Nitartha Digital Library
Tibetan
 
previousརྒྱལ་བསྟན་ཡུན་དུ་གནས་ཕྱིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན།next

རྒྱལ་བསྟན་ཡུན་དུ་གནས་ཕྱིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན།


TR005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བསྟན་ཡུན་དུ་གནས་ཕྱིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན་བྱེད་བཞུགས་སོ། །


TR005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷ་ཡ། རྒྱལ་བ་མ་ལུས་ཐུགས་རྗེའི་དབྱིངས་སུ་དབྱེར་མེད་ཀྱང་། །རྩེ་ལྡན་གདུལ་བྱ་བདག་གིར་མཛད་པའི་ཐུགས་སྐྱེད་སྟོབས། །དགུ་བརྒྱ་དགུ་བཅུ་རྩ་དགུའི་བསྐལ་བཟང་འདྲེན་པ་ལས། །མཆོག་གྱུར་ཟས་གཙང་སྲས་དང་སྤྲུལ་བཅས་སྤྱི་བོས་མཆོད། །མགོན་དེའི་བསྟན་པ་དམ་ཆོས་འདུས་སྡེར་བཅས་པ་ཉིད། །དྲི་བྲལ་གོང་འཕེལ་ཡུན་དུ་གནས་ཕྱིར་དེ་སྐྱོང་བའི། །བསྟན་གཙོ་སྤྲུལ་པའི་གནས་བརྟན་འཁོར་


TR005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་མཆོད་པའི་ཐབས། །མདོ་དང་བསྟན་བཅོས་རྣམ་དག་ལ་བཏུས་འདིར་འཁོད་བྱ།། ༈ །།གང་ཞིག་སྲིད་དང་ཞི་བའི་གནས་སྐབས་མཐའ་དག་ཏུ་ཕན་པ་དང་བདེ་བ་བླ་ན་མེད་པའི་གཞིའམ་རྒྱུ་རྐྱེན་དངོས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ལ་རག་ལས་ཤིང་། དེའི་བདག་པོ་དང་འབྱུང་གནས་དང་རྩ་ལག་མཆོག་ཏུ་གྱུར་བ་ཁམས་གསུམ་ན་འགྲན་ཟླ་དང་བྲལ་བའི་སྐྱབས་གནས་མཆོད་འོས་ཚོགས་ཞིང་གི་ཕུལ་དང་རབ་དང་


TR005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་རྩེ་མོར་གྱུར་པའི་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་འདི་དག་ལ་ཕྱག་མཆོད་བཀུར་སྟི་རིམ་གྲོར་བགྱིས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་པར་མི་ལང་བའི་ཚུལ་མདོ་སྡེ་རིན་པོ་ཆེ་དག་ལས་རྒྱ་ཆེར་འབྱུང་བ་ལ་ཡིད་ཆེས་ཀྱི་དད་པས་ཀུན་ནས་བླངས་ཏེ། གནས་སྐབས་མཐར་ཐུག་གི་དོན་དང་དགོས་པ་ཁྱད་པར་ཅན་སྒྲུབ་པའི་སླད་དུ། འཕགས་པ་གནས་བརྟན་ཆེན་པོ་གཙོ་འཁོར་གྱི་ཆོ་གའི་ལས་རིམ་རྒྱས་པ་དག་ལས་ཉེར་བསྡུས་ལག་ཏུ་བླང་བ་བདེ་བ་ཞིག་བྲི་བར་བྱ་བ་འདི་དོན་ཚན་རྣམ་པ་བདུན་གྱིས་སྟོན་ཏེ། གང་ཞེ་ན། སྐྱབས་སེམས་སྔོན་དུ་འགྲོ་བས་ས་གཞི་གནས་ཁང་མཆོད་རྫས་ཡོ་བྱད་བྱིན་གྱིས་བརླབས་པ། ༡ འགྲོ་བའི་དོན་ལ་གཤེགས་པར་


TR005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གསན་དབབ་ཅིང་སྤྱན་དྲངས་བ། ༢ བྱོན་པ་རྣམས་ཀྱི་སྐུའི་བཀོད་པ་གསལ་གདབ་ཅིང་ཕྱག་འཚལ་བ། ༣ སོ་སོའི་སྟན་ལ་བཞུགས་སུ་གསོལ་ཞིང་ཁྲུས་ཆབ་བྲིམ་པ། ༤ མཆོད་པ་འབུལ་ཞིང་སྡིག་པ་བཤགས་ནས་ཆེ་བའི་སྟོན་ལ་བསྟོད་པ། ༥ གཏོར་མ་འབུལ་ཞིང་འདོད་པའི་དོན་གྱི་གསོལ་བ་གདབ་པ། ༦ ཉེས་བྱས་བཟོད་གསོལ་སྨོན་ལམ་ཤིས་བརྗོད་གཤེགས་སྟིམ་གྱི་ལས་དང་བདུན་གྱི། དང་པོ་ནི། བསླབ་གསུམ་རྣམ་པར་དག་པའི་དགེ་འདུན་ཇི་ཙམ་འདུས་པ་རྣམས་ཐུགས་སྤྱོད་མཐུན་ཁྲུས་དང་གཙང་སྦྲ་ཆོས་གོས་རྣམ་གསུམ་ལྡན་པ། དམ་པའི་ཆོས་འདུལ་བ་ནས་གསུངས་པའི་དབྱར་གནས་དང་གསོ་སྦྱོང་སོགས་དུས་སམ། དེ་ལས་གཞན་པ་རྒྱལ་བའི་


TR005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཆེན་བཞི་སོགས་ཅི་རིགས་ལ། གཙུག་ལག་ཁང་དང་ཀུན་དགའ་ར་བ་འཁྱམས་དང་བཅས་པ་བྱི་དོར་བྱ་ཞིང་རྒྱན་གྱི་ཁྱད་པར་དུ་མས་ལེགས་པར་མཛེས་པ་དང་། ཁ་ན་མ་ཐོ་བའི་རྫས་དང་གང་ཟག་གིས་དབེན་པར་བྱས་ལ། དཀྱིལ་འཁོར་ནི་འབྱོར་ན་རྡུལ་ཚོན་གྱིས་དཀྱིལ་འཁོར་སྒོ་རྐྱང་རྟ་བབས་དང་ཁོར་ཡུག་མེད་པ། མུན་སྣམ་ཀ་བ་ཀ་རྒྱན་སོགས་རྟ་བབས་ཀྱི་འདེགས་རྣམས་མི་དགོས་པ་ལས་གཞན་དུ་གཞལ་ཡས་ཁང་སྤྱི་མཐུན་གྱི་ལྟེ་བར་པདྨ་འདབ་མ་བཅུ་དྲུག་མཛེས་ཚོན་འོད་ཟེར་འཕྲེང་བས་བསྐོར་བ་བྲིས་པའི་དབུས་དང་པད་འདབ་རྣམས་སུ་གཙོ་བོ་དང་གནས་བརྟན་རྣམས་མཚོན་བྱེད་འབྲས་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་དགོད་ཅིང་། འཁྱམས་ཀྱི་བྱང་ཤར་དུ་དྷརྨ་ཏཱ་དང་སྒོ་བཞིར་རྒྱལ་ཆེན་བཞིའི་


TR005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་རེ་ཡང་དགོད། ཅི་སྟེ་རྡུལ་ཚོན་གྱི་གཞལ་ཡས་ཁང་འབྲི་བ་མ་འབྱོར་བའང་ཅོག་རྩེ་བཟང་པོ་ལྟ་བུར་ཚོམ་བུ་འདི་དག་བར་དགོད་དོ། །དེའི་མཐའ་བསྐོར་དུ་གཙང་ཞིང་དག་པའི་མཆོད་པ་སྣ་ལྔ་པོ་ལྷ་གྲངས་དང་མཉམ་པའམ་མ་འཛོམ་ཀྱང་སྣ་རེ་རེ་ལ་བདུན་ཚར་རམ་ལྔ་ཚར་ནི་མེད་མི་རུང་དང་། རིན་ཆེན་གྱི་སྣོད་གཙང་དཀར་གསུམ་གྱིས་གཞི་བླངས་པའི་གཏོར་མ་གསུམ་ལམ་གཅིག་གང་རུང་ཟླུམ་པོ་པད་འདབ་བཞི་པ་བྱས་ལ་བཤམ། གཞན་ཡང་འཕན་གདུགས་རྒྱལ་མཚན་བླ་བྲེལ་སོགས་མཆོད་པའི་བྱེ་བྲག་གྱ་ནོམ་པར་བཀོད་དེ་རྒྱལ་བ་འཁོར་བཅས་སྤྱན་དྲངས་པའི་གནས་སུ་རུང་བར་བྱའོ། ༈ །དེ་ནས་ཆོ་ག་དངོས་ལ། མཁན་སློབ་དགེ་འདུན་


TR005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པས་བག་མེད་ཀྱི་བསམ་སྦྱོར་དང་མ་འདྲེས་པར་ཚིག་དང་དོན་ཟུང་དུ་འབྲེལ་བའི་སྒོ་ནས་སྒོང་དུ་སྨོན་པའི་རིམ་པ་བཞིན་གྱི་ཆོ་ག་གཞུང་བསྲང་སྟེ།། ༈ །།སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་འཕགས་ཚོགས་མཆོད་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་གཞལ་ཡས་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླའི་གདན་བཅས་མཛེས་པར་གྱུར། །ལྷ་མིའི་མཆོད་རྫས་དངོས་འབྱོར་ཡིད་སྤྲུལ་ཚོགས། །དཀོན་མཆོག་བདེན་པའི་བྱིན་རླབས་མཐུ་ཆེན་པོས། །ཡོངས་སུ་དག་པར་སྦྱང་


TR005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྤེལ་བ་ཡིས། །ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་ཆེན་པོར་གྱུར། ན་མ་སྶརྦ་ཏ་ཐཱ་ག་ཏེ་བྷྱ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གཉིས་པ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམས་ཤིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པ། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་ན། །ཐུགས་རྗེས་བརྩེ་བར་དགོངས་ཏེ་གཤེགས་མཛད་གསོལ། །ཞེས་སྙན་གསན་ཕབས་ལ་སླར་སྤོས་ཀྱི་སྤྲིན་སྤྲོ་ཞིང་དད་གདུངས་ཀྱིས་སྤྱན་འདྲེན་བྱ་སྟེ།། ༈ །།མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཞིང་། སོགས་དང་། །ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་


TR005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །མཆན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པའི། །བཅོམ་ལྡན་ཤཱཀྱའི་དབང་པོས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཏེ། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་པས། །ཁྱད་པར་ཅན་གྱིས་ཕྲིན་ལས་ཆོས་སྐྱོང་བ། །གནས་བརྟན་ཆེན་པོ་འཁོར་འདས་འདིར་གཤེགས་ཅིག །ཏི་སེའི་གངས་ལ་དགྲ་བཅོམ་ཡན་ལག་འབྱུང་། །དྲང་སྲོང་རི་ཡི་ཤེལ་ནགས་མ་ཕམ་པ། །ལོ་མ་གདན་རིར་བཙུན་པ་ནགས་ན་གནས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཟངས་གླིང་དབུས་ན་རྒྱལ་སྲས་དུས་ལྡན་བཞུགས། །སིང་གྷ་གླིང་ན་རྡོ་རྗེ་མོ་ཡི་བུ། །ཆུ་བོ་ཡ་མུ་ན་གླིང་བཟང་པོ་སྟེ། །འཁོར་དང་བཅས་པ་གནས། ཁ་ཆེའི་ཡུལ་ན་ཐུབ་


TR005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསེར་བེའུ། །ནུབ་གླིང་བྷ་ར་དྷྭ་ཛ་གསེར་ཅན་བཞུགས། །སྒྲ་མི་སྙན་ན་དཔལ་ཆེན་བཀྐུ་ལ། །འཁོར་དང་བཅས་པ༴ །པྲི་ཡངྐུ་གླིང་གནས་བརྟན་སྒྲ་གཅན་ཟིན། །བྱ་རྒོད་སྤུངས་པར་དགེ་སྦྱོང་ལམ་ཕྲན་བསྟན། །ཤར་གླིང་བྷ་ར་དྷཱ་ཛ་བསོད་སྙོམས་ལེན། འཁོར་དང་བཅས་པ༴ །སུམ་ཅུ་རྩ་གསུམ་འཕགས་པ་ལམ་བསྟན་བཞུགས། །ངོས་ཡངས་རི་ལ་སྡོམ་བརྩོན་ཀླུ་ཡི་སྡེ། །རི་རྒྱལ་བི་ཧཱུ་ལ་ན་སྦེད་བྱེད་དེ། །འཁོར་དང་བཅས༴ །གངས་རིའི་རྒྱལ་པོ་ལ་ནི་མི་ཕྱེད་བཞུགས། །ཀུན་གྱི་ཞབས་འབྲིང་དགེ་བསྙེན་དྷརྨ་ཏཱ། །སྒོ་བཞི་སྐྱོང་མཛད་རྒྱལ་པོ་ཆེན་པོ་བཞི། འཁོར་དང་བཅས་པ༴ །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་མཉན་པའི། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་


TR005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་འདིར་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་ཆོས་ཕྱིར་གཤེགས་སུ་གསོལ།། ༈ །།གསུམ་པ་ནི། དེ་ལྟར་མོས་གུས་དྲག་པོས་སྤྱན་དྲངས་པ་ལ་བརྟེན་ནས་གཙོ་འཁོར་མ་ལུས་པ་ནམ་མཁའི་ལམ་ལས་རྫུ་འཕྲུལ་གྱིས་བྱོན་པ་རྣམས་རེ་རེ་བཞིན་སྐུའི་དཀྱིལ་འཁོར་ངོ་མཚར་གྱི་ཕུང་པོ་ལ་བལྟ་ཞིང་ཕྱག་བྱེད་པར་མོས་ལ།། ༈ །།རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་ཉིད་ཁྱེད་ཞབས་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་བརྩོན་འགྲུས་སྟོབས་ལྡན་པ། །འགྲོ་བའི་བླ་མ་གཞན་གྱིས་མ་བཏུལ་བའི། །སྐལ་ལྡན་གདུལ་ཕྱིར་ཤཱཀྱའི་རིགས་འཁྲུངས་པ། །ཐུབ་དབང་གཙོ་བོ་མཆོག་ལ་ཕྱག་འཚལ་ལོ། །


TR005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་སེའི་གངས་བཞུགས་གནས་བརྟན་ཡན་ལག་འབྱུང་། །མཐོང་རེག་དྲི་ཡིས་ཚུལ་ཁྲིམས་རྣམ་དག་ཅིང་། །ཉོན་མོངས་ཀུན་སེལ་སྤོས་ཕོར་རྔ་ཡབ་བསྣམས། །དགྲ་བཅོམ་སྟོང་དང་གསུམ་བརྒྱར་བཅས་ལ་འདུད། །དྲང་སྲོང་རི་ངོགས་གནས་བརྟན་མ་ཕམ་པ། །མཐོང་ཐོས་དྲན་པས་ཚུལ་ཁྲིམས་ལ་སོགས་པའི། །ཡོན་ཏན་འཕེལ་འགྱུར་མཉམ་བཞག་ཕྱག་རྒྱ་ཅན། །དགྲ་བཅོམ་བརྒྱ་ཕྲག་གཅིག་དང་བཅས་ལ་འདུད། །ལོ་མ་བདུན་མར་གནས་བརྟན་ནགས་ན་གནས། །གང་ལ་གཏད་པས་གནོད་པ་ཀུན་ཞི་ཞིང་། །སེར་བུས་སྡིག་སེལ་སྡིག་མཛུབ་རྔ་ཡབ་ཅན། །དགྲ་བཅོམ་སྟོང་དང་བཞི་བརྒྱར་བཅས་ལ་འདུད། །ཟངས་གླིང་ཡུལ་ན་གནས་བརྟན་དུས་ལྡན་ནི། །མཐོང་དང་རེག་པས་སྤངས་རྟོགས་ཀུན་ཐོབ་ཅིང་། །སྐལ་ལྡན་འཁོར་


TR005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འདུའི་གསེར་གྱི་རྣ་ཀོར་བསྣམས། །དགྲ་བཅོམ་སྟོང་དང་ཆིག་བརྒྱར་བཅས་ལ་འདུད། །སིང་གྷར་གནས་བརྟན་རྡོ་རྗེ་མོ་ཡི་བུ། །གཏད་པས་ཞི་ཞིང་བདུན་འགྱུར་སྡིག་མཛུབ་ཅན། །མཐོང་རེག་དྲི་ཡིས་དོན་འགྲུབ་རྔ་ཡབ་བསྣམས། །དགྲ་བཅོམ་སྟོང་གི་ཚོགས་དང་བཅད་ལ་འདུད། །ཡ་མུ་ན་གླིང་གནས་བརྟན་བཟང་པོ་ནི། །ཆོས་འཆད་ཕྱག་རྒྱས་ཆོས་ཀུན་དོན་རྟོགས་ཤིང་། །ཏིང་འཛིན་འབྲས་བཅས་འགྲུབ་པའི་མཉམ་བཞག་མཛད། །དགྲ་བཅོམ་སྟོང་དང་ཉིས་བརྒྱར་བཅས་ལ་འདུད། ཁ་ཆེའི་ཡུལ་ན་གནས་བརྟན་གསེར་བིའུ། །མཐོང་ཐོས་རེག་པས་གཟུངས་དང་སྤོབས་པ་སོགས། །ཡོན་ཏན་ཀུན་སྩོལ་གསེར་གྱི་ཞགས་པ་བསྣམས། །དགྲ་བཅོམ་ལྔ་བརྒྱའི་ཚོགས་དང་བཅས་ལ་འདུད། །ནུབ་གླིང་བྷ་ར་དྷྭ་ཛ་གསེར་ཅན་ནི། །གང་གི་མདུན་བཅས་ངན་འགྲོ་


TR005_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འགྲོལ་ཞིང་། །དགའ་བདེ་ཡེ་ཤེས་རྒྱས་མཛད་མཉམ་བཞག་ཅན། །དགྲ་བཅོམ་བདུན་བརྒྱའི་ཚོགས་དང་བཅས་ལ་འདུད། །དགྲ་མི་སྙན་ན་གནས་བརྟན་བཀྐུ་ལ། །མཐོང་ཞིང་རེག་པས་དཔལ་འབྱོར་ཀུན་སྩོལ་ཞིང་། །ཕ་རོལ་ཕྱིན་དྲུག་མྱུར་རྫོགས་ནེའུ་ལེ་བསྣམས། །དགྲ་བཅོམ་དགུ་བརྒྱའི་ཚོགས་དང་བཅས་ལ་འདུད། །པྲི་ཡངྐུ་ན་གནས་བརྟན་སྒྲ་གཅན་འཛིན། །རེག་ཅིང་མཐོང་ན་ཉེས་པ་ཀུན་སེལ་ཞིང་། །ཆོས་ཀྱི་ཚིག་དོན་རྟོགས་འགྱུར་སྲོག་ཞུ་བསྣམས། །དགྲ་བཅོམ་སྟོང་དང་ཆིག་བརྒྱར་བཅས་ལ་འདུད། །བྱ་རྒོད་ཕུང་པོར་གནས་བརྟན་ལམ་ཕྲན་བརྟན། །མཉམ་བཞག་ཕྱག་རྒྱས་ཕྱོགས་མེད་སེམས་ཅན་ཀུན། །ཉོན་མོངས་སྡུག་བསྔལ་མེ་དཔུང་ཞི་བར་མཛད། །དགྲ་བཅོམ་སྟོང་དང་དྲུག་བརྒྱར་


TR005_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་འདུད། །ཤར་གླིང་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །མཐོང་རེག་སྡུག་བསྔལ་ཞི་མཛད་གཡས་གླེགས་བམ། །ཕྱག་གཡོན་ལྷུང་བཟེད་དང་བཅས་མཉམ་བཞག་ཅན། །དགྲ་བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །སུམ་ཅུ་རྩ་གསུམ་གནས་ན་ལམ་བརྟན་ནི། །སྤོབས་པ་རྒྱ་ཆེན་བསྐྱོད་མཛད་གླེགས་བམ་དང་། །བློ་གྲོས་སྣང་བ་འཕེལ་བའི་ཆོས་འཆད་མཛད། །དགྲ་བཅོམ་དགུ་བརྒྱའི་ཚོགས་དང་བཅས་ལ་འདུད། །ངོས་ཡང་ལ་བཞུགས་གནས་བརྟན་ཀླུ་ཡི་སྡེ། །དགོས་འདོད་འབྱུང་བའི་བུམ་པ་བཟང་པོ་དང་། །སྒྲ་ཐོས་སྡུག་བསྔལ་ཀུན་སེལ་མཁར་སིལ་བསྣམས། །དགྲ་བཅོམ་སྟོང་དང་ཉིས་བརྒྱར་བཅས་ལ་འདུད། །བི་ཧུ་ལ་ན་གནས་བརྟན་སྦེད་བྱེད་ནི། །མཐོང་རེག་འཆང་ན་གནས་ལྔ་ལ་མཁས་ཤིང་། །ཉོན་མོངས་ཐམས་ཅད་ཞི་མཛད་གླེགས་བམ་བསྣམས། །


TR005_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་སྟོང་དང་བཞི་བརྒྱར་བཅས་ལ་འདུད། །གངས་རིའི་རྒྱལ་པོར་གནས་བརྟན་མི་ཕྱེད་པ། །མཐོང་རེག་ཐོས་པས་འདོད་དོན་ཀུན་འགྲུབ་ཅིང་། །སྡིག་ཞི་བདེ་ལེགས་འབྱུང་བའི་མཆོད་རྟེན་བསྣམས། །དགྲ་བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །སྤྱན་རས་གཟིགས་དབང་དགེ་བསྙེན་ཚུལ་བཟུང་ནས། །གླེགས་བམ་ཁུར་ཞིང་རྔ་ཡབ་བུམ་པ་བསྣམས། །སྣང་མཐའ་ཞལ་གཟིགས་འཕགས་ཚོགས་ཞབས་འབྲིང་བརྩོན། །སྤྲུལ་པ་དུ་མའི་ཚོགས་དང་བཅས་ལ་འདུད། །རྒྱལ་བའི་བསྟན་པ་བསྲུང་མཛད་རྒྱལ་ཆེན་བཞི། །རྒྱུད་མང་རལ་གྲི་མཆོད་རྟེན་རྒྱལ་མཚན་བསྣམས། །དཔའ་བརྗིད་ཆས་ལྡན་རང་རིགས་མཐུན་པའི་འཁོར། །གྲངས་མེད་བཀའ་སྡོད་སྡེ་དང་བཅས་ལ་འདུད། །


TR005_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།བཞི་པ་ནི། །དེ་ལྟར་བྱོན་པ་རྣམས་ལ་ཕྱག་འཚལ་བའི་རྗེས་ཐོགས་སུ་སོ་སོའི་སྟན་ལ་བཞུགས་སུ་གསོལ་ཏེ།། ༈ །།རྒྱུ་ལ་བརྟེན་པའི་མཁས་པ་བཅོམ་ལྡན་འདས། །མཐའ་གཉིས་ལྟ་བ་རྟག་ཏུ་མི་གནས་ཀྱང་། །ལས་ཀྱི་རྣམ་སྨིན་འབྲས་བུ་ཁོ་ནར་སྟོན། །ལྟ་བའི་མུན་སེལ་མཆོག་ཁྱེད་འདིར་བཞུགས་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་ན། །གནས་བརྟན་ཆེན་པོ་འཁོར་བཅས་བཞུགས་སུ་གསོལ། །རྒྱལ་བའི་བཀའ་སྡོད་སེམས་ཅན་དགའ་བར་མཛད། །བརྟུལ་ཕོད་སྲན་ཐུབ་བསྙོམས་པ་མེད་པ་ཡིས། །ཐ་བ་སྤངས་ཤིང་ཡོན་ཏན་ལྡན་པའི་འཁོར། །དགེ་བསྙེན་སྒོ་སྐྱོང་ཚོགས་བཅས་བཞུགས་སུ་གསོལ།། ༈ །།ཞེས་བཞུགས་པ་རྣམས་ལ་རིན་པོ་ཆེའི་སྤྱི་


TR005_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བླུག་བཟང་པོ་ནས་བདུད་རྩིའི་ཆུ་གཙང་བྲིམ་པར་མོས་ལ།། ༈ །།དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོངས་ལེགས་པར་བཀང་ནས་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་ལ་ཉེས་སྒྲིབ་མི་མངའ་ཡང་། །འགྲོ་ཀུན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་ཕུལ་བས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་ནི། །ཐུབ་མཆོག་འཕགས་པའི་ཚོགས་ལ་ཕུལ་བ་ཡིས། །འགྲོ་ཀུན་ཚུལ་ཁྲིམས་དགོས་བཟང་ལ་སྤྱོད་ཤོག། ༈ །།ལྔ་པ་ནི། ཐུབ་དབང་མཆོད་གནས་རྣམས་


TR005_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིད་འོང་བའི། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་བཤོས། །དཔག་ཡས་ནམ་མཁའི་རྒྱན་གྱུར་མཆོད་པའི་སྤྲིན། །ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ་བར་བགྱི། །གཞན་ཡང་མཆོད་པར་འོས་པའི་དངོས་ཀུན་གྱིས། །ནམ་མཁའ་རབ་འབྱམས་ཁམས་ཀྱིས་མཐར་བཏུགས་པ། །ཡོངས་སུ་བཟུང་བ་མེད་པས་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག། ༈ །།འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིད་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་


TR005_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་བཤགས། །མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ། །ཉེ་བ་ལྔ་དང་ལྕི་བཞི་ལོག་པ་བརྒྱད། །བསླབ་པ་གསུམ་དང་འགལ་བའི་བཅས་རང་གི། །ཉེས་ལྟུང་མ་ལུས་བཤགས་པར་བགྱིད་ལགས་སོ།། ༈ །།མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱེད་ལ་ཕྱག་འཚལ་བསྟོད། །རྡུལ་བྲལ་ཁྱེད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་ཏེ། །དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་བསྟོད། །འཕགས་པ་བཀྐུ་ལ་དང་སྒྲ་གཅན་ཟིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་ཕྱེད་


TR005_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕྱེད་པ། །དགེ་བསྙེན་རྒྱལ་ཆེན་འཁོར་བཅས་རྣམས་ལ་བསྟོད། །དྲུག་པ་ནི། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷཱརྨ་ཎཾ་ཨདྱ་ནུཏྤནྣ་ཏྭ་ཏ། ཨོཾ་ཨཱཿཧཱུྃ་ཕཊཿསྭཱ་ཧཱ། རིན་ཆེན་སྣོད་བཟང་བདུད་རྩིའི་གཏོར་མས་བཀང་། །འདོད་ཡོན་རྨད་བྱུང་མི་ཟད་རྒྱན་གྱི་མཛོད། །སྔགས་དང་ཏིང་འཛིན་ཟབ་མོས་བྱིན་བརླབས་པས། །མཆོད་ཡུལ་མགྲོན་རྣམས་མཉེས་བྱེད་མཆོག་ཏུ་གྱུར། །ཐུབ་དབང་གནས་བརྟན་འཁོར་དང་བཅས་ལ་འབུལ། །ཞེས་ནས་བདག་སོགས་འགྲོ་ཀུན་ཐུགས་རྗེས་སྐྱོབས། །དགེ་བསྙེན་རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །མཉེས་ཤིང་སངས་རྒྱས་བསྟན་པ་བསྲུང་མཛད་གསོལ། །འཇིག་རྟེན་ལྷ་ཀླུ་རིགས་དྲུག་ཀུན་ལ་བསྔོ། །ཚིམ་ཞིང་ཐར་པའི་ལམ་ལ་མྱུར་འཁོད་ཤོག །མཆོག་དམན་མགྲོན་ཀུན་གཏོར་མས་མཆོད་པའི་མཐུས། །བདག་གཞན་


TR005_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྫོགས་སྒྲིབ་བྱང་བྱང་ཆུབ་ཤོག། ༈ །།ཐུགས་རྗེ་ཆེ་མངའ་སྟོན་པ་འགྲོ་བའི་བླ། །འཕགས་པའི་ཚོགས་བཅས་བདག་གིས་གསོལ་འདེབས་དགོངས། །ཁྱེད་ཀྱི་བསྟན་པ་རིན་ཆེན་ཉམས་དམའ་ཞིང་། །དྲི་མས་སྦགས་འདི་ཐུགས་རྗེའི་སྟོབས་བསྐྱེད་གསོལ། །བསྟན་པའི་དམ་ཆོས་ནུབ་མེད་འཕེལ་རྒྱས་ཤིང་། །བསྟན་འཛིན་བསླབ་གསུམ་མིག་བཞིན་བཙའ་བ་དང་། །ལུང་རྟོགས་ཐོས་བསམ་སྒོམ་ལ་བརྩོན་པའི་སྡེ། །སྦྱངས་ཡོན་བཅུ་གཉིས་སྤྱོད་ལ་གཅིག་གཞོལ་མཛོད། །བསྟན་ལ་འཆི་བས་དབེན་ཞིང་ཀུན་གྱིས་བཀུར། །འཇིག་རྟེན་བདེ་འཕེལ་མི་དགེའི་མཚན་མ་ཞི། །བདག་ཅག་བྱང་ཆུབ་སྤྱོད་པ་མཐར་སོན་པར། །མཆོད་ཡུལ་རྣམས་ཀྱིས་བྱིན་བརླབ་མཛད་པར་གསོལ།།


TR005_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།བདུན་པ་ནི། །བདག་ཅག་སྙིགས་མའི་སེམས་ཅན་རྨོངས་པའི་བློས། །ཆོ་གའི་ཚུལ་འདིར་འགལ་འཁྲུལ་འབགས་རྩོགས་དང་། །མ་འབྱོར་མི་ཤེས་ཉེས་བྱས་ཅི་མཆིས་པ། །ཐུབ་ཆེན་རྣམས་ཀྱིས་བཟོད་པར་བཞེས་སུ་གསོལ། །ཁྱེད་རྣམས་མཆོད་པའི་དགེ་བ་འདིས་མཚོན་ཏེ། །ཚེ་རབས་དགེ་ཀུན་འགྲོ་བ་སངས་རྒྱས་གྱུར། །ཇི་ལྟར་བསྔོས་བཞིན་ཟག་མེད་དགོངས་འཕེལ་གྱི། །འབྲས་བུ་རྣམ་མཁྱེན་ཁྱེད་འདྲར་ཐོབ་གྱུར་ཅིག །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་གྱུར་ཅིག །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཏེ། །ཡོན་ཏན་རྒྱ་མཚོ་མ་ལུས་མངོན་གྱུར་པས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམས་པར་ཤོག། ༈ །།གསེར་གྱི་མདོག་ཅན་མཚན་དཔེའི་དཀྱིལ་འཁོར་རྒྱས། །མཁྱེན་བརྩེ་མཛད་འཕྲིན་ཐུགས་རྗེ་ཟླ་མེད་པ། །


TR005_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིའི་འདྲེན་པ་བཅོམ་ལྡན་ཤཱཀྱའི་རྒྱལ། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བརྒྱད་ཁྲི་བཞི་སྟོང་དམ་ཆོས་འཁོར་ལོ་བསྒྱུར། །སྐྱེ་འཆིའི་ཚུལ་སྤངས་ཤཱཀྱའི་བསྟན་པ་སྐྱོང་། །འཕགས་ཆེན་གནས་བརྟན་བཅུ་དྲུག་འཁོར་བཅས་ཀྱིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བྱང་སེམས་ཆེན་པོ་དགེ་བསྙེན་དྷརྨ་ཏཱ། །རྒྱལ་ཆེན་སྡེ་བཞི་གཙང་རིས་བདུན་ཅུ་སོགས། །བསྟན་དང་བསྟན་འཛིན་སྐྱོང་མཛད་ཐམས་ཅད་ཀྱི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གི་ཆར་དང་ཤིས་བརྗོད་ཀྱི་བདེན་སྟོབས་རྒྱ་ཆེར་བྱས་པའི་མཐར། །མཆོད་ཡུལ་གཙོ་འཁོར་མཐའ་དག་སླར་མི་གཤེགས་པར་གཙུག་ལག་རྟེན་གསུམ་རྣམས་ལ་བསྟིམ་པར་བྱ་ཞིང་། རྡུལ་


TR005_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་དང་མཆོད་པའི་ཡོ་བྱད་རྣམས་སྒྲིབ་པ་མི་གསོག་པའི་ཐབས་ཟབ་ཀྱིས་གཤེགས་བསྡུ་བྱའོ། །དེ་ལྟར་འཕགས་མཆོག་གནས་བརྟན་གཙོ་འཁོར་གྱི་ཆོ་གའི་རིམ་པ་འདི་དག་གི་རྩ་བའི་ཁུངས་ནི། བྱམས་པས་ལུང་བསྟན་པའི་མདོ་དང་། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་སོགས་ལས་བྱུང་བ་ལྟར། བསྟན་པ་སྔ་དར་གྱི་དུས་ན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ལྷ་སའི་གཙུག་ལག་ཆུས་མི་གཞིག་པའི་བརྟན་བཞུགས་རབ་གནས་ཀྱི་ཆེད་ཁོ་ནར་དགོངས་པས་ཆོ་ག་རྒྱས་བསྡུས་ཇི་སྙེད་ཅིག་མཛད་ནས་གཏེར་དུ་བཏམས་པ་དག་གཏེར་སྟོན་སོ་སོའི་གཏེར་ཆོས་ཀྱི་ཁྲོད་དུ་བྱོན་མོད་ཀྱང་། ཆོས་རྒྱུད་གཞན་མས་ཚད་མར་འཛིན་མཁན་དཀོན་པར་གྱུར་པས་དར་ཆ་ཆུང་ལ། སླད་དུ་ཇོ་བོ་བཀའ་གདམས་ཀྱི་བསྟན་


TR005_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པ་དར་སྐབས་གནས་བརྟན་གྱི་སྤྲུལ་པ་པུ་ཏོ་བ་ཆེན་པོ་སོགས་ཀྱིས་སྲོལ་བཏོད། སླར་ཡང་ཁ་ཆེ་པཎ་ཆེན་རིན་པོ་ཆེ་ཤཱཀྱ་ཤྲཱི་དང་། སྣར་ཐང་མཆིམས་སྟོན་ཆེན་པོ། སྙག་དབོན་བསོད་ནམས་བཟང་པོ་སོགས་ཀྱིས་ཡིག་ཆ་མང་དུ་མཛད་ཅིང་ཆོས་རྒྱུད་ཕལ་མོ་ཆེ་ལ་དར་བར་གྱུར་མོད་ཀྱི། ཆོག་གཞུང་མདོར་བསྡུས་འདི་ནི། བདག་ཅག་སྙིགས་དུས་ཀྱི་གདུལ་བྱ་མཐའ་དག་པའི་སྐྱབས་མགོན་བླ་མེད་པར་གྱུར་པའི་མཆོག་གི་སྤྲུལ་པའི་སྐུ་དཔལ་ལྡན་མི་ཕམ་ཟླ་འོད་བསྟན་འཛིན་འཕྲིན་ལས་བཟང་པོའི་མཚན་གྱི་བཀའི་འོད་དཀར་ཟེར་མས་བདག་ཡིད་ཀུ་མུད་ཀྱི་གེ་སར་བཞད་པའི་མཐུ་ལས། མདོ་དང་བསྟན་བཅོས་ཁུངས་བཙུན་དེ་དག་སོར་བཞག་


TR005_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྗོད་བྱ་ཉུང་ངུར་བགྱིས་ཏེ་ཡི་གེའི་ལམ་དུ་བཀོད་པ་པོ་ནི། ཤཱཀྱའི་བཙུན་པ་མཁས་མཆོག་པདྨ་ལེགས་གྲུབ་སྩལ་གྱིས། ཆོས་དབྱིངས་འོད་གསལ་རྩེ་མོའི་རི་ཁྲོད་མེ་ཏོག་གི་སྐྱེད་མོས་ཚལ་དུའོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དར་བའི་རྒྱུ་རྐྱེན་དུ་གྱུར་ཅིག །ཤུ་བྷཾ། །གཅིག་ཞུས་ཁུལ།


previousརྒྱལ་བསྟན་ཡུན་དུ་གནས་ཕྱིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན།next