Nitartha Digital Library
Tibetan
 
previousབྱིན་རླབས་དམ་རྫས་ཀྱི་དཀར་ཆགས་སྟོང་མཐུན་ངེས་ཤེས་འདྲེན་བྱེད།next

བྱིན་རླབས་དམ་རྫས་ཀྱི་དཀར་ཆགས་སྟོང་མཐུན་ངེས་ཤེས་འདྲེན་བྱེད།


TR005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་དམ་རྫས་ཀྱི་དཀར་ཆགས་སྟོང་མཐུན་ངེས་ཤེས་འདྲེན་བྱེད་ཅེས་བྱ་བ་བཞུགས་སོ། །


TR005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ས་མ་དཱ་ན་སརྦ་སིདྡྷི་ཧཱུྃ། རང་བཞིན་ཆོས་སྐུ་བདེ་ཀློང་འཁྱིལ་བའི་དབྱིངས། །དབྱིངས་ལས་མ་གཡོས་གཟུགས་སྐུའི་ཐུགས་རྗེའི་སྩལ། །སྩལ་ཆེན་རྫོགས་པའི་ཕྲིན་ལས་དངོས་གྲུབ་ཆར། །ཆར་འབེབས་བདུད་རྩིའི་འབྱུང་གནས་བླ་མར་འདུད། །ཐོག་མ་མེད་ནས་ལྷན་སྐྱེས་མ་རིག་མུན། །མུན་ཀློང་འཁྱམས་པའི་འཁོར་བའི་སེམས་ཅན་ཚོགས། །ཚོགས་གཉིས་མངོན་གྱུར་འབྲས་བུའི་སར་འགོད་ཐབས། །ཐབས་མཆོག་བདུད་རྩིའི་རང་བཞིན་འདིར་བརྗོད་བྱ། །ངེད་ལ་སྤྱིར་འཁོར་བ་དང་མྱང་


TR005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱུ་དང་ལམ་དང་འབྲས་བུ་གསུམ་དུ་མ་འདུས་པ་མེད་ཕྱིར། དམ་རྫས་བདུད་རྩི་ཡང་དེ་གསུམ་གྱིས་བསྡུས་པའི་སྒོ་ནས་སྟོན་ཏེ། དེ་ཡང་། ཀུན་གཞི་རྒྱུའི་བདུད་རྩི། ལམ་ཐབས་ཀྱི་བདུད་རྩི། འབྲས་བུ་ཡེ་ཤེས་ཀྱི་བདུད་རྩི་དང་གསུམ་ལས། དང་པོ་རྒྱུའི་བདུད་རྩི་ལའང་གཉིས་སྟེ། མཚོན་བྱ་དོན་གྱི་བདུད་རྩི་དང་མཚོན་བྱེད་རྟགས་ཀྱི་བདུད་རྩིའོ། །དང་པོ་མཚོན་བྱ་དོན་གྱི་བདུད་རྩི་གང་ཞེ་ན། སེམས་ཅན་གྱི་ཁམས་ལ་ཁྱབ་པའི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་དང་། དེ་ལས་བྱུང་


TR005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འགྱུ་བྱེད་ཕྲ་རག་བཟང་ངན་གྱི་རྟོགས་ཚོགས་མཐའ་དག །གདམས་པའི་གནད་ཀྱིས་མ་ཟིན་ན་ལས་ཉོན་འཁྲུལ་པའི་བག་ཆགས་བསྐྱེད་ཅིང་། དེ་འབྲས་ཀྱིས་ཁམས་གསུམ་འཁོར་བའི་སྡུག་བསྔལ་བསྐྱེད་ཕྱིར་བདུད་ཡིན་ལ། གནད་ཀྱིས་ཟིན་ཅིང་རྟོགས་ན་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་སྨིན་པར་བྱེད་པའི་རྩི་ཡིན་ཕྱིར་བདུད་རྩི་ཞེས་བྱ་སྟེ།། ༈ །།ཆེ་མཆོག་འདུས་པའི་རྒྱུད་ལས། །གང་དག་ཆགས་སོགས་སྲིད་པའི་གཞི། །རིགས་གཅིག་པ་དང་ཐ་དད་པའི། །ཉོན་མོངས་ཉེ་བའི་ཉོན་མོངས་དག །རང་གི་དེ་གཉིས་ཡོངས་ཤེས་ཤིང་། །བག་ཆགས་དང་ནི་ཀུན་གྱི་གཞི། །རྣམ་པར་ཤེས་པའི་ཡུལ་ཚོགས་རྣམས། །ཟག་བཅས་ཟག་མེད་འདུས་མ་བྱས། །རང་བཞིན་འབྱུང་བའི་བཅོམ་ལྡན་འདས། །དབང་པོའི་ལོངས་སྤྱོད་ཡུལ་གྱུར་རྣམས། དེ་ཉིད་ཤེས་པས་ཡོངས་བསྒྲུབ་པས། །ང་ཡི་ཡོན་ཏན་མཐོང་བ་ཡིན། ཞེས་དང་། བདག་འཛིན་རྣམ་དག་ཡེ་ཤེས་སྐུ། །ཆགས་བྲལ་


TR005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་ཆོས་ཀྱི་དབྱིངས། །གཉིས་མེད་དོན་ལས་སྣ་ཚོགས་སྟོན། །འདི་ནི་དོན་གྱི་བདུད་རྩི་ཡིན། །ཞེས་གསུངས་ཤིང་། མཚོན་བྱེད་རྟགས་ཀྱི་བདུད་རྩི་ནི། གདོས་བཅས་ཀྱི་ལུས་ལས་རང་བྱུང་གི་བདུད་རྩི་ལྔ་རང་བབས་སུ་འབྱུང་བ་འདི་དག་ཀྱང་། ལམ་ཁྱེར་གྱི་གནད་མི་ཤེས་པ་རྣམས་ཀྱི་སྣང་ངོར་དྲི་ཆེན་དྲི་ཆུ་ཁུ་བ་རཀྟ་ལ་སོགས་མི་གཙང་བའི་དངོས་པོ་ལྟར་སྣང་ཡང་། རྣལ་འབྱོར་ལྡན་པ་རྣམས་ལ་མཆོག་གི་བདུད་རྩིར་ལྷུན་གྱིས་གྲུབ་པ་ཉིད་དེ།། ༈ །།རྒྱུད་ལས། །ཡེ་ཤེས་སྐུ་ལྔ་རྫོགས་པའི་ཕྱིར། །དྲི་ཆེན་གསེར་མདོག་རྣམ་སྣང་མཛད། །མངོན་བྱུང་སྤྲུལ་པ་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་ནི་དཀར་བའི་མདོག །དྲི་མེད་དག་པ་ཡེ་ཤེས་སྐུ། །མཾ་ས་ཡིད་བཞིན་རིན་ཆེན་གཏེར། །སྣ་ཚོགས་འབྱུང་གནས་མཉམ་ཉིད་སྐུ། །རཀྟ་ཆགས་མེད་དམར་བས་ན། །དྲི་མེད་རྣམ་དག་པདྨའི་སྐུ། །དྲི་ཆུ་དག་བྱེད་ལྗང་གུའི་


TR005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མདོག །ཀུན་ཏུ་དོན་འགྲུབ་ལས་རབ་སྐུ། །སྐུ་ལྔ་ལྷུན་གྲུབ་བདུད་རྩི་ལྔ། །རང་གི་ལུས་ལ་ངང་གིས་གནས། །ཐམས་ཅད་མ་ལུས་སངས་རྒྱས་ལྔ། །ལུས་པ་མེད་པར་ཡེ་ཤེས་སྐུ། །མ་བཅོས་ཡེ་ཤེས་དེ་ཉིད་དོ། །དེ་ཕྱིར་སྨན་ནི་བཅུད་ཀྱི་མཆོག །བདུད་རྩི་ཞེས་ནི་དེ་ལ་བྱ། ཞེས་གསུངས་ཕྱིར། །དེ་ཁོ་ན་ཉིད་ཀྱི་དོན་ཤེས་པ་གལ་ཆེ་ཞིང་།། ༈ །།གཉིས་པ་ལམ་ཐབས་ཀྱི་བདུད་རྩི་ལ་ཡང་གཉིས་སྟེ། འབྱུང་བ་ལྷུན་གྲུབ་ཀྱི་བདུད་རྩི་དང་། བསྒྲུབས་པ་དམ་རྫས་ཀྱི་བདུད་རྩིའོ། །དང་པོ། །འབྱུང་བ་ལྷུན་གྲུབ་ཀྱི་བདུད་རྩི་ནི། སྣོད་ཀྱི་འཇིག་རྟེན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སྔོ་ལྡུམ་མེ་ཏོག་རྩ་བ་འབྲས་བུ་ལ་སོགས་ཐམས་ཅད་དང་། བཅུད་ཀྱི་སེམས་ཅན་མཁའ་ལ་འཕུར་དགུ། ས་ལ་འཛུལ་དགུ། རང་བཞིན་གནས་སུ་མཐའ་དག་གི་ཤ་ཁྲག་རྐང་རུས་ལ་སོགས་མ་ལུས་གཙང་དམེ་མེད་པར་བདུད་རྩིའི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ཁོ་ན་ཏེ།


TR005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །བདུད་རྩི་ལྔ་ཡི་རང་བཞིན་ཏེ། །སོ་སོ་རང་རིག་རྩ་བ་བརྒྱད། །དབྱིབས་དང་ཁ་དོག་ཕྱི་ནང་དང་། །ཐབས་དང་ཤེས་རབ་རོ་དང་ནུས། །སྐུ་དང་གསུང་དང་ཐུགས་ཉིད་དང་། །ཡོན་ཏན་ཕྲིན་ལས་ཡན་ལག་སྟོང་། །ངང་དང་རང་བཞིན་བདག་ཉིད་སྐུ། །དུས་གསུམ་དེ་ཉིད་ཤེས་པས་སྤྱོད། བདུད་རྩི་ཉོན་མོངས་ནད་སེལ་འཇོམས། །ཅེས་དང་། དེ་བཞིན་གཤེགས་པའི་བྱིན་རླབས་ལས། །ས་གཞི་ཡུམ་གྱི་རང་བཞིན་ལ། །བྱང་ཆུབ་སེམས་ཀྱི་ཆར་བབས་བས། །ཐམས་ཅད་སྨིན་ཅིང་བང་བར་མཛད། །ཆུ་བོ་བཅུད་ལས་གྱེས་པ་ཡིས། །བདུད་རྩིར་གྱུར་ནས་ཐམས་ཅད་རྒྱས། །རྩ་བ་སྡོང་བུ་ཡལ་ག་དང་། །ཡོན་ཏན་སྟོང་དང་བཅས་པ་ཡིས། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །འགྲོ་བ་དྲུག་གི་གསོས་སུ་གྱུར། །ཅེས་སོགས་གསུངས་པས། སྣང་སྲིད་ཐམས་ཅད་བདུད་རྩི་ཁོ་ནའི་རང་བཞིན་ལས་མ་འདས་སོ། །གཉིས་པ་བསྒྲུབ་


TR005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫས་ཀྱི་བདུད་རྩི་ནི། རྒྱུད་སྡེ་སོ་སོའི་ལུགས་ཀྱི་བསྒྲུབ་ཐབས་མང་ཡང་བསྡུ་ན་གཉིས་སུ་འདུས་སྟེ། རྩ་བརྒྱད་སྟོང་སྦྱར་ལ་བརྟེན་ནས་སྨན་མཆོག་ཨ་མྲྀ་ཏེ་ཕྱེ་མ་ཉིད་དུ་བསྒྲུབ་པ་དང་། སྐྱེ་བདུན་ཤ་ལ་བརྟེན་ནས་རྫས་མཆོག་རྟེན་འདུས་རིལ་བུར་བསྒྲུབ་པ་དང་གཉིས་ཀྱི་དང་པོ་སྨན་སྒྲུབ་ལྟར་ན། སཾསྐྲྀ་ཏའི་སྐད་དུ་མྲྀ་ཏ་ནི་འཆི་བ་ལ་འཇུག་ཅིང་། དེའི་གོང་དུ་དག་པའི་ཨ་ཡིག་སྦྱར་བས་ཨ་མྲྀ་ཏ་ཞེས་འཆི་མེད་ཀྱི་དམ་རྫས་བདུད་རྩིའི་རང་བཞིན་དུ་བསྒྲུབ་པར་བྱ་བ་ལ། རྩ་བ་བརྒྱད་དང་ཡན་ལག་སྟོང་སྦྱར་བ་སྟེ། རྩ་བ་བརྒྱད་ལའང་ཕྱིའི་རྩ་བ་བརྒྱད། ནང་གི་བརྒྱད། གསང་བའི་བརྒྱད། དེ་ཁོ་ན་ཉིད་ཀྱི་བརྒྱད་དོ། །ཡན་ལག་སྟོང་ནི། བདུད་རྩི་དྲི་ཆེན་ལ་རིགས་ཉི་ཤུ། བྱང་སེམས་ལ་ཉི་ཤུ། མཾ་ས་ལ་ཉི་ཤུ། རཀྟ་ལ་ཉི་ཤུ། དྲི་ཆུ་ལ་ཉི་ཤུ། བདུད་རྩི་ལྔ་པོ་དེ་དག་རེ་རེ་ལ་ནང་མཚན་བརྒྱ་བརྒྱ་དང་


TR005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྔ་རེ་རེ་ལ་སྐྱོབས་བརྒྱ་བརྒྱ་སྟེ་ལྔ་བརྒྱ་ཚན་གཉིས་ཀྱིས་ཡན་ལག་སྟོང་དུ་ཚང་ཞིང་། གཞན་ཡང་། རིག་འཛིན་གྲུབ་ཐོབ་སྐྱེས་ཆེན་རྣམས་ཀྱི་སྐུ་ཤ་སོགས་བྱིན་རླབས་ཀྱི་རྫས་རྣམ་དག་རྣམས་ཚུལ་བཞིན་བསགས་ནས། རྡོ་རྗེ་སློབ་དཔོན་འདུས་པར་བཅས་པས་ཚོམ་བུ་ཚོགས་སྒྲུབ་ཀྱི་སྒྲུབ་བཞི་ཕུན་སུམ་ཚོགས་པས་གཞི་བཟུང་ཞིང་། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་ཚུལ་ལྡན་གྱིས་སྒོ་ནས་སྒྲུབ་པ་ཆེན་པོ་རྟགས་མཐོང་གི་བར་དུ་བསྒྲུབ་པའི་བདུད་རྩི་ཨ་མྲྀ་ཏ་འདི་ལྟ་བུས་ནི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་དངོས་གྲུབ་མཐའ་དག་མྱུར་དུ་ཐོབ་པར་བྱེད་པའི་སྨན་གྱི་ནོར་བུ་རིན་པོ་ཆེ་ཉིད་ཡིན་ཏེ། རྒྱུད་ལས། །དམ་ཚིག་རྩ་བ་རྣམ་པ་ལྔ། །ཡན་ལག་ཡོན་ཏན་བཅས་པ་ནི། །རང་གི་རིགས་མཐུན་བཅས་པ་དང་། །འཕྲོད་དང་སྐྱོབས་ཀྱི་ཁྱད་པར་ལས། །


TR005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བློན་པོ་དམངས་ལྟ་བུ། །སྐད་ཅིག་ཐུགས་འཕྲད་བསྟེན་པས་ཀྱང་། །ཚེ་རིང་ནད་མེད་བདེ་བ་དང་། །ལངས་ཚོ་ཁ་དོག་སྟོབས་དང་གཟི། །འཕེལ་ཞིང་དབང་པོ་རིག་པ་གསལ། །མཁའ་ལ་འགྲོ་ཞིང་ཕ་རོལ་གྱི། །ནུས་སྟོབས་གནོད་པས་མི་ཚུགས་ཤིང་། །ཀུན་གྱིས་བཀུར་སྟིའི་འོས་སུ་མཐོང་། ཁམས་དང་ཟས་ཀྱིས་མི་འབྲེལ་ཞིང་། །སྔོན་གྱི་རྒྱལ་བ་ཆེ་རྣམས་ཀྱི། །རིག་པ་འཛིན་པའི་གྲལ་ཐོབ་འགྱུར། །དེ་ཉིད་མ་ཐོབ་བར་དུ་ཡང་། །ནད་དང་གནོད་པས་མི་རྫི་ཞིང་། །གཞན་ལ་ཕན་པ་འགྲུབ་ལ་སོགས། །ཡོན་ཏན་ཆེན་པོ་དཔག་མེད་ཐོབ། །ཞེས་སོགས་ཕན་ཡོན་བརྗོད་ཀྱིས་མི་ལངས་བར་གསུངས་སོ།། ༈ །།ཡང་། སྐྱེ་བདུན་ཤ་ལ་བརྟེན་ནས་རྫས་མཆོག་རྟེན་འདུས་རིལ་བུར་བསྒྲུབ་པར་ལྟར་ན། དེ་ཡང་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་བསམ་གྱིས་མི་ཁྱབ་


TR005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པས། འགྲོ་བ་རྣམས་སོ་སོའི་སྐལ་བ་དང་མཚམས་པའི་གདུལ་ཐབས་སྣ་ཚོགས་པར་སྟོན་པ་ནི་རྨད་དུ་བྱུང་བའི་མཛད་པ་སྟེ། སྐུ་ཡིས་འདུལ་བ་ལ་སྐུ། ཆོས་ཀྱི་འདུལ་བ་ལ་ཆོས། ཟང་ཟིང་གིས་འདུལ་བ་ལ་ཟང་ཟིང་། སྤྲུལ་པའམ་བརྡའ་དང་ཐབས་ཀྱིས་འདུལ་བ་ལ་དེ་དང་དེ་ལྟ་བུས་འདུལ་བར་མཛད་དེ། མགོ་དང་ཡན་ལག་དབང་པོ་ལྔ་དང་ཤ་ཁྲག་ལ་སོགས་པ་ཡང་ལྟོས་མེད་དུ་སྦྱིན་ནས་སྨོན་ལམ་མཚམས་སྦྱོར་གྱི་ཐབས་དང་ཐུགས་རྗེ་དཔག་ཏུ་མེད་པས་འགྲོ་ལ་ཕན་བདེ་སྩོལ་བ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན་ཕྱིར། སྲོག་ཆགས་དེས་པའི་གཏམ་རྒྱུད་སོགས་སྟོན་པའི་སྐྱེ་རབས་རྣམས་ལས་བྱུང་བ་བཞིན་དང་། སྐབས་འདིར་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་སྙིགས་མའི་སེམས་ཅན་ཆོས་ཀྱིས་འཕོངས་ཤིང་ངན་སོང་མཐའ་མེད་པར་འཁྱམས་པ་རྣམས་བརྩེ་བས་རྗེས་སུ་བཟུང་།


TR005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྒྱ་གར་གྱི་ཡུལ་དུ་རིགས་ལྡན་གྱི་བྲམ་ཟེ་ལྔའམ་གསུམ་དུ་སྐུ་སྤྲུལ་ཏེ། སྐུའི་སྤྲུལ་པ་བྲམ་ཟེ་དུང་འཕྲེང་ཅན་དང་། གསུང་གི་སྤྲུལ་པ་བྲམ་ཟེ་པདྨ་དཀར་པོ། ཐུགས་ཀྱི་སྤྲུལ་པ་བྲམ་ཟེ་དྲི་མེད་སྙིང་པོ་དང་བཅས་པ་རྣམས་ཀྱི་སྐུ་ཤ་འགྲོ་བ་གང་གི་ཁོང་དུ་སོང་བ་ཙམ་གྱིས་འཁོར་བ་མཐའ་ཅན་དུ་མཛད་ནས་བྱང་ཆུབ་ཀྱི་གོ་འཕང་ལ་མྱུར་དུ་རེག་པར་འགྱུར་བའི་ནུས་ལྡན་དུ་བྱིན་གྱིས་བརླབ་པའི་སྐྱེ་བདུན་གྱི་ཤ་དེ་དག་བོད་ཡུལ་དུ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་བསྣམས་ནས་རིལ་བུའི་སྒྲུབ་པ་མཛད་ཅིང་། རིལ་བུ་རྣམས་ལ་ཡང་རྗེ་འབངས་སོ་སོའི་ཕྱག་འཛུབ་ཀྱི་རི་མོ་ལས་གྲུབ་པའི་ཨཱཿདང་མ་ལ་སོགས་པའི་ཡིག་འབྲུས་མཚན་ཞིང་། ཡ་མཚན་པའི་རྟགས་དུ་མ་དང་བཅས་ཏེ་གཏེར་ཁ་སོ་སོར་རྒྱ་རིམ་པ་བདུན་གྱིས་བཏབས་ནས་སྦས་པ་རྣམས་གཏེར་སྟོན་


TR005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ན་རིམ་གྱིས་གདན་དྲངས་པའི་དམ་རྫས་དེ་དག་ཕབས་རྒྱུན་དུ་བགྱིས་ཤིང་། གཞན་ཡང་བཀའ་གསར་རྙིང་གི་སྐྱེས་ཆེན་དུ་མའི་བྱིན་རླབས་རྟེན་རྫས་སྨན་བཟང་དང་བསྲེས་པ་རིལ་བུར་བྱས་ནས། སྒྲུབ་གཞུང་སོ་སོ་ལས་ཇི་ལྟར་བཤད་པ་བཞིན་བསྒྲུབས་པའི་སྐྱེ་བདུན་མྱོང་གྲོལ་གྱི་རིལ་བུ་འདི་དག་ཀྱང་འབྲེལ་ཚད་དོན་དང་ལྡན་པའི་ཐབས་ཟབ་བླ་ན་མེད་པ་ཡིན་ཏེ། བཀའི་ཐང་ཡིག་ལས། རྒྱལ་སྲས་ཕུང་པོ་འདི་ཡང་དོན་ཅན་ཏེ། །ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ། །རྨང་པོའི་ལྟོར་སོང་སྲིད་ཀྱི་དངོས་གྲུབ་འབྱུང་། །དབུལ་པོའི་ལྟོར་སོང་ནོར་གྱི་དངོས་གྲུབ་འབྱུང་། །དད་ཅན་ལྟོར་སོང་ཆོས་ཀྱི་དངོས་གྲུབ་འབྱུང་། །ཞེས་སོགས་གསུངས་པ་དང་། གཞན་ཡང་། ཡེ་ཤེས་རིག་པ་མཆོག་གི་རྒྱུ་ལས། རིལ་བུ་སུ་ཡི་ལྟོར་སོང་བ། །ཚེ་རབས་གང་དང་གར་སྐྱེས་ཀྱང་། །སྤྱན་རས་གཟིགས་


TR005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲལ་མི་སྲིད། །རྫས་མཆོག་རེག་ཆོག་ངོ་མཚར་ཆེ། །ཅེས་དང་། འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུངས་པ། །འདི་ཉིད་མྱོང་བ་ཙམ་གྱིས་ནི། །བསྒོམ་མི་དགོས་ཏེ་མྱོང་གྲོལ་ལོ། །ཞེས་གསུངས་པ་ལྟར་ཡིན་ཞིང་། འདིར་གང་ཟག་འགའ་ཞིག་མྱོང་བས་གྲོལ་བ་ཞེས་པ་བློར་མི་ཤོང་བར་ལོག་པར་ལྟ་བར་བྱེད་མོས་ཀྱང་། འདི་ནི་སངས་རྒྱས་ཀྱི་ཐུགས་རྗེའི་ཐབས་འཕྲུལ་འགག་པ་མེད་པའི་ཕྲིན་ལས་ཀྱི་རྣམ་པར་ཐར་པ་ཡིན་ཕྱིར་ལོག་པར་ལྟར་མི་རུང་སྟེ། དཀོན་མཆོག་བརྩེགས་པ་ལས། འདི་ལྟ་སྟེ། རིག་སྔགས་དང་སྨན་དང་ཁྱུག་དཔྱད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་པོ། །ཅེས་གསུང་པ་ལྟར་ཡིན་ཞིང་། དེ་ལྟ་བུའི་དགོངས་དོན་ནི་རྙིང་ལུགས་གཅིག་


TR005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ཡང་མ་ཡིན་ཏེ། གསང་སྔགས་གསར་མའི་རྒྱུད་སྡེ་ལས་ཀྱང་གསལ་བར་གསུངས་མོད་དེ། ཀྱཻ་རྡོར་གྱི་རྒྱུད་ལས། སྐྱེ་བ་བདུན་པའང་དེ་ནས་མཚོན། །དགའ་བྲལ་དགའ་བ་ལ་སྨོད་པ། །ལན་བདུན་པས་ནི་འགྲུབ་པར་འགྱུར། །དེ་ནི་ཟོས་པ་ཙམ་གྱིས་ཀྱང་། །སྐད་ཅིག་ཉིད་ལ་མཁའ་སྤྱོད་འགྱུར། །ཞེས་སོགས་དང་། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས། །སྐྱེ་བ་བདུན་དུ་འབྱུང་བ་ཡིན། །དེ་ཉིད་ཟོས་པ་ཙམ་གྱིས་ནི། །ལྷ་ཡི་གཟུགས་ནི་འཛིན་པར་འགྱུར། །མནོམ་པའམ་རེག་པ་ཉིད་ཀྱིས་ཀྱང་། །གང་ཞིག་ཐིག་ལེར་བྱས་པ་དེ། །མདོ་ལ་འགྲུབ་བར་འགྱུར་བ་ཉིད། །ཅེས་སོགས་མཐའ་ཡས་པར་གསུངས་ཤིང་། །དངོས་སུ་ཕྱག་ལེན་དུ་ཡང་ཀར་ལུགས་ཀྱི་རིལ་ནག །ས་སྐྱ་པའི་བདུད་རྩི་རིལ་བུ། །འབྲུག་ལུགས་ཀྱི་འཇའ་ཟུག་མ་ལ་སོགས་དམ་རྫས་ཁྱད་འཕགས་དུ་མ་དང་། ཐུགས་རྗེ་


TR005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྒོ་ནས་བསྒྲུབས་པའི་མ་ཎི་རིལ་བུ་སོགས་ནི་ཆོས་ལུགས་ཐམས་ཅད་ཀྱི་ཕྱག་བཞེས་སུ་མཛད་བཞིན་པ་ཡིན་ཚེ། གསང་སྔགས་རྙིང་མའི་མྱོང་གྲོལ་ཁོ་ན་ཁུངས་མ་དག་པའོ་ཞེས་སྐུར་འདེབས་བྱེད་པ་རྣམས་ནི་ཆོས་སྤོང་གི་ལས་ཆེན་པོ་ཉིད་དུ་ཤེས་ཤིང་སྤངས་བར་རིགས་སོ། །དེ་ལྟར་ཀུན་གཞི་རྒྱུའི་བདུད་རྩི་དང་། ལམ་ཐབས་ཀྱི་བདུད་རྩིའི་རྒྱུ་མཚན་མདོ་ཙམ་བརྗོད་ནས། གསུམ་པ་འབྲས་བུ་ཡེ་ཤེས་ཀྱི་བདུད་རྩི་ཞེས་བྱ་བ་ནི་ལ་མངོན་དུ་གྱུར་བའི་ཡེ་ཤེས་དེ་ཁོ་ན་ཉིད་ཆོས་ཀྱི་སྐུའི་དགོངས་པའི་མཐར་ཐུག་ཟག་མེད་བདེ་ཆེན་ངོ་བོ་ཉིད་ལ་བྱ་སྟེ། བདུད་རྩིའི་རྒྱུད་ལས། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱིས། །སྣོད་བཅུད་དབྱིངས་སུ་བསྡུས་ནས་ནི། །ཐབས་དང་ཤེས་རབ་བྱིན་རླབས་ཀྱིས། །མཚན་མའི་རྣམ་ཤེས་ཡུལ་དང་བཅས། །རྣམ་པར་རྟོག་པའི་མཚན་མ་ཀུན། །དམིགས་སུ་མེད་པར་རྟོགས་པ་ནི། །


TR005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་མེད་པར་རྟོགས་པ་ནི། །འདུས་མ་བྱས་པའི་བདུད་རྩི་སྟེ། །དག་པའི་བདུད་རྩི་ཉིད་དུ་འགྱུར། །ཅེས་དང་། ལྡེ་མིག་གི་རྒྱུད་ལས། བཅུད་ཀྱི་རྡོ་རྗེ་སྙིང་པོ་འདི། །བདག་དང་གཞན་དུ་བརྗོད་དུ་མེད། །བསྟན་དུ་མེད་པའི་ཆོས་ཉིད་ནི། །བརྗོད་དུ་མེད་པར་གོ་བར་གྱིས། །བརྗོད་མེད་བརྗོད་པ་བརྗོད་པའི་མཆོག །མཉན་བསམ་བསྒོམ་པའི་ཤེས་རབ་ཀྱིས། །བློ་ཡི་པདྨོ་ཁ་ཕྱེས་ལ། །ངེས་པའི་དོན་འདི་རྟོགས་པར་གྱིས། ཞེས་གསུངས་པ་བཞིན། བླ་ན་མེད་པའི་རང་བྱུང་གི་ཡེ་ཤེས་དོན་དམ་པའི་བདེན་པ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ཚེ་སྐྱེ་འཆི་སྤོང་ལེན་དགག་སྒྲུབས་ཀྱི་མཚན་འཛིན་ལས་འདས་པའི་དོན་ལ་རེག་པ་ནི་བདེ་གཤེགས་ཀུན་གྱི་ཐུགས་བཅུད་མཆོག་གི་བདུད་རྩི་ཡང་དག་པའི་དམ་པའོ།། ༈ །།དེ་ལྟ་བུ་ཁྱད་པར་མཆོག་ཏུ་འཕགས་


TR005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲུབས་ཐབས་ལས་ཇི་ལྟར་བྱུང་བ་ལྟར་ཚུལ་བཞིན་བསྒྲུབས་པའི་བྱིན་རླབས་དམ་རྫས་འདི་དག་གི་ནང་དུ། སྐྱེས་ཆེན་དམ་པ་རྣམས་ཀྱི་བྱིན་རླབས་རྟེན་རྫས་ཕབས་རྒྱུན་གྱི་རིགས་ཇི་ལྟ་བུ་བཞུགས་ཅེ་ན། ཐོག་མར་གཏེར་ཁ་རྣམས་ལས་བྱུང་བའི་དད་རྟེན་གྱི་རིགས་ལ་དང་པོ། དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་རིང་སྲེལ་འདི་གཉིས་ཀྱང་ལས་འཕྲོ་གླིང་པའི་གཏེར་མའོ། ཤཱཀྱའི་དབང་པོའི་རིང་སྲེལ། རིག་འཛིན་དགའ་རབ་རྡོ་རྗེའི་སྒྲུབ་སྨན། མཁས་པའི་ཤྲཱི་སིངྷའི་སྒྲུབ་སྨན། འཕགས་པ་ཀླུ་གྲུབ་ཡབ་སྲས་ཀྱིས་བསྒྲུབས་པའི་བདུད་རྩི་རིལ་བུ། སྐྱེ་བ་བདུན་པ་བྲམ་ཟེ་དུང་རྣ་ཅན་ནམ་དུང་འཕྲེང་ཅན་གྱི་སྐུ་ཤ །བྲམ་ཟེ་དྲི་མེད་སྙིང་པོའི་སྐུ་ཤ །གཏེར་སྟོན་མངའ་བདག་མྱང་གི་གཏེར་ཁ་ནས་བྱོན་པའི་ཨ་མྲྀ་ཏ་གུ་རུ་རིན་པོ་ཆེ་ཉིད་ཀྱིས་བསྒྲུབས་པ་མཛད་པའི་


TR005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཕབས་རྒྱུན་སྐྱེ་བདུན་ཨ་ཐམ་མ། ཚེ་ཆུ། ཚེ་རིལ། མཁོ་མཐིང་ལྷ་ཁང་དང་སྲིན་མོ་སྦར་རྗེས་ཅན་གྱི་གཏེར་ཁའི་ཤོག་སེར་ཚལ་བུ། མངའ་བདག་ཉང་ཉིད་ཀྱིས་བསྒྲུབས་པའི་སྐྱེ་བདུན་རིལ་བུ། མྱང་གི་དབུ་སྐྲ། གདུང་རུས་སོགས་བཞུགས། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་མ་སློབ་དཔོན་པདྨ་དང་བི་མ་ལ་གཉིས་ཀྱིས་བསྒྲུབས་པའི་བདུད་རྩི་ཆོས་སྨན། རྗེ་འབངས་གྲོགས་གསུམ་གྱིས་བསྒྲུབས་པའི་སྐྱེ་བདུན། མཁར་ཆུ་ཕུག་རིང་ནས་བཏོན་པའི་བྲམ་ཟེ་སྐྱེ་བདུན་གྱི་ཤ་རིལ། ནམ་མཁའི་སྙིང་པོའི་དབུ་ལོ། །སློབ་དཔོན་ཡབ་ཡུམ་གྱི་བྱང་སེམས། ནམ་མཁའི་སྙིང་པོ་དང་ཤེལ་དཀར་རྡོ་རྗེ་འཚོ་ཡབ་ཡུམ་གཉིས་ཀྱི་བྱང་སེམས་དཀར་དམར། གུ་རུ་རིན་པོ་ཆེའི་ན་བཟའ། གཙང་གི་སྣར་སྟོད་གསང་ཕུག་ནས་གདན་དྲངས་པའི་སྐྱེ་བདུན་ཨ་དམ་མ། ཚེ་ཆུ་རིལ་བུ། ཡང་རྙིང་འདུས་པའི་ཤོག་སེར། ཆོས་


TR005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྲས་མཁར་མའི་ཤོག་སེར། གུ་རུ་ཆོས་དབང་ཉིད་ཀྱིས་བསྒྲུབ་པའི་ཨ་མྲྀ་ཏ་དང་སྐྱེ་བདུན། ཆོས་དབང་གི་སྐུ་ཤ ཚེམས། དབུ་ལོ། ན་བཟའ། སྐུ་གདུང་དྲིལ་ཚད་སོགས་བཞུགས། གཞན་ཡང་། རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་མའི་སྐྱེ་བདུན་དང་དེ་ཉིད་ཀྱི་བདུད་རྩི། གཏེར་སྟོན་གུ་རུ་ཇོ་རྩེས་ཟངས་ཡག་བྲག་ནས་གདན་དྲངས་པའི་ཨ་དམ་རིལ་བུ། གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱིས་རྒྱ་ནག་གོང་མ་ཆེན་པོའི་སྐུ་ཚེ་ལ་དམིགས་ནས་བྲག་རྡོ་རྗེ་ཚེ་བརྟན་ནས་གདན་དྲངས་པའི་ཚེ་ཆུ་རིལ་བུ་དང་སྐྱེ་བདུན་ཆེན་མོ། །གཏེར་སྟོན་སངས་རྒྱས་གླིང་པའི་གཏེར་མ་གུ་རུ་ཡབ་ཡུམ་གྱི་བྱང་སེམས། ཨ་མྲྀ་ཏ། ཉི་ཟླ་ཁ་སྦྱོར་གྱི་ཚེ་རིལ། ཨོ་རྒྱན་གྱི་ན་བཟའ། སྐྱེ་བདུན་ཨ་མ་ཤོག་སེར། གཏོར་སྒྲུབ་ཀྱི་གཏོར་མ། གཏེར་སྟོན་ཉིད་ཀྱི་བསྒྲུབ་སྨན་སྔ་ཕྱི་གཉིས། གདུང་རུས། ན་བཟའ་སོགས་དང་། གཏེར་སྟོན་


TR005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་གླིང་པའི་གཏེར་ཁའི་སློབ་དཔོན་གྱི་ན་བཟའ་ཟབ་བེར། རྒྱལ་སྲས་ལྷ་རྗེའི་སྐུ་ཤ །སློབ་དཔོན་ཡབ་ཡུམ་གྱི་བྱང་སེམས་ཚེ་ཆུ་རིལ་བུ། གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་མའི་སྐྱེ་བདུན། ཤོག་སེར་ཚལ་བུ། དེ་ཉིད་ཀྱི་སྐུ་ཤ །གཏེར་སྟོན་དྲི་མེད་ལྷུན་པོའི་གཏེར་མ། ཨོ་རྒྱན་གྱི་ན་བཟའ། སྐྱེ་བདུན་ཨ་མ། ཚེ་རིལ་དེ་ཉིད་ཀྱི་སྐུ་ཤ །གཏེར་སྟོན་དྲི་མེད་ཀུན་དགའི་གཏེར་མའི་གུ་རུ་ཡབ་ཡུམ་གྱི་དབུ་ལོ། །བྲམ་ཟེ་སྐྱེ་བདུན་གྱི་ཤ་རིལ། ཤོག་སེར། ལྷ་ལྕམ་པདྨ་གསལ་གྱི་དབུ་ཐོད་ཚལ་བུ། གཏེར་སྟོན་ཀརྨ་གླིང་པའི་གཏེར་མའི་སྐྱེ་བདུན་ཨ་མ་རིལ་བུ། གཏེར་སྟོན་ཀུན་སྐྱོང་གླིང་པའི་གདུང་རུས། བསམ་གཏན་བདེ་ཆེན་གླིང་པའི་སྐུ་ཤ །གཏེར་སྟོན་མདོ་སྔགས་གླིང་པའི་གདུང་རུས། གཏེར་སྟོན་ལས་འཕྲོ་གླིང་པའི་སྐྱེ་བདུན་རཏྣ་གླིང་པའི་གཏེར་ཁའི་ཨོ་རྒྱན་ན་བཟའ། བདུད་རྩི་ཆོས་སྨན། སྐྱེ་བདུན་


TR005_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཆུ་རིལ་བུ། ཤོག་སེར་གྱི་ཚལ་བུ། གཏེར་སྒྲོམ་གྱི་དུམ་བུ། གཏེར་སྟོན་ཉིད་ཀྱི་བསྒྲུབ་པའི་ཆོས་སྨན། སྐྱེ་བདུན་རིལ་བུ། སྐུ་ཤ དབུ་གླད། གདུང་རུས། དབུ་སྐྲ། བདུད་རྩི། གཏེར་སྟོན་པདྨ་གླིང་པའི་གཏེར་ཁའི་ཨོ་རྒྱན་གྱི་ན་བཟའ། ལྷ་ལྕམ་པདྨ་གསལ་གྱི་དབུ་སྐྲ། ན་བཟའ། བདུད་རྩི་ཆོས་སྨན། བྲམ་ཟེ་དྲི་མེད་སྙིང་པོའི་སྐུ་ཤ་རིལ་བུ། གཏེར་སྟོན་དེ་ཉིད་ཀྱི་བསྒྲུབ་སྨན། སྐྱེ་བདུན་རིལ་བུ། བདུད་རྩི། རིག་འཛིན་མཆོག་ལྡན་མགོན་པོའི་སྐུ་ཤ །དབུ་གླད། དེས་བསྒྲུབ་པའི་སྐྱེ་བདུན། གཏེར་སྟོན་བསྟན་གཉིས་གླིང་པའི་གཏེར་མ་སྐྱེ་བདུན་ཨ་རྒྱ་མ། ཆོས་སྨན། ཚེ་ཆུ། གཏེར་སྟོན་བྱང་ཆུབ་གླིང་པའི་གཏེར་མ་སྐྱེ་བདུན་ཨ་མ། འགྲོ་མགོན་དུང་མཚོ་རས་པའི་སྐུ་ཤ་རིལ་བུ། རྒྱལ་སྲས་ཟླ་བས་གདན་དྲངས་པའི་སྐྱེ་བདུན། སྤྲུལ་སྐུ་ཆོས་ཀྱི་དབང་པོས་འདན་ཡུལ་ཨ་ཤོ་བྲག་ནས་


TR005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དྲངས་པའི་ཚེ་ཆུ། རྗེ་རིན་ཆེན་ཕུན་ཚོགས་ཀྱི་གཏེར་མའི་ཆོས་སྨན། དེ་ཉིད་ཀྱིས་བསྒྲུབ་པའི་ཨ་མྲྀ་ཏ་དང་སྐྱེ་བདུན། དེ་ཉིད་ཀྱི་སྐུ་ཤ་རིལ་བུ། འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་གདན་དྲངས་པའི་གུ་རུའི་ན་བཟའ། སྐྱེ་བདུན་ཨ་མ། དེ་ཉིད་ཀྱི་དབུ་ལོ། དབུ་གླད། རིག་འཛིན་ཞིག་པོ་གླིང་པའི་གཏེར་མ་དམ་རྫས་རོལ་པ་ཆེན་པོ། མ་བསྒོམ་སངས་རྒྱས་མྱོང་གྲོལ། ཐབས་ཤེས་རྒྱ་ཅན་གྱི་རིལ་བུ། བདུད་རྩི་ཆོས་སྨན། ཚེ་ཆུ་རིལ་བུ། གཏེར་སྟོན་དེ་ཉིད་ཀྱི་ན་བཟའ། གདུང་ཐལ། གསང་ཆབ་རིལ་བུ། བསྒྲུབ་སྨན། སྐྱེ་བདུན། གཏེར་སྟོན་པདྨ་རིག་འཛིན་སྩལ་གྱི་གཏེར་མའི་ཨ་ཐམ་མ། རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་གཏེར་མ་ཨ་དམ་མ་རིགས་གསུམ་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། ཚེ་ཆུ་རིལ་བུ། བྲམ་ཟེ་དྲི་མེད་སྙིང་པོའི་


TR005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཤ་ལྷད་མེད། ཤོག་སེར་ཚལ་བུ། གཏེར་སྟོན་དེ་ཉིད་ཀྱིས་བསྒྲུབས་པའི་ཆོས་སྨན་རིགས་བཞི་སྐྱེ་བདུན་རིལ་བུ་སོགས་བཞུགས། གཞན་ཡང་། མཁན་པོ་བོ་དྷི་སཏྭའི་སྐུ་ཤ །ན་བཟའ། ཕྱག་མཁར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས་ཆགས། སྲོང་ལྡེའུ་བཙན་གྱི་ཟབ་བེར། ཡེ་ཤེས་མཚོ་རྒྱལ་གྱི་ན་བཟའ་དང་པདྨ་རཀྟ། ཤངས་ཚལ། ནམ་མཁའ་སྙིང་པོའི་ན་བཟའ། བཻ་རོ་ཙ་ནའི་ཕྱག་བྲིས་ཤོག་སེར་ཚལ་བུ། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་སྐུ་ཤ རྨ་རིན་ཆེན་མཆོག་གིས་ཕ་ཝོང་ཟན་ལྟར་བརྫིས་ནས། གསོལ་བའི་གསོལ་རས། ཀ་ཐོག་དམ་པ་བདེ་གཤེགས་ཀྱི་སྣམ་སྦྱར། བདུད་རྩི་ཆོས་སྨན། མངའ་བདག་མྱང་གི་སྲས་འགྲོ་བའི་མགོན་པོའི་གདུང་རུས། བསྒྲུབ་སྨན། མྱང་ཏ་ཐཱ་ག་ཏའི་གདུང་རུས། སྐུ་ཤ དབུ་ལོ། ཆོས་དབང་གི་སྲས་པདྨ་དབང་ཆེན་


TR005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་ཤ །སངས་རྒྱས་གླིང་པའི་སྲས་ཡེ་ཤེས་རྡོ་རྗེའི་བསྒྲུབས་པའི་ཨ་མྲྀ་ཏ། རཏྣ་གླིང་པའི་སྲས་ཚེ་དབང་གྲགས་པའི་བསྒྲུབ་སྨན། སྐུ་ཤ །དབུ་སྐྲ། སྲས་མཐའ་ཡས་གྲགས་པའི་དབུ་ཞྭ། སྲས་ངག་དབང་གྲགས་པའི་སྐུ་ཤ །པད་གླིང་གི་སྲས་ཟླ་བ་གྲགས་པའི་དབུ་ལོ། །ཤངས་ཚལ། གུ་རུ་ཆོས་དབང་གི་གདུང་རབས་སྤྲུལ་སྐུ་ཆོས་ཀྱི་དབང་པོའི་སྐུ་ཤ །དེ་ཉིད་ཀྱིས་སྨན་བསྒྲུབས་བརྒྱད་ཅུ་རྩ་གཉིས་མཛད་པའི་ཕབས་རྒྱུན། དེ་སྲས་ཀུན་བཟང་ཆོས་ཀྱི་རྒྱལ་པོས་བསྒྲུབས་པའི་ཨ་མྲྀ་ཏ། དཀར་ཆེན་ཀུན་གྲགས་ཀྱིས་བསྒྲུབ་པའི་སྐྱེ་བདུན་རྟེན་འདུས། ཆོས་རྗེ་སྣ་ཚོགས་རང་གྲོལ་གྱིས་བསྒྲུབ་པའི་སྐྱེ་བདུན་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་བསྒྲུབ་པའི་ཆོས་སྨན། སངས་རྒྱས་དགས་སྟོན་པ། རྒྱལ་སྲས་གཉན་སྟོན་དཔལ་འབྱོར་དབང་ཕྱུག་


TR005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གུ་རུ་རྣམས་ཀྱིས་རིམ་པ་ལྟར་ཀ་བརྒྱད་སྨན་སྒྲུབ་མཛད་པའི་ཆོས་སྨན། ཕོ་བྲང་རྩེ་དྲུང་པ་ནམ་མཁའ་སངས་རྒྱས་ཀྱི་བསྒྲུབས་པའི་སྨན་ནག །སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུའི་དབུ་ཐོད། རིགས་མ་སངས་རྒྱས་སྐྱིད་ཀྱི་དབུ་ཐོད། ཀ་ཐོག་རྣམ་གྲོལ་བཟང་པོའི་ཤངས་ཚལ། རིན་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་གདུང་རུས། རིག་འཛིན་ཆེན་པོ་བསོད་ནམས་རྣམ་པར་རྒྱལ་བའི་གདུང་རུས། ན་བཟའ། དེ་ཉིད་ཀྱི་སྒྲུབ་པའི་ཆོས་སྨན། དཔལ་འབྱོར་བསྟན་འཛིན་གྱིས་བསྒྲུབས་པའི་ཨ་མྲྀ་ཏ། དེ་ཉིད་ཀྱི་རིང་སྲེལ། རྫོགས་ཆེན་བ་བསོད་ནམས་རིན་ཆེན་གྱི་དབུ་བཅིང་། མཚུངས་མེད་བསྟན་འཛིན་རྡོ་རྗེས་བསྒྲུབས་པའི་བཀའ་བརྒྱད་དགོངས་འདུས་སོགས་ཀྱི་སྨན་སྒྲུབ་རིགས་གསུམ། རིག་འཛིན་ཀརྨ་གུ་རུ་ཡབ་སྲས་ཀྱིས་བསྒྲུབས་པའི་ཆོས་སྨན་ཕབས་རྒྱུན་མཉམ་མེད་སོགས་ཟློག་པ་ཆེན་པོས་བསྒྲུབས་པའི་ཨ་མྲྀ་ཏ། བུམ་ཆུ་རིལ་བུ། སྙིམ་ཕུ་བའི་གདུང་རབས་གཏེར་


TR005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ནས་བཟུང་སྟེ་རྒྱལ་སྲས་རིག་འཛིན་སྙིང་པོ་ཡན་གྱི་་བདུད་རྩི་སྨན་སྒྲུབ་ཀྱི་ཕབས་རྒྱུན། བྱ་ཁྱུང་པ་དཔལ་ལྡན་སེང་གེ་ནས་ཐུགས་སྲས་རྒྱལ་དབང་བསྟན་འཛིན་ཡན་གྱི་བསྒྲུབས་སྨན་ཕབས་རྒྱུན། གནམ་གོང་པ་མི་སྐྱོད་རྡོ་རྗེས་གདན་དྲངས་པའི་ཚེ་ཆུ་དང་སྒྲུབ་སྨན་སོགས་ཀྱི་ཕབས་རྒྱུན། གོང་ར་བ་དཔལ་སྐད་གཉིས་སྨྲ་བའི་དབང་པོ་གཞན་ཕན་རྡོ་རྗེས་བསྒྲུབས་པའི་ཆོས་སྨན་སྔ་ཕྱི་སོགས། མདོར་ན་གསང་སྔགས་རྙིང་མའི་རིག་འཛིན་གྲུབ་ཐོབ་སྐྱེས་ཆེན་མཐའ་དག་གི་བྱིན་རླབས་རྟེན་རྫས་ཕབས་རྒྱུན་ཁུངས་བཙུན་རྣམས་བཞུགས་ཤིང་། གསང་སྔགས་གསར་མ་ལྟར་ན། དཔལ་ཏིལླི་པས། ཨོ་རྒྱན་ཡུལ་གྱི་མཁའ་འགྲོའི་གསང་མཛོད་ནས་གདན་དྲངས་པའི་དམ་རྫས་མྱོང་གྲོལ་ཆེན་མོའི་ཕབས་རྒྱུན། ཏིལླི་པའི་དབུ་སྐྲ། དཔལ་ནཱ་རོ་བའི་སྒོམ་ཐག །རུས་རྒྱན་རྡོག་པོ། དཔལ་ཤ་ཝ་རའི་རྡོའི་སྒོམ་ཐག་


TR005_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མཻ་ཏྲི་པའི་དབུ་ཞྭ། མངའ་བདག་མར་པའི་གདུང་རུས། དབུ་ལོ། ན་བཟའ་མར་པ་མགོ་ཡགས་ཀྱི་སྐུ་ཤ །སྲས་དར་མ་མདོ་སྡེའི་སྐུ་མཚལ། རྗེ་བཙུན་ལྷོ་པ་རྟ་སྒོམ་གྱི་དབུ་ཞྭ། རྗེ་མི་ལའི་ན་བཟའ། གདུང་ཐལ། ཇོ་བོ་རྗེའི་སྐུ་ཆོས། ཤངས་མཚལ། འབྲོམ་སྟོན་པའི་གདུང་རུས། པཎ་ཆེན་ཤཱཀྱ་ཤྲཱིའི་སྣམ་སྦྱར། ཕ་དམ་པའི་ན་བཟའ། རྗེ་སྒམ་པོ་པའི་གདུང་རུས། ཞབས་ཆགས། ན་བཟའ། རྗེ་བཙུན་རས་ཆུང་པའི་རས་ཀྱི་ན་བཟའ། གསལ་ལྡོང་ལྒམ་ཤོའི་ན་བཟའ། དཔལ་ཕག་མོ་གྲུབ་པའི་དབུ་ཞྭ། འགྲོ་བའི་མགོན་པོ་ཞང་རིན་པོ་ཆེའི་ན་བཟའ། ཞབས་ཆགས། ལྷ་རི་སྡེ་སྣོད་འཛིན་པའི་གདུང་རུས། རྗེ་དུས་གསུམ་མཁྱེན་པ་ནས་བཟུང་སྟེ་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་ཡན་གྱི་ཀརྨ་པ་ན་རིམ་བཅུའི་དད་རྟེན་གྱི་


TR005_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མཐའ་དག་པ་དང་། རིལ་ནག་ཆེན་མོ། ཞྭ་དམར་པ་སྐུ་སྐྱེ་བ་དྲུག་གི་བར་གྱི་དབུ་ལོ་ན་བཟའ་སོགས་དད་རྟེན་དུ་མ་དང་། གྲུབ་ཐོབ་གླིང་རས་ནས་བཟུང་སྟེ་ར་ལུང་ངག་དབང་ཆོས་རྒྱལ་ཡན་གྱི་དབུ་ལོ་ན་བཟའ་གདུང་རུས་སོགས་མཐའ་ཡས་པ་དང་། སྟོད་འབྲུག་རྒྱུད་པའི་གྲུབ་ཐོབ་དུ་མ་ཞིག་གི་བྱིན་རླབས་རྟེན་དང་། ས་སྐྱའི་རྗེ་བཙུན་གྲགས་རྒྱལ་གྱིས་བསྒྲུབས་པའི་བདུད་རྩི་རིལ་བུ། རྗེ་བཙུན་ས་པཎ་གྱི་རིང་སྲེལ་གྱིས་གཙོ་བྱས་པའི་འཇམ་དབྱངས་བདུན་བརྒྱུད་རྣམས་ནས་བླ་ཆེན་ཆོས་ཀྱི་རྒྱལ་པོ་ཡན་གྱི་བྱིན་རླབས་རྟེན་མ་ཚངས་བ་མེད་པ་དང་། གོང་དཀར་རྡོ་རྗེ་གདན་པ་ཆེན་པོའི་དབུ་ལོ་དང་བདུད་རྩི་རིལ་བུ། ཁྲོ་བུ་ལོ་ཙཱ་བ་ཆེན་པོའི་སྐུ་ཆོས། ཆག་ལོས་གཤེད་དམར་གྱི་སྒོ་ནས་བསྒྲུབས་པའི་བདུད་རྩི་རིལ་བུ། འགོས་ལོ་དང་ཁྲུས་ཁང་ལོ་ཙཱ་གཉིས་ཀྱི་བདུད་རྩི་རིལ་བུ། ཀུན་མཁྱེན་དོལ་པོ་


TR005_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབུ་ལོ། རྗེ་ཞ་ལུ་ལོ་ཆེན་གྱི་བདུད་རྩི་རིལ་བུ། མ་ལབ་སྒྲོན་གྱི་ན་བཟའ། དེ་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱི་དབུ་ཞྭ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དབུ་རལ་ན་བཟའ། གཙང་སྨྱོན་པའི་རུས་བརྒྱན། དབུས་སྨྱོན་པའི་གདུང་ཐལ། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་བས་འཇམ་དབྱངས་ཞལ་གཟིགས་པའི་བསྒྲུབས་རིལ། དཔལ་གཙུག་ལག་ཕྲེང་བས་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་བསྒྲུབ་པའི་བདུད་རྩི་རིལ་བུ། དབུ་ལོ། ན་བཟའ། གསང་ཆབ་རིལ་བུ། རྗེ་བཙུན་གཙུག་ལག་རྒྱ་མཚོའི་དབུ་སྐྲ། ན་བཟའ། གསང་ཆབ་རིལ་བུ། མཆོག་སྤྲུལ་ནོར་བུ། བརྒྱན་པའི་དབུ་ལོ། དེ་ཉིད་ཀྱི་ཡངས་ཟབ་ཀྱི་སྒོ་ནས་ཚེ་སྒྲུབས་མཛད་པའི་ཚེ་ཆུ་རིལ་བུ། མདོར་ན་གངས་ཅན་གྱི་མཁས་གྲུབ་སྐྱེས་ཆེན་ལུང་ཟིན་ཡོངས་གྲགས་མཐའ་དག་གི་བྱིན་རླབས་རྟེན་རྫས་རྩོད་མེད་ཁུངས་བཙུན་རྣམས་མ་ཚང་བ་མེད་པ་ལྟ་བུར་བཞུགས་


TR005_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཞིང་། དེ་དག་ཀྱང་ལྷད་མེད་ཡིན་མིན་ཐེ་ཚོམས་སོམ་ཉི་ཅན་གྱི་རིགས་རྣམས་དོར་ཏེ་ཐེ་ཚོམ་བྲལ་བའི་སྐྱེས་ཆེན་དམ་པ་ཁོ་ནའི་ཕྱག་ནས་བྱུང་བ་རྣམས་རག་བསྡུས་སུ་དཀར་ཆགས་འདིར་བཀོད་པ་ཡིན་ལ། གཞན་དུ་ན་ཆོས་སྨན་སྐྱེ་བདུན་བདུད་རྩི་རིལ་བུ་སོགས་འདི་དག་རེ་རེའི་ནང་དུའང་དམ་རྫས་ཁྱད་འཕགས་ཀྱི་རིགས་ཅི་ཙམ་ཞིག་ཡོད་པར་བྱེད་ཅིང་། སྐྱེ་བདུན་གྱི་ཤ་གཅིག་པུའི་ཕན་ཡོན་ཀྱང་རྒྱུད་སྡེ་དང་བསྒྲུབས་ཐབས་མདམས་ངག་རྣམས་ལས་བསམ་གྱིས་མི་ཁྱབ་པར་གསུངས་ཕྱིར། ནང་ཚན་གྱི་ཞིབ་དབྱེ་དང་རྣམ་གྲངས་ཕན་ཡོན་སོགས་ནི་བདག་ཅག་སོ་སོ་སྐྱེ་བོས་བརྗོད་པར་ཇི་ལྟར་ནུས་ལ། དེར་ཡང་མ་ཟད། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་དང་། ཆུ་བོ་ནཻ་རཉྫ་ནའི་བྱེ་མ་སོགས་རྒྱ་གར་གྱི་གནས་ཆེན་ཐམས་ཅད་ཀྱི་ས་སྣ་རྡོ་སྣ་


TR005_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་དང་། གངས་ཏི་སི་མན། རྒྱ་ལ་སེང་གཏམ་ཡན། རི་བོ་རྩེ་ལྔ་ཚུན་གྱི་གནས་ཆེན་གཙུག་ལག་རྟེན་གསུམ་ཁྱད་པར་ཅན་གྱི་ས་རྡོ་ཆུ་ཤིང་ཁྲུས་ཆབ་རིལ་བུ་སོགས་བྱིན་རླབས་ཀྱི་རྫས་རིགས་བསམ་གྱིས་མི་ཁྱབ་པ་མཆིས་པའི་ཕབས་རྒྱུན་དམ་རྫས་རྟེན་འདུས་འདི་དག །འགྲོ་བ་གང་དང་གང་གི་ཁོང་དུ་སོང་བའམ་དྲི་ཙམ་ཚོར་བས་ཀྱང་། གནས་སྐབས་སུ་ནད་གདོན་ཉེར་འཚེའི་གནོད་པ་ལས་སྐྱོབས་ཅིང་། ལས་ཉོན་གྱི་སྡིག་སྒྲིབ་ཐམས་ཅད་དག་པ་དང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་བྱིན་རླབས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། མི་ཕྱེད་པའི་དད་པས་བསྟན་ཅིང་གསོལ་བ་འདེབས་པ་དང་དངོས་གྲུབ་བླང་བ་ལ་འབད་པར་བྱའོ། །ཐུགས་རྗེ་ནུས་པའི་མངའ་བདག་རྒྱལ་བ་ཡི། །ཕྲིན་ལས་ཐོག་མེད་རྫུ་འཕྲུལ་ལས་འགྲུབ་པའི། །ངོ་མཚར་མྱོང་གྲོལ་ཟག་མེད་བདུད་རྩིའི་མཆོག །


TR005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་གདུལ་བྱའི་དཔལ་དུ་འབར་བ་འདི། །སྙིགས་དུས་འགྲོ་བ་ཚེ་འཐུང་ནད་མང་ཞིང་། །རྨི་ལམ་ལྟ་བུའི་མི་ཚེ་ཡུད་ཙམ་འདིའང་། །ཆོས་དང་བྲལ་ཞིང་སྡིག་ཆེན་ཉེར་སྤྱད་པས། །ངན་འགྲོར་ཐུག་མེད་འཁྱམས་པ་ཤ་སྟག་ལ། །དགོངས་ནས་རྒྱལ་མཆོག་པད་མ་འབྱུང་གནས་སོགས། །འགྲོ་བའི་སྐྱབས་མགོན་རྣམས་ཀྱི་ལེགས་སྩལ་བའི། །དངོས་གྲུབ་གོང་བུར་གྱུར་བའི་ནོར་བུ་ལ། །སྐལ་བཟང་སྐྱེ་དགུ་གུས་པས་ཅིས་མི་སྤྱོད། །དེ་སླད་ཡིད་ཆེད་ལོ་རྒྱུས་དཀར་ཆགས་འདི། །བདག་འདྲ་རྣམ་དཔྱོད་བློ་གྲོས་མི་ལྡན་ཀྱང་། །རིག་འཛིན་གོང་མའི་ཕྱག་བཞེས་གསུང་རྒྱུན་གྱི། །རྗེས་འབྲངས་ལྷག་བསམ་དག་པས་འདི་བཀོད་པའི། །དགེ་བ་འདི་དང་ཚེ་རབས་ཐམས་ཅད་ཀྱི། །རྣམ་དཀར་ཕུང་པོ་ཇི་སྙེད་ཡོངས་བཟླུམས་ནས། རང་དོན་ཞི་བདེའི་


TR005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་མ་ཡིན་པར། །གཞན་དོན་ཁོ་ནར་བསྔོ་ཀུན་མྱུར་འགྲུབ་ཤོག །བྱིན་རླབས་དམ་རྫས་ཀྱི་དཀར་ཆགས་སྟོང་མཐུན་མདོར་བསྡུས་པ་འདི་ཉིད་དོན་གཉེར་མང་པོས་ཉེ་བར་བསྐུལ་བ་ལ་བརྟེན་ནས། སྙིགས་མའི་དུས་ལས་ཀྱང་ཆེས་སྙིགས་སུ་གྱུར་པའི་དུས་འདིར་ཆོས་སྨྲ་བའི་མིང་འཁྲལ་བབ་པའི་བླ་མ་ཟོལ་གྱིས་འཚོ་བ་པ་མཁས་མཆོག་པདྨ་ལེགས་གྲུབ་དཔལ་ཞེས་བགྱི་བས་བཀོད་པ་ཕྱོག་དུས་ཀུན་ཏུ་དགེ་ལེགས་སུ་གྱུར་ཅིག །གཅིག་ཞུས་ཁུལ། །


previousབྱིན་རླབས་དམ་རྫས་ཀྱི་དཀར་ཆགས་སྟོང་མཐུན་ངེས་ཤེས་འདྲེན་བྱེད།next