཅན་འགྲོ་བ་དྲུག་ལ་གཏོགས་མ་གཏོགས་སོགས་ཀྱི་དྲི་བ་གནང་བ་ནི། སྤྱིར་ལུས་ཅན་ཐམས་ཅད་སྲོག་གིས་


TR004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ཡིན་ཕྱིར་སྲོག་གི་རླུང་ཙམ་ནི་ཡོད་པར་འདོད་དགོས་ནའང་། གཟུགས་མེད་ཀྱི་ལྷ་སོགས་ལ་ཁྱབ་པའི་ངེས་པ་བསྒྲུབ་དཀའ་ཞིང་། ལར་ཡང་ཁམས་དྲུག་ལྡན་པ་མིའི་ལུས་ཁོ་ན་དང་དེ་ལས་ཀྱང་འཛམ་གླིང་མ་གཏོགས་གཞན་ལ་རྡོ་རྗེ། ཡིད་ལུས་རྣམས་ ཐེག་པའི་ལམ་གྱི་རྟེན་དུ་མི་རུང་བར་གསུངས་པས་ན། ས་ཆུ་མེ་རླུང་། ནམ་མཁའ། རྣམ་པར་ཤེས་པའི་ཁམས་ རྩ་ཐིག་རླུང་གསུམ་ཚང་བ་ནི་མི་ཁོ་ན་ལགས་ཤིང་། འགྲོ་བ་གཞན་རྣམས་དབྱིབས་དང་ཁ་དོག་ཐ་དད་པའི་དབང་གི་རྩ་གསུམ་འཁོར་ལོ་དྲུག་སོགས་བཤད་པའི་དོན་ཡང་མ་མཆིས་པ་སྟེ། དཔེར་ན་ཆུ་ལ་གནས་པའི་ཉའི་རིགས་རྣམས་ཀྱི་སྙིང་ནི་མགོའི་ནང་ཡོད་པ་རྒྱུད་སྡེ་ནས་གསུང་ཕྱིར། དེ་ལྟར་ན་འཁོར་ལོ་ལྔའི་རིམས་པ་དག་ཀྱང་བཞད་གད་ཀྱི་གནས་སུ་འགྱུར་མོད་ཀྱི། དེས་ན་སྲོག་རྩ་སོགས་ཀྱང་འགྲོ་བ་མིའི་ལུས་ཅན་ཁོ་ན་ལ་འཆད་པ་ཉིད་འཐད་པར་སེམས་སོ།། ༈ །།བར་སྲིད་པའི་འགྲོ་བ་རྣམས་ཀྱང་འགྲོ་དྲུག་ལ་འདུ་བར་བཞེད་དེ།


TR004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཕྱི་མའི་མ་ལ་དུ་མ་ཆུད་ཀྱི་བར་ལ་སྐྱེ་བ་སྔ་མ་དེ་ཉིད་ཀྱི་ཆ་ཤས་ཡིན་པའི་ཕྱིར་དང་། འོན་ཀྱང་འཇིག་རྟེན་བདུན་པོ་ཞབས་ཀྱི་མནན་ཏེ། ཞེས་སོགས་ཀྱི་སྐབས་སུ་ནི། འགྲོ་བ་དྲུག་གི་སྟེང་དུ་གཤིན་རྗེའི་འཇིག་རྟེན་དང་བདུན་དུ་འདྲེན་པ་སྟེ། གཤིན་རྗེའི་འཇིག་རྟེན་ནི་བར་སྲིད་ལ་འཇུག་པར་བཞེད་དོ།། ༈ །།ཡང་ནང་དོན་ནས་གསུངས་པའི་མངལ་གྱི་གནས་སྐབས། མཁྲང་གྱུར་ཞག་ནི་དང་པོ་ནས། །རང་སོར་ཕྱེད་དང་བཅུ་གསུམ་གྱི། །ཚད་ལྡན་དབུ་མ་སྲོག་རླུང་བཅས། །ཅེས་ཆགས་ཚུལ་གྱི་སྐབས་དེར། ཉིད་ཀྱི། དེ་དུས་ཡན་ལག་གི་རྣམ་པ་ཙམ་ཡང་མ་འགྲུབ་པ་ལ། སོ་སོར་བགྲངས་པའི་ཐབས་མ་མཆིས་གསུངས་པ་ལ། འདིའི་དགོངས་པ་ནི། སྤྱིར་གླིང་བཞིའི་མི་སོ་སོའི་ལུས་ཚད་ཐ་དད་པ་མངོན་པ་སོགས་ནས་གསུངས་པ་ལས། འཛམ་བུ་གླིང་པ་རྣམས་ཚེ་ལོ་དང་བསོད་ནམས་དང་ལུས་ཚད་རྣམས་རིམ་གྱི་བྲི་བ་ལས། ད་ལྟ་སྤྱིར་རང་ཁྲུ་བཞི་དང་


TR004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ངན་རྣམས་ལས་རང་ཁྲུ་ཕྱེད་དང་བཞི། ཞེས་བཤད་རྒྱུད་ནས་གསུངས་པ་བཞིན་ཡིན་པ་དང་། སོར་མོ་བཅུ་གཉིས་སམ་ཕྱེད་དང་བཅུ་གསུམ་ལ་རང་མཐོ་གང་དང་། མཐོ་དོ་ལ་ཁྲུ་གང་དུ་བཤད་ཅིང་། །དེ་བཞིན་གཤེགས་པའི་སྐུ་ཚད་ལ་སོར་བརྒྱ་ཉེར་ལྔ། ས་གནས་ཀྱི་བྱང་སེམས་རྣམས་ལ་བརྒྱ་ཉི་ཤུ། ཉན་རང་སོགས་ལ་བརྒྱ་དང་དགུ། སོ་སྐྱེས་ཕལ་པ་འདོམ་གང་གྲུ་བཞི་མཉམ་པའི་ལུས་ཆུ་ཞེང་གབ་པ་ལ་སོར་དགུ་བཅུ་གོ་དྲུག་དང་། གཞན་མཆུ་ཞེངས་མཉམ་པ་དཀོན་ཕྱིར། ཡས་མན་ལ་བརྒྱད་བཅུ་གྱ་བཞི་དང་། ཕན་ཚུན་གྱི་འདོམ་ལ་དགུ་བཅུ་རྩ་དྲུག་ཡིན་པར་གསུངས་པས་ན། དེའི་ཕྱིར་མཁྲང་གྱུར་གྱིས་སྐབས་ཁྱབ་འཇུག་ཉའི་རྣམ་པའི་ལུས་ཚད་གང་ཡོད་པ་དེ་ཀའི་བརྒྱད་ཆ་གཅིག་ལ་ཁོ་རང་གི་རང་སོར་བཅུ་གཉིས་སམ་ཕྱེད་དང་བཅུ་གསུམ་དུ་རྩི་དགོས་པ་དང་། ལར་འདི་སྐབས་སུ། ནང་དོན་ལས་ནི་དུས་འཁོར་དང་མཐུན་པར་འཁོར་ལོ་ལྔའི་བར་ཐག་ཏུ་སོོར་མོ་ཕྱེད་དང་བཅུ་གསུམ་དུ་གསུངས་ལ།


TR004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་ལ་ལ་ནས་ནི། སྐྱེས་བུ་ལུས་ཚད་རྫོགས་པ་ལ་དེ་ལྟར་ཡིན་ཀྱང་། དེ་སྐབས་ལུས་ཆག་ཚད་མ་རྫོགས་པའི་དབང་གིས། འཁོར་ལོ་རྣམས་ཀྱི་བར་ཐུག་ལ་རང་སོར་བརྒྱད་བརྒྱད་དུ་བཤད་པ་ཡང་གདའ་ལགས། ཡང་སྲོག་རྩ་དང་དབུ་མ་གཅིག་མི་གཅིག་དྲི་བ་གནང་བའི་སྐབས། རྒྱལ་བ་ཡང་དགོན་པའི་རྡོ་རྗེ་ལུས་ཀྱི་སྦས་བཤད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྲོག་གི་དབྱུག་པའི་ནང་གནས་པ། ཅེས་སོགས་ཀྱི་ལུང་ཁུང་དེ་རྣལ་འབྱོར་རྒྱུད་ལ་བླ་མེད་ཀྱི་ཚིག་འདི་འོངས་མི་ཐང་གསུངས་པ་ལ།། ༈ །།ཚིག་འདིའི་ལུང་ཁུངས་རྣལ་འབྱོར་ཡོ་གའི་རྒྱུད་མ་ལགས་ཏེ། རྣལ་འབྱོར་ཆེན་པོ་ཞེས་པ་གསང་སྔགས་ནང་པ་བླ་མེད་ཀྱི་སྐབས་ཁོ་ནར་འཇུག་ཕྱིར། རྙིང་མའི་ལུགས་ལ་ཐེག་པ་རིམ་དགུར་བགྲང་པའི་ཚེ་ཡང་། ཉན་རང་བྱང་སེམས་གསུམ་ཐེག་དམན་དང་ཐེག་ཆེན་ཏེ་མཚན་ཉིད་ཐེག་པ། བྱ་སྤྱོད་རྣལ་འབྱོར་གསང་སྔགས་ཕྱི་པ། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་


TR004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསང་སྔགས་ནང་པ་བླ་མེད་ཡིན་ཕྱིར། མ་ཧཱ་ཡོ་ག་བོད་སྐད་དུ་བསྒྱུར་ན་རྣལ་འབྱོར་ཆེན་པོ་ཟེར་བ་ལགས་ཚེ། དེ་ལ་རྒྱུད་ཀྱི་རྩ་བ་ཏནྟྲ་སྡེ་བཅོ་བརྒྱད། དེ་དག་གི་ཡན་ལག་རྒྱུད་སྡེ་མཐའ་ཡས་པ་དང་། གསར་མའི་བདེ་དགྱེས་གསང་འཇིག་དུས་འཁོར་སོགས་ཐམས་ཅད་རྒྱུད་སྡེ་འདི་དག་གི་ནང་མཚན་ལགས་མོད་ཀྱི། དེས་ན་གོང་འོག་གི་ལུང་འདྲེན་དེ་ནི་ཕྱག་ཆེན་ཐིག་ལེ་ཁ་སྦྱོར་གྱི་རྒྱུད་ཚིག་ཏུ་གདའ་ལགས།། ༈ །།སྲོག་རྩ་དང་དབུ་མ་གཅིག་གམ་ཐ་དད་པ་ནི། སྤྱིར་བཞེད་པ་མི་གཅིག་པ་དུ་མར་འབྱུང་བ་ནི། རྒྱལ་བས་འཇིག་རྟེན་ཞེན་པས་གཟིགས་པ་མ་ཡིན་ཚེ་གདུལ་བྱའི་ཁམས་དབང་ཐ་དད་སྣ་ཚོགས་པའི་ངོར་རྒྱུད་སྡེ་ཡང་ཐ་དད་པ་དུ་མའི་འཆད་ཚུལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པ། ཇི་ལྟར་སྣོད་ཀྱི་བཟོ་དབྱིབས་ཐ་དད་པའི་ནང་གི་ནམ་མཁའི་དབྱིབས་ཀྱང་ཐ་དད་ལ། སྣོད་ཆགས་པའི་ཤུལ་ན་ནི་ནམ་མཁའི་དབྱིབས་ཐ་དད་མི་འབྱུང་བ་ལྟ་བུའི་དཔེ་ལྟར། འཁོར་འདས་ཀྱི་ཆོས་རྣམས་རང་གི་ངོ་བོ་ངོས་བཟུང་དང་


TR004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཡང་། ཀུན་རྫོབ་ཀྱི་སྣང་ཚུལ་ཙམ་དུ་གང་ཡང་འཆར་ཞིང་། ཤར་བ་ཉིད་བདེན་གྲུབ་ཏུ་མ་ཡིན་པའི་ཚུལ་རྣམས་མ་གོ་ན། གཞུང་ཐ་དད་པའི་འགལ་འདུ་ལ་ཨ་འཐས་སུ་བཟུང་ན་བྱིས་པ་ནམ་མཁའི་མཐའ་རྒྱ་ལ་རྩོད་པ་ལྟར་འགྱུར་བ་སྟེ། དེས་ན། རང་ཉིད་གང་ལ་ཉམས་སུ་ལེན་པ་དེའི་ལུགས་ཉིད་དབང་བཙན་པར་བྱ་ཞིང་། གཞན་ལུགས་རྣམས་ཀྱང་བློའི་ར་བར་ཤོང་བར་བྱེད་པ་འདི་ནི་ཆོས་ཐམས་ཅད་ཀྱི་སྒོ་འབྱེད་པའི་ལྡེ་མིག་དམ་པ་ལགས་པར་དགོངས་འཚལ། ཞེས་སྔོན་དུ་གསོལ་ནས། བྱེ་བྲག་གི་སྐབས་དོན་ལ།། ༈ །།སྲོག་པ་རྩ་དང་དབུ་མ་གཉིས་རག་པའི་དབང་དུ་ནི་གཅིག་པར་གསུངས་ཕྱིར་ཟབ་མོ་ནང་དོན་ལས་ཀྱང་གཅིག་ཏུ་གསུངས་པ་ཉིད་ལགས་པ་དང་།། ༈ །།དགེར་དོན་ཕྲ་ཞིབ་ཀྱི་དབང་ལྟར་ན། མཆོག་གི་དབུ་མ་དང་། མཆོག་མ་ཡིན་པའི་དབུ་མ་དང་། སྲོག་རྩ་ཉིད་དང་། རོ་རྐྱང་གཉིས་དང་ལྔ་པོ་


TR004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡེ་ཤེས་ཀྱི་རྩ་རྡོ་རྗེ་རྩེ་ལྔ་པའི་དབྱིབས་ཡིན་པར་བཤད་པ་ཡང་ཡོད་ལ། དབུ་མ་གཉིས་པོ་ཐབས་ཀྱི་དབུ་མ་དང་ཤེས་རབ་ཀྱི་དབུ་མའམ། ཡབ་དང་ཡུམ་གྱི་དབུ་མ་ཞེས་སུ་གྲགས་ཅིང་། དོན་དུ་སྲོག་རྩ་ལས་གྱེས་པའི་བྱེ་བྲག་ཡིན་པར་བཞེད་པ་དང་། གནས་ཚུལ་ནི། སྲོག་རྩའི་ནང་ལ་ནང་བཅུག་ལྟ་བུར་བཞེད་པའི་ལུགས་གཅིག་དང་། སྲོག་རྩའི་མདུན་དུ་ཡོད་པར་བཞེད་པའི་ལུགས་གཅིག་ཀྱང་ཡོད་པ་སྟེ། དེ་གཉིས་གང་ལྟར་ཡང་དབུ་མ་མཆོག་དེ་ནི་སྣང་ལ་རང་བཞིན་མ་གྲུབ་པའི་ཚུལ་གྱི་ཕྱི་གསལ་ནང་གསལ་འོད་ཀྱི་རྣམ་པ་ལྟ་བུ་སྲོག་རྩ་དང་སྦུབས་གཅིག་ཏུ་འབྲེལ་བར་གསུངས་པ་དང་། ཆུ་ཤིང་ལྟར་དྲང་བ་མཚན་ཉིད་བཞི་ལྡན་དང་། ཡར་མར་གྱི་རྩ་སྣ་སོགས་ཟུག་ཚུལ་འབྲེལ་ཚུལ་རྣམས་ནང་དོན་སོགས་ནས་ཇི་ལྟར་གསུངས་པ་བཞིན་དང་། དཀར་དམར་སོགས་གསུམ་གྱི་གནས་ཚུལ་ཡང་དེ་བཞིན་ཏེ། འདིའི་མིང་གི་རྣམ་གྲངས་རྣམས་ཀྱི་ཞིབ་ཆ་


TR004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་དག་ནི་ནང་དོན་དང་སྦས་བཤད་ལས་གསུངས་པ་དེ་དག་ལས་ལྷག་པ་འདིར་བརྗོད་མ་དགོས་ལ། སུམ་བཅུ་རྩ་གཉིས་མདུད་དང་ལྡན་པ་ནི་རོ་རྐྱང་གཉིས་པོ་དབུ་མར་འཁྲིལ་ཚུལ་རེ་ལ་མདུད་པའི་གྲངས་སུ་བརྗོད་ཅིང་། མཆོག་མ་ཡིན་པའི་དབུ་མ་ནི་དེའི་ཡན་ལག་ཡིན་ནོ།། ༈ །།སྲོག་རླུང་ཨ་ཡིག་གི་ཚུལ་དུ་གནས་པ་ཡང་བོད་ཡིག་གི་ཨ་གསུམ་ཁྱོག་འདི་མ་ཡིན་པར། ཨ་ཤད་ཀྱི་རྣམ་པས་རང་གང་དུ་ཡོད་པར་བཞེད་པ་མང་བ་དང་། ཁྱད་པར་སྐལ་བཟང་དགའ་བྱེད་དུ་བཤད་པའི་རྣམ་ཤེས་ཚོགས་བརྒྱད་ཀྱི་རྩ་བའི་འཆད་ཚུལ་དེ་ནི་རྙིང་མའི་སྒྱུ་འཕྲུལ་ཆེན་པོའི་རྒྱུད་སྡེ་རྣམས་ཀྱི་ལུགས་ལྟར་ཡིན་ཞིང་། གསར་མ་ལྟར་ན། སྦས་བཤད་དུ་ཡོན་ཏན་གྱི་རྩ་ཁྱི་མོ་ཉལ་འདྲ་ཞེས་པ་དེ་དང་ཡང་འབྲེལ་གཅིག་པར་སེམས་ལ། ངོ་ཁྲོ་འགྲེལ་ཆེན་དུ་ནི་འདི་དང་བྷ་སནྟུ་སོགས་ལ་དགག་པ་མཛད་འདུག་རུང་། རྒྱུད་སྡེ་ཐ་དད་ཀྱི་དགོངས་པ་ཡིན་ཚེ་དགག་


TR004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛད་པོ་ངལ་བར་ཟད་དོ། །མདོར་ན་ཚོགས་བརྒྱད་ཀྱི་རྩ་འདི་རྣམས་དང་ནང་དོན་སོགས་ནས་གསུངས་པའི་རྩ་དབུ་མ་གསུམ། ཡན་ལག་ལྔ་སྟེ་བརྒྱད་པོ་རྣམས་དང་ངོ་བོ་གཅིག་ལ། འདི་རྣམས་དབུ་མའི་རྩ་འདབས་སུ་ཡོད་ཅིང་། རིན་ཆེན་ཅོད་པཎ་དང་མགོན་པོ་ཆེན་པོ་སོགས་སུམ་ཅུ་རྩ་གཉིས། མཛེས་མ་དང་། རོ་བཅུད་མ་ཀུན་སྐྱོབས་མ། ཕྱི་འདབ་ཡིན་པར་བཤད་དོ། །སྦས་པའི་རྩ་ལྔ་སོགས་ཀྱི་རྩ་ཡིག་རྣམས་ཀྱང་རྒྱུད་སྡེ་ཐ་དད། གསུམ་སྐོར་པ་འདོད་མ་འཁྱིལ་མ་གཏུམ་མོ། བདུད་འདུལ་མ། པར་མི་མཐུན་ཚུལ་སྦས་བཤད་དུ་ཞིབ་པར་མཆིས་ཤིང་། ཡང་བྷ་སནྟུ་དང་རི་བོང་མིག་ཞེས་པ་གཅིག་ལ། ཀ་ཏི་ཤེལ་སྦུག་དང་འདི་གཉིས་པོ་རྩ་བ་གཅིག་ལ་རྩེ་མོ་ཐ་དད་གྱེས་ཏེ་མི་གཉིས་ལ་ཟུག་པ་དང་། དེའི་ཡན་ལག་གི་ཆ་ཤས་གཅིག་ལྕེའུ་ཆུང་ཟུག་པའི་མདུད་བྲལ་མདོད་མིན་པར་བཤད། ལྕེའུ་ཆུང་ནི་ཕལ་སྐད་དུ་ལྕེ་རྐྱལ་ཟེར་བའི་འོག་གི་རྩ་བ་འདི་ལ་འདོད་དོ།། ༈ །།འདི་ལ་ཡང་ནང་མཚན་དུ། མངོན་གྱུར་གྱི་སྒོ་མིག་གཉིས་དང་། ལྐོག་


TR004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་གྱི་སྒོ་རྣ་བ་གཉིས་ལ་ཟུག་པར་གསུངས་སོ། །ཉིད་ཀྱིས་སྒོ་ལྔའི་རྣམ་ཤེས་ཀྱི་ཕྱི་མ་དེ་མ་གོ་གསུངས་པ་ནི། ལུས་ཀྱི་རྣམ་ཤེས་ཅེས་བྱ་བ་རེག་བྱའི་ཡུལ་འཛིན་མཁན་གྱིས་ཤེས་པ་དེ་ཡིན་མོད་ཀྱི། དེའི་རྩ་གཅིག་མདུད་བྲལ་མ་འདི་ཡིན་པར་གསུངས་ལ། རེག་བྱའི་རྩ་བྲན། གཞན་ནི་བ་སྤུའི་གྲངས་མཉམ་ཡིན་པས་བསམ་གྱིས་མི་ཁྱབ་པོ། །ཀ་ཏི་ཤེལ་སྦུག་གི་བྱེ་བྲག་གཞན་ཡང་། རྫོགས་ཆེན་གྱི་སྣང་མུན་གཉིས་ཀྱི་ཉམས་ལེན་སྐབས་ཚོར་ནི་རྩའི་བྱེ་བྲག་གཞན་ཐམས་ཅད་བཏང་སྙོམས་སུ་བཞག་ནས། དབུ་མའི་ཡལ་འདབས་ཀྱི་རྩ་ཕྲ་ལ་འཁྲིལ་དར་དཀར་རྣལ་མ། གསེར་གྱི་རྩ་ཆེན། སྟོང་པ་རང་གྲོལ། ཀ་ཏི་ཤེལ་སྦུག་སྟེ། ཡེ་ཤེས་ལྔའི་རྩ་འདབ་རྣམས་ཀྱི་རྒྱས་བཤད་ཡོད་རུང་སྐབས་འདིར་བརྗོད་དོན་ཆུང་མོད་ཀྱི། མདོར་ན་གོང་དུ་སྨོད་པ་བཞིན་གདམས་པ་གང་ཉམས་སུ་ལེན་པ་དེའི་གཞུང་དོན་དང་སྦྱར་བ་མ་གཏོགས་མ་མཐའ་དག་གིས་གནས་


TR004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ནི་བསམ་པར་མི་ནུས་སོ།། ༈ །།ཡང་མི་ཤིག་པའི་དཔྱིད་ཀྱི་ཐིག་ལེའམ་དྭངས་མ་ལྔ་འདུས་ཀྱི་སྐབས་འདི་ལ་རྒྱུད་སྡེ་སྤྱི་མཐུན་དུ་ནི། ཤ་ཡིས་དྭངས་མ་དབུ་མའི་རྩ། ཁྲག་གི་དྭངས་མ་ཨ་ཐུང་མེ། དཔྱིད་ཀྱི་ཐིག་ལེ་ཞེས་པ་འདི་ལ་ཡང་བཤད་ཚུལ་ལ་ལར། དཔྱིད་ནི་ཨ་ཤད་གྱི་མེ་དང་། ཐིག་ལེ་ནི་སྤྱི་བོའི་ཧཾ་ལ་ངོས་འཛིན་པ་ཡང་ཡོད། རུས་པའི་དྭངས་མ་ཐིག་ལེ་ཧཾ། །དབུགས་ཀྱི་དྭངས་མ་སྲོག་གི་རླུང་། །ཡིད་ཀྱི་དྭངས་མ་ཀུན་གཞི་སེམས། །ཞེས་པ་འདི་ནང་དོན་གཞུང་འགྲེལ་སོགས་ཕལ་ཆེར་དགོངས་པ་མཐུན་ལ། ལྔ་འདུས་ཀྱི་ཐིག་ལེ་དངོས་བསྟན་སྙིང་གར་ཡོད་ཚུལ་བཤད་པ་འདི་ལ་མུ་སྟེགས་པའི་ལུགས་དང་འདྲེས་དོགས་སྣང་ཡང་། རྙིང་ལུགས་འོད་གསལ་ཐོད་བརྒལ་གྱིས་གཞུང་མཐའ་དག་ཏུ་ནི་གོང་དུ་སྨོས་པའི་དྭངས་མ་ལྔ་པོ་འདི་དག་གི་དྭངས་མའི་དྭངས་མ་འོད་ཀྱི་ཐིག་ལེའི་རྣམ་པར་ཡོད་ཚུལ་ནན་གྱིས་གསུངས་ཤིང་། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ཚིག །སྙིང་གའི་དབུས་གྱུར་པདྨོ་ནི། ཞེས་སོགས་


TR004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལུང་དེ་དང་སྦྱར་ནས། རྩ་མཆོག་དེ་ཉིད་ཁ་གྱེན་ལ་བསྒྱུར་བས་དྭངས་མ་ལྔ་འདུས་ཀྱི་ཡོན་ཏན་སྤེལ་ཐབས་རྒྱ་ཆེར་གསུངས་པ་ཡོད་ཅིང་། དེ་དང་མཐུན་པ་སྦས་བཤད་དུ་ཡང་སྣང་མོད། ལར་རྒྱལ་བ་ཡང་དགོན་པ་དེ་ཉིད་རྗེ་རང་བྱུང་གི་ལྟར། ནང་རྡོ་རྗེ་ལུས་ཀྱི་སྣང་ཚུལ་ཇི་ལྟ་བར་གཟིགས་ཤིང་། གཞན་ཡང་རིན་ཆེན་རྣམ་བཞི་ལ་བརྟེན་ནས་གསར་མའི་གདམས་ངག་ཟབ་དགུ་དང་། མི་སྐྱོད་པ་དང་ཕུལ་མར་བ་སོགས་ལས་རྙིང་མའི་གདམས་པ་རྣམས་ཀྱི་སྒྲོ་འདོགས་བཅས་པའི་མཐུས། རྒོད་ཚང་པ། འབྲི་གུང་པ། ས་སྐྱ་པ། གོ་བྲག་པ་དང་བཞི་ཡིན་ནོ། །གསུང་འབུམ་སྤྱི་དང་ཁྱད་པར་སྦས་བཤད་སྐོར་རྣམས་ཤིན་ཏུ་མཐའ་རྒྱ་ཆོད་པ་སྣང་བར་སེམས་ལགས་ཤིང་།། ༈ །།དེས་ན་གོང་དུ་སྨོས་ལྟར། ཆོས་རང་རང་གི་སྐབས་དོན་གྱི་དབང་གིས་ཐམས་ཅད་གཅིག་ཏུ་མཐུན་པ་ཞིག་ནི་གདམས་ངག་གང་ལ་ཡང་མི་འབྱུང་ངོ་། །ཡང་གོང་གི་ཚོགས་བརྒྱད་ཀྱི་རྩའི་ནང་ཚན་ཡེ་ཤེས་ཀྱི་རྩ་དེ་ལ་ཉོན་མོངས་


TR004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲི་མ་ཡོད་དམ་མེད། གསུངས་པ་དེ་ནི།། ༈ །།སྤྱིར་ཉོན་མོངས་དང་ཡེ་ཤེས་ནི་གསང་སྔགས་སུ་ལམ་དུ་ལྷོངས་མ་ལྷོངས་ཀྱི་སྐྱོན་ཡོན་ཙམ་ལས་ངོ་བོ་ཐ་དད་དུ་མི་འདོད་པ་དང་། ཁྱད་པར་ཐ་མལ་པའམ་ལམ་པའི་རྣལ་འབྱོར་གྱི་སྐབས་ལ་ཉོན་མོངས་ཀྱི་དྲི་མ་ཡོད་པར་གོར་མ་ཆགས་ལ། ནམ་ཞིག་ཉམས་ལེན་གྱི་འབྲས་བུ་མངོན་དུ་གྱུར་ཚེ་ནི། རྩ་ཐིག་རླུང་སེམས་མཐའ་དག་ཡེ་ཤེས་ཀྱི་རང་བཞིན་དུ་དག་ཚེ་ཉོན་མོངས་ཀྱི་དྲི་མ་ཤུལ་དུ་ལུས་རྒྱུ་ནི་ག་ལ་མཆིས་ལགས་ཤིང་། ད་ལྟ་ཡེ་ཤེས་ཀྱི་རྩར་མིང་དུ་བརྗོད་པ་ནི་ཡེ་ཤེས་འཆར་བའི་རྟེན་གནས་ཡིན་པ་ལ་དགོངས་པའོ། །ལར་ཡང་གསར་མའི་བདེ་དགྱེས་གསང་གསུམ་དང་དུས་འཁོར་རྣམས་སུ་འདི་དག་གི་མིང་དང་གནས་ཚུལ་ཅུང་ཞིག་མི་འདྲ་བ་འབྱུང་བ་ལྟར། རྙིང་མའི་མ་ཧཱ་ཨ་ནུ་ཨ་ཏིའི་རྒྱུད་སྡེ་སོ་སོར་འཆད་ལུགས་མི་གཅིག་པས་ན། ཕྱི་ནང་གཞན་གསུམ་གྱི་ཚུལ་མཐའ་དག་ཡེ་ཤེས་ཀྱི་གཟིགས་པས་


TR004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་པར་གྱུར་པའི་སྐྱེས་ཆེན་རྣམས་མ་གཏོགས། རང་ཅག་གི་སྤྱོད་ཡུལ་མ་ཡིན་མོད་ཅིང་། རྒྱུད་འགྲེལ་མང་པོའི་རབ་འབྱམས་སྨྲ་བར་ཞལ་གྱིས་བཞེས་པ་དག་ཀྱང་། གྱི་ལིང་ཞར་བའི་འགྲོས་ལྟར་ཕྱོགས་རེར་ཅུང་ཟད་འཁྱོག་པ་མང་བར་གདའ་བས་ན་རྨོངས་རྒན་བདག་འདྲ་བས་ཡིག་ཆ་རེ་རེ་གཉིས་གཉིས་ལ་བལྟས་པས་བླུན་ཚོད་འདིར་བྲིས་པའི་དགོས་པ་གང་ཡང་མ་མཆིས་ཤིང་། སྐལ་བཟང་དགའ་བྱེད་དུ་ཚོགས་བརྒྱད་ཀྱི་རྩའི་དབུས་མ་གསུམ་ཆོས་ཉིད་ཀྱི་རྩ་ཞེས་པ་དེ་ཡང་རྩའི་གཙོ་བོ་གསུམ་ལས་གཞན་ནི་མ་ལགས་ཀྱང་། བརྗོད་བྱ་གམ་མ་གཙང་བས་ཉིད་ཀྱི་དགོངས་པར་འབྱོར་དཀའ་བ་ཤིན་ཏུ་ནས་ཐུགས་བདེན་ལ། དེ་དག་གི་སྐབས་ཀྱི་འགྲོ་བ་དྲུག་གི་གནས་སྦྱོང་གི་ཡི་གེ་དང་སྐུ་གསུམ་གྱི་སྙིང་པོ་སོགས་ཀྱི་འཆད་ཚུལ་དེ་ཡང་ལུགས་གཅིག་ཁོ་ནའི་འཆད་ལུགས་ཡིན་པ་མ་གཏོགས། གཞན་ལ་དེ་དང་མི་མཐུན་


TR004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཆད་ཚུལ་མཐའ་ཡས་པ་གཞུང་སོ་སོར་ཡོད་ཕྱིར་མཐའ་གཅིག་ཏུ་འཛིན་རྒྱུ་ནི་མ་ལགས་སོ།། ༈ །།ནཱ་ཊི་དབུ་མར་རེངས་པ་ཞེས་གསུངས་པའི་ནཱ་ཊི་དེ་སྲོག་གི་རླུང་ཡིན་ཤས་ཆེ་ཡང་། སྐད་དོད་ཀྱི་ཡིག་ཆ་བྱེ་བྲག་རྟོགས་བྱེད་སོགས་སུ་ནི་མ་མཐོང་ལ། ལར་ཡང་། གསང་སྔགས་ཀྱི་མཐའ་དྲུག་ཚུལ་བཞིས་བཅིངས་པའི་མིང་འདི་འདྲའི་མཐའ། ཁྲིམས་ཁང་ལོ་ཆེན་སོགས་ཀྱི་གསུང་སྒྲོས་སུ་ནཱ་ཊི་སྲོག་གི་རླུང་ལ་ངོས་འཛིན་པར་མཛོད། ཆོད་པར་དཀའ་བ་དང་།། ༈ །།ལོག་པ་དང་རེངས་པ་གཉིས་གཅིག་གམ་ཐ་དད་གསུངས་པ། སྤྱིར་ནི་རླུང་གི་གནད་མ་འཆུན་པའི་གེགས་སྐྱོན་ཀུན་ལ་རླུང་ལོག་ཅེས་པར་གྲགས་མོད་ཀྱང་། བྱེ་བྲག་ཏུ་ནི་མི་གཅིག་པར་གསུངས་ཏེ། རླུང་ལོག་པ་ནི་རྒྱུ་བའི་ལམ་དེ་ལས་གོ་ཟློག་པའམ། གནས་མིན་གྱི་ལམ་དུ་ཤོར་བ་ཡིན་ལ། རེངས་པ་ནི། དཔེར་ན་དགུན་གྱི་ཚེ་བུམ་པ་ལ་སོགས་པའི་སྣོད་ཀྱི་ཆུ་མཁྲེགས་


TR004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་མི་རུང་ཞིང་སྣོད་ཀྱང་ཆུ་ཟོས་སུ་འགྱུར་བ་ལྟ་བུ་ལ་འཇུག་པ་སྟེ། ལོག་རེངས་གཉིས་ཀྱི་གེགས་སེལ་ཡང་ཐ་དད་དུ་གདའ་ལགས་མོད།། ༈ །།རྩ་བཅུ་པོའི་མིང་དང་དངོས་འཛིན་སོགས་རྒྱུད་གཞན་ནས་གསུངས་པ་དང་། དུས་འཁོར་ནས་སེར་སྐྱ་ཕྲ་མོ་ལུས་སྲོག་གི་མིང་དོན་ཕན་ཚུན་སྦྱོར་དཀའ་བར་སྣང་གསུངས་པ་དེ་ནི། རང་འགྲེལ་ཉིད་ལས་ཅུང་ཟད་ཞིབ་པ་ཙམ་ངོ་ཁྲོའི་འགྲེལ་པར་དྲི་མེད་འོད་ཀྱི་ལུང་དང་བཅས་ཏེ་སྣང་བས་དེར་གཟིགས་པ་ཞུ་ཞིང་། གཞན་ཡང་། ལས་དང་ཡེ་ཤེས་ཀྱི་རླུང་གི་འགྲོ་ལྡོག་དང་ལོ་གསུམ་ཕྱོགས་གསུམ་གྱི་རྣམ་གཞག །མཉམ་དང་མི་མཉམ་པའི་ཁྱིམ་གྱི་ཕོ་འཇུག །ཕྱི་ནང་གཉིས་ཀྱི་ཉི་ཟླར། ཨོ་རྒྱན་རིན་པོ་ཆེའི་གསུངས་ལས་ནི། རྒྱུད་སྡེ་སྤྱི་ཁྱབ་ནས་ལས་དང་ཡེ་ཤེས་ཀྱི་རླུང་གིས་འགྱུ་གྲངས་དང་འཕོ་སོགས་ངེས་ངེས་པོར་བཤད་པའི་རིགས་རྣམས། གང་ཟག་གི་ཁྱད་ཀྱིས་ངེས་རྟགས་མི་འབྱུང་བར་གསུངས་སོ། །སྒྲ་གཅན་གྱི་འཇུག་ཚུལ་སོགས་


TR004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་དབྱེ་ཞིབ་པ་གཅིག་བགྱིས་ན་ཕྲལ་ཡུན་གྱི་བློ་གསལ་མང་པོར་ཕན་པར་འགྱུར་ཚུལ་གྱིས་བཀའ་ཕེབས་པའི་ཆ་ལ། སྤྱིར། བདག་ཐོགས་མ་ནས་ཤེས་རབ་ཀྱི་སྟོབས་སྩལ་དམན་ཞིང་ཐོས་བསམ་གྱི་བསགས་པ་དང་མི་ལྡན། དགོས་སུ་གསང་སྔགས་གསར་མའི་གཞུང་ལུགས་དང་དུས་འཁོར་རྒྱུད་འགྲེལ་སོགས་ལ་འགྲིས་གོམས་ཆུང་བ་དང་། ནང་དོན་ཡང་བཀླག་ལུང་ཙམ་ལས་གཞན་པའི་འགྲེལ་བཤད་བཞིན་ནི་མ་ཐོབ་པ་དང་། ལྷོ་བྲག་སྲས་མཁར་སོགས་སུ་བསྡད་སྐབས་ཀྱང་། སྐྱབས་གནས་དེ་ཉིད་བདག་འདྲར་ཐུགས་རྗེས་གཟིགས་ཚུལ་ནི་གཞན་དང་མི་འདྲ་བ་ཞིག་ཡོད་ཅིང་། དེ་སྐབས་ཕྱག་ཕྱིར་ཡང་མདོ་སྔགས་ཀྱི་ཆོས་ལ་དབང་འབྱོར་བའི་མཁས་གྲུབ་ཚར་དུ་དངར་བ་གདའ་ནའང་། རང་ཉིད་བསོད་ནམས་དམན་ཏེ་དགོན་ཆུང་རྣམས་ཀྱི་གཉེར་ཁུང་རང་ཐོག་ཏུ་གལ་བའི་རྐྱེན་གྱིས། ཞབས་ཕྱིར་ཡུན་དུ་སྡོད་དབང་མ་བྱུང་བས་ཐོས་བསམ་གྱིས་ཡལ་འདབ་མ་རྒྱས་


TR004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ནས་ལང་ཚོའི་མེ་ཏོག་ཡོལ་བ་ཞིག་བྱུང་བའི་རྒྱུ་ལས། བཀའ་ཕེབས་པའི་གནད་དོན་འདི་དག་སྨྲ་བའི་ནུས་པས་དབེན་ཕྱིར། དེས་ན་སྐུ་ཉིད་ནང་དོན་གྱི་བདག་པོར་སྣང་བས་མི་མཁྱེན་མི་གཟིགས་པའི་ཆ་ཙམ་མི་འབྱུང་མོད་ལ། སྤྱིར་ཡང་། གཙུག་ལག་འཕྲེང་བའི་གསུང་ལས་ནི། ནང་དོན་གྱིས་འབྲེལ་པ་ཕྱིས་བྱུང་བ་ལ་ནི་མཁས་གྲུབ་དྭགས་རམ་པ་ཆོས་རྒྱལ། བསྟན་པས་མཛད་པ་དེ་ལས་ལེགས་པ་མི་འདུག་ཅེས་གསུངས་པ་སྣང་ཀྱང་བདག་གིས་ནི་ཕྱི་རྟིང་ལས་མ་མཇལ། ངོ་ཁྲོ་འགྲེལ་ཆེན་ནི་རྒྱུའི་ཐེག་པའི་བཤད་པ་རྒྱ་ཆེར་གནང་བ་ཙམ་ལས། གཞུང་དོན་ཉིད་ནི་རང་འགྲེལ་ལས་ཞིབ་པ་ཞིག་གནང་ཡོད་མདོག་མི་ཁ་བར་སེམས་ལགས་པ་དང་།། ༈ །།རྙིང་མའི་ལུགས་ལ་ནི། སློབ་དཔོན་རིན་པོ་ཆེས་གསུངས་པའི་གཏེར་ཆོས་ཕལ་ཆེར་དུ་རྩ་ཐིག་རླུང་གསུམ་གྱིས་གདམས་པ་རྒྱས་བསྡུས་བསམ་མི་ཁྱབ་པ་


TR004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པའི་ནང་ནས། རང་ཉིད་ཀྱིས་མཐོང་བ་ལ་ནི་བླ་མ་དགོངས་པ་འདུས་པའི་ནང་གི་ལམ་འབྲས་ཆེན་མོ་རྩ་རླུང་རྡོ་རྗེ་དྲ་མིག་གི་ཆོས་སྐོར་ཉིད་ཁོ་ན་ལེགས་པར་གོ་ཞིང་། དེའི་དངོས་པོའི་གནས་ལུགས་འཆད་པའི་སྐབས་རྣམས་ནི་ཡང་དགོན་པའི་སྦས་བཤད་དང་ཤིན་ཏུ་མཐུན་པར་ཡོད་པ་དང་། གཞན་ཡང་། ཡང་དགོན་པའི་རི་ཆོས་ཞེས་དིང་སང་འབྲུག་ལུགས་སོགས་ལ་རླུང་ལྟར་གྲགས་པ་དེ་ཡང་། མངའ་བདག་མྱང་གི་གཏེར་ཆོས་ཀྱི་ཁྲོད་ན། པདྨ་ལམ་རིམ་ཞེས་པ་དེ་དང་ཞུས་དག་ཕེར་ལ་ཁད་དུ་ཡོད་ཚེ། དེས་ན་ཨོ་རྒྱན་སྤྲུལ་པ་ཡང་དགོན་རྒྱལ་བ་འབྱུང་། ཞེས་ལུང་བསྟན་འགའ་ལ་འདུག་པ་དེ་ཡང་ཤིན་ཏུ་བདེན་ནམ་ཞེས་རང་ཉིད་ཁོ་ན་སེམས་ལགས། ཅེས་འཕྲོས་དོན་དུ་གསོལ་བ་དང་།། ༈ །།སྙིང་པོའི་གསོལ་འབྲས་བདག་འཚོ་ནི་གསར་རྙིང་གི་ཁྲིད་སྐོར་གང་ཞུས་རྣམས་ཀྱི་ཞར་ལས་འོངས་པའི་ཐབ་ལམ་གྱི་རིགས་མང་ཞིག་ཐོབ་ཐོབ་དུ་བགྲང་བ་ཙམ་ལས། བློའི་


TR004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་ཡུལ་ནི་རྫོགས་ཆེན་སྐོར་གྱི་མན་ངག་རྣམས་ལས་འབྱུང་བ་ལྟར། རྩ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩ་ཆོས་དབྱིངས་སྤྲོས་བྲལ། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་རིམ་པ་རང་གསལ། ཐིག་ལེ་ཐམས་ཅད་བདེ་ཆེན་ཡེ་ཤེས་ཀྱི་ཐིག་ལེ་མ་བཅོས་ཁྱབ་གདལ་ཆེན་པོར་འདུས་པའི་ཉམས་ལེན་གཅིག་པུར་དྲིལ་ཁུས་ཙམ་ལས་གཞན་པའི་ཉམས་མྱོང་གི་དབེན་ཕྱིར། མར་པ་ནས་རྒྱུད་པའི་རྫོགས་རིམ་རླུང་སེམས་དབྱེར་མེད་ཀྱི་རྩ་བའི་ཟབ་གནད། སྐྱེ་མེད་རླུང་སེམས་དབྱེར་མེད་དུ་གྲགས་པའི་དགོངས་པ་ཡང་འདི་ཀ་ལགས་མོད། ནང་དོན་སོགས་ཀྱིས་དགོངས་འགྲེལ་རྒྱས་པར་འབུལ་བའི་ནུས་པ་མ་མཆིས་ལགས།། ༈ །།ཡང་འཕོ་བའི་སྐབས་དོན་གྱིས་དྲི་བ་གནང་བའི་ཆར། ཕ་རོལ་པོའི་ལུས་དང་རང་ལུས་གཉིས་ཀ་ལྷར་གསལ་དགོས་སམ་མི་དགོས་གསུངས་པ་ནི། སྤྱིར་འཕོ་བའི་གདམས་པ་ཡང་ལུགས་མི་འདྲ་བ་ཤིན་ཏུ་མང་ཕྱིར། རང་ཉིད་གང་གི་ལུགས་ལ་གོམས་དེ་ཀ་དང་མཐུན་པར་བྱེད་དགོས་པར་གཞིར་


TR004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། རང་ལུས་ལྷར་བསྒོམ་ན་བྱིན་རླབས་ཆེ་བར་ཡོད་ཤས་ཆེ་ཡང་། འདི་སྐབས་ངེས་པར་བསྒོམ་དགོས་པ་རུ་ནི་མ་གསུངས། ཕ་རོལ་པོ་ཡང་བསྐྱེད་རིམ་སོགས་གོ་རྟོགས་འཕྲོད་པ་ཞིག་ཡིན་པའམ། ཁྱད་པར་སྔར་ནས་སྐྱེད་རིམ་གྱི་འཕོ་བ་བྱང་བ་ཞིག་ཡིན་ན་མ་གཏོགས། གཞན་དེ་སྐབས་ལྷར་གསལ་བ་སོགས་ཀྱི་དམིགས་པ་མང་ན་མི་ཟིན་པས་དོན་མི་འགྲུབ་ཚེ། ལུས་སྟོང་རའི་ནང་དུ་དབུ་མ་ཡང་འདི་སྐབས་རག་དུང་གྱེན་ལ་བསྟན་པ་ལྟ་བུ་ཙམ་ལ་བསྡུ་བ་མ་གཏོགས་རླུང་སོགས་བསྒོམ་དུས་ཀྱི་དམིགས་པ་ལྟར་དབུ་མ་མཚན་ཉིད་བཞི་ལྡན་སོགས་ཀྱི་ཞིབ་ཆ་མང་པོ་ནི་དེ་དུས་རང་དབང་མི་འདུ་བས། དམིགས་པ་མདོར་བསྡུ་བ་ཞིག་ཁོ་ན་གལ་ཆེ་བ། ཁོའི་རྣམ་ཤེས་ཀྱི་ངོ་བོ་ཡང་གཞུང་སོ་སོའི་ཁྱད་ཀྱིས་ལྷ་སྐུ། ཡིག་འབྲུ་ཕྱག་མཚན། འོད་ཀྱི་ཐིག་ལེ་སོགས་བསྒོམ་ཚུལ་སྣ་ཚོགས་འབྱུང་མོད་ཀྱི། ཕ་རོལ་པོ་ཡི་གེ་མི་ཤེས་མཁན་ཡིན་


TR004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་ཧཱུྃ་སོགས་ཡིག་འབྲུའི་དམིགས་པ་ནི་སྤྲོད་ཐབས་ཀྱང་མི་འབྱུང་བས་གཞན་གང་འཐད་ཙམ་དང་། གཙོ་བོར་འདི་ནི་རྣམ་ཤེས་འཐོན་པའི་སྒོ་ཁ་ནས་ཁྱད་པར་དུ་བྱེད་པ་ཡིན་ཕྱིར། ཁྱེད་རང་གི་རིག་པ་སྤྱི་གཙུག་ཁོ་ནར་གཏོད། ཟེར་བ་ཙམ་གྱིས་ནི་ཁྱད་པར་ཆེ་བར་ཡོད་པར་གསུངས་ཤིང་། ཁོ་རང་གང་ལ་མོས་པའི་བླ་མ་དེ་ཉིད་སྤྱི་བོར་བསྒོམ་དུ་བཅུག་ནས་མོས་གུས་གདུང་ཤུགས་ཀྱིས་དེའི་ཐུགས་ཀར་སེམས་རྩེ་གཅིག་ཏུ་གཏད་དུ་བཅུག་ལ། རང་གིས་ཀྱང་གསལ་འདེབས་དང་སྨོན་ལམ་གཟུངས་སྔགས་བྱིན་རླབས་ཅན་དང་སངས་རྒྱས་ཀྱི་མཚན་བསྒྲགས་པ་སོགས་ཁོའི་མགོ་ཕྱོགས་ནས་གསལ་དག་སྙན་པས་བྱ་ཞིང་། སྤྱི་གཙུག་ལས་གཞན་པའི་ཁྱད་པར་སྨད་ཕྱོགས་ལ་མི་རེག་པར་བྱ་བ་ནི་ཐམས་ཅད་ལ་གལ་ཆེ་བར་གསུངས་པས། དུད་འགྲོ་ཡན་ཆོད་ལ་ཡང་དེ་ཙམ་གྱིས་ཀྱང་ཕན་པར་བཤད་ཡོད། རྣམ་ཤེས་སྤར་རྗེས་སྐྱེད་རིམ་བསྡུ་


TR004_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་ནི་དགོས་པའི་གནས་མེད་དོ། །རང་ཉིད་ནི་ཕ་རོལ་པོ་ལ་དམིགས་པ་སྤྲོ་མཁན་དང་ཁོའི་བསྒོམ་མཁན་བྱེད་པ་ལྟ་བུ་ཙམ་མ་གཏོགས་རང་ལུས་ལ་བསྒོམ་རྒྱུ་མིན་ཚེ་མཉམ་དུ་འཕོ་བའམ་ཚེ་ལ་གཟན་པ་སོགས་ཀྱི་དོགས་པ་མེད་ལགས་ཞིང་། འཕོ་བ་འདེབས་པའི་ཉེ་སྐོར་དུ་གཉེན་འཁོར་སོགས་སུ་བྱུང་བྱུང་ཚོགས་ན་སྔགས་ཀྱི་གསང་སྒྲོགས་སུ་ཡང་ལོས་འགྱུར་མོད་ལ། གཞན་ཡང་དེར་ཡོད་རྣམས་ཀྱི་མྱ་ངན་དང་ངུ་འབོད་སོགས་ཀྱིས་ནི་དམིགས་ཡུལ་དེ་ལ་གནོད་ཚབ་རབ་ཏུ་ཆེ་ཚེ་དེ་འདྲའི་རིགས་ཉེ་བསྐོར་གྱི་ཕྱོགས་ཙམ་དུ་ཡང་མེད་པར་བྱེད་པ་ནི་གལ་པོ་ཆེར་སྣང་ངོ་། །ལར་ནས་རྣམ་ཤེས་སྤྱི་བོར་འཐོན་ཐབ་ཙམ་མ་གཏོགས། འཕོ་བ་ཚུལ་ལྡན་ཐེབ་པར་བྱེད་པ་ལ་སྔར་ནས་སྦྱངས་སྦྱངས་པ་དང་། དམིགས་པ་སོགས་ལ་གོ་རྟོགས་ཡོད་མཁན་དང་དམ་ཚིག་མ་ཉམས་པ་ཞིག་མ་གཏོགས། ཐ་མལ་པ་ཀུན་གྱིས་ཡོང་བར་མ་གསུངས་ཀྱང་། དིང་སང་གསང་སྔགས་འཆལ་པའི་


TR004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་སྐྱེ་བོ་ཕལ་པ་ཤི་ཚད་ལ་འཕོ་བའི་དམིགས་པ་འདེབས་པ་འདི་བཞིན་དར་སྣང་ཡང་། དོན་ཚུལ་བཞིན་འགྲུབ་པ་ནི་མ་ཐོས་ལ། འདེབས་པའི་དུས་མཚམས་ཡང་། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དེར་གདབ་དགོས་པར་གསུངས་ན། དིང་སང་ནི་ཕུང་པོ་ལ་བཟོ་བཅོས་ཐུག་རག་མང་དུ་བྱས་རྗེས་འཕོ་བ་འདེབས་མོད་ཀྱང་། ཕུང་པོ་བསྒུལ་སྐྱོད་བྱས་ན་རྣམ་ཤེས་འཐོན་འགྲོ་བས། སླར་འཕོ་བ་བཏབ་པའི་དོན་མ་མཆིས་ལགས་ཚེ། གང་ལྟར་དིང་སང་གི་ཕྱག་ལེན་ཅི་ལ་བལྟས་ཀྱང་ཆོས་ཀྱི་གཞུང་ནས་གསུངས་པ་དང་མཐུན་པ་ཞིག་རང་གཞན་སུ་ལའང་དཀོན་པར་ཟད་དོ། །ཡང་འཕོ་བ་སྦྱངས་བའི་རིགས་ལ་ནི། ལ་ལར་རླུང་བུམ་ཅན་རབ་འབྲིང་ཐ་གསུམ་གང་རུང་མི་ནུས་ན་མི་སྦྱོངས་པར་བཤད་འདུག་ཀྱང་། དེའི་ངེས་པ་ནི་མི་སྣང་སྟེ། རྙིང་ལུགས་ཀྱི་འཕོ་བའི་ཁྲིད་རྣམས་སུ་རླུང་ཅི་ཡང་མེད་པས་ཀྱང་འཕོ་བ་རྟགས་ཐོན་


TR004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཚངས་སྦུབ་ཏུ་འཇག་མ་ཚུགས་པ་ནི་ཞག་གསུམ་བཞི་ལས་ཕྱིར་མི་འགྱངས་པར་འདུག་ལགས་པ་ནི་མངོན་སུམ་ཚད་གྲུབ་སྟེ། དམིགས་པའི་ཟབ་གནད་ཀྱི་ནུས་པ་ཡིན་པར་གོ།། ༈ །།ཡང་། ཐུགས་དམ་རྫོགས་རིམ་ཀྱིས་སྐབས་ཀྱི་འཕྲོས་དོན་དུ། མར་པའི་མགུར་ཆེན་གྱི་ནང་གི། རྩ་བ་ཁྱིམ་ན་གནས་པ་ཞེས་སོགས་ཀྱི་དགོངས་དོན་ནི་ཉིད་རང་གིས་གང་གསུངས་པ་དེ་ཀར་འདུག་ཅིང་། ཀུན་གཞིའི་སྐབས་འདི་ལ། མདོ་ལུགས་དང་བྱམས་ཆོས་སོགས་སུ་བདེ་གཤེགས་སྙིང་པོའི་རྣམ་བཤད་ཀྱི་སྐབས་སུ། ཇི་སྐད་དུ། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་བསྟན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པའི་དོན། །བློ་དམན་རྣམས་ཀྱི་མི་ཤེས་སོ། །ཅེས་སོགས་དང་། རྫོགས་ཆེན་རྣམས་སུ་ནི་ཀུན་གཞི་ལ་ཡང་། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱིས་ཀུན་གཞི། བག་ཆགས་སྣ་ཚོགས་ཀྱི་ཀུན་གཞི་སོགས་དབྱེ་མོད་ཀྱང་། ཕྱག་ཆེན་གྱི་སྐབས་འདིར་ནི་སྤྲོ་མི་འཚལ་ཞིང་།


TR004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་རྣམ་ཤེས་བཙོན་དུ་བཟུང་བ་ནི་འཁྲུལ་པ་ཨ་འཐས་སུ་མི་འཆོར་བར་བྱ་བ་སྟེ། བཙོན་དུ་བཟུང་རྒྱུ་དང་བཟུང་མཁན་ཐ་དད་གཉིས་སུ་ཡོད་པ་ནི་མ་ལགས་ཚེ། རང་ངོ་ཤེས་པར་བྱ་བ་ཉིད་དང་། ཚིག་འོག་མ་གཉིས་ཀྱི་དོན་ནི། ཉིད་ཀྱི་གསུངས་པ་ལྟར། རང་ངོ་ཤེས་པ་དེ་ལས་ལྷག་པ་སླར་བཅོས་མའི་སྒོམ་རྒྱུ་མེད་པའི་དོན་དུ་སྣང་ལ། སྤྱི་སྡོམས་ལྟར་ན། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་སོགས་ཤོ་ལོ་ཀ་གཅིག་གིས་ལྟ་བའི་དོན་བཤད། རྩ་བ་ཁྱིམ་ན་གནས་པ་སོགས་ནས་ཚིག་རྐང་བརྒྱད་ཀྱི་སྒོམ་ཚུལ་བཤད། དེ་མཐོང་ནས་ནི་སོགས་ཚིག་དྲུག་གིས་སྤྱོད་པ་བཤད། འཁོར་བ་སྐྱོན་དུ་མི་ལྟ་ཞིང་སོགས་ཀྱི་འབྲས་བུའི་དོན་བཤད་པར་གདའ་ལགས་ཤིང་། དེ་ཐམས་ཅད་ཀྱི་རྩ་བའི་གནད་ནི། ཐ་མལ་ཤེས་པ་རང་ལུགས་དེ། མ་བཅོས་སོ་མ་ཉིད་དུ་ཞོག །ཅེས་གསུང་པ། འདི་ལས་ལྷག་པའི་སྒོམ་ནི་ཕྱག་རྫོགས་ཞི་བྱེད་གཅོད་ཡུལ་སྦྱོར་དྲུག་སོགས་གང་ནས་ཀྱང་མ་གསུངས་སོ། །


TR004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ལྷག་མཐོང་གི་མིང་འདི་ཅུང་གོ་དཀའ་བ་དང་། ཡིད་ལ་མི་བྱེད་པ་འདི་གོ་བདེ་བར་གདའ། གསུངས་པ་ནི། ཞི་ལྷག་གི་མིང་འདི་ནི་སྤྱིར་མདོ་སྔགས་གཉིས་ཀའི་ཆོས་སྐད་ཡིན་པ་དང་། ཁྱད་པར་སྔགས་ཀྱི་སྒོམ་ཕྱོགས་མཐའ་དག་ནས་གསུངས་མོད་ལ། བྱེད་ལས་ནི། ཞི་གནས་ཀྱིས་ནི་ཉོན་མོངས་མགོ་གནོན་ལ། ལྷག་མཐོང་གིས་ནི་ཉོན་མོངས་རྩ་བ་འབྱིན། ཅེས་པ་ལྟར་དང་། ལྷག་མཐོང་གི་དབྱེ་བ་གསུམ་བཤད་པ་སོགས་སྒོམ་གྱི་གཞུང་ཐམས་ཅད་ནས་རྒྱས་པར་འབྱུང་མོད་གྱི། ལྷག་མཐོང་རང་གི་ངོ་བོ་མཛུབ་ཚུགས་སུ་ངོས་འཛིན་ན། ད་ལྟའི་ཤེས་པ་བརྗེན་པ་འདི་ཀ་ཡིན་ཕྱིར། མཉམ་པར་གཞག་མི་གཞག །ཞི་བར་གནས་མི་གནས། རྟོགས་པར་འགྱུས་མ་འགྱུས་སོགས་ཚོར་མཁན་ནམ་རིག་མཁན་འདི་ཀ་ལ་ལྷག་མཐོང་ཟེར་བ་ལགས།། ༈ །།ཡིད་ལ་མི་བྱེད་པ་ཅེས་པའི་སྐད་དོད་ལ། ཨ་མ་ན་སི་ཀ་ར་ཞེས་བྱ་བ་སྟེ། མཻ་ཏྲི་པ་ནས་རྒྱ་གར་


TR004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་དང་། བལ་པོ་ཨ་སུ་སོགས་ལ་བརྒྱུད་པའི་ཆོས་སྐོར་རྣམས་ཡིན་ཞིང་། རྫོགས་ཆེན་སེམས་སྡེ་བ་རྣམས་དང་ཕྱོགས་མཚུངས་པར་ཅུང་ཟད་སྟོང་ཆ་ཆེ་བར་བཤད་པ་དང་། རྗེ་མི་ལས་རོང་སྟོན་ལྷ་དགའ་ལ་རྫོགས་ཆེན་གསན་པ་ཡང་སེམས་སྡེའི་རིགས་ཡིན་པས། གྲུབ་མཐའ་གཞན་རྣམས་ཀྱིས་ནི་ཆད་ལྟ་ཡིན་པ་ཙམ་དུ་འཛིན་ཅིང་། རྫོགས་ཆེན་གོང་མ་རྣམས་ལས་ཀྱང་འདི་ཕྱོགས་ལ་སྟོང་ཞེན་གྱི་གོལ་ས་ཅུང་ཟད་བཤད་ཅིང་། དེང་སང་ནི་རྫོགས་ཆེན་སེམས་ཕྱོགས་འདི་ནུབ་ནས་མི་སྣང་ལ། གང་ལྟར། ཕྱག་ཆེན་གྱི་ཡིད་ལ་མི་བྱེད་པ་འདི་དང་། ཉེ་ཚེ་བའི་སྟོང་པ་གཉིས་ནོར་དོགས་འདུག་གསུངས་པ་ཐུགས་བདེན་ཏེ། ཅི་ཡང་ཡིད་ལ་མི་བྱེད་དོ་སྙམ་ན་ནི། དེ་ཀ་ཡིད་བྱེད་ཆེ་ཤོས་སུ་འགྱུར་ལ། ཡིད་ལ་བྱེད་མི་བྱེད་གཉིས་ཀ་མ་དྲན་ན་ནི་ཉེ་ཚེ་བའི་སྟོང་པའམ་དྲན་མེད་ཀྱི་གཏི་མུག་ཏུ་འགྱུར་བ་སྟེ། དེ་གཉིས་གང་ཡང་ཕྱག་ཆེན་དུ་མི་འགྲོ་བས།། ༈ །།འོ་ན་གང་ཡིན་


TR004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ན། བློས་བྱས་ཀྱི་ཡིད་བྱེད་རྣམ་རྟོག་རང་ག་མའམ། མཚན་བཅས་ཀྱི་དམིགས་པའི་རིགས་སོགས་མདོར་ན་ཡིད་ཀྱིས་བཅོས་མ་བྱེད་དགོས་པའི་རིགས་ཐམས་ཅད་དོར་ཏེ། ཐ་མལ་གྱི་ཤེས་པའི་བབས་གང་ཤར་དེ་ཀའི་ངང་ལ་འཇོག་པ་ཉིད་ལགས་སོ།། ༈ །།ཡང་། ཧྭ་ཤང་གི་སྒོམ་གཉིད་ཐུག་པོ་ལྟ་བུ་དང་། ནང་དོན་སོགས་ཀྱི་གཉིད་སྟུག་ཆོས་སྐུར་གསུངས་པ་དེ་གཉིས་ཀྱི་ཁྱད་པར་གང་ཡིན་གསུངས་པ་ལ། དེ་ནི་སྔོན་བསྟན་པ་སྔ་དར་གྱིས་མཇུག་ཏུ། མཁན་སློབ་ཆོས་གསུམ་སོགས་མ་བཞུགས་པའི་སྐབས་དེར། ཧྭ་ཤང་མ་ཧཱ་ཡཱ་ནས་སྒོམ་དཀར་པོ་གཅིག་ཐུབ་ཡིན་ཟེར་བའི། དྲན་མེད་ཉི་ཚེ་བའི་སྟོང་པ་བསྒོམ་ལུགས་བསླབ་སྟེ། རྒྱུ་འབྲས་བླང་དོར་བཀག་པས། དེའི་རྗེས་འབྲངས་མང་པོར་གྱུར་ནས་བསྟན་པ་དངོས་ལ་གནོད་ཅིང་སྟོན་མིན་རྩེན་མིན་དུ་གྱེས་ནས་བསྟན་པའི་སེལ་དུ་གྱུར་སྐབས་དེར། སློབ་དཔོན་ཀ་མ་ཤཱི་ལ་གདན་དྲངས་ནས་ཧཱ་ཤང་བཏུལ་ཞིང་སྒོམ་


TR004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་རྣམ་གསུམ་གྱིས་བསྟན་བཅོས་མཛད་པ་སོགས་ཀྱི་ལོ་རྒྱུས་ནས་བྱུང་བ་ལྟར། ཧྭ་ཤང་གི་སྒོམ་དེ་ནི་དྲན་མེད་ཧད་པོ་ལ་སྒོམ་དངོས་གཞིར་འདོད་པ་ནི་ཕྱག་རྫོགས་ཀྱི་གསལ་རིགས་སྟོང་གསུམ་ཟུང་འཇུག་ལམ་དུ་འཁྱེར་བ་འདི་དང་རྒྱབ་འགལ་དུ་གྱུར་ལ།། ༈ །།གཉིད་ཐུག་ཆོས་སྐུར་བཤད་པའི་སྐབས་ཀྱི་ཆོས་སྐད་ནི། གསང་སྔགས་སུ་གཞི་སེམས་ཅན། ལམ་རྣལ་འབྱོར། འབྲས་བུ་སངས་རྒྱས་དང་བཅས་པ་ནམ་གྱི་ཚེ་ཡང་སྐུ་བཞིའི་ངོ་བོ་ལས་མ་འདས་པར་གསུངས་པའི་ནང་ཚན་གྱི། གཉིད་ཐུག་ཆོས་སྐུ། རྨི་ལམ་ལོངས་སྐུ། སད་པ་སྤྲུལ་སྐུ། སྙོམས་འཇུག་བདེ་བ་ཆེན་པོའི་སྐུ་སྟེ། གནས་སྐབས་བཞི་དང་སྐུ་བཞི་སྦྱར་བ་ཡིན་ཚེ། རྒྱུའམ་གཞི་ལ་དེ་ལྟར་ཡོད་པ་མངོན་དུ་བྱེད་པ་ལ་ཉམས་ལེན་གྱི་གནད་རྣམས་དགོས་ཕྱིར། གཉིད་ཆོས་སྐུར་བྱེད་ཐབས་འོད་གསལ། རྨི་ལམ་ལོངས་སྐུར་བྱེད་པ་སྒྱུ་ལུས། སད་པ་སྤྲུལ་སྐུར་བྱེད་པ་བསྐྱེད་རྫོགས། སྙོམས་


TR004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བདེ་ཆེན་དུ་བྱེད་པ་གཏུམ་མོ་རྣམས་གསུངས་པ་ལགས་མོད། ཡང་བྱམས་སྨོན་ནས་གསུངས་པའི་ཏིང་འཛིན་རྣམ་པ་གསུམ་གྱི་དྲི་བ་གནང་བའི་ཆ་ལ། སྤྱིར་སངས་རྒྱས་བྱང་སེམས་སོགས་ཏིང་འཛིན་མངོན་གྱུར་རྣམས་ལ་ནི་ཏིང་འཛིན་གཅིག་གི་ངང་ནས་ཏིང་འཛིན་བརྒྱ་སྟོང་མང་པོའི་སྒོ་འབྱེད་པའི་ཕྱིར། རྒྱལ་བའི་ཡུམ་ལས་གསུངས་པ་ལྟར་ཏིང་འཛིན་གྱི་རྣམ་གྲངས་མཐའ་ཡས་མོད་ལ། སྐབས་འདིར་འཕྲོས་དོན་ལ། ཆོས་རྒྱལ་ཁྲི་སྲོང་གི་དུས་སུ། སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སེར་བྱོན་ཚེ། བོད་ལ་གདན་འདྲེན་དུ་བཏང་བས། ཁོ་བོ་བོད་ལ་ཕན་ཐོགས་མི་ཐོགས་ཡི་དམ་ལྷ་ལ་འདྲི་དགོས་གསུངས་ནས། མཚོ་མ་ཕམ་ལ་གསང་འདུས་ཀྱི་དཀྱིལ་འཁོར་སྤྲུལ་ནས། ལྷ་ཐམས་ཅད་ནུབ་ཏུ་ཞལ་གཟིགས་པ་བྱུང་བ་ན། ཁོ་བོ་བོད་དུ་འགྲོ་བའི་རྟེན་འབྲེལ་མི་འདུག་གསུངས་ནས་རྒྱལ་པོ་ལ་ཆོས་ཀྱི་སྐྱེས་བརྫངས་ཏེ་རྒྱ་གར་དུ་བྱོན་པའི་ལོ་རྒྱུས་འདི་ལ། ཕྱིས་སུ་རྗེ་འཇིག་རྟེན་མགོན་པོའི་གསུངས་ནས། ཁོ་བོ་


TR004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་དེ་དུས་ལྷ་དེ་རྣམས་ཀྱི་ཞལ་བོད་དུ་བསྒྱུར་བ་ལ་དཀའ་ཚེགས་མི་འོང་སྟེ། ཏིང་འཛིན་ཐུན་གཅིག་གིས་ཆོག་གསུངས་པ་ཡང་ཐུགས་བདེན་མོད། ཏིང་འཛིན་གཅིག་ལ་རང་དབང་ཐོབ་ན་ཏིང་འཛིན་ཐམས་ཅད་ཐོགས་པ་མི་འབྱུང་ལ། འོན་ཀྱང་སངས་རྒྱས་གསང་བ་ཡང་དཀྱིལ་འཁོར་སྤྲུལ་ཐུབ་པ་ལ་ཞལ་ཁ་བསྒྱུར་མ་ཐུབ་པར་ལུས་དོགས་མེད་ཀྱང་། གདུལ་བྱའི་བསྐལ་བ་རྟེན་འབྲེལ་དུ་བསྟན་པར་གོར་མ་ཆགས་མོད།། ༈ །།དེས་ན་སྐབས་དོན་གྱི་ཏིང་འཛིན་གསུམ་པོ་འདིའི་རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི་མདོ་ལུགས་སུ་ས་ཆུ་རྒྱུན་མཐའི་ཡེ་ཤེས་དེ་ཡིན་པར་གསུངས་ནའང་། ཡེ་ཤེས་དེ་ཉིད་གང་ལ་ཟེར་ན། ཐར་རྒྱན་དུ་རྗེ་མི་ལྷའི་གསུང་ལུང་དུ་དྲངས་ཏེ། ཡེ་ཤེས་བྱ་བ་ཡང་ད་ལྟར་གྱི་ཤེས་པ་བཟོ་བཅོས་མ་ཕོག་པ་འདི་ལ། ཡོད་མེད་རྟག་ཆད་སོགས་ཀྱི་ཚིག་དང་བློ་ལས་འདས་པ་འདི་རང་ཡིན་ནོ། །ཞེས་གསུངས་པ། ཏིང་འཛིན་ཐམས་ཅད་ཀྱི་རྩ་བ་ནི་འདི་གཅིག་པུར་འདུས་གདའ་བ་དང་། སྒྱུ་མ་ལྟ་བུའི་ཏིང་འཛིན་ནི་འཁོར་


TR004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ཆོས་ཐམས་ཅད་གང་ལྟར་སྣང་ཡང་བདེན་འཛིན་དང་བྲལ་བ་དང་། དཔའ་བར་འགྲོ་བ་ནི་དེ་ལྟ་བུའི་ངང་ནས་སྙིང་རྗེས་སེམས་ཅན་གྱི་དོན་ལ་སྐྱོ་བའམ་ངལ་དུབ་ཀྱི་དབང་དུ་མི་འགྱུར་བའམ་གཞན་གྱིས་གནོད་པ་དང་ལོག་སྒྲུབ་སོགས་ཀྱིས་མི་བརྫི་བ་སྟེ། དེ་ལྟར་འཆད་ཚུལ་འདི་ནི་ཐུན་མོངས་བའི་ལུགས་ཡིན་ལ།། ༈ །།ཐུན་མོང་མ་ཡིན་པ་སྔགས་ཀྱི་ལུགས་ལྟར་ན། པདྨ་སྙིང་གུར་བརྩེགས་པའི་རྒྱུད་ལས། དཔའ་བར་འགྲོ་བ་སྣོད་བཅུད་ལྷར་བལྟ་ཞིང་། །སྒྱུ་མ་ལྟ་བུས་སྒྲ་རྣམས་ཆོས་ཀྱི་དབྱངས། །རྡོ་རྗེ་ལྟ་བུ་རང་རིག་དོན་དམ་ངང་། །ཏིང་འཛིན་གསུམ་ལས་རྒྱུན་དུ་གཡོ་མི་བྱ། ཞེས་ཁྱེར་སོ་གསུམ་ལ་སྦྱོར་བ་དང་།། ༈ །།ཡང་རྙིང་ལུགས་ཀྱིས་ལས་གཞུང་རྣམས་སུ་ནི། །གསུམ་པོ་འདི་ལ་མིང་གི་རྣམ་གྲངས་སུ། དེ་བཞིན་ཉིད་ཀྱི་ཏིང་འཛིན། ཀུན་ཏུ་སྣང་བའི་ཏིང་འཛིན་རྒྱུའི་ཏིང་འཛིན་དང་གསུམ་དུ་མཛད་དེ། གུ་རུའི་ལས་བྱང་རྣམས་སུ། དང་པོར་ཆོས་རྣམས་དམིགས་མེད་ཅིང་། །སྨྲ་བརྗོད་བྲལ་བའི་རྫོགས་པ་ཆེ། །བློ་འདས་ཆོས་


TR004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མི་འགྱུར་ན། །དེ་བཞིན་ཉིད་ཀྱི་ཏིང་འཛིན་སྒོམ། །ཅེས་པ་ནི་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡིན་ལ། །བློ་བྲལ་དེ་ཡི་ངང་ལས་ནི། །སེམས་ཅན་ཀུན་ལ་ཁྱབ་པ་ཡི། །བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ། ཞེས། །ཀུན་སྣང་སྒྱུ་མ་ལྟ་བུ་དང་། །སྟོང་ཉིད་སྙིང་རྗེའི་ངང་ཅན་གྱི། །འགྲོ་དོན་དཔག་མེད་བྱེད་པའི་ཕྱིར། །རང་རིག་ཧྲཱིཿལས་རྡོ་རྗེར་སྒོམ། ཞེས། དཔའ་བར་འགྲོ་བ་རྒྱུའི་ཏིང་འཛིན་གྱི་སྒོ་ནས་སྣོད་བཅུད་ལྷའི་དཀྱིལ་འཁོར་སྐྱེད་ཚུལ་རྣམས་འབྱུང་སྟེ། འདི་ལྟར་རྙིང་མའི་ལས་གཞུང་མཐའ་དག་ཏུ་ཚིག་དང་ལྷའི་རྣམ་པ་ཐ་དད་ཀྱང་དོན་གྱི་གསལ་འདེབས་ཏིང་འཛིན་གསུམ་འདི་ཐམས་ཅད་ལ་གཅིག་པར་ཡོད་དོ།། ༈ །།ཡང་ཁྱད་པར་ཕྱག་རྒྱ་ཆེན་པོའི་སྐབས་སུ་ནི། ཏིང་འཛིན་འདི་རྣམས་སྦྱོར་ལམ་དང་རྣལ་འབྱོར་བཞི་ལ་སྦྱར་བའི་ཚུལ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེང་གེའི་རྣམ་པར་བསྒྱིངས་པའི་ཏིང་འཛིན་གྱིས། མི་གཡོ་རྩེ་གཅིག་དངས་པའི་ཤེས་པ་གསལ། །རང་རིག་ཡེ་ཤེས་ཁོང་ནས་སད་པ་


TR004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤོང་། །གཉིས་པ་ལྟ་བུའི་ཏིང་འཛིན་གྱིས། །སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལས། །བསམ་གྱིས་མི་ཁྱབ་ཏིང་འཛིན་སྩལ་དུ་ཤར། །དྲོད་ཐོབ་ནས་ནི་སྐྱེ་ལ་དབང་བ་ཡིན། །གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་ཤར། །དུས་གསུམ་རྒྱལ་བའི་སྲས་པོ་གཞན་དོན་མཛད། །རྩེ་མོ་ཐོབ་ནས་འཕེལ་བ་རྒྱུན་མི་འཆད། །བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསྒོམ་དུ་མེད་པའི་ཉམས་ལེན་བརྩོན་པ་ལས། །མཁྱེན་པའི་ཡེ་ཤེས་སངས་རྒྱས་ཞིང་ཁམས་མཐོང་། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་ངང་། །ཞེས་གསུངས་པ་སྟེ། ཏིང་འཛིན་འདི་གསུམ་ལ། ཏིང་འཛིན་གྱི་སྒོ་ཐམས་ཅད་འདུ་ཞིང་། དེ་གསུམ་ཡང་རྡོ་རྗེ་ལྟ་བུ་ལ་འདུས་པ་དང་། དེ་ནི་མངོན་དུ་གྱུར་མ་གྱུར་གྱི་ཁྱད་ཙམ་ལས། ས་བཅུའི་རྒྱུན་མཐའི་དེ་དང་། སངས་རྒྱས་ཀྱི་མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་དེ་དང་། ད་ལྟའི་ཐ་མལ་ཤེས་པ་བཟོ་མེད་དུ་འཇོག་པ་


TR004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་གསུམ་པོ་ངོ་བོ་ཁྱད་མེད་ཚུལ་ནི། གོང་དུ་མི་ལའི་གསུང་དེས་གོ་མོད་ལ།། ༈ །།ཉིད་ཀྱིས་འདི་ཤེས་རབ་ཀྱི་སྨོན་ལམ་དུ་དགོས་མདོག་ཁ་ཡང་། བསམ་གཏན་དུ་བྱུང་གསུངས་པ་ནི། ཤེས་རབ་ཀྱི་དོན་དེ་རྟོགས་པའི་ཐབས་ནི་བསམ་གཏན་ཡིན་པ་ལ་དགོངས་པར་གོའོ། ཡང་། ཟུང་འཇུག་ཡན་ལག་བདུན་ལྡན་ཞེས་པའི་འདྲེན་ཚུལ་གང་ཡིན་གསུངས་པ། འདི་ནི་གསར་མ་རང་ལ་གྲགས་ཆེ་བས་དགོངས་པར་ལོས་བཞུགས་མོད་ཀྱིས། འདི་ལ་འབྲས་བུའི་ཡན་ལག་བདུན་དང་། རྒྱུའི་ཡན་ལག་བདུན་ཏེ་གཉིས་ཡོད་པ་ལས།། ༈ །།འབྲས་བུའི་བདུན་ནི། འོག་མིན་གྱི་གནས་སུ་དག་པའི་འཁོར་འབའ་ཤིག་ལ་ཟབ་གསལ་གྱི་ཆོས་འཁོར་ལ་རྟག་ཏུ་ལོངས་སྤྱོད་པས་ན། ལོངས་སྤྱོད་ཀྱི་ཡན་ལག ༡ །མཚན་རྫོགས་ལོངས་སྐུ་རང་འོད་ཀྱི་ཡུམ་དང་འདུ་འབྲལ་མེད་པ། ཁ་སྦྱོར་གྱི་ཡན་ལག ༢ ཟག་མེད་ཡེ་ཤེས་ཀྱི་བདེ་བ་རྒྱུན་ཆད་མེད་པས། བདེ་ཆེན་གྱི་ཡན་ལག ༣ དམིགས་


TR004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཐུགས་རྗེ་མཁའ་ལྟར་ཁྱབ་པས། སྙིང་རྗེས་གང་བའི་ཡན་ལག ༤ ཕྲིན་ལས་འཁོར་བའི་མཐའ་སྙམ་དུ་འབྱུང་བ། རྒྱུན་མི་འཆད་པའི་ཡན་ལག ༥ ཞི་བའི་མཐའ་ལ་མི་གནས་པ། འགོག་པ་མེད་པའི་ཡན་ལག ༦ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་བཞིན་སྤྲོས་པའི་མཐའ་ལས་འདས་པ་ནི་རང་བཞིན་མེད་པའི་ཡན་ལག ༧ དེ་ལྟར་སྐུ་གསུམ་དབྱེར་མེད་ཀྱི་ཆེ་བའི་ཡོན་ཏན་བདུན་དུ་འདྲེན་ལ།། ༈ །།གཉིས་པ་འབྲས་བུ་དེ་ལྟ་བུ་འགྲུབ་བྱེད་རྒྱུའི་ཡན་ལག་བདུན་ནི། ཟུང་འཇུག་གི་ལམ་ཉམས་བླང་བྱའི་དོན་གྱི་ཡེ་ཤེས་དེ་ཉིད་ལ་ཡོད་མེད་རྟག་ཆད་གཉིས་འཛིན་གྱི་མཚན་མའི་མཐའ་དང་བྲལ་བས་རང་བཞིན་མེད་པའི་ཡན་ལག་དང་། ༡ །ཕྱི་ནང་བདག་གཞན་ཐབས་ཤེས་དབྱིངས་དང་ཡེ་ཤེས་སོགས་གཉིས་ཆོས་ཐམས་ཅད་ཟུང་འཇུག་ཏུ་གདོད་ནས་ལྷུན་གྱིས་གྲུབ་པར་ཤེས་པ་ནི་ཁ་སྦྱོར་གྱི་ཡན་ལག ༢ བདེ་སྡུག་ཚ་གྲང་སོགས་སུ་བཏགས་པའི་ཚོར་བ་ཐམས་ཅད་ལྷན་སྐྱེས་བདེ་ཆེན་གྱི་ངོ་བོར་རྟོགས་པ་ནི་བདེ་བ་ཆེན་པོའི་ཡན་ལག ༣


TR004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་ལྔ་སོགས་ཡུལ་དང་དངོས་པོར་སྣང་བ་བཟང་ངན་ཐམས་ཅད་རོ་མཉམ་བདུད་རྩི་ཆེན་པོར་ལོངས་སྤྱོད་པ་ནི་ལོངས་སྤྱོད་ཀྱི་ཡན་ལག ༤ དེ་ལྟར་མ་རྟོགས་པའི་འགྲོ་ལ་རིས་མེད་ཕན་པ་བསྒྲུབ་པར་གོ་ཆ་བགོ་བ་ནི་སྙིང་རྗེས་གང་བའི་ཡན་ལག ༥ དེ་ལྟ་བུའི་བརྩོན་པ་རྒྱུན་མི་འཆད་པར་རིམ་གཉིས་ཀྱི་ཉམས་ལེན་ཟབ་མོ་གཞན་དོན་དུ་འབད་པ་ནི་རྒྱུན་ཆད་མེད་པའི་ཡན་ལག ༦ དེ་ལྟ་བུ་ལ་ཁེངས་རློམས་དང་བདག་ལྟ་སོགས་ཀྱི་དྲི་མས་མ་གོས་པར་འཁོར་གསུམ་ཡོངས་དག་ཆེན་པོར་སྤྱོད་པ་ནི་འགོག་པ་མེད་པའི་ཡན་ལག་སྟེ། ༧ དེ་ལྟར་བདུན་ལྡན་ལ་བརྟེན་པས། འབྲས་བུའི་ཡན་ལག་བདུན་པོ་གེགས་མེད་དུ་འགྲུབ་པར་གསུངས་སོ། །དེ་ནས་ཡང་རྡོ་རྗེ་ཐེག་པ་ཉམས་སུ་ལེན་པའི་རྟེན་གཞི་སོ་སོར་ཐར་པའི་སྡོམས་པ་ངེས་པར་དགོས་མི་དགོས་ཀྱི་དྲི་བ་དང་། ཞར་ལ། ཇོ་བོའི་ལམ་སྒྲོན་གྱི་ལུང་། སོ་སོ་ཐར་པ་རིགས་བདུན་གྱི། ཞེས་སོགས་ཀྱི་དགོངས་


TR004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་བྱང་སྡོམས་ཀྱི་རྟེན་དུ་སོ་ཐར་དགོས་མི་དགོས་སོགས་གསུངས་པའི་ཆར།། ༈ །།སྤྱིར་ནི། རྒྱལ་བའི་བསྟན་པའི་གཞི་མ་འདུལ་བ་ཡིན་པ་དང་། དེའི་བསླབ་པ་ཐམས་ཅད་ཀྱི་རྩ་བ་ནི། ཉེས་སྤྱོད་སྡོམས་པ། དགེ་བ་ཆོས་སྡུད་པ། སེམས་ཅན་དོན་བྱེད་དང་གསུམ་དུ་འདུ་ལ། དེ་གསུམ་ནི་བྱང་སྡོམས་དང་སྔགས་སྡོམས་གཉིས་ཀའི་དོན་གྱི་རྩ་བ་ཡིན་ཕྱིར་དང་། སོ་ཐར་ནི་གཞན་ལ་གནོད་པ་སྤོང་བ། བྱང་སྡོམས་ནི་ཕན་པ་བསྒྲུབ་པ། སྔགས་སུ་ནི་དག་སྣང་ལམ་འཁྱེར་ཡིན་ཕྱིར་གནོད་པ་མ་སྤངས་པར་གཞན་གཉིས་ནམ་ཡང་མི་འགྲུབ་པ་དང་། གཞན་ཡང་། སྔགས་ལམ་ཉམས་སུ་ལེན་པའི་རྟེན་ནི་རབ་དགེ་སློང་། འབྲིང་དགེ་ཚུལ། ཐ་མ་ཁྱིམ་པ་དགེ་བསྙེན་དུ་གསུངས་པ་དང་། ཡང་ས་ཐོབ་མ་གཏོགས་ཁྱིམ་པ་ཡིས། །བླ་མའི་མིང་དུ་མི་བྱའོ། །ཞེས་པས། ཡེ་ཤེས་ཀྱི་རྒན་པ་ཡིན་ན་མ་གཏོགས་སྔགས་ཀྱི་སྡོམས་ལྡན་ཁྱིམ་པའི་ཆ་བྱད་ནི་རབ་


TR004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གི་གྲལ་གོང་དང་ཕྱག་དང་བསྙེན་བཀུར་སོགས་སྤང་དགོས་ཚུལ་དང་། མ་སྤངས་ན་རྒྱལ་བའི་བསྟན་པ་དང་། དཀོན་མཆོག་གསུམ་ལ་བརྙས་པར་འགྱུར་ཚུལ་སོགས་དུ་མ་འབྱུང་ཕྱིར། དེས་ན་སྔགས་ཀྱི་སྡོམས་པའི་རྟེན་དུ་འོག་མ་རྣམས་ཚང་བར་ཡོད་ན་གསུམ་ལྡན་རྡོ་རྗེ་འཛིན་པ་ཞེས་མཆོག་ཏུ་གྱུར་བར་གསུངས་མོད་ལ། བྱང་སྡོམས་ཀྱི་རྟེན་དུ་ཡང་སོ་ཐར་ཡོད་ན་མཆོག་ཏུ་ལེགས་ཤིང་། དབུ་སེམས་གཉིས་བཞེད་པ་དང་མཐུན་པར་འགྱུར་མོད་ཀྱི། འོན་ཀྱང་གོང་གི་ལམ་སྒྲོན་གྱི་ལུང་དེ་ནི་བྱམས་མགོན་ཐོགས་མེད་སྐུ་མཆེད་ལས་བརྒྱུད་པའི་སེམས་ཙམ་གྱི་བཞེད་པ་ཡིན་ལ། འཇམ་དབྱངས་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་པ་དབུ་མའི་ལུགས་ལ་ནི། སྐྱབས་སྡོམས་ལ་རྟེན་པས་ཀྱང་རུང་བ་དང་། ལྷ་ལ་སོགས་པ་ཡང་བྱང་སྡོམས་ཀྱི་གང་ཟག་སྣོད་རུང་དུ་གསུངས་པ་ལྟར་ལགས་མོད།། ༈ །།དམིགས་གསལ་གྱི་སྐབས་དོན་ལ། སྔགས་ཀྱི་རྟེན་དུ་


TR004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་གྱི་རབ་བྱུང་ཁོ་ན་ངེས་པར་དགོས་པ་ནི་མ་ལགས་ཏེ། རྒྱ་གར་དུ་ཨིཎྜ་བོ་དྷི་དང་རྒྱལ་པོ་ཛ་དང་རབ་གསལ་ཟླ་བ་སོགས་མཐའ་ཡས་པ་དང་། དུས་འཁོར་ཆོས་རྒྱལ་རིགས་ལྡན་ཐམས་ཅད་དང་། བོད་ཡུལ་དུ་མེས་དབོན་རྣམ་གསུམ་སོགས་དང་། གཞན་ཡང་མར་མི་ཡབ་སྲས་རྣམས་དང་། ས་སྐྱའི་དཀར་པོ་རྣམས་གསུམ་སོགས་དང་། །རྙིང་མའི་གྲུབ་ཐོབ་ཕལ་ཆེར་དང་། གཡུ་ཐོག་མགོན་པོ་སོགས་མདོར་ན་ཁྱིམ་པའི་ཚུལ་གྱི་སྔགས་ཀྱི་གྲུབ་ཐོབ་ནི་བསམ་གྱིས་མི་ཁྱབ་པའི། ཨོ་རྒྱན་གྱི་ལུང་བསྟན་དག་ལས་ཀྱང་། གྲངས་ཀྱི་བསྟན་པ་སྡེ་བན་རྒྱས་ན་ཡང་། །གྲུབ་ཐོབ་རྟོགས་ལྡན་སྔགས་པ་སྒོམ་ཆེན་མང་། །ཞེས་དང་། དགེ་འདུན་གྱི་སྡེ་ཚོགས་གྲངས་མང་པོར་འབྱུང་ཡང་། གྲུབ་པ་བརྙེས་པ་ནི། སྔགས་འཆང་དང་སྒོམ་ཆེན་རྣམས་ལས་མང་བར་གསུངས་ཤིང་།། ༈ །།ཅི་འདོན་སོ་ཐར་སྔགས་ཀྱི་གཞི་རྟེན་ཡིན་ན། རབ་བྱུང་མ་ཡིན་པ་དེ་དག་ཅིའི་ཕྱིར་སྔགས་འགྲུབ་ཅེ་ན། དེ་དག་


TR004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་དུ་འདུལ་བ་ཁོ་ནའི་རྟགས་དང་ཆོ་ག་མ་བླངས་པ་ཙམ་མ་གཏོགས། དོན་གྱི་སྡོམས་པ་གསུམ་ལྡན་ཡང་དག་པ་ཡིན་ཏེ། དབང་གི་སྐབས་སུ། ཚུལ་ཁྲིམས་ཀྱིས་ནི་བསླབ་པ་དང་། །ཅེས་སོགས་མཐའ་དག་ཐོབ་པའི་ཕྱིར་ཏེ། སྒྱུ་འཕྲུལ་དྲ་བ་ལས། བླ་མེད་མཆོག་གི་སྡོམས་པ་རུ། །འདུལ་བའི་དབང་གི་སྡོམས་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་སོགས། མ་ལུས་ཀུན་འདུས་རྣམ་པར་དག ཅེས་གསུངས་པ་ལྟར་ཡིན་ལ།། ༈ །།འོ་ན་ཇོ་བོ་རྗེ་དང་། འཇིག་རྟེན་གསུམ་མགོན་དང་། གཙང་པ་རྒྱ་རས་སོགས་སྐྱེས་ཆེན་མང་པོ་སྔགས་ཀྱི་གྲུབ་པ་བརྙེས་ནས་ཀྱང་སླར་བསྙེན་པར་རྫོགས་ཚུལ་བསྟན་པ་ཅི་ཡིན་སྙམ་ན། དེ་དག་ནི་རང་དོན་མངོན་དུ་གྱུར་ཀྱང་གདུལ་བྱ་ཐུན་མོངས་མང་པོ་ཐེག་པ་རིམ་འཇུག་གི་ལམ་ལ་ཁྲིད་ནས་བསྟན་པའི་བྱ་བ་རྒྱ་ཆེར་བསྒྲུབ་པའི་སླད་དུ་བླ་མ་དང་ལྷ་ཡི་ལུང་བསྟན་པ་ལ་བརྟེན་ནས་དེ་ལྟར་མཛད་པ་ཡིན་གྱིས། གསང་སྔགས་ཀྱི་


TR004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྒོ་མ་ཆོད་པར་སོ་ཐར་ལ་འཇུག་པ་ནི་མ་ཡིན་ནོ། །ཡང་སོ་ཐར་གྱི་སྡོམས་བསྲུང་མ་ནུས་པས་གསང་སྔགས་པ་ཡིན་པར་རློམས་པའི་རྩིང་སྤྱོད་པ་རྣམས་ནི་མདོ་སྔགས་གཉིས་ཀར་མི་རུང་སྟེ། སྔགས་གསར་མའི་དམ་ཚིག་གི་སྐབས་ཀྱི་བརྟུལ་ཞུགས་ཉེར་ལྔའི་ཐོག་མ་ནི་རྩ་བཞི་ཆང་དང་ལྔ་ཡིན་ཕྱིར་དང་། རྙིང་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་ཉེར་བདུན་གྱི་ནང་ཚན་ཀྱང་དེ་དག་ཡིན་ཕྱིར། བྱེ་བྲག་གཞན་རྣམས་ཕར་ཞོག །རྩ་བ་བཞི་པོ་མ་བསྲུང་བ་དེ་ནི་འདུལ་བ་ཙམ་དུ་མ་ཟད་སྔགས་ཀྱི་དམ་ཉམས་སུ་འགྱུར་བ། ཉིད་དེ་འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་པས་སྔགས་འགྲུབ་པར། །རྒྱལ་བ་རྣམས་ཀྱིས་མ་གསུངས་ཏེ། །མྱ་ངན་འདས་འགྲོར་འགྱུར་བ་ཡི། །ཡུལ་དང་ཕྱོགས་མཚམས་མ་ཡིན་ནོ། །ཅེས་གསུངས་ཤིང་། ཡང་། དེ་ལྟར་དབང་གསུམ་པ་སོགས་སྦྱོར་སྒྲོལ་གྱི་ལམ་རྣམས་ཅི་ཡིན་ཞེ་ན། གསང་སྔགས་པ་སྤྱི་ལ་ནི་དེ་རྣམས་སྒྲ་ཇི་བཞིན་མ་ཡིན་པའི་ཚིག་ཏུ་གསུངས་


TR004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། དགོངས་པ་ལུང་སྟོན་གྱི་རྒྱུད་ལས། མ་བྱིན་ལེན་ནི་བྱང་ཆུབ་སེམས། །ཀུན་རྫོབ་སྟོན་ལ་རྫུན་དུ་བརྗོད། །ཕུང་པོ་སྲོག་ཆགས་གསོད་པའི་ཚིག །ཚང་པའི་གནས་བཞི་བུད་མེད་ཅེས། །དགོངས་པ་ཡིས་ནི་བཤད་པ་ལ། །བྱིས་པ་རྣམས་ཀྱིས་ཡི་གེར་འཁྲུལ། །རྡོ་རྗེ་ཐེག་པར་གནས་འདོད་ཀྱང་། །ཆོས་ཉིད་དེ་ཡིས་མི་ཤེས་སོ། །ཞེས་གསུངས་པ་ལྟར། དེ་ཡང་གང་ཟག་ཁྱད་པར་བ་ཡུལ་དང་ཡུལ་ཅན་ཐ་དད་དུ་འཛིན་པའི་བློ་དང་ཞེན་པ་ཟད་དེ་རྟོགས་པ་མངོན་དུ་གྱུར་པ་དག་ལ་ནི་སྒྲ་ཇི་བཞིན་པར་སྤྱད་དུ་རུང་བ་སྟེ། ཡེ་ཤེས་རྒྱས་པའི་རྒྱུད་ལས། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གིས་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེའི་འདུས་བྱས་ཀྱང་། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་དེ་བཞིན་སྤྱད། །ཅེས་གསུངས་ཤིང་། འདི་ལྟ་བུ་ཡང་མདོ་སྔགས་གཉིས་ཀ་དགོངས་པ་མཐུན་ཏེ། ཏིང་འཛིན་རྒྱལ་པོའི་མདོར། ངོ་བོ་ཉིད་


TR004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་རང་བཞིན་འོད་གསལ་བ། །བདག་མེད་ཆོས་རྣམས་དེ་ཡིས་རྣམ་རིག་ན། །དེ་ལ་ནམ་ཡང་སྡོམ་པ་མེད་མི་འགྱུར། །ཞེས་དང་། །འདུལ་བ་ཉིད་ནས་ཀྱང་ཇི་སྐད་དུ། རབ་ཏུ་བྱུང་བ་དེ་ལྟ་བུ་ལ་ནི་ཀརྵ་པཱ་ཎི་སྟོང་རི་བའི་གོས་དང་། མི་ལྔ་བརྒྱ་ཤོང་བའི་ཙནྡ་གྱི་ཁང་བརྩེགས་དང་། རོ་བརྒྱ་དང་ལྡན་པའི་ཟས་རྣམས་ཀྱང་རྗེས་སུ་གནང་ངོ་། །ཞེས་དང་། གཞན་ཡང་། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །སོགས་ནས། དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །ཞེས་སོགས་ཀྱིས་གོ་མོད་ཀྱང་། དེ་ལྟ་བུའི་ནུས་ལྡན་ནི་དིང་སང་དཀོན་པར་ཟད་དོ། །དེའི་ཕྱིར་ན། རང་རང་གི་རྒྱུད་ཚོད་དམ། ནུས་པ་དང་མཐུན་པའི་སྤྱོད་པ་གལ་ཆེ་བ་དང་། དེ་ལྟར་ཤེས་ན་གོང་གི་དམ་སྡོམས་ཀུན་ཀྱང་རང་རྒྱུད་ལ་ཡོངས་རྫོགས་སུ་འབྱུང་བ་ལགས།། ༈ །།ཡང་སོ་ཐར་གྱི་སྡོམས་པ་འདི་ཟ་མ་དང་མ་ནིང་ལྷ་དང་གསུམ་ལ་མི་སྐྱེ་བའི་རྒྱུ་གང་ཡིན་པ་དང་། བརྒྱ་བྱིན་ནི་ས་གསུམ་པའི་བྱང་སེམས་སུ་གསུངས་ན། སྡོམས་པ་མི་སྐྱེ་བའི་ལྷ་


TR004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གང་ཡིན་པ་སོགས་དྲི་བ་གནང་བ་ལ།། ༈ །།དེ་ཡང་སྡོམས་པའི་རྩ་བའི་གནད་དོན་ནི། མདོ་སྔགས་དགོངས་པ་གཅིག་པ་ཡིན་ཕྱིར། འདུལ་བ་ནས་སྤང་བྱར་བཤད་པའི་ཉེས་སྤྱོད་རྣམས་གསང་སྔགས་ནས་ཐབས་ཀྱིས་མ་ཟིན་པར་རང་གར་སྤྱད་ཆོག་པ་ནི་ནམ་དུ་ཡང་མ་གསུངས་ཕྱིར། མི་ཚངས་སྤྱོད་སྡོམས་ཀྱི་དབང་དུ་བགྱི་ན། འདུལ་བ་ནི་ཆགས་ཡུལ་དང་ཆགས་སྤྱོད་སྤོང་བ་ཡིན་ལ། གསང་སྔགས་སུ་སྤྱོད་ཀྱང་ཆགས་པའི་དྲི་མས་མ་གོས་པར་བྱ་བ་ཡིན་ཚེ། དེ་གཉིས་ཀ་ཐ་མལ་རང་གའི་ཆགས་པའི་སྐྱོན་གྱིས་མ་གོས་པར་མཚུངས་པ་སྟེ། དེས་ན་འདུལ་བའི་སྐབས་སུ་ཆགས་སྤྱོད་ཀྱི་ནུས་པ་ཡོད་བཞིན་མི་སྤྱོད་པ་དེ་ལ་ཚངས་པར་སྤྱོད་པ་ཞེས་བྱ་ལ། སྤྱོད་པའི་ནུས་པ་མེད་ན་སྤོང་བ་དང་བསྲུང་བའི་ཕན་ཡོན་འོངས་དོན་མེད་པ་ལ་དགོངས་ནས། མ་ནིང་སོགས་ལ་སྣོད་མིན་དུ་གསུངས་ཤིང་། མ་ནིང་ལ་དབྱེ་ན་རིགས་བཅུ་བཞིར་བགྲང་མོད་ཀྱང་


TR004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ན་ཕོ་མོའི་དབང་པོ་དོན་བྱེད་ནུས་པ་དང་མི་ལྡན་པ་ལ་འཇུག་ཅིང་། ཟ་མ་ནི་སྤྱིར་མ་ནིང་བཅུ་བཞིའི་ནང་མཚན་དུ་འདུ་ཡང་།། ༈ །།དམིགས་བསལ་དུ། ཕོའི་འབྲས་བུ་བཅད་པ་ལ་འཇུག་པ་སྟེ། རྒྱ་གར་རྒྱ་ནག་སོགས་སུ་བཙུན་མོ་བསྲུང་མཁན་དང་། གཡོག་རྣམས་ལ་འབྲས་བུ་ཕྱུངས་ནས་དེ་ལ་ཉུག་རུམ་པ་ཞེས་འབོད་པ་ལྟ་བུ་ཟ་མ་ཞེས་བྱ་བ་དང་། དེའི་ཞར་ལ། དགེ་ཚུལ་ལ་ལོ་བདུན་དང་། བསྙེན་རྫོགས་སུ་ཉི་ཤུ་ལོན་དགོས་པ་དང་། བར་ཆད་དྲི་བའི་ཚེ་ཡང་། ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། ཞེས་པ་ཡང་། ཆགས་སྤྱོད་ཀྱི་ནུས་པ་རྫོགས་མ་རྫོགས་ལ་དགོངས་པར་གསུངས་སོ།། ༈ །།ལྷ་དང་སྒྲ་མི་སྙན་དང་། མི་མ་ཡིན་རྣམས་ལ་སྡོམས་པ་མི་སྐྱེ་བ་ནི། སོ་ཐར་ནི་ངེས་འབྱུང་ལ་བརྟེན་དགོས་ནི། ལྷ་དང་སྒྲ་མི་སྙན་སོགས་གནས་སྐབས་སུ་རང་གི་བསོད་ནམས་ཀྱི་ལོངས་སྤྱོད་དང་ཚེ་སོགས་


TR004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་རྒྱ་ཆེ་བས་ངེས་འབྱུང་གི་བློ་མི་སྐྱེ་བ་དང་། ཉོན་མོངས་རག་པ་མངོན་གྱུར་ཀྱང་ཆེར་མེད་པས་སྡོམས་པར་བྱ་བའི་རྒྱུ་མ་ཚང་བ་ཡིན་ལ། ཚངས་པ་དང་བརྒྱ་བྱིན་སོགས་ཐུབ་པའི་ཞབས་པད་ལ་བསྟེན་ཞིང་བྱང་ཆུབ་སེམས་དཔའ་ཡིན་ནའང་སོ་ཐར་གྱི་དགེ་སློང་མ་ཡིན་ནོ། དེ་ནས་ཡང་། གནས་བརྟན་བཅུ་དྲུག་གི་ལོ་རྒྱུས་སྐོར་གྱི་ཞིབ་ཆའི་དྲི་བ་གནང་བའི་ཆར། བདག་གིས་གནས་བཅུའི་ཆོ་ག་དང་རྗེས་གནང་གི་རིགས་སོགས་རྙིང་ལུགས་དང་། བཀའ་གདམས་ལུགས་སོགས་འགའ་ཞིག་ཐོབ་ནའང་། ལོ་རྒྱུས་ཀྱི་རིགས་ནི་དགེ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ལས་བྱུང་བ་ལྟར། ཉིད་ཀྱི་གསུངས་པ་དེ་ལས་ཞིབ་པ་ཅིག་མ་མཐོང་ཞིང་། དེ་ཀའི་ལུགས་ནས་གནས་བརྟན་རྣམས་ཀྱི་མཚན་དང་བཞུགས་གནས་དང་དགྲ་བཅོམ་གྱི་གྲངས་སོགས་དེང་སང་གི་ཡོངས་གྲགས་དང་ཅུང་ཟད་མི་འདྲ་བ་བྱུང་ལ། སློབ་དཔོན་རིན་པོ་ཆེའི་གསུངས་ལས་བྱུང་བའི་གཏེར་ཆོས་ཀྱི་གཞུང་རྣམས་དང་


TR004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དིང་སང་ཆོས་རྒྱུད་ཐམས་ཅད་ཀྱི་ཚོགས་འདོན་དུ་བྱེད་པ། པཎ་ཆེན་ཤཱཀྱ་ཤྲིས་མཛད་པའི་གནས་བརྟན་ཕྱག་འཚལ་ནི་མཐུན་པར་སྣང་ངོ་།། ༈ །།དེས་ན་སྐབས་དོན་འབུལ་རྒྱུར། གནས་བརྟན་བཅུ་དྲུག་རྒྱ་དཀར་ནག་ལུགས་གཉིས་སུ་བཤད་པ་དེ་ནི་ངོ་བོ་མི་གཅིག་པ་གཉིས་ནི་མ་ལགས་མོད་ཀྱང་། དིང་སང་སྐུ་འདྲ་ལ་ན་བཟའི་ཁྱད་ཀྱིས་ཕྱེ་བ་སྟེ། རབ་བྱུང་ཆ་བྱད་གཙང་མར་ཡོད་པ་དེ་རྒྱ་གར་ལུགས་དང་། ཟབ་བེར་རམ་ཕོད་ཀ་སོགས་ལྷབ་ལྷུབ་སྣ་ཚོགས་ཡོད་པ་དེ་ལ་རྒྱ་ནག་ལུགས་སུ་གྲགས་པར་སྣང་ལ། དེ་ནི་རྒྱ་ནག་གི་རྒྱལ་པོ་ཐ་ཧི་ཛུས་དང་པོར་བིར་ཝ་པ་སོགས་གྲུབ་ཐོབ་མང་པོ་སྤྱན་དྲངས་ནས་མཆོད་པ་བྱས། དེ་ནས་གནས་བརྟན་བཅུ་དྲུག་སྤྱན་དྲངས་ནས་མཆོད་ཅིང་། ན་བཟའི་ཁྱད་པར་མང་པོ་ཕུལ་བའི་སྐབས་ཀྱི་དིང་ཕོན་སོགས་ཡོད་པར་དཔྱད་དོན་མཁན་རྣམས་འཆད་ལ།། ༈ །།ཉིད་ཀྱི་བཀའ་ཕེབས་ལྟར། ཧྭ་ཤང་ཞེས་པ་ནི་སྤྱིར་རྒྱ་ནག་གི་རབ་བྱུང་བསམ་གཏན་པ་ཐམས་ཅད་ལ་ཧྭ་ཤང་དུ་འབོད་པར་


TR004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ། གནས་བརྟན་རྣམས་ཀྱི་སྦྱིན་བདག་འདི་ལ་དབང་ཧྭ་ཤང་ཟེར་བ། དང་པོར་ཁྱིམ་པ་ཡིན་ཞིང་འབྱོར་པ་ཤིན་ཏུ་ཆེ་ཡང་། བུ་མེད་པའི་སྡུག་བསྔལ་ལ་བརྟེན་ནས་གནས་བརྟན་རྣམས་ཁྱིམ་དུ་གདན་དྲངས་ཏེ་རྒྱ་ཆེར་མཆོད་ཅིང་གསོལ་བ་བཏབ་པས་བུ་བཅུ་དྲུག་བྱུང་། ཕྱིས་ཁོ་རང་རབ་ཏུ་བྱུང་བས་ཧྭ་ཤང་ཞེས་གྲགས་པ་ཡིན་པར་ཐོས་ལ།། ༈ །།དྷརྨ་ཏཱ་ནི་འཕགས་པ་སྤྱན་རས་གཟིགས་ཉིད་ཤཱཀྱའི་བསྟན་པ་སྐྱོང་ཕྱིར་དགེ་བསྙེན་དུ་སྤྲུལ་ཏེ་གནས་བརྟན་རྣམས་ཀྱི་ཞབས་འབྲིང་བའི་ཚུལ་གྱིས་འགྲོ་དོན་མཛད་པ་སྟེ། དེ་ཉིད་བོད་ཡུལ་དུ་ཡང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་སུ་སྤྲུལ་ཏེ་བསྟན་པའི་བྱ་བ་མཛད་པར་ཨོ་རྒྱན་གྱི་ལུང་བསྟན་མང་པོར་གདའོ། །དེས་ན་གནས་བཅུ་རྒྱ་ནག་ལུགས་ཞེས་ཟེར་བའི་རྒྱུ་མཚན་ནི་དེ་ཙམ་དུ་ཟད་ལ། སྤྱིར་གནས་བརྟན་ཞེས་པ་ནི་དགེ་འདུན་རྣམས་ཀྱི་གཙོ་བོ་སྟེ་


TR004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དིང་སང་གི་ཆོས་སྡེའི་སློབ་དཔོན་ལྟ་བུ་ཡིན་པར་སྣང་ཞིང་། བཅུ་དྲུག་པོ་འདི་དག་ནི་ཤཱཀྱའི་དབང་པོ་འདི་ཁོ་ནའི་སྤྲུལ་པའི་ཉན་ཐོས་ཀྱིས་ཚུལ་གྱིས། ཇི་སྲིད་ཤཱཀྱའི་བསྟན་པའི་མཐའ་མ་རྫོགས་ཀྱི་རིང་ལ་མྱ་ངན་ལས་འདའ་བ་མེད་པར་བཞུགས་ནས། སྐུ་གསུང་ཐུགས་རྟེན་དང་གཙུག་ལག་ཁང་དང་གཎྜི་སོགས་ཀྱི་རབ་གནས་ཚུལ་ལྡན་གང་དུ་བྱེད་པའི་ས་དང་། གཞན་ཡང་དགེ་འདུན་གྱི་འདུ་ཚོགས་སམ། དད་ལྡན་གང་གིས་སར་མཆོད་པ་བཤམས་ཤིང་གུས་པས་སྤྱན་དྲངས་ན། རྫུ་འཕྲུལ་གྱིས་འབྱོན་པར་འགྱུར་བ་ནི་གོང་གི་ཧྭ་ཤང་གི་དཔེས་གོ་བ་ལྟར་དང་། སྔོན་མ་གྷ་དྷ་བཟང་མོས་གྲོང་ཁྱེར་བུ་རམ་ཤིང་འཕེལ་ནས་དད་པའི་ཤུགས་དང་སྤོས་ཀྱི་མཆོད་པས་སྟོན་པ་འཁོར་བཅས་སྤྱན་དྲངས་པའི་སྤོས་དུད་ཀྱིས་རྒྱལ་བྱེད་ཚལ་གྱི་ནམ་མཁའ་ལ་སྤོས་ཀྱི་སྤྲིན་ཆགས་ཤིང་། དཔག་ཚད་ལྔ་བཅུའི་ས་དེར་སྐད་ཅིག་ལ་བྱོན་ནས་ཡུལ་ཁམས་དེ་དག་


TR004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པར་མཛད་པ་ལྟ་བུ་ལགས་ཤིང་། སྟོན་པ་འདི་ཁོ་ན་མ་གཏོགས་སངས་རྒྱས་གཞན་ལ་ནི་གནས་བརྟན་བཅུ་དྲུག་གི་ཐ་སྙད་ནི་མེད་པ་དང་།། ༈ །།ཡང་ཉིད་ཀྱིས། འདི་དག་ལ་གནས་བརྟན་གྱིས་མཚན་ཡོང་ལུགས་ཀྱིས། གྲུབ་མཐའང་གནས་བརྟན་སྡེ་པ་ཡིན་ནམ། གསུངས་པ་དེ་ནི་མ་ལགས་ཏེ། གནས་བརྟན་གྱི་མཚན་ཙམ་ནི་མང་སྟེ། གནས་བརྟན་འོད་སྲུངས། གནས་བརྟན་རབ་འབྱོར། ཞེས་སོགས་ཐམས་ཅད་ལ་འབོད་ཅིང་། གྲུབ་མཐའ་སྡེ་པ་བཞི་དང་། དེ་ལས་གྱེས་པ་བཅོ་བརྒྱད་སོགས་ནི་བཀའ་བསྡུ་གཉིས་པ་ཕྱིན་ཆད་ལ་བྱུང་བ་མ་གཏོགས། སྟོན་པ་བཞུགས་དུས་སུ་ཐ་དད་མེད་མོད་ཀྱི། ལར། གྲུབ་མཐའ་གྱེས་ཚུལ་ལའང་། ལ་ལའི་བཞེད་ཀྱིས། ཐོག་མར་ཕལ་ཆེན་དང་གནས་བརྟན་པ་གཉིས་སུ་བྱུང་། དེ་ལས་ཀྱང་གསུམ་དང་བཞི་སོགས་གྱེས་པར་བཤད་ལ། བཀའ་བརྒྱུད་འདི་ཡི་ལུགས་ལ་ནི་དང་པོ་ནས་བཞིར་གྱེས་པར་བཞེད་དེ། ཕྱི་


TR004_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་རྣམས་ཀྱི། འཇིག་རྟེན་གྱི་མི་རིགས་བཞི་པོ་ཚངས་པའི་གདོང་པ་བཞི་ལས་སོ་སོར་བྱུང་བར་འདོད་པ་དང་སྒོ་བཏུན་ནས། དུས་ཀྱི་འཁོར་ལོའི་ཞལ་བཞི་ལས་སྡེ་པ་བཞི་བྱུང་བར་གསུངས་པ་དང་། ནང་གི་རྩ་འཁོར་བཞི་ཡི་སྤྱི་གཙུག་ནི་ཁམས་བྱང་ཆུབ་ཀྱི་སེམས་ཕལ་ཆེར་འདུ་ཕྱིར། ཕལ་ཆེན་པའི་སྡེ་དང་། མགྲིན་པ་ནི་ཟས་སྐོམ་གྱིས་བཀུར་ནས་ཡིན་ཕྱིར། མང་བཀུར་སྡེ་དང་། སྙིང་ག་ནི་དྲན་བསམ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཕྱིར་ཐམས་ཅད་ཡོད་སྨྲ་དང་། ལྟེ་བ་ནི་ཆགས་པའི་སྔ་ཤོས་ཡིན་ཚེ། རྒན་པོའམ་གནས་བརྟན་པའི་སྡེར་མིང་གིས་གསུངས་པ་སོགས་ནི་གསང་སྔགས་ཀྱི་སྒྲ་ཇི་བཞིན་མ་ཡིན་པའི་བརྡའི་བྱེ་བྲག་འདི་ལྟ་བུ་ནི་བསམ་གྱིས་མི་ཁྱབ་མོད། སྡེ་པ་བཞིའི་མཁན་པོའམ་བྱུང་ཁུངས་ཀྱང་། བཀའ་བརྒྱུད་ཀྱི་བཞེད་པར། སྒྲ་གཅན་འཛིན་ལས་མང་བཀུར་དང་། འོད་སྲུངས་ལས་གནས་བརྟན་དང་། ཀ་ཏྱཱ་ཡ་ན་ལས་ཕལ་ཆེན་པ་དང་། ཉེ་བར་འཁོར་ལས་ཡོད་སྨྲ་རྣམས་བྱུང་ཚུལ་གྱི་


TR004_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འདི་ནི། དབྱིག་བཤེས་ཀྱིས་མཛད་པའི་རིག་པ་ཀློག་པའི་འཁོར་ལོའམ། སྡེ་པ་ཐ་དད་བཀླག་པའི་འཁོར་ལོ་ཞེས་པའི་གཞུང་དེའི་དགོངས་པར་བཞེད་ལ། ཀུན་མཁྱེན་ཀློང་ཆེན་པ་སོགས་ཀྱིས་བཞེད་ཚུལ། སློབ་དཔོན་པདྨས་མཛད་པའི་དགེ་སློང་དང་དགེ་ཚུལ་གྱི་ལོ་དྲི་བ་ཞེས་པ་དེའི་ལུགས་ཡིན་པར་གསུངས་ཤིང་། ལུགས་འདི་ལ་ནི། སྒྲ་གཅན་འཛིན་ཡོད་སྨྲ། འོད་སྲུངས་ཕལ་ཆེན་པ། ཀ་ཏྱཱ་གནས་བརྟན་པ། ཉེ་བར་འཁོར་མང་བཀུར་དུ་བཤད་དེ། རང་ཉིད་ཀྱི་གོ་ཚུལ་ནི། ཕྱོགས་ཞེན་མ་ཡིན་ཏེ། བོད་འདིར་འདུལ་བའི་སྡོམ་རྒྱུན་སྔ་ཕྱི་ཐམས་ཅད་ཡོད་སྨྲའི་ལུགས་འབའ་ཤིག་ལ། འདིའི་མཁན་རྒྱུད་ནི་སྒྲ་གཅན་འཛིན་ནས་བརྒྱུད་ལུགས་ལ་དཔག་ན། སྡེ་པ་བཞིའི་ངོས་འཛིན་ལུགས་ཀྱང་སློབ་དཔོན་པདྨའི་བཞེད་པ་འདི་བདེན་ནམ་བསམ་པ་བླུན་ཚོད་ལགས། གཞན་ཡང་ཇོ་བོ་རྗེ་ནི་ཕལ་ཆེན་པ་ཡིན་པས། ཇོ་བོ་བོད་དུ་ཕེབས་སྐབས་སུ་དང་པོར་ནི།


TR004_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་བོད་ཡུལ་འདིར་ཡོད་སྨྲའི་སྡེ་གཅིག་པུ་ལས་མི་འདུག་པས། ཕལ་ཆེན་པའི་མཁན་པོ་ང་རང་གི་བྱ། གཞན་གཉིས་པོའི་མཁན་པོ་རྒྱ་གར་ནས་གདན་དྲངས་ཏེ། བོད་འདིར་སྡེ་པ་བཞི་ཀ་ཚང་བར་འཛུག་དགོས་གསུངས་པ་ལ། ཕྱིས་བོད་ཀྱི་བཙུན་པ་རྣམས་ཆང་འཐུང་བ་གཟིགས་པས་ཤིན་ཏུ་ཐུགས་ཁྲེལ་ནས། དེ་ཕྱིན་ཆད་སུ་ལ་ཡང་སྡོམས་པ་མ་གནང་བས། བོད་འདིར་ཐམས་ཅད་ཡོད་སྨྲ་ལས་གཞན་པའི་སྡེ་མ་བྱུང་བ་དང་། གཞན་ཡང་ལོ་རྒྱུས་འགའ་ཞིག་ཏུ། ཕལ་ཆེན་བའི་སྡེ་པ་རྣམས་ཆོས་གོས་རྣམས་གསུམ་དཀར་པོར་བྱེད་ཕྱིར། ཇོ་བོ་ཡང་དང་པོ་ན་བཟའ་དཀར་པོར་ཡོད་ཀྱང་། བོད་ལ་གོས་དཀར་ཅན་ལ་རབ་བྱུང་དུ་མི་རྩི་བ་གསན་པས། མང་ཡུལ་དུ་ཕེབས་ནས་ན་བཟའ་ངུར་སྨྲིག་ཏུ་བསྒྱུར་བ་ཡིན་པར་གྲགས་ཀྱང་། དེ་ནི་མི་བདེན་པར་མངོན་ཏེ། ཇོ་བོའི་རྣམ་ཐར་ཉིད་དུ། གསེར་གླིང་དུ་ཕེབས་དུས་དཔོན་སློབ་བརྒྱ་དང་ཉི་ཤུ་


TR004_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལྔའི་རྣམ་སྦྱར་ངུར་སྨྲིག་གི་འོད་ཀྱི་བར་སྣང་ཐམས་ཅད་ཐུན་མཚམས་ཀྱི་འོད་ལྟར་གྱུར་ཚུལ་སོགས་ཀྱིས་གོ་མོད་ཅིང་། སྡེ་པ་བཞི་རྣམས་རྣམ་སྦྱར་གྱི་རྟགས་ཐ་དད་དུ་བཤད་པ་མ་གཏོགས་ཁ་དོག་ཐ་དད་དུ་མ་བཤད་པའི་ཕྱིར་རོ།། ༈ །།ཡང་གོང་གི་འཕྲོར། ཉིད་ཀྱིས་ཚེ་ལོ་བཅུ་པ་ནས་ཤཱཀྱའི་བསྟན་པ་རྫོགས་པ་ཡིན་པར་བཤད་པ་དང་། སླར་ཡང་འཕེལ་གྱི་བདུན་བརྒྱ་པ་ལ་གནས་བརྟན་བཅུ་དྲུག་རྣམས་བསྟན་པའི་བྱ་བ་མཛད་ཚུལ་བཤད་པ་གཉིས་འགལ་བས་ཐེ་ཚོམ་བྱུང་གསུངས་པ་ལ།། ༈ །།ཤཱཀྱའི་བསྟན་པ་དངོས་ཀྱི་གནས་ཚད་ནི་ཚེ་ལོ་བཅུ་པར་རྫོགས་ཚུལ་ཡིག་ཆ་ཀུན་མཚུངས་མོད་ཀྱི། འོན་ཀྱང་། ལོ་གྲངས་མ་མཐུན་པ་དུ་མ་ནི་མདོ་སྡེ་རྣམས་ནས་གསུངས་པ་དང་། རྗེས་འབྲང་གི་བསྟན་བཅོས་རྣམས་ནས་ཀྱང་སྣ་ཚོགས་འབྱུང་བ་སྟེ། འདུལ་བ་ལུང་ཕྲན་ཚེགས་ནས། ཤཱཀྱའི་བསྟན་པ་མི་ལོ་བདུན་སྟོང་གནས་རྒྱུ་ལ། སྐྱེ་དགུའི་བདག་


TR004_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རབ་ཏུ་ཕྱུངས་པའི་རྐྱེན་གྱི་ཉིས་སྟོང་མར་བྲི་སྟེ། ལྔ་སྟོང་གནས་པར་གསུངས་པ་དང་། མདོ་བསྐལ་བཟང་ལས། བསྟན་པ་དངོས་ལོ་ལྔ་བརྒྱ། གཟུགས་བརྙན་ཙམ་ལྔ་བརྒྱ་སྟེ་ལོ་སྟོང་གནས་པར་གསུངས་པ་དང་། སྙིང་རྗེ་པདྨ་དཀར་པོ་ལས་ཕྱེད་དང་ཉིས་སྟོང་དང་། ཟླ་བ་སྙིང་པོའི་མདོར་ཉིས་སྟོང་དང་། བློ་གྲོས་མི་ཟད་པའི་མདོའི་འགྲེལ་པར་ཡང་སྟོང་དང་། རྡོར་གཅོད་འགྲེལ་པར་ཕྱེད་དང་གསུམ་སྟོང་དང་། འབུམ་ཊིག་གནོད་འཇོམས་ལས་ལྔ་སྟོང་དུ་གསུངས་པ་ལས། དིང་སང་ནི་ཕྱི་མ་འདི་ཁོ་ནའི་ལུགས་ལ་ཆ་འཇོག་པ་མང་བ་དང་། ལུགས་འདི་ལ་ལོ་ལྔ་བརྒྱ་ཕྲག་བཅུར་ཕྱེད་པའི་དང་པོ་གསུམ་ལ། དགྲ་བཅོམ་པ། ཕྱིར་མི་འོང་། རྒྱུན་དུ་ཞུགས་པ་སྟེ། འབྲས་བུའི་དུས་གསུམ་དུ་བརྗོད་ལ། དེ་ནས་བར་པ་གསུམ་ལ། ལྷག་མཐོང་དང་། ཏིང་འཛིན་དང་། ཚུལ་ཁྲིམས་ཏེ། སྒྲུབ་པའི་དུས་གསུམ་དང་། དེ་ནས་ཕྱི་མ་གསུམ་ལ། མངོན་པ་དང་། མདོ་སྡེ་དང་། འདུལ་བ་


TR004_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ལུང་གི་དུས་གསུམ་དང་། མཐར་རྟག་ཙམ་འཛིན་གྱི་དུས་གཅིག་དང་བཅས་པ་རྣམས་ཡོད་པ་ལས། དིང་སང་ནི་གཞན་རྣམས་རྫོགས་ནས། མདོ་སྡེའི་དུས་ཀྱི་ལྷག་མ་ལོ་ཉིས་བརྒྱ་ཙམ་དང་། འདུལ་བའི་ལྔ་བརྒྱ་དང་། རྟགས་ཙམ་འཛིན་གྱི་ལྔ་བརྒྱ་རྣམས་ཡོད་པར་གསུངས་མཁན་མང་བར་གདའ་ནའང་། དེ་ལ་ཡང་སྟོན་པའི་འཁྲུངས་ལོ་ནས་བཟུང་སྟེ། འདྲེན་མི་འདྲེན་གྱི་ཚུལ་དང་འཁྲུངས་ལོའི་འདོད་ཚུལ་སོགས་མི་མཐུན་པ་མང་བས་མཐའ་གཅིག་ཏུ་འཛིན་དཀའ་ཞིང་། དུས་འཁོར་གྱི་བསྟན་རྩིས་མཁན་པོ་རྣམས་ཀྱང་བཞེད་པ་མི་གཅིག་པར་སྣང་བས། བདག་ནི་དཀར་རྩིས་སོགས་དང་པོར་བསླབ་པའི་ཁུལ་གྱིས་མགོ་གཙུགས་ནས། སླར་སྒོམ་ཕྱོགས་ལ་འབད་ལོ་དང་འདི་རྣམས་རྒྱབ་འགལ་དུ་གོ་བ་ནས། རྒྱང་དུ་བསྐྱུར་བས་མི་ཤེས་ལ། ཉིད་དཀར་རྩིས་སོགས་ལས་མཁྱེན་ཏེ། བསྟན་རྩིས་ཀྱི་རྣམ་གཞག་སོགས་དགོངས་པར་


TR004_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་མཆི། གཞན་ཡང་། བྱམས་པ་ལུང་བསྟན་གྱི་མདོར། ཤཱ་རིའི་བུས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་ལྔའི་བར་ལ་རྣམ་པ་ལྔ་པོ་འདི་དག་རིམ་གྱིས་ནུབ་པར་འགྱུར་རོ། །ལྔ་གང་ཞེ་ན། དང་པོ་ལ་འབྲས་བུ་ཐོབ་པ་རྣམས་ནུབ་པར་འགྱུར་བ་དང་། དེ་ནས་སྒྲུབ་པ་ལ་གནས་པ་རྣམས་ནུབ་པར་འགྱུར་བ་དང་། དེ་ནས་ལུང་གི་ཆོས་རྣམས་ནུབ་པར་འགྱུར་བ་དང་། དེ་ནས་ངུར་སྨྲིག་གི་རྟགས་རྣམས་ནུབ་པར་འགྱུར་བ་དང་། དེ་ནས་ཐུབ་པའི་རིང་བསྲེལ་རྣམས་ནུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་འདི་ཡང་གི་འབུམ་ཊཱི་གའང་མཐུན་མོད་ཀྱི། དེ་ཡང་བསྟན་པ་དངོས་ནི་ལོ་ལྔ་སྟོང་ནས་རྫོགས་པར་གསལ་ཞིང་། སླར་ཡར་འཕེལ་གྱི་དྲུག་བརྒྱ་ནས་བདུན་བརྒྱའི་བར་དུ་གནས་བརྟན་རྣམས་ཀྱིས་ཀྱང་གདུལ་བྱའི་ལྷག་མ་རྣམས་ལ་རང་རང་གི་སྐལ་བ་དང་འཚམས་པའི་འགྲོ་དོན་མཛད་པར་གོ་ལ། དེའི་མཐར་དེ་བཞིན་གཤེགས་པའི་བཀའ་དང་། རིང་བསྲེལ་སོགས་ལྷ་ཀླུ་མིའི་གནས་ཐམས་ཅད་


TR004_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གང་བཞུགས་ཀུན་བསྡུས་ཏེ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་རིན་ཆེན་གྱི་མཆོད་རྟེན་དུ་བཞུགས་སུ་གསོལ་ནས། ཕྱག་མཆོད་མཛད་དེ་གནས་བརྟན་རྣམས་ཀྱང་ལྷག་མེད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་ཞིང་། མཆོད་རྟེན་དེ་ཡང་རིམས་ཀྱིས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་ནུབ་ནས་མི་སྣང་བར་འགྱུར་ལ། ནམ་སེམས་ཅན་རྣམས་ནད་དང་མཚོན་དང་མུ་གེའི་བསྐལ་པ་སོགས་ཀྱི་མནར་བའི་ཚེ། སླར་ཡང་རིང་བསྲེལ་དེ་དག་ནོར་བུ་རིན་པོ་ཆེ་བཻཌཱུརྱ་ཏོག་གི་བློ་གྲོས་ཞེས་བྱ་བའི་རང་བཞིན་དུ་གྱུར་ནས། སྐྱེ་འགྲོ་གང་གིས་མཐོང་ཐོས་རེག་པ་ཙམ་གྱིས་སྡུག་བསྔལ་དེ་དག་ལས་སྐྱོབས་པ་དང་། རིན་པོ་ཆེ་དེ་རྣམས་ཀྱི་ནམ་མཁར་འཕགས་ཏེ་འོག་མིན་གྱི་གནས་ལ་ཐུག་གི་བར་གྱི་འགྲོ་བ་རྣམས་ལ་མེ་ཏོག་དང་རིན་ཆེན་གྱི་ཆར་འབེབས་ཆོས་ཀྱི་སྒྲ་སྒྲོགས་པ་སོགས་ཀྱི་གཞན་ཕན་མཐའ་ཡས་མཛད་ཚུལ་བྱམས་པ་ལུང་བསྟན་དང་སྙིང་རྗེ་པདྨ་དཀར་པོ་སོགས་མདོ་སྡེ་རྣམས་ལས་གསུངས་


TR004_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སངས་རྒྱས་ཀྱི་ཕྲིན་ལས་ལ་ནི་མཐའ་བཏུག་པ་མ་མཆིས་མོད་ཀྱི། གོང་གི་བསྟན་པའི་རྫོགས་ཚད་སོགས་འདི་དག་ནི་གདུལ་བྱ་ཐུན་མོང་པའི་སྣང་ངོར་སྡེ་སྣོད་གསུམ་གྱི་བསྟན་པ་ཁོ་ནའི་དབང་དུ་མཛད་མོད་ལ། ཐུན་མོངས་མ་ཡིན་པ་རྡོ་རྗེ་ཐེག་པའི་ངེས་དོན་གྱིས་དབང་ལྟར་ན་ནི། སངས་རྒྱས་མྱ་ངན་ཡོངས་མི་འདའ། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། ཞེས་པ་ལྟར། ཇི་སྲིད་སེམས་ཅན་གྱི་ཁམས་ནམ་མཁའི་མཐའ་མཉམ་དེ་སྲིད་སངས་རྒྱས་ཀྱི་ཕྲིན་ལས་མཚུངས་པར་འབྱུང་བ་ཉིད་དོ།། ༈ །།འདི་འཕྲོས་ཞོར་དུ། རབ་བྱུང་གི་ཡོ་བྱད་ཆོས་གོས་རྣམས་གསུམ་གདིང་ལྷུང་ཆབ་རིལ་སོགས་ཀྱི་དགོས་པ་དང་ཆག་ཚད་དབྱེ་བ། ཡང་། གོས་ལྷམ་སྦུབས་ཅན་གྱི་རིགས་སྤང་དགོས་པའི་རྒྱུ་མཚན་སོགས་འདུལ་བའི་སྐབས་ཀྱི་དྲི་བ་ཞིབ་རྒྱས་གནང་བའང་།། ༈ །།སྤྱིར་དེང་སང་གི་རྙིང་མ་བ་དང་། ཁྱད་པར་བདག་ཅག་མཐའ་ཁོབ་དྭགས་ཀོང་གི་རྙིང་ཧྲུལ་རྣམས་ལ་འདུལ་བའི་དྲི་ཙམ་མནམ་མ་མྱོང་བས་ཅི་


TR004_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལས་མེད་ཀྱང་། ཕྲན་ཚོགས་ཙམ་གྱི་གོ་ཚོད་སྙན་དུ་འབུལ་རྒྱུར།། ༈ །།དེ་ཡང་སོ་སོར་ཐར་པའི་སྡོམ་པ་ལ་གནས་མཁན་ཞིག་བྱེད་ཕྱིན་ཆད་སྦྱངས་ཡོན་བཅུ་གཉིས་ནི་མེད་ཐབས་མེད་པར་གསུངས་ཏེ། གང་ཞེ་ན། ཟས་ཉིན་གཅིག་འཚོ་བའི་བསོད་སྙོམས་དང་ ༡ །ཉིན་རེ་ལ་མང་པོ་མི་ཟའ་སྟན་ཅིག་པ་དང་ ༢ ཆོག་ཤེས་བཞིན་སླར་ཡང་འདོད་པ་མི་བྱེད་པས་ཕྱིས་མི་ལེན་པ་སྟེ་ ༣ དེ་ལྟར་ཟས་ཀྱི་སྦྱང་ཡོན་གསུམ། གོས་གསར་པ་འཆོར་པོ་སོགས་ཀྱི་ཞེན་འདོད་སྤོང་ཕྱིར་ཕྱག་དར་ཁྲོད་པ་དང་ ༤ སྤུ་ཅན་དང་འཇམ་པོ་དང་སྦུབས་ཅན་སོགས་སྤོང་བ་ཕྱིང་པ་བ་དང་༥ གོས་ཐེབ་ལྷག་མང་པོ་མི་འཛིན་ཕྱིར་ཆོས་གོས་གསུམ་པ་སྟེ་ ༦ །གོས་ཀྱི་སྦྱང་ཡོན་གསུམ་གནས་རྣམ་གཡེང་འདུ་ལོང་ཅན་སོགས་སྤོང་བ་དགོན་པ་བ་དང་ ༧ སྟེང་ནས་ཐོག་འབུབ་པ་དང་། མཐའ་བསྐོར་ནས་རྩིགས་པ་དང་། གྱང་དང་ལྕགས་རི་


TR004_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཤོམས་ཞིང་བཙན་སའི་ཞེན་པ་སྤོང་བས། བླ་གབ་མེད་པ་དང་ ༨ ཤིང་དྲུང་པ་དང་ ༩ གནས་སྐྱིད་པོ་ལ་ཞེན་ཆགས་བདག་བཟུང་སྤོང་ཕྱིར་དུར་ཁྲོད་པ་སྟེ་ ༡༠ དེ་ལྟར་གནས་ཀྱི་སྦྱང་ཡོན་བཞི། ཉལ་བ་ཁོ་ན་ལ་ཞེན་པ་སྤོང་བ་ཅོག་བུ་པ་དང་ ༡༡ །མལ་གདན་སོགས་འཇམ་པོ་དང་དྲོ་འཇམ་བདེ་བ་སོགས་ཀྱི་རྩོལ་ཞེན་སྤོང་བས། གཞི་ཇི་བཞིན་པ་སྟེ་ ༡༢ མལ་གདན་གྱི་སྦྱང་ཡོན་གཉིས་རྣམས་བསྡོམ་པའི་སྦྱང་ཡོན་བཅུ་གཉིས་ལ་རྟག་ཏུ་སྤྱོད་པར་འདུལ་བ་ནས་གསུངས་ནའང་། དེང་སང་གི་དགེ་སྦྱོར་རྣམས་ཀྱི་སྤྱོད་པ་དང་རྒྱབ་འགལ་དུ་གདའ་མོད།། ༈ །།གོས་སྦུབས་ཅན་ཞེས་ཕུ་དུང་དོར་མ། ལྷམ་ཡུ་བ་ཅན་སོགས་ནི་ཁྱིམ་པའི་རྟགས་ཡིན་ཕྱིར་དང་། དེ་དང་མཚུངས་པར། སྐྲ་མི་འབྲེག་པ་དང་། རྒྱན་གྱིས་བྱེ་བྲག་དང་། རྟ་ལ་སོགས་པའི་གཞོན་པའི་རིགས་རྣམས་དང་། གྲི་ཆུ་སོར་བཞིའམ་དྲུག་ལས་ལྷག་པའི་མཚོན་ཆའི་རིགས་དང་། གཞན་ཡང་ཕྱག་


TR004_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དར་དང་ཞིང་ལས་ཀྱི་ཡོ་བྱད་སོགས་ཁྱིམ་པའི་རྟག་སུ་གྱུར་པའི་ལག་ཆ་དང་ཡོ་བྱད་ཀྱི་རིགས་མཐའ་དག་འཆང་བར་མ་གནང་ངོ་། ༈ འཆང་དུ་རུང་བའི་ཡོ་བྱད་ཀྱི་གཙོ་བོ་ནི་སྡོམ་པའི་ལས་ཆོག་ལས་བྱུང་བའི། ཆོས་གོས་རྣམ་པ་གསུམ་ནི་རྣམ་སྦྱར། བླ་གོས། མཐང་གོས་དང་གསུམ། ལྷུང་བཟེད། གདིང་བ། ཆུ་ཚག་དང་བཅས་པ་ནི་གཙོ་བོ་ཡིན་པར་བཤད་ཅིང་། ལྷག་པའི་ཡོ་བྱད་བཅུ་གསུམ་དུ་བགྲང་བའི་ཚེ་ན། རྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། དེའི་གཟན། རྔུལ་གཟན། དེའི་གཟན། གདིང་བ། གདོང་ཕྱིས་རྣག་གཟན། གཡན་དགབ། སྐྲ་བཟེད། དབྱར་གྱིས་རས་ཆེན་ཏེ་བཅུ་གསུམ་དང་། ཁྱད་པར་བ་ནི་སྲ་རྐྱང་སོགས་དང་། མཁར་སིལ་དང་རིལ་བ་སོགས་ཞར་ལ་ཕྲན་ཚོགས་ཀྱི་ཡོ་བྱད་རྣམས་གསུང་མོད་ཀྱང་། གཞན་རྣམས་དེང་སང་དར་ཆ་ཆུང་ལ། གཙོ་བོར་དགེ་ཚུལ་ལ་སྣམ་སྦྱར་མི་འབྱུང་མོད་ཀྱི་གཞན་


TR004_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དང་མཚུངས་པ་སྟེ། ཆོས་གོས་རྣམ་གསུམ་གྱི་རྒྱུར་རུང་དང་མི་རུང་གི་བྱེ་བྲག་མང་ཡང་། བོད་དུ་ནི་སྤུ་ཅན་དང་རྔ་ཐེར་མིན་པའི་རྒྱུ་ལ་བྱ་བ་དང་། ཁ་དོག་ནི། རྒྱ་སྐེག་ལེབ་རྒན་རྩི་དང་བཙོད། །རྨ་ཤིང་རྩི་དང་མཐིང་ཤུན་མཚལ། །སིནྡྷུ་ར་དང་གུར་གུམ་སྟེ། །འདི་དག་ཚོད་ཆེན་བརྒྱད་དུ་གྲགས། ཅེས་པ་རྣམས་མི་རུང་ལ།། ༈ །།རུང་བའི་ཚོན་གསུམ་ནི། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་ཡིན། ཞེས་པས་སྔོ་སྐྱ་དང་། བཙག་ཁ་དང་། ཆུ་རྩའི་མདོག་རྣམས་བྱ་བར་གསུང་མོད་ཅིང་། ཆེ་ཆུང་གི་ཚད་ནི། རྣམ་སྦྱར་དང་བླ་གོས་གཉིས་ལ་ཡས་མན་དུ་ཁྲུ་གསུམ་ཕན་ཚུན་ལ་ཁྲུ་ལྔ་སྟེ། འདི་ནི་ཆེ་ཚད་ཡིན་ཞིང་། ཆུང་ཚད་ནི་ཡས་མན་ཕྱེད་དང་གསུམ་ཕན་ཚུན་ཕྱེད་ལྔ་སྟེ། དེ་ལྟར་ལུས་ཚད་ཆེ་ཆུང་དང་བསྟུན་ནས་འཚམས་པར་བྱ་ཞིང་། མཐང་གོས་ཀྱི་ཚད་ནི་ཡས་མན་དུ་ཁྲུ་དོའི་ཕྱེད་དང་དོ། །ཕན་ཚུན་ལ་ཁྲུ་ལྔའམ་བཞིར་གསུངས་པ་དང་། གདིང་བའི་དཀྱུས་


TR004_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་སོར་དྲུག་ཏུ་གསུངས་མོད་ཀྱི། དེང་སང་ནི་སྤྱིར་ཡང་ཆག་ཚད་དང་མི་མཐུན་པ་འབའ་ཤིག་དང་། ཁྱད་པར་མཐང་གོས་ཀྱི་དར་ཆ་ཆུང་བས་ཤམ་ཐབས་དཀྱུས་མ་འདི་ལའང་ཚད་མེད་ཆོར་མཛེས་ཁོ་ནར་བྱེད་པ་ཟད་དོ། །ལྷུང་བཟེད་སོགས་ཡོ་བྱད་གཞན་རྣམས་ཀྱི་ཚད་སོགས་ནི་བརྗོད་པའི་དགོས་པ་དེང་སང་མི་སྣང་ལ།། ༈ །།ཉིད་ཀྱི་དྲི་བའི་སྐབས་དོན་གྱི་སྙིང་པོར། སྡེ་པ་བཞི་ལ་བླ་གོས་མཐང་གོས་གདིང་བ་སོགས་མཐུན་ནའང་། སྣམ་སྦྱར་གྱི་རྣམ་ཕྲན་དང་རྟགས་ཀྱི་ཁྱད་པར་མི་འདྲ་བའི་ཚུལ་ཉིད་རང་ཇི་ལྟར་གསུངས་པ་དེ་བཞིན་ལགས་ཀྱི། དེ་ལ་སྣམ་ཕྲན་དང་གླེགས་བུ་དང་ཚལ་བུ་སོགས་ངོས་འཛིན་ཚུལ་དང་འདྲེན་ཚུལ་མི་མཐུན་པ་མང་ཡང་། འོ་བསྐོལ་གྱི་ལུགས་ལ་ནི་སྣམ་སྦྱར་ཆོས་གོས་གཉིས་རབ་བྱུང་ལ་དྲས་དྲུབ་ཁོ་ན་དང་། ཁྱད་པར་སྣམ་སྦྱར་ནི་ངེས་པར་དྲས་དྲུབ་བྱ་བར་འདུལ་བ་ནས་གསུངས་ཀྱང་། དེང་སང་ནི་


TR004_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཐབས་མ་འདི་ཁོ་ན་མང་བར་གདའ་བས། འདིའི་དབང་དུ་བགྱིས་ན། ཡས་མན་དུ་ཀ་བ་ལྟ་བུར་ཡོད་པ་འདི་ནི་སྣམ་ཕྲན་ཡིན་ལ་ཕན་ཚུན་དུ་གདང་བུ་ལྟ་བུ་ལ་གླེགས་བུ་ཞེས་བྱ་བ་ཡིན་པ་དང་། འདི་གཉིས་ཀྱི་ཚེམ་བུའི་ཆེ་ཆུང་གི་ཚད་ནི་སོར་བཞི། གསུམ་གཉིས་ཀྱི་བར་གང་འཚམས་བྱ་བར་བཤད། མཐའ་ལྗགས་ལ་ནི་ཚལ་བུ་ལས་སོར་གཉིས་ཀྱི་ཆེ་བར་བྱེད་དོ། །རྣམ་ཕྲན་གྱི་གྲངས་འདྲེན་པ་ནི། ཀ་བ་རེ་དང་དེའི་བར་གྱི་ས་སྟོང་རེ་བསྡོམས་པ་ལ་རྣམ་ཕྲན་རེ་རྩིས་ལ། རྒྱབ་གཞུང་གི་རྣམ་ཕྲན་དེ་ལ་ནི་ཀ་བ་གཉིས་གཡས་སོ་སོར་ཁ་བསྟན་ཞིང་། གཞན་རྣམས་དེ་དང་འགྲོས་མཐུན་པར་གཡས་གཡོན་ལ་ཆར་ཁེབས་བསམ་ཡུ་གནོན་གྱི་ཚུལ་དུ་འགྲོ་བའི་སྣམ་ཕྲན་ཇི་ཙམ་ཡོད་པའི་སྟེང་དུ་རྒྱབ་གཞུང་གི་རྣམ་ཕྲན་དེ་དང་བསྡོམས་པས། བདུན་ནམ་དགུ་ནས་ཉེར་ལྔའི་བར་གྱི་རྒྱས་བསྡུས་རྣམས་འབྱུང་ལ་རྣམ་ཕྲན་གྱི་གྲངས་ནི་ཕན་ཚུན་


TR004_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པ་བགྲང་བ་མ་གཏོགས། ཡས་མན་གྱི་གླེགས་བུ་ནི་མི་ཐེའོ། ཡས་མན་གྱིས་གླེགས་བུ་ནི་རྣམ་སྦྱར་བསྡུས་པ་དང་བླ་གོས་གཉིས་ཀ་མཐུན་པར། ཀ་བ་གཉིས་རེའི་བར་དུ་གླེགས་བུ་ཕྱེད་དང་གསུམ་ཡོད་དོ། རྣམ་སྦྱར་རྒྱས་པ་ལ་ལར་ཕྱེད་དང་བཞི་པ་དང་རྒྱས་པ་ལ་ཕྱེད་དང་ལྔ་ཡང་འབྱུང་ངོ་། དེས་ན་རྣམ་ཕྲན་གྱི་གྲངས་འདི་རྣམ་སྦྱར་ཉིད་ལ་རྒྱས་བསྡུས་རིམས་པ་མི་གཅིག་ཀྱང་། བླ་གོས་ལ་ནི་སྣམ་ཕྲན་བདུན་ཁོ་ན་ཡིན་པས། འདི་གོ་ན་རྣམ་སྦྱར་ལ་གོ་བར་འགྱུར་རོ། མཐང་གོས་ལ་རྣམ་ཕྲན་ལྔ་དང་། གླེགས་བུ་ཕྱེད་དང་གཉིས་གཉིས། །གདིང་བ་ནི་གླེགས་བུ་གཅིག་པ་ཟེར་ཡང་། །དོན་ལ་ཕྱེད་དང་གཉིས་པར་འགྱུར་བ་ཉིད་ལགས་སོ། །ཆོས་གོས་ཞེས་པ་ནི་གསུམ་གའི་སྤྱི་མིང་ཡིན་ལ།། ༈ །།འདི་རྣམས་ཀྱི་དགོས་ཆེད་ནི། ཁྱིམ་པ་དང་མུ་སྟེགས་སོགས་ལས་ཁྱད་པར་དུ་འབྱེད་པའི་དཀོན་ཅོག་གི་རྟགས་ཡིན་ཕྱིར། ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་མི་དང་མི་མ་ཡིན་པ་ཀུན་གྱི་ཕྱག་མཆོད་བཀུར་བསྟིའི་གནས་


TR004_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྱུར་བ་དང་། རང་ཉིད་ཀྱང་དགེ་སྦྱོར་གྱི་འདུ་ཤེས་དང་མི་འབྲལ་བའི་དགོས་པ་ཡོད་པར་གསུངས་སོ།། ༈ །།ཆབ་རིལ་ནི། འགུ་རྡེའམ་རིལ་བ་སྤྱི་བླུག་ཞེས་དབྱིབས་ལས་མིང་དུ་བཏགས་པ་འདི་ནི་རྒྱ་གར་བྲམ་ཟེ་དྲང་སྲོང་སོགས་ཀུན་གྱི་ཐོགས་ལ། གྷ་ཊུ་ཞེས་གྲགས་པའི་ཁ་ཆོད་ཅན་བུམ་པ་འདྲ་མིན་ལྟ་བུ་འདི་ལ་བྱ་མ་བུམ་ཞེས་བྱ་སྟེ། ཆུ་ལེན་པ་སོགས་གནས་སྐབས་ཀྱི་ཉེར་མཁོ་ཙམ་ཡིན་ཚེ། རབ་འབྱུང་གི་ཆབ་རིལ་དངོས་ནི་རྒྱན་དྲུག་མ་འདི་ཡིན་ཟེར་བ་དང་། རྒྱན་དྲུག་ནི་ཕར་ཕྱིན་དྲུག་མཚོན་བྱེད་ཡིན་ཟེར་བ་སོགས་ངག་རྒྱུན་ལ་སྣང་ནའང་ཡིག་ཆ་ལ་མ་མཐོང་ཞིང་། རྒྱན་དྲུག་པོ་གང་ཡིན་པ་ཡང་བཤད་ཚུལ་ངེས་དག་མི་འདུག་པ་དང་། དེ་བཞིན་དུ་ལྷུང་བཟེད་ཤུབ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་མཚོན་བྱེད་བཤད་མཁན་སོགས་གདའ་བའི་ཁུངས་ནི་མ་མཐོང་ཚེ། རིག་བཟོས་སྦྱར་ན་གང་ལ་སྦྱོར་སྦྱོར་འོང་མོད་ཀྱང་། གཞུང་གི་ཁུངས་དགོས་པར་སེམས་ཏེ། མཁར་


TR004_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་ལ་ནི་ཚད་དང་དག་སྦྱོར་སོགས་ཤིན་ཏུ་ཞིབ་པར་མདོ་ཉིད་ནས་འབྱུང་བ་ལགས་པ་དང་།། ༈ །།ཆབ་ལེན་པའི་དགོས་པའི་གཙོ་བོ་ནི་དགེ་སྦྱོང་གི་དྲན་པ་མི་ཉམས་པའི་རྗེད་ཐོ་ལྟ་བུ་ཡིན་པར་གསུངས་ལ། ཞོར་བྱུང་དུ་ཁ་ཟས་ཀྱི་རོ་ལ་ཞེན་པ་གཅོད་པ་དང་། ཁའི་དྲི་མ་ངན་པས་རང་གི་ཁོང་ན་ལྷན་སྐྱེས་ཀྱི་སྲིན་བུ་འགའ་ཞིག་ལ་གནོད་པར་འགྱུར་བ་ཡོད་པས། དེ་ལས་སྐྱོབས་ཕྱིར་དང་ཁའི་དྲི་ངན་དེས་དཀོན་མཆོག་གི་རྟེན་དང་དགེ་འདུན་སོགས་ལ་ཉེས་པ་མི་གསོག་པའི་སླད་དུ་ཆབ་ལེན་པར་གསུངས་སོ།། ༈ །།སྟན་ལ་འདུག་པ་དང་ཟས་ཟ་བ་སོགས་ཀྱི་དུས་སུ་ལྷམ་འབུད་པའི་རྒྱུ་མཚན་ནི། སྟོན་པ་བཞུགས་སྐབས་སུ་དགེ་སློང་འགའ་ཞིག་ལྷམ་ལ་མི་གཙང་ལྗན་ལྗིན་སོགས་ཀྱི་གོས་པ་སྟན་ལ་འདུག་པས། དེ་མཐོང་བའི་དགེ་འདུན་གཞན་མང་པོ་ཟས་མི་འདོད་པར་འགྱུར་ཞིང་། སྟན་ཡང་མི་རུང་པར་གྱུར་པ་ལ་


TR004_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་ད་ཕྱིན་ཆད་མཆིལ་ལྷམ་གྱོན་བཞིན་སྟན་ལ་འདུག་པར་མ་བྱེད། ཅེས་བཅའ་བ་མཛད་པ་སྟེ། འདི་ལ་དཔག་ན། ལྷམ་མ་གྱོན་ཀྱང་རྐང་པ་འཕྱི་བ་སོགས་མ་བྱས་པར་དགེ་འདུན་གྱི་སྟན་ལ་འདུག་ན་ཉེས་པ་འདི་འབྱུང་ཉེས་གདའ་བར་གོའོ།། ༈ །།གཞན་ཡང་ཉིད་ཀྱི་ཕེབས་སྒོ་ལྟར། སྟོད་འགག་འདི་རྒྱ་གར་གྱི་རབ་བྱུང་ལ་ནི་མེད་དེ། སྡོམ་པའི་ཆོ་གར་བླ་གོས་སྦྱིན་པའི་ཚིག་གི་དང་པོར། འདི་ནི་སྟོད་དུ་གྱོན་པར་བྱ་བའི་ཆོས་གོས་བླ་གོས་ཞེས་བྱ་བ་ཡིན་ཏེ། སྟོད་གཅེར་བ། རླུང་དང་ཉི་མ་དང་སྦྲང་བུ་ལ་སོགས་ཚ་གྲང་གི་རེག་པ་ལས་སྐྱོབས། ཅེས་སོགས་འབྱུང་ཕྱིར། སྟོད་གོས་གཞན་ཡོང་དོན་མེད་ལ། འོན་ཀྱང་དགེ་སློང་མ་རྣམས་ལ་ནུ་མ་སོགས་སྒྲིབ་ཕྱིར། ཤིང་ང་དཔུང་བཅད་དུ་གྲགས་པ་ཞིག་ཡོད་པར་གདའ་ཞིང་། བོད་འདིར་ས་གྲང་བའི་གཤིས་ཀྱི་ཇོ་བོ་རྗེས་རྩར་ཤག་ཅེས་པ་ཞིག་སྐུ་ལ་བཞེས་པས། དེ་ནས་


TR004_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་བཀའ་གདམས་པའི་སྟོད་འགག་ཧྭ་ཟླུམ་དེ་དར་ཞིང་། སླད་དུ་པཎ་ཆེན་ཤཀྴཱི་ཡང་སྐུ་བསིར་བའི་ཚུལ་བསྟན་ཏེ། བཞུགས་གདིང་སྐུ་སྟོད་དུ་བཞེས་པ་ལ་བརྟེན་ནས། ཇོ་གདན་པའི་ཕྲག་ཡུ་མར་གྲགས་པ་དེ་དར་བ་ཡིན་པར་ཐོས་ལ། ད་ལྟའི་སྟོད་འགག་འདི་ལ་ཡང་ཕུ་དུང་མེད་ཚེ་སྦུབས་ཅན་གྱི་ལྟུང་བ་མེད་དམ་སྙམ་ཞིང་། གོས་ཆེན་སོགས་ཀྱི་མཆོར་རྒྱན་དུ་བྱེད་པ་དེ་ནི་ནམ་ཡང་རུང་བར་མི་སེམས་སོ།། ༈ །།མདོར་ན་ཤཱཀྱའི་བསྟན་ལ་ཞུགས་ཕྱིན་ཆད། བསླབ་པའི་གནས་ཕྲ་ཞིབ་མང་པོ་འོ་སྐོལ་བོད་འདིར་ཡུལ་དང་དུས་དབང་གིས་བཀའ་མོད་ལ། འགག་ཏུ་དྲིལ་བའི་སྙིང་པོར། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་འདི་དང་། དེ་ཡིས་རྩ་བ་དངོས་ནི། རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་པ་འདིར་བསྟན་པ་ཐམས་ཅད་ཀྱི་སྡོམ་པའི་སྙིང་པོ་གཅིག་ཏུ་འདུ་བ་ཡིན་པར་སྣང་བས། ཆུང་མ་མེད་


TR004_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཞིག་ལ་ཚུལ་ཁྲིམས་གཙང་བའི་ཚད་དུ་བྱེད་པ་མ་གཏོགས་གཞན་འདུལ་བའི་ཁག་མི་སྣང་ངོ་། །རང་རྒྱུད་དུལ་བ་ཞིག་བྱུང་ན་བསླབ་གཞི་ཕྲ་མོ་རྣམས་ཤུགས་ལ་ཚང་བར་གདའ་ནའང་། དེང་སང་ནི་ཆབ་ལེན་པ་དང་ལྷམ་འབུད་པ་སོགས་ཡན་ལག །འདུལ་བ་ཞེས་བྱ་བ་རང་རྒྱུད་དུལ་བ་ཁོ་ན་དགོས་པ་གསུངས་ནའང་། དེ་ཡང་དགེ་སྦྱོང་གི་ཆོས་བཞི་སོགས་རྣ་བར་ཐོས་ཀྱང་མ་མྱོང་ཞིང་། ཕྲ་མོ་རྣམས་ལ་བརྩོན་པར་བྱེད་ཀྱང་། རྩ་བའི་ལྟུང་བ་ཆེ་ཤོས་རྣམས་ལ་རྡུལ་ཙམ་ཡང་མི་འཛེམ་ཕྱི་དྲོའི་ཁ་ཟས་སྤང་པ་ཡིན་ཟེར་བུར་སྦྲང་ཕྱེ་མར་སོགས་ཁ་ལ་མི་དལ་བར་སྤྱོད་པ་དང་། ཁྱད་པར་རབ་བྱུང་གིས་ཤ་ཆང་འཛེམ་པའི་སྲོལ་མེད་པ་འདི་ལྟ་བུ་དང་། ཁ་ཟས་བྱིན་ལེན་བྱ་བའི་དོན་ནི་རྐུ་འཕྲོག་སོགས་མ་བྱིན་ལེན་པ་སྤོང་བའི་དོན་ཡིན་མོད་ཀྱང་། གཞན་ནོར་ལ་ཐབས་སྣ་ཚོགས་ཀྱི་སྒོ་ནས་མ་བྱིན་ལེན་པ་འབའ་ཤིག་བྱེད་བཞིན་དུ། རང་གི་ཁ་ཟས་རང་གིས་གཡོས་ནས་ཟ་རན་ཚེ་བྱིན་ལེན་བྱེད་གྲོགས་གཅིག་འཚོལ་འགྲོ་བ་སོགས་ཉམས་


TR004_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བའི་སྤྱོད་ཚུལ་མང་པོ་དེང་སང་གི་དུས་འདིར་དར་བས། འདི་ལྟ་ན། གོང་དུ་བརྗོད་པའི་བསྟན་པའི་གནས་ཚད་ཀྱི་གཞུང་རྣམས་སུ། ལྔ་བརྒྱ་ཐ་མ་རྟགས་ཙམ་འཛིན་གྱི་དུས་སུ་ཆོས་ཀྱི་སྤྱོད་པ་གཞན་གང་ཡང་མེད་པ་ལ་ངུར་མྲིག་གི་ཚལ་བུ་རེ་མགུལ་དང་སྐྲ་དང་རྣ་བ་སོགས་ལ་འདོགས་པར་འགྱུར་བར་བཤད་ཀྱང་། ད་ལྟའི་ཆོས་པ་རྣམས་ཀྱི་སྤྱོད་ཚུལ་ལ་བལྟས་ན་རྟགས་ཙམ་འཛིན་པ་འདི་ཀ་ཡིན་ནམ་སྙམ་པས་ཡིད་སྐྱོ་ཞིང་། གཞན་ཡང་ཟླ་བ་སྙིང་པོའི་མདོ་དང་། དཀོན་བརྩེགས་སོགས་མང་པོར། སྙིགས་དུས་ཀྱི་དགེ་སྦྱོང་རྣམས་ཆོས་བཞིན་མི་སྤྱོད་པར། ཞིང་ལས་དང་། ཚོ་ཁེ་དང་། དམག་དང་། འཁྲུག་རྩོད་དང་། བུད་མེད་སོགས་ཁྱིམ་པའི་བྱ་བ་དང་། ནོར་གྱིས་རྩོལ་སྒྲུབ་གསོག་འཇོག་དང་། སྡེ་རིས་གཉེན་སྲིད་ཀྱི་ཕྱོགས་ཆད་དང་། རྒྱལ་པོ་དང་སྦྱིན་བདག་སོགས་ཀྱི་ཉེ་གནས་དང་ཕོ་ཉ་བྱེད་ཅིང་། བཟའ་བཏུང་། གོས་རྒྱན། གླུ་གར། གཞོན་པ། གོ་མཚོན་ལ་སོགས་ཀྱིས་ཡིད་


TR004_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཡེང་། ལོག་པར་གཡེང་། ཤིན་ཏུ་རབ་ཏུ་གཡེང་སྟེ། མི་རུང་བའི་བྱ་བ་འབའ་ཞིག་གི་དབང་དུ་གྱུར་ཚེ། བསྟན་པ་ལ་དགའ་བའི་དཀར་ཕྱོགས་ཀྱི་ལྷ་རྣམས་མྱ་ངན་དུ་གྱུར་ནས་རིང་དུ་དོར། ནག་པོའི་ཕྱོགས་རྣམས་མཐུ་དང་སྟོབས་རྒྱས་པས། འཇིག་རྟེན་གྱི་ཁམས་སུ་མི་ནད་དང་ཕྱུགས་ནད་སྣ་ཚོགས་དང་ས་གཡོས། རི་ཉིལ། བྲག་ཆད། ཆུ་སྨྱོན་དང་རླུང་དམར་ལྡང་བ་ལ་སོགས་དང་། སད་སེར། ཐན་ཆེན། ཞོད་ལོག་ལ་སོགས་པའི་ལོ་འབྲས་འབྲུ་བཅུད་མི་སྨིན། དུག་སྦྲུལ་གཅན་གཟན། འབྱུང་པོ་མི་མ་ཡིན་ལ་སོགས་ཀྱི་འཚེ་བས་སྐྱེ་འགྲོ་རྣམས་ཉམས་ཐག་པར་འགྱུར་ཚུལ་སོགས། ཇི་ལྟར་ལུང་བསྟན་པ་ཐམས་ཅད་རྗེས་དཔག་མ་ཡིན་པར་མངོན་སུམ་ཚད་མར་གྱུར་པ་འདི་ལགས་ནའང་། ད་དུང་ཚེ་འདི་ཁོ་ནའི་བྱ་བ་དང་། ལོག་པའི་འཚོ་བ་ལྔ་བསྒྲུབ་ཕྱིར་ཁོ་ན་ཉིད་ལ་འབད་མཁན་ཤ་སྟག་སྟེ། ལོག་འཚོ་ལྔ་གང་ཞེ་ན། ཚུལ་འཆོས་དང་། ཁ་གསག་དང་། གཞོག་སློང་དང་། ཐོབ་ཀྱིས་


TR004_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་དང་། བརྙེད་པས་རྙེད་པ་འཚོལ་བ་དང་ལྔ་ཡིན་ཏེ། དེ་ལས་ཚུལ་འཆོས་ནི། རང་གི་སེམས་རྒྱུད་གཏིང་ནས་མ་རུང་བཞིན་དུ། གཞན་བསླུ་བའི་ཕྱིར། མ་དུལ་བའི་དུལ་ཚུལ། མི་ཤེས་པའི་ཤེས་བརྫུ། མ་གྲོལ་བའི་གྲོལ་བརྫུ་སོགས་ཀྱིས་གཞན་བསླུས་ཏེ་རང་འདོད་བསྒྲུབ་པ་དང་།། ༈ །ཁ་གསག་ནི། བདག་དགེ་བའི་རྩ་བ་རྒྱ་ཆེན་པོ་དེ་དང་དེ་ལྟ་བུ་བྱེད་པ་ཡིན་པས་ཁྱེད་རྣམས་ཀྱིས་ཀྱང་ཅི་འབྱོར་པ་ཕུལ་ཞིག །ཅེས་སོགས་རྫུན་དང་གཡོ་རྒྱུའི་བསམ་པ་ཁོང་དུ་བཅངས་ནས། དགེ་བསྐུལ་དུ་བསྙད་པས་ཟང་ཟིང་བསྡུ་བ་དང་།། ༈ །།གཞོག་སློང་ཡང་དེ་དང་ཆ་འདྲ་བ་སྟེ། སྔོན་གཞུ་ཀུན་དགའ་ར་བའི་བཙུན་པ་གཡོ་ཅན་ཞིག་གིས། གཙུག་ལག་ཁང་མཇལ་མཁན་གྱི་ཡོན་བདག་ཕོ་མོ་མང་པོ་འོང་བའི་སར་བསྡད་ནས། གདིང་བ་རྩིད་སྐུས་ཀྱིས་བཙེམ་ཚུལ་བྱས་པས། ཁོང་རྣམས་ཀྱིས་སྐུད་པ་དེ་འདྲས་ཚེམ་དུ་མི་རུང་ངམ་ཟེར་བ་ལ། ཁོས་བདག་


TR004_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བལ་སྐུད་མ་འཛོམ་པ་ཡིན་བྱས་པས། འོ་ན་བདག་ཅག་གི་འབུལ་ལོ་ཟེར་ནས། བལ་དང་སྐུད་པ་མང་པོ་བྱུང་བའི་ལོ་རྒྱུས་ཀྱི་ངན་གཡོ་དེ་ལྟ་བུ་དང་།། ༈ །།ཐོབ་ཀྱི་མཇལ་བ་ནི། བདག་གིས་ཁྱེད་རྣམས་ཀྱི་གཤིན་པོའམ་གསོན་པོའི་དོན་འདི་ལྟར་བྱས་པ་ཡིན་པས། ཡོན་དང་འབུལ་བ་སོགས་འདི་དང་འདི་ལྟ་བུ་དགོས་སོ། །ཞེས་སོགས་དང་། ཁྱོད་ལ་གདམས་པ་ཟབ་མོ་འདི་ལྟ་བུ་བྱིན་དགོས་ན་ཁྱོད་ཀྱིས་ཀྱང་བདག་ལ་མཎྜལ་གྱི་མཆོད་པ་འདི་ཙམ་ཞིག་ཕུལ་ཞིག་ཅེས་སོགས་ལྟ་བུ་དང་།། ༈ །།བརྙེད་པས་རྙེད་འཚོལ་ནི། མི་ཆོས་ངོ་བསྲུང་ཐབ་ཀ་གནང་སྦྱིན་སོགས་བྱས་ནས་ཟང་ཟིང་བསྡུད་པ་སྟེ། དེས་ན། དེང་སང་གི་བླ་མའམ་ཆོས་པ་ཐམས་ཅད་ཀྱི་བཞེས་སྒོ་ནི་འདི་རྣམས་གང་རུང་ལ་མ་བརྟེན་པ་ཞིག་གར་ཡང་མ་མཐོང་བས། ཡོན་མཆོད་གཉིས་ཀ་ཕྱི་མའི་འབྲས་བུ་ཅི་འདྲར་འགྱུར་བ་མི་ཤེས་སོ། །གཞན་ཡང་། བཅོམ་ལྡན་འདས་ཀྱི་གསུངས་ལས་ནི། དགེ་སློང་གཉིས་པོ་འདིས་དད་པས་བྱིན་པའི་ཟས་ཟ་བར་


TR004_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གནང་གིས། གཞན་དག་ལ་ནི་ཅུང་ཟད་ཙམ་ཡང་ཟ་བར་མི་གནང་ངོ་། གཉིས་གང་ཞེ་ན་ལྡན་པ་དང་གྲོལ་བའོ། །ཞེས་གསུངས་པའི། ལྡན་པ་ནི་ཚུལ་ཁྲིམས་ལྡན་པ་དང་། གྲོལ་བ་ནི་སེམས་རྒྱུད་གྲོལ་བར་ཡིན་པར་གསུངས་ན། ད་ལྟ་དེ་གཉིས་ཀ་ཡོད་མཁན་དཀོན་ཞིང་། གཞན་ཡང་། དགྲ་བཅོམ་མང་པོས་དད་ཟས་ཀྱི་ཉེས་དམིགས་ལ་དགོངས་ཏེ། དད་ཟས་མི་འབྱུང་བའི་ཆེད་ཁོ་ནའི་ཕྱིར་དུ་བསླབ་པ་འབུལ་བར་ཞུས་པས་སྟོན་པས། དེ་དེ་བཞིན་ཏེ་ཤིན་ཏུ་ལེགས་སོ། །ཞེས་གསུངས་པའི་ཚུལ་རྒྱ་ཆེར་གསུངས་ཕྱིར། བདག་སོགས་ཀྱང་དད་ཟས་ཟོས་པ་ལ་འགྱོད་ཅིང་། སླན་ཆད་ཀྱང་དེ་ལྟར་ཟ་མཁན་དུ་མི་སྐྱེ་བར་སྨོན་པའི་རྒྱུ་མཚན་དེ་བཞིན་ལགས། ཅེས་འཕྲོས་དོན་དུ་གསོལ་བའོ། །ལར་འོ་སྐོལ་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤེས་སྤྲིང་དུ་གསུངས་པ་ལྟར། འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་སྤོང་བར་མ་ནུས་པ་ཁོ་ནས་ལན་པ་སྟེ།


TR004_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གང་ཞེ་ན་ཟང་ཟིང་སོགས་རྙེད་ན་དགའ་བ་དང་ ༡ །མ་རྙེད་ན་མི་དགའ་བ་དང་ ༢ རང་གི་ཡོན་ཏན་གཞན་ལ་གྲགས་ན་དགའ་ཞིང་ ༣ མ་གྲགས་ན་མི་དགའ་བ་དང་ ༤ གཞན་གྱིས་རང་ལ་བསྟོད་ན་དགའ་ལ་ ༥ སྨད་ན་མི་དགའ་བ་དང་ ༦ །ཚེ་ཁོ་ན་སྐྱིད་ན་དགའ་ཞིང་། ༧ སྡུག་ན་མི་དགའ་བ་སྟེ། ༨ དེ་ལྟར་བརྒྱད་པོ་འདི་སློས་མ་ཐེངས་པས་ཕྱི་མའི་དོན་འགྲུབ་པར་དཀའ་བའི་ཚུལ་འདི་དཔྱོད་ལྡན་རྣམས་ཀྱི་དགོངས་འཚལ་ལོ།། ༈ །།དེ་ནས་སྔགས་ཀློག་སྐབས་ཀྱི་འཕྲོས་པ་གནང་བའི་ཆར། སྣར་ཐང་པའི་སྔགས་ཀློག་ཏུ་གྷ་ཛྷ་དྷ་དྷ་བྷ་རྣམས་ལས་གཞན་པ་ཐམས་ཅད་འཕྲལ་ཡང་། ཀྴ་ཙྪ། འདི་གཉིས་འཕྲལ་བའི་སྲོལ་མི་འདུག་གསུངས་པ་ལ།། ༈ །།སྤྱིར། རྒྱ་གར་ཉིད་དུ་ཡང་སྐད་རིགས་མི་གཅིག་པ་མང་བ་དང་། སྔགས་ཀློག་གི་སྐབས་རྣམས་ནི་སཾསྐྲྀ་ཏའི་སྐད་ཡིན་པས་ཕལ་ཆེར་མཐུན་པར་བཤད་ཀྱང་། དཔེར་ན་ཛྙཱ་ན་ཞེས་པ་འདི་ལ་ཡུལ་དབུས་ཀྱི་པཎྜི་


TR004_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འགྱ་ན་ཟེར་བ་ལ། ཁ་ཆེའི་པཎྚི་རྣམས་གཉའ་ན་ཟེར་བ་བཞིན་མི་གཅིག་པ་དུ་མ་དང་། དེ་ལ་བརྟེན་ནས་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱང་མི་མཐུན་པ་ཆེས་མང་སྟེ། མཐའ་གཅིག་ཏུ་བཟུང་རྒྱུ་མི་སྣང་ཡང་། གྷ་ཛྷ་སོགས་ལྔ་པོ་ནི་བོད་ཡིག་ལ་ཐོན་མི་སམྦྷོ་ཊས་ཡིག་གཟུགས་ཟུར་དུ་མ་མཛད་པས་ཉིས་རྩེགས་འདི་ལྟ་བུ་འདི་བཞིན་བྱུང་བ་མ་གཏོགས་ངོ་བོ་ཡིག་འབྲུ་རེ་རེ་ཡིན་ཏེ་དཔེར་ན་ལཱཉྪ་ལ་ནི། འདི་ལྟ་བུ་ཡིན་ཚེ་འཕྲལ་རྒྱུ་མེད་ལ། དེ་བཞིན་དུ་ཀྵ་ཡང་ཡི་གེ་གཅིག་ཏུ་རྩི་བ་ཡིན་ཏེ། གཉིས་སུ་བྱས་ན་དབྱངས་གསལ་གྱི་གྲངས་ཡང་མི་འགྲིག་པར་འགྱུར་རོ།། ༈ །།ཡང་གོང་དུ་ཉིད་ཀྱིས་སྨོས་པའི་ཡིག་འབྲུ་དེ་གཉིས་ནི་གསལ་བྱེད་གཉིས་བརྩེགས་ཡིན་པས། སྟེང་མ་དེ་ཡི་གེ་སྔ་མ་ལ་སྦྱར་དགོས་ཏེ་སྲོག་མེད་ཡིན་པའི་ཕྱིར་རོ། །དཔེར་ན། ཡཀྴ་གནོད་སྦྱིན། རཀྴ་སྲིན་པོ། འདི་ལྟ་བུ་བྱུང་ན། ཡག་ཤ་


TR004_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རག་ཤ་ལྟ་བུར་བརྗོད་དོ། ཡང་། པྲ་ཡཙྪ། པྲ་ཏིཙྪ། ལྟ་བུ་ལ། པྲ་ཡད་ཚ། པྲ་ཏཱིད་ཚ། ཞེས་པ་ལྟར་འདོན་ནོ། །ཀྵ་ནི་ཡི་གེ་གཅིག་ཡིན་ཀྱང་། ཡཀྵ་རཀྵ། པཀྵ་ལྟ་བུ་བྱུང་དུས། རབ་ཏུ་སྩོལ། སོ་སོར་བཞེས། ཀ་དེས་གོང་མ་ལ་ཅུང་ཟད་སྦྱར་ནས་འདོན་ཏེ། ཡག་ཁྱ། རག་ཁྱ། པག་ཁྱ་ཞེས་པ། གནོད་སྦྱིན་ བསྲུང་། འདབ་ཆགས། ལྟ་བུ་བྱའོ། །གཞན་ཡང་ཡ་བཏགས་ཅན་གྱི་རིགས། ཧྱ། བྷྱ། ཤུ་ནྱ་ཏཱ་སོགས་དང་། ཝ་བཏགས་ཅན། ས་ཏྭ། ཤྭ་ར། ཛྭ་ལ། ཞེས་པ་སོགས་རྣམས་ཀྱི་བཀློག་ལུགས་མི་འདྲ་བ་ཡོད་དེ། རྒྱ་གར་ཏཱི་ན་ར་ཀའི་པཎྜི་ཏ་ཤྲི། སྟོང་པ་ཉིད་ མ་ཎི་ཀའི་གསུང་རྒྱུན། སེམས་དཔའ་ དབང་ཕྱུག །འབར་བ་ གྱི་རྗེས་འབྲངས་སྣར་ཐང་ལོ་ཙཱའི་བཞེད་པ་ནི། ཡ་བཏགས་ཅན་རྣམས་འགྲེང་བུ་ལ་ཡ་སྒྲ་ཅུང་ཟད་དང་བཅས་པ་དགོས་པར་བཞེད་དེ། ཧེ་ཡ། བྷེ་ཡ། ཤུ་ནེ་ཡ། ཏཱ་ཞེས་པ་ལྟ་བུ་དང་། ཝ་ཟུར་ཅན་ལ་ཡང་ན་རོ་ཝ་སྒྲ་དང་ལྡན་པ་སྟེ། ས་ཏོ་ཝ། ཤོ་ཝ་ར། ཛོ་ཝ་ལ། ལྟ་བུར་བཞེད་དོ། །གསལ་བྱེད་ལ་དབྱངས་རི་


TR004_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུགས་པ་རྣམས་ཀྱང་དཔེར་ན། ཀྲྀ། ཀླྀ། ཨ་མྲྀ་ཏ་སོགས་ལ། ཀི་རི། ཀི་ལི། ཨ་མི་རི་ཏ་སོགས་བརྗོད་ལ། དབྱངས་ཨི་བཞུགས་པས་གི་གུ་མ་ལོག་པ་ལ་ནི། ཀྲི། ཀླི། ལྟ་བུ་ལ། ཀ་རི། ཀ་ལི། ཞེས་སོགས་བརྗོད་པར་བཞེད་དོ། །ཡང་། ས་པཎ་ཆེན་ནགས་རིན་གྱི་རྗེས་འབྲང་། འགོས་ལོ་གཞོན་ནུ་དཔལ་དང་། ཞ་ལུ་ལོ་ཆེན་སོགས་ཀྱི་བཞེད་པ་ནི། ཧྱ། བྷྱ། ཤུ་ནྱ་ཏཱ་སོགས་ལ། ཧེ། བྷེ། ཤུ་ནེ་ཏཱ། ཞེས་པར་བརྗོད་པ་དང་། ས་ཏྭ། ཤྭ་ར། ཛྭ་ལ་སོགས་ཀྱང་། ས་ཏོ། ཤོ་ར། ཛོ་ལ་ཞེས་པ་ལྟར་བརྗོད་ཅིང་། འོན་ཀྱང་། རྒྱ་སྐད་ལ་འགྲེང་བུ་དང་ན་རོ་དངོས་བསྟན་ཡོད་པ་ཐམས་ཅད་གཉིས་ཡུན་ཅན་གྱི་རིང་པོ་ཡིན་ཏེ། སྒྲ་མདོ་ལས། མཚམས་སྦྱོར་གྱི་རྣམས་རྟག་ཏུ་རིང་པོར་གནས་སོ། །ཅེས་བཤད་པ་ལྟར་ཡིན་མོད་ཀྱང་། ཡ་བཏགས་ཅན་དང་། ཝ་ཟུར་ཅན་གྱི་རིགས་འདི་རྣམས་ནམ་འགྲེང་བུ་དང་ན་རོ་འགྲེང་བུ་དང་ན་རོ་ཐུང་ངུར་བཀླག་དགོས་པའོ། །གཞན་


TR004_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཞྭ་ལུ་ལོ་ཙཱ་སོགས་ཀྱི་ལུགས་འདི་ལ་ནི་དབྱངས་རི་ལི་བཞུགས་པའི་གི་གུ་ཕྱིར་ལོག་ཅན་ལ། ཀྲྀ། ཀླྀ། བཀླག་ཚུལ་ནི། ཀིར་རི། ཀིལ་ལི་ཞེས་པ་ལྟ་བུ་དང་། ཨ་མྲྀར་རི་ཏ་ཅེས་པ་ལྟར་ཀློག་དགོས་པར་གསུངས་སོ། །གཞན་ཡང་རྟ་མགྲིན་གྱི་སྔགས་ཧྱ་གྲཱྀ་བ་ཞེས་ཧ་ལ་ཡ་བཏགས་འབྲི་བ་མང་པོར་སྣང་ཡང་། འདི་ལ་ཡ་བཏགས་མི་འབྲི་སྟེ། ཧ་ཡ་ཞེས་སོ་སོར་འབྲི་དགོས་པར་བཤད། བྷྱོཿཞེས་པ་འདི་ལ། བྷྱོ་བི་ཤྭ་མུ་གེ་ཞེས་སོགས་སྔགས་སྤྱི་ཁྱབ་ཐམས་ཅད་ལ་འཕྲལ་ནས་བཀླག་སྟེ། བྷ་ཡོ་ཞེས་བྱ་བ་ཡང་དམིགས་བསལ་དུ་མ་མོ་དང་ལྷ་མོ་སོགས་ཀྱི་སྲོག་སྙིང་དང་། དྲག་ལས་བཟློག་བསྒྱུར་སོགས་ཀྱི་སྐབས་སུ་ནི་འཕྲལ་མི་རུང་སྟེ། འབྱོཿཞེས་བརྗོད་དགོས་པའི་རྒྱུ་མཚན་ནི། སྐབས་འདི་ནི་ལེགས་སྦྱར་གྱི་སྔགས་མ་ཡིན་པའི་ཕྱིར་རོ། །འདིས་མཚོན་ཏེ་སྐབས་ཐོབ་ཀྱི་བྱེ་བྲག་ཤེས་དགོས་པར་གདའ་ཡང་། སྔགས་ཐམས་ཅད་ས་ཾསྐྲྀ་ཏའི་སྐད་གཅིག་བུར་འདོད་མཁན་མང་སྟེ།


TR004_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་གསར་མ་བ་རྣམས། རྙིང་ལུགས་ཀྱི་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ་ཞེས་སོགས་ལ། སྔགས་རྒྱ་མིན་བོད་མིན་དུ་འདོན་ཞེས་བཀའ་བཀྱོན་མཛད་མོད་ཀྱང་། སོ་སོ་ལ་དགོས་པ། འདི་བཛྲ་གུ་རུ་ནི་རྒྱ་ཡིན་ལ་པདྨ་ཐོད་འཕྲེང་རྩལ་ནི་བོད་སྐད་རང་ཡིན་ཏེ། རྒྱ་མིན་བོད་མིན་མ་ཡིན་པ་ལ་ཡིན་ཟེར་བ་ཁོ་རང་ནོར་བའོ་ཞེས་ཀོང་ཡུལ་བུ་ཆུ་བདེ་སྟེང་བླ་མིང་པུ་ཎྱེ་ཀེ་རུས་ལན་བཏབ་པ་ལགས། སྐབས་དོན་རེ་འབྱུང་ཚེ། རང་ལུགས་དང་མ་མཐུན་པ་ཁོ་ན་ལ་བཀའ་བཀྱོན་མཛད་པས་མི་འཐུས་ཏེ། དཔེར་ན། ཨོཾ་ཡིག་གཅིག་པུ་ལའང་སྐབས་དོན་མི་འདྲ་བ་ཡོད་དེ། སྤྱི་ཁྱབ་ཏུ་ནི་རྡོ་རྗེ་རྩེ་མོའི་རྒྱུད་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་གཏེར་དཔལ་དང་ཡང་། །བསྐལ་བཟང་རྣམས་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། ཞེས་པ་ལ་བརྟེན་ན། ལེགས་སྦྱར་སོར་བཞག་པའི་དབང་དུ་མཛད་དེ་གསར་མའི་སྔགས་


TR004_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཀློག་ཐམས་ཅད་ལས། རྙིང་མ་རྣམས་ཨོཾ་ལ་འ་བཏགས་པ་ནི་ཤིན་ཏུ་འཁྲུལ་ཏེ། ན་རོ་ཡོད་བཞིན་འ་འདོགས་ཀྱི་དགོས་པ་མེད་ཅིང་། ལེགས་སྦྱར་སྐད་དང་རྒྱ་ཡིག་ལ་འ་མེད་པའི་ཕྱིར་རོ། །ཞེས་སོགས་མགྲིན་གཅིག་ཏུ་གསུང་མོད་ཀྱང་། ཨོཾ་ཐམས་ཅད་ལེགས་སྦྱར་ལུགས་ཀྱི་གཅིག་བུ་མ་ཡིན་ཏེ། མཚོན་བྱེད་དཔེའི་ཡི་གེ་དང་། མཚོན་བྱེད་དོན་གྱི་ཡི་གེ་གཉིས་ལས། རྙིང་ལུགས་ཀྱི་ཨཱོཾ་འ་འདོགས་ཡོད་པའི་རིགས་འདི་ནི་དོན་གྱི་ཡི་གེ་ཉིད་ཡིན་ཏེ་དོན་གང་ཡིན། སྐུ་ལྔ་དང་ཡེ་ཤེས་ལྔའི་དོན་མཚོན་པ་ཡིན་ཚུལ། རྒྱུད་ལས། ཨ་ནི་རྣམ་སྣང་འ་མི་སྐྱོད་དང་། །ན་རོ་རིན་ཆེན་འབྱུང་ལྡན་དེ། །ཟླ་ཚེས་སྣང་བ་མཐའ་ཡས་ལ། ཐིག་ལེ་དོན་ཡོད་གྲུབ་པའོ། །ཞེས་དང་། ཨ་ཆོས་དབྱིངས་ཡེ་ཤེས། འ་མེ་ལོང་ཡེ་ཤེས། ན་རོ་མཉམ་ཉིད་ཡེ་ཤེས། ཟླ་ཚེས་སོར་རྟོག་ཡེ་ཤེས། ཐིག་ལེ་བྱ་གྲུབ་ཡེ་ཤེས་སུ་གསུངས་པ་སོགས་ཀྱི་དོན་ལ་སྦྱོར་བ་མ་གཏོགས། ན་རོ་ཡོད་བཞིན་དུ་རིང་ཆ་ལ་


TR004_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ནས་འ་འདོགས་མཛད་པ་མ་ཡིན་ཚེ། པདྨ་འབྱུང་གནས་དང་བི་མ་ལ་སོགས་ཀྱིས་སཾསྐྲྀ་ཏའི་སྐད་མི་མཁྱེན་པ་ག་མང་འོངས་ཀྱང་། དོན་ལ་དགོངས་པའི་སྐབས་ཐོབ་ཡིན་ནའང་། འདི་ལྟར་མ་གོ་བར། རྙིང་མ་བར་འདོད་པའི་བླུན་པོ་བདག་གིས་ནི་ཨོཾ་ཡོད་ཚད་ལ་འ་དགོས་པར་འདོད་ལ། གསར་མའི་སྒྲ་པ་རྣམས་ཀྱིས་ནི་ཨོཾ་ཐམས་ཅད་ལ་འ་མི་འདོད་པ་སོགས། ཕྱོགས་རེའི་ཁ་འཛིན་གྱིས་གོ་མི་ཆོད་པར་གདའ་བ་དང་། གཞན་ཡང་སྣར་ཐང་པའི་སྔགས་ཀློག་འགྲེལ་པར། སྔགས་དག་པར་དགོས་ཚུལ་བརྗོད་པའི་སྐབས་སུ། བོད་མོས་པས་འགྲུབ་པ་སོགས་ལ་བཀའ་བཀྱོན་མཛད་སྣང་ཡང་། ཇོ་བོ་རྗེ་མགུལ་བསྙུན་པའི་རིམ་གྲོར་བང་སྟོན་ལ་རྣམ་རྒྱལ་གྱི་གཟུངས་འདོན་དུ་བཅུག་པས། མ་དག་ཚབས་ཆེ་བ་གསན་ཚེ་བཞད་མོ་ཤོར་བས་བརྣག་རྡོལ་ཞིང་བསྙུན་དངས་བས། ཇོ་བོའི་བཀའ་ལས་


TR004_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་བོད་འདི་མོས་པ་ཁོ་ནས་འགྲུབ་པར་སྣང་བས། ཁྱོད་རང་ཚོས་ལུགས་ལྟར་འཐོན་གསུངས་འདུག་ཚེ། མོས་པ་དང་ཏིང་འཛིན་ཁོ་ན་གལ་ཆེ་བར་ཡོད་སྣང་བས་དེས་ན་སྒྲ་ཚིག་ཁོ་ན་ལ་ཞེན་མི་འཚལ་བར་མང་མཁྱེན་པར་མཛད་དུ་གསོལ། ཞེས་འཕྲོས་དོན་ཞུས་པའོ། །ཡང་ཉིད་ཀྱིས། དག་ཡིག་གི་སྐབས་རྣམས་ཛ་ཡིག་ལ་ར་མགོ་དང་ས་མགོ་གཟབ་ཤུར་གཉིས་ལ་ཐ་དད་དུ་འོང་མི་ཐང་བ་ལ། སོ་སོར་བྱུང་བ་འདི་གང་ཡིན་གསུངས་བ། འདི་སྐབས་གཞན་མ་ཡང་དེ་ལྟར་གསུངས་མཁན་བྱུང་ཞིང་། བདག་ཀྱང་དང་པོར་ཐེ་ཚོམ་བྱུང་བས་མཁས་པ་འགའ་ལ་དོགས་གཅོད་ཀྱང་ཞུས་པ་ཡིན་པས། རྫ་འདི་པ་མགོ་ལར་ནས་མ་ཡིན་ཏེ། ཟ་མ་ཏོག་ནས། ར་མགོ་ལྡན་པ་བཅུ་གཉིས་གསུངས་པའི་སྡེ་ཚན་ཡིན་པ་དང་། དེ་བཞིན་དུ་ལ་མགོ་ལྡན་པ་བཅུ། ས་མགོ་ལྡན་པ་བཅུ་གཅིག་དུ་གསུངས་པ་འདི་ནི་དག་ཡིག་ཆེན་མོ་ཐམས་ཅད་


TR004_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ལ། རྫ་འདི་བཤུར་མའི་གཟུགས་འདི་ལྟར་བྱུང་བ་ནི་ཡི་གེ་ལུས་འགྱུར་ཡིན་ཏེ། དཔེར་ན་ས་ལ་པ་བཏགས་པའི་གཟུགས་ཀྱང་། སྤ་འདི་ལྟ་བུར་བྱུང་བ་དང་། གཞན་ཡང་ལུས་གྱུར་གྱི་རིགས་མང་ཏེ། ར་བཏགས་ཞབས་ཀྱུ་དགོས་པ་ཐམས་ཅད་ཞབས་ཀྱུ་ཉིས་རྩེགས། ཁྲུ་གྲུ་དྲུ་སོགས་འབྱུང་བ་ལྟ་བུ་དང་། གའི་རྒྱབ་ཏུ་ས་མཐའ་དགོས་མཁན་རྣམས་ལ་ལོག་འབྲི་བ་དང་། ན་ལོག་ཎ་ལ་མེད་ཟེར་དགོས་པ་དང་། བྷཻ་ལ་སྒོམ་ཟེར་དགོས་པ་སོགས་ཀྱི་ལུས་འགྱུར་མང་དུ་འབྱུང་མོད་ལ། རྒྱ་གར་གྱི་ཡི་གེ་ལ་ནི་དབྱངས་ཡིག་རེ་རེ་ལའང་གཟུགས་མི་གཅིག་པ་ནི་ཨའི་ལུས་འགྱུར་ཡིན་ནོ། །དེས་ན་རྫ་འདི་སྦྱོར་ཀློག་སོགས་ཀྱི་ཚེ་ཡང་ར་མགོར་བསླབ་ཅིང་འབྲི་བའི་ཚེ་ཡང་བཤུར་མ་ལ། སའི་འོག་ཏུ་ཇ་བཏགས་པ་འདྲ་བ་འདི་འབྲི་བར་བྱ་ཞིང་། གཟབ་མ་ལ་ནི་ར་མགོ་ཉིད་དུ་འབྱུང་བས་གོ་སླའོ།། ༈ །།ཡང་། ཕྲན་བུའི་དོན་བསྐོར་གྱི་ཕེབས་སྒོའི། སྲིད་པ་གསུམ་


TR004_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་དང་གསུམ། འཇིག་རྟེན་གསུམ་ཡང་དེ་རྣམས་ཏེ། ལྷའི་འཇིག་རྟེན་ཞེས་སོགས་སོ། །ཁམས་གསུམ་ནི། གཟུགས་ཀྱི་ཁམས། གཟུགས་མེད་ཀྱི་ཁམས། འདོད་པའི་ཁམས་སོ། །ས་གསུམ་ནི། ས་འོག་ས་སྟེང་། ས་བླ་དང་གསུམ་སྟེ། ས་བླ་ཞེས་པ་ནི་སའི་གོང་ལ་འཇུག་ཚེ། བར་སྣང་སོགས་ཡིན་ནོ། །འགའ་ཞིག་ཏུ་གྲོང་ཁྱེར་གསུམ་ཞེས་པའང་འབྱུང་བ་ནི། སྣང་བའི་གྲོང་ཁྱེར། ཕྱེད་སྣང་བའི་གྲོང་ཁྱེར། མི་སྣང་བའི་གྲོང་ཁྱེར། ཞེས་པ་གསུམ་ནི། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་རྣམས་དང་གཅིག་པ་ཉིད་ལགས་སོ།། ༈ །།དེ་ལྟར་བརྗོད་བྱའི་ཆོས་ཚུལ་ཇི་སྙེད་ལ། དྲི་མེད་གཟིགས་པའི་སྤྱན་ཡངས་མི་ཕམ་མགོན། གང་ཁྱེད་མི་ཤེས་མུན་ཁྲོད་མི་གནས་ཀྱང་། གཞན་ལ་ཕན་དགོངས་འབའ་ཤིག་འདི་བརྩོན་མཛད།། ༈ །།བསྟན་པའི་མཐའ་འདིར་བཤེས་གཉེན་རབ་དཀོན་ཞིང་། ཡོད་རྣམས་


TR004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྒྱད་རྟ་བང་འགྲན་ལ་འབྲེལ། །དེ་ཕྱིར་ལེགས་བཤད་འཚོལ་དང་སྦྱིན་པ་པོ། །གཉིས་ཀས་དབེན་འདིར་བདག་འདྲའི་ཚིག་གིས་ཅི། །མཁས་རྣམས་མགུ་བའི་ཚིག་གི་རྣམ་དཔྱོད་མེད། །གྲུབ་པ་དགྱེས་པའི་ཉམས་མྱོང་དོན་གྱིས་སྟོངས། ཅལ་ཅོལ་ཡི་གེར་འགོད་པའི་སྤྱི་བརྡོལ་འདི། །མི་རྒན་སྤོབས་པ་ཆེ་བའི་སུག་རྗེས་ལགས།། ༈ །།ཤེས་ནས་སྨྲས་ན་མཁས་པའི་ལུགས་ཡིན་ཀྱང་། །མི་ཤེས་སྨྲ་མང་དཔྱོད་ལྡན་འཁྲེལ་བའི་རྒྱུ། །དོན་མེད་གླེགས་བམ་ལོངས་འདྲའི་དྲི་ལན་འདིར། འགལ་འཁྲུལ་བཟོད་པར་བཞེས་གཅིག་མི་ཕམ་མགོན། །གལ་ཏེ་ཚུལ་འདིར་ལེགས་བཤད་ཆ་མཆིས་ན། །དེ་ཡིས་དགེ་མཐུ་ཇི་སྙེད་ཡོད་པ་དང་། །རྣམ་དཀར་བསམ་པའི་མཐུ་བྱིན་ཡོངས་བསྡོམས་ཏེ། །སྲིད་ཞིའི་འདམ་ལས་འགྲོ་ཀུན་འདྲེན་པར་ཤོག །ཅེས་པ་འདི་ཡང་སྙིགས་མཐར་སྐྱེས་པའི་རྙིང་ཧྲུལ་གྱི་བཙུན་པ་མཁས་མཆོག་པདྨ་ལེགས་གྲུབ་སྩལ་གྱིས། ཀོང་རོང་ཟད་མཐའི་རི་ཁྲོད་ནས་ཕུལ་བ་མངྒ་ལཾ། །དགེའོ། །


previousཆོས་ཚུལ་སྣ་ཚོགས་ལས་བརྩམས་ཏེ་འབེལ་གཏམ་དུ་བགྱིས་པའི་རབ་མེ་ཏོག་ཆུན་འཕྱང་།next