Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
   
ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ལྟས་ཆོག་ཏུ་བཀོད་པ
   
   
   
   
   
   
   


 
previousཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ལྟས་ཆོག་ཏུ་བཀོད་པnext

ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ལྟས་ཆོག་ཏུ་བཀོད་པ


TR006_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ལྟས་ཆོག་ཏུ་བཀོད་པ་བཞུགས་སོ།


TR006_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རྣམས་ཀུན་གྱི་ཁྱབ་བདག་གུ་རུ་རྗེ། གསལ་སྟོང་རང་མདངས་རྟ་ཕག་ཡབ་ཡུམ་བཅས། རང་རིགས་ངོ་བོ་རྟོགས་པའི་ཕྱག་བགྱིས་ནས། དེ་ཡི་དབང་གི་ལས་རིམ་བཀླག་ཆོག་བྲི། འདིར་རིག་འཛིན་ཆེན་པོ་ཧཱུྃ་ནག་མེ་འབར་གྱིས་ཉང་ལུང་ལྷ་རི་སྙིང་པོ་ནས་གཏེར་གྱི་དངོས་གྲུབ་ཏུ་བཞེས་པའི་ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་སྨིན་བྱེད་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ཚུལ་སྦྱོར་བ་དངོས་གཞི་རྗེས་དང་གསུམ་གྱི་དང་པོ་ལ། གནས་ཀྱི་ཁྱད་པར་སྐྱེ་བོ་དང་དམ་མེད་སྣོད་མིན་གྱིས་དབེན་པའི་སྒྲུབ་ཁང་ཡིད་དང་མཐུན་པར། གསང་སྔགས་བླ་མེད་ཀྱི་ཟབ་དོན་མ་དབང་འབྱོར་གདེངས་ལྡན་གྱི་བླ་མས། སློབ་མ་དད་དམ་གྱིས་འབྱོར་པའི་སྣོད་ལྡན་གྱི་གསོལ་བ་


TR006_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་དུས་བཟང་པོར། དཀྱིལ་འཁོར་གྱི་བྱ་བ་རྒྱས་པར་སྤྲོ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྱི་མཐུན་སྒོ་བཞི་རྟ་བབས་འཁོར་ཡུག་དུར་ཁྲོད་པད་རྡོར་མེ་རིས་མཚན་པའི་དབུས་སུ། པདྨ་འདབ་བཞི་ཕྱོགས་མདོག་གི་ལྟེ་བར་ཟླ་གམ་དམར་པོ་མདུན་སྒོ་གཅིག་དང་ལྡན་པར་བྱ་སྟེ། ཚུལ་འདི་ནི་གཞུང་འདིར་ཞལ་མ་གསལ་ཡང་རྟ་མགྲིན་གྱི་རྒྱུད་རྣམས་ཀྱིས་དགོངས་པ་ཡིན་ལ། གལ་ཏེ་རྡུལ་ཚོན་དཀྱིལ་འཁོར་མི་བཞེངས་ན་འབྲུའི་ཚོམ་བུ་ལྔ་པ་གཙོ་བོ་གསུམ་འགྱུར་གྱིས་ཆེ་བར་བཀོད་པས་རུང་བ་ཉིད་དོ། །དེའི་སྟེང་གི་དབུས་སུ་ཁྲིའུའམ་མན་རྫིའི་ཁར་བུམ་པ་མཚན་ལྡན་མགུལ་འཆིངས་དམར་པོ་ཁ་རྒྱན་གཟུངས་ཐག་ཅན་བུམ་ཆུ་ལ་ལྔ་ཚན་ལྔའི་ཁར་ཤ་ལྔ་བདུད་རྩི་ལྔ་བསྣན་པའི་བུམ་རྫས་སོ་ལྔ་པ་བཏབ་པ་


TR006_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ། མདུན་དུ་ཀཱ་པ་ལ་མཚན་དང་ལྡན་པར་ཛ་གད་མངར་གསུམ་སྦྱར་བ་བླུག་པའི་ཁར་དར་དམར་གྱིས་བཀབ་ལ་བཞག །གཡས་ཕྱོགས་སུ་རྡོ་རྗེ་དྲིལ་བུ་ལྷན་ཅིག་དང་བགྲང་འཕྲེང་། གཡོན་དུ་ཌ་མ་རུ་དང་ཐོད་ཁྲག །རྒྱབ་ཏུ་རྩ་གསུམ་གཅིག་དྲིལ་གྱི་གཏོར་མ་དཔལ་གཏོར་ཟུར་གསུམ་མེ་རི་དང་རྩེ་མོར་རྟ་མགོས་མཚན་ཞིང་ཞབས་སུ་པདྨ་འདབ་བཞི་ཅན་ཁ་དོག་དམར་པོ་ལ་དཀར་རྒྱན་མཛེས་ཚོན་དར་གྱི་གདུགས་ཕུབ་པ་བྱས་པ་བཤམ། དེ་དག་གི་ཕྱི་སྐོར་དུ་སྨན་རཀཱ་གཏོར་མ་ཕྱི་ནང་གསང་མཆོད་ཚོགས་ཀྱི་ཡོ་བྱད་དང་བཅས་པ་གྱ་ནོམ་པར་བཤམ་ཞིང་། གཞན་ཡང་ས་རྒྱན་གནམ་རྒྱན་བྲིས་སྐུ་སོགས་བཀྲི་ལ་བག་དྲོ་བྱིན་ཆགས་ཀྱི་བཀོད་པ་དང་ལྡན་པར་བྱ་བ་ནི་ཆོ་གའོ། །དེ་ནས་དངོས་གཞི་ཐོག་མར་སློབ་དཔོན་གྱི་བསྙེན་པ་ཁ་གསོ་ཞིང་དབང་རྫས་ཡོ་བྱད་བྱིན་རླབས་ནུས་ལྡན་དུ་སྒྲུབ་ཕྱིར་ཆོ་གའི་ལས་རིམ་ནི། སློབ་དཔོན་རང་ཉིད་ཚོགས་བསགས་སྒྲིབ་སྦྱོང་གི་སླད་དུ་འདི་ཉིད་ཀྱི་ཕྱི་སྒྲུབ་ནས་གསུངས་པ་ལྟར། མདུན་གྱི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བཅོམ་ལྡན་འདས་ཀྱི་ཆ་བྱད་ཅན་ལ་ལྟུང་བཤགས་ཀྱི་སངས་རྒྱས་སུམ་


TR006_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རྩ་ལྔ་སྐྱབས་གནས་དཀོན་མཆོག་ཐམས་ཅད་ཀྱིས་བསྐོར་བ་གསལ་བཏབ་ལ། སྐྱབས་སེམས་ཕྱག་འཚལ་ཡན་ལག་བདུན་པ་སོགས་ཀྱི་ཚོགས་བསགས་ཅིང་། མཐར། ཚོགས་ཞིང་རྣམས་རང་ལ་བསྟིམ་ནས་སྟོང་ཉིད་ཀྱི་དོན་ལ་མཉམ་པར་བཞག །དེའི་ངང་ནས་ལྟ་བའི་མཚམས་གཅོད་ནས་བཟུངས་སྟེ་ལས་བྱང་གི་གཞུང་བསྲང་ནས་བདག་བྱིན་གྱིས་བརླབ་ཅིང་། བཟླས་པའི་སྐབས་ལ་བབས་ཚེ། བདག་ཉིད་རྟ་ཕག་ཡབ་ཡུམ་རིགས་བདག་གུ་རུ་དང་བཅས་པ་གསལ་བའི་ངང་ནས་ལྷ་གསུམ་གའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་ཁྱད་པར་དུ་རྟ་མགྲིན་གྱི་ཐུགས་ཀའི་ཧཱུྃ་གི་འོག་ཏུ་ཧྲཱིཿདང་ཕག་མོ་ལ་ཡིག་སྟེང་གཉིས་ཀ་དམར་གསལ་མེ་འོད་ལྟ་བུའི་ཡབ་ཀྱི་ཧྲཱིཿལ་སྔགས་འཕྲེང་རྣམས་གཡས་སྐོར་དུ་དམར་ཧྲཾ་མེ་བར་འཁོར་བ་ལས་འོད་འཕྲོས་པས། མདུན་གྱི་དཀྱིལ་འཁོར་ཡང་བདག་བསྐྱེད་ཇི་ལྟ་བར་སྐད་ཅིག་གིས་གསལ་བཏབ་པའི་ཐུག་སྲོག་གི་འོད་ཟེར་བདག་སྐྱེད་ཀྱི་ཐུགས་དཀར་ཕོག་པས། བདག་གི་སྔགས་འཕྲེང་རྣམས་གྱེན་དུ་ནར་གྱི་བྱུང་སྟེ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ཤིང་ཡུམ་གྱི་གསང་བ་ནས་ཡབ་ཀྱི་གསང་བར་བརྒྱུད་


TR006_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐུགས་ཀ་ནས་ཕར་འཕྲོས་པ་མདུན་བསྐྱེད་ཀྱི་ཐུགས་ཀ་དང་ཞལ་དང་སྐུའི་དབྱིབས་བརྒྱུད་ནས་ཐུགས་ཀ་ལས་ཚུར་བྱུང་བ་བདག་གི་ཐུགས་ཀར་སྔར་བཞིན་ཕོག་པའི་ཏིང་ངེ་འཛིན་ཡེངས་མེད་ཀྱིས་བཟླས་པ་ཅི་མང་བྱ་ཞིང་། ཐུན་འཇུག་ཏུ་དབང་རྫས་བུམ་པ་སོགས་ཐ་དད་རེ་རེ་ལ་ཡང་རྣམ་པ་རྫས་དེ་དང་དེའི་ཚུལ་ལ་ངོ་བོ་ལྷ་རུ་བསྐྱེད་པ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་ཕོག་པ་ཙམ་གྱིས་སོ་སོའི་ནུས་པ་བསྐྱེད་ནས་བྱིན་རླབས་མཐུ་ལྡན་དུ་གྱུར་པར་མོས་ལ། དེ་ལྟར་ཆོ་ག་བཟླས་པ་དང་བཅས་པའི་སྒོ་ནས་དབང་གི་སྒྲུབ་པ་ཞག་དང་ཡུན་སྐབས་ཅི་རིགས་པར་བྱས་པའི་མཐར་མདུན་སྐྱེད་དབང་རྫས་དང་བཅས་པའི་ལྷ་ཚོགས་ཀྱི་གནས་གསུམ་འབྲུ་གསུམ་ཐུགས་སྲོག་ཧྲཱིཿམ་དང་བཅས་པ་ལས་འོད་ཟེར་བཞི་བདག་གི་གནས་སོ་སོར་ཐིམ་པས་དབང་རྣམས་ཡོངས་རྫོགས་སྐད་ཅིག་ལ་ཐོབ་པར་མོས་ལ། བདག་མདུན་ཐ་དད་དུ་འཛིན་པའི་རྟོག་རི་མོ་རང་ཡལ་མཉམ་ཉིད་ཆེན་པོར་ལ་བཟླ་བ་ནི་བདག་འཇུག་གི་མཆོག་རབ་ཕུལ་དུ་གྱུར་པའོ།། ༈ །།དེ་ནས་སློབ་མ་རྗེས་འཛིན་གྱི་རིམ་པ་དངོས་ནི། དབང་གཞུང་ཉིད་ལས། དང་པོར་སྔོན་འགྲོ་བགེགས་གཏོར་བཏང་། །


TR006_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་བརྗོད་ཅིང་བསྲུང་བཟློག་བྱ། །ཞེས་གསུངས་པ་ལྟར། སློབ་མ་རྣམས་གྲལ་དུ་འཁོད་པའི་མདུན་དུ། ངར་གླུད་འཆང་བུ་དང་བཅས་ལ་ཆབ་ཀྱིས་བྲན་པ་བཞག་སྟེ། སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་བྷྲུྃ་ཏྲྃ་ཧྲཱིཿཨཿ ཨོཾ་ལས་འདོད་པའི་ཡོན་ཏན་ལྔ། །བྷྲུྃ་ལས་རིན་ཆེན་གཞལ་ཡས་ཁང་། །ཏྲྃ་ལས་སྣ་ཚོགས་རཏྣའི་སྣོད། །ཧྲཱིཿ ལས་གསུང་དབྱངས་དྲུག་ཅུ་སྟེ། །ཨཱཿལས་ཅི་འདོད་ཕུན་སུམ་ཚོགས། །སོ་སོར་དགའ་འགུ་ཚིམ་བྱེད་པའི། །འདོད་དགུའི་ཡོ་བྱད་ཆེན་པོར་གྱུར། ན་མོ། དཀོན་མཆོག་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་ཡི་དམ་མཁའ་འགྲོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཆེན་པོའི་མཐུ་དང་ནུས་པས། དེང་འདིར་རྡོ་རྗེའི་སློབ་བུ་རྣམས་ལམ་སྨིན་བྱེད་ཟབ་མོར་དཀྲི་བར་བྱེད་པ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་བགེགས་རིགས་འཁྲུལ་རྟོག་གི་རང་གཟུགས་ཨ་འཐས་ཇི་སྙེད་ཡོད་པ་ཐམས་ཅད་


TR006_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་ཕུན་སུམ་ཚོགས་པའི་གླུད་གཏོར་འདིས་ཚིམ་པར་བྱོས་ལ། འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དབང་ཆེན་ཁྲོ་རྒྱལ་འབར་བའི་མཐུ་སྟོབས་འོད་ཟེར་དྲག་པོར་འཁྲུག་པས། ཁྱེད་ཀྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་ཕྱེ་མར་རླག་པར་འགྱུར་ཏ་རེ། ཨོཾ་ཧྲཱིཿཔདྨ་ཏ་ཀྲྀ་ཏཱ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ སརྦ་བྷུ་ཏ་ཨུ་ཙྪ་ཊ་ཡ་ཕཊཿ ཅེས། ཐུན་དང་ཏིང་འཛིན་རོལ་མོ་དྲག་པོས་བསྐྲད་ལ། ཏིང་ངེ་འཛིན་ལས་སྤྲུལ་པའི་མཚོན་ཆའི་ར་བ་མེའི་གུར་ཁང་དང་བཅས་པ་སྤྲོ་ཞིང་། རྣམ་རྟོགས་མཚན་འཛིན་གྱི་བགེགས་ནི་རང་སེམས་ཀ་དག་ཆེན་པོས་བསྲུང་སྟེ། ཧྲཱིཿ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ། །རྟ་སྐད་རྔམས་སྒྲོག་བར་ཆད་སེལ། །སྐུ་ཡི་འོད་ཟེར་མཚོན་ཆའི་གུར། །མེ་རི་འབར་བས་ཕྱོགས་མཚམས་གཅོད། །མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས། །རྣམ་རྟོགས་མ་རིག་བག་ཆགས་ཀྱིས། །ལྷ་དང་འདྲེ་བགེགས་བཞེས་སྣང་ཡང་། །


TR006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོགས་པའི་བགེགས་ཡིན་ཕྱིར། །འདྲེ་བགེགས་རང་གི་སེམས་ལས་བྱུང་། །སེམས་ཉིད་ཆོས་སྐུའི་དོན་རྟོགས་ན། །བགེགས་དང་བར་ཆད་ག་ལ་ཡོད། །ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས། །འདི་ལས་སུ་ཡང་འདའ་མ་བྱེད། །ཤུ་ནྱཱ་ཏ་རཀྵ་ཧཱུྃ། དེ་ནས་སློབ་མ་རྣམས་ཀྱི་མཎྜལ་རྒྱས་པར་འབུལ་བའི་རྗེས་སུ་སློབ་དཔོན་གྱིས་ཟབ་མོའི་ཆོས་བཤད་པའི་རིམ་པ་ཡང་རྒྱས་པར་སྤྲོ་ན་དལ་འབྱོར་རྙེད་དཀའ་ཞིང་འཇིག་པར་སླ་བའི་ཚུལ་དང་། ལས་འབྲས་བསླུ་མེད་འཁོར་བའི་སྡུག་བསྔལ་ཐར་པའི་ཕན་ཡོན། ཐེག་པའི་བྱེ་བྲག་གསང་སྔགས་ཀྱི་ཆེ་བ་སོགས་སྐབས་བསྟུན་འཆད་པར་བྱ་ཞིང་། མདོར་བསྡུ་ན་འདི་ལྟར་འཆད་དེ། །ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕངས་ལ་འགོད་པའི་ཆེད་ཁོ་ནར། རྩ་གསུམ་གཅིག་དྲིལ་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་ཟབ་མོ་གསན་སྙམ་པའི་འདུན་པ་སྔོན་དུ་བཏང་ནས་ཡེངས་མེད་དུ་དགོངས་


TR006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། དེ་ལ་སྤྱིར་ཕྱོགས་དུས་ཀྱི་རྒྱལ་བ་རབ་འབྱམས་མ་ལུས་པ་གདུལ་བྱའི་སྣང་ངོར་ཞིང་དང་སྐུ་དང་མཛད་པའི་ཕྲིན་ལས་སྣ་ཚོགས་སུ་བསྟན་ཀྱང་དོན་དམ་ཆོས་སྐུ་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་ཡེ་ཤེས་ཀློང་ཡངས་ཆེན་པོར་དབྱེར་མེད་པར་བཞུགས་པ་དེ་ཉིད་འཁོར་འདས་ཐམས་ཅད་ཀྱི་སྔོན་རོལ་དུ་བྱང་ཆུབ་པའི་དོན་གྱིས། དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཅེས་ཀྱང་བྱ། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་ཕྱིར་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཅེས་ཀྱང་བྱ། གདུལ་བྱའི་ལོག་པར་རྟོགས་པ་མ་ལུས་ཐུགས་རྗེའི་ཁྲོ་ཚུལ་གྱིས་ཚར་གཅོད་པར་མཛད་ཕྱིར་དཔལ་ཧེ་རུ་ཀ་ཞེས་ཀྱང་བྱ་སྟེ། སངས་རྒྱས་མ་ལུས་ལུས་པ་མེད་པའི་ངོ་བོ་ཉིད་དུ་དུས་བཞི་འཕོ་འགྱུར་མེད་པའི་ངང་དུ་བཞུགས་སོ། །དེའི་ཚེ་རེ་ཤིག་གི་དུས་ན་ཁམས་གསུམ་སེམས་ཅན་གྱི་ལས་ཉོན་བག་ཆགས་པར་མཐུ་བརྟས་པའི་རང་གཟུགས་ལས་གྲུབ་པའི་སེམས་ཅན་


TR006_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མ་ཏྲྃ་རཱུ་ཏྲའམ་དྲག་པོ་འཇིག་བྱེད་ཅེས་བྱ་བ་མ་རུངས་གདུག་པ་ཅན་ཞིག་འཇིག་རྟེན་གྱི་ཁམས་འདིར་བྱུང་སྟེ། སྔོན་ནས་རྒྱལ་བའི་བཀའ་གསང་སྔགས་ཟབ་མོ་ལ་ཞུགས་ཀྱང་གབ་པའི་གསང་བ་མ་རྟོགས་ཤིང་སྦས་པའི་གསང་བ་མངོན་པར་འཆལ་ཏེ་སྦྱོར་སྒྲོལ་ལོག་མིན་དུ་སྤྱད་པས་ལས་ཀྱི་མཐའ་ལོག །ལྟ་བའི་གདེངས་འཆུག་ཅིང་སྤྱོད་པའི་བླང་དོར་ཕྱིན་ཅི་ལོག་པས་ཉོན་མོངས་ཀྱི་རྩལ་རྒྱས་ཏེ། ཞེ་སྡང་གི་མེ་འབར་བས་བྱང་སེམས་ཀྱི་ཆུ་རྒྱུན་སྐམ། འདོད་ཆགས་ཀྱི་མཚོ་འཁྲུག་པས་ཐར་པའི་གྲུ་བོ་ནུབ། གཏི་མུག་གི་མུན་པ་ཐིབས་པས་ཡིད་ཀྱི་ཀྱི་སྣང་བ་འགགས། ང་རྒྱལ་གྱི་ཐ་བ་བསྲ་བས་རྣམ་གྲོལ་གྱི་མྱུ་གུ་སྐྱེ་བའི་ཡུལ་དུ་མ་གྱུར། ཕྲག་དོག་གི་མཚོན་ཆ་རྣོན་པོས་རང་གཞན་ལས་ངན་སྡུག་བསྔལ་གྱི་ཟུག་རྔུ་ལ་


TR006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཞིང་། སྨོན་ལམ་ལོག་པའི་མཚམས་སྦྱོར་གྱི་སྟོབས་ལས་རང་དང་ལྟ་སྤྱོད་གཅིག་པའི་འཁོར་ཚོགས་གདུག་པ་ཅན་གྲངས་མེད་པས་བསྐོར་ཏེ། སྲིན་ཡུལ་ལངྐ་པུ་རིའི་དབུས་ཀྱི་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོར་གནས་བཅས་ཤིང་། འཇིགས་སུ་རུང་བའི་ལུས་ལ་གཡང་གཞི་དང་ཀོ་རློན་ནི་གྱོན། སྦྲུལ་དང་མི་མགོ་ཐལ་ཆེན་ཁྲག་ཞག་གི་རྒྱན་དང་རྟགས་སུ་ནི་བྱས། གདུག་པའི་མཚོན་ཆ་སྣ་ཚོགས་ཀྱི་ལག་ཆ་ནི་འཐོགས། ཁ་རླངས་སྣ་རླངས་བ་སྤུའི་བུ་ག་ཀུན་ནས་ནད་དང་དུག་གི་ཆར་སྤྲིན་སྤྲོ་ཞིང་། ཉིན་ཞག་རེ་ལ་སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས་པའི་སྲོག་དབུག་ཤ་ཁྲག་རུས་པ་ནང་ཁྲོལ་ལ་ཟས་སྐལ་དུ་བྱས་ནས་ཁམས་གསུམ་འཇིག་རྟེན་ཀུན་ལ་དབང་བསྒྱུར་ཏེ་གནས་སོ། །དེ་ལྟ་བུའི་ངང་ཚུལ་ངན་པས་འགྲོ་བ་ཐམས་ཅད་ཕྲལ་ཡུན་དུ་བཟོད་དཀའི་


TR006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ལ་སྦྱོར་བ་དེ་དཔལ་ཆེན་པོ་ཧེ་རུ་ཀས་གཟིགས་ནས་ཐུགས་རྗེས་འདུལ་བའི་དུས་ལ་བབས་པ་དགོངས་ཏེ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་སྐུ་མི་ཟད་འབར་བ་དབང་ཆེན་པདྨ་ཧེ་རུ་ཀ་དབུ་ལྔ་དང་ལྡན་པས་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་ཕྱག་བརྒྱད་པས་རྣམ་ཐར་བརྒྱད་ཡོངས་སུ་རྫོགས། ཞབས་བཞི་པས་ཕྲིན་ལས་རྣམ་བཞི་རྒྱུན་ཆད་མེད་པ། ཕྱག་མཚན་སྣ་ཚོགས་འབར་བས་འདུལ་ཐབས་ཀྱི་ཆོ་འཕྲུལ་བསམ་ཡས་འགྱེད་པ། ཡེ་ཤེས་མེ་དཔུང་རབ་ཏུ་འབར་བས་དུག་གསུམ་གཞོབ་ཏུ་བསྲེག་པའི་སྐུར་བཞེངས་ཏེ། སྲིད་གསུམ་ཟིལ་གྱིས་གནོན་ནུས་པའི་དབང་གི་རྟ་སྐད་དྲག་པོ་ལན་དགུར་གྲགས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྲིན་ཕུང་སྟིབས་པ་བཞིན་སྐད་ཅིག་ལ་འདུས་པར་གྱུར་ཏེ། དེའི་ཚེ་དཔལ་ཆེན་པདྨ་ཧེ་རུ་ཀས་བཀའི་འགྲོ་བ་འདི་ལྟར་མཛད་དེ།། ༈ །།ཀྱེ་མ་འདུས་པའི་ཚོགས་


TR006_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དག །འདས་པའི་དུས་ནས་སྔོན་བྱུང་ལྟར། །ད་ལྟའི་དུས་འདིར་བྱུང་བ་སྟེ། །དེ་བཞིན་གཤེགས་པའི་གསུང་རབ་ལ། །བདག་ཉིད་ཆེན་པོ་བརྟག་པ་ཡི། །ཁྲོ་བོའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་དྲག་གཏུམ་པར་གྱུར། །ཤིན་ཏུ་ཁྲོ་དྲག་གཏུམ་པ་ཡིས། །འོ་དོད་འབོད་པར་ལྟུང་བར་འགྱུར། །མི་ཟད་སྡུག་བསྔལ་མཐའ་ལ་ཞེན། །ཇི་ལྟ་བ་ཡིས་ཐབས་ཀྱིས་གདུལ། ཞེས་བགྲོས་པ་ལ། ཕྱོགས་བཅུའི་བདེར་གཤེགས་ཐམས་ཅད་ཀྱང་དགོངས་པ་གཅིག་ཏུ་མཐུན་པར། ཤིན་ཏུ་གཏུམ་པའི་སེམས་ཅན་འདི། །དེར་བཞག་བག་ཆགས་ངན་པ་ཡིས། །བདུད་འཕེལ་རིག་འཛིན་རྒྱུད་གཅོད་ཅིང་། །བསྟན་པའི་གསུང་རབ་འཇིག་པར་འགྱུར། །ལས་ཀྱི་མུན་པར་འགྲོ་བ་འཁྱམས། །དུག་ནད་རིམ་ནད་ཕྲ་མེན་མ། །གནོད་སྦྱིན་གནོད་དང་ལོག་འདྲེན་གྱིས། །སྲིད་གསུམ་འཇིག་ཅིང་དམ་ཚིག་འདྲལ། །


TR006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འོས་པའི་ཐབས་ཀྱིས་ཐུལ། །སངས་རྒྱས་ཐམས་ཅད་འདུས་ནས་ཀྱང་། །མངོན་སྤྱོད་རོལ་པའི་ཐབས་ཆེན་གྱིས། །འཁོར་བ་བསྒྲལ་བའི་དུས་ལ་བབས། །ཅེས་དང་། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱས་ན། །སངས་རྒྱས་ཐུགས་རྗེས་ཁྲོས་པས་ཀྱང་། ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཅེས་བཀའ་བགྲོས་ཤིང་། གསང་བའི་བདག་པོ་ལ་སོགས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཀྱང་བདེར་གཤེགས་རྣམས་ལ་གསོལ་བ་བཏབ་སྟེ། ཨེ་མའོ་བདེ་བར་གཤེགས་པ་རྣམས། །ཐུགས་རྗེ་ཆེན་པོའི་མངའ་བདག་ཅན། །དུལ་ལ་བབས་པའི་སྐལ་ཆེན་འདིར། །ལས་ལ་བབས་པའི་ཐུགས་རྗེ་ཡིས། །རྣམ་པར་སྨིན་པའི་འབྱུང་པོ་འདི། །བསྒྲལ་བར་མཛད་ན་ཐུགས་རྗེའི་


TR006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །ཞེས་སོགས་ཀྱིས་བསྐུལ་བ་ལས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དྲེགས་པ་ཅན་དེ་འདུལ་བའི་གཉེན་པོར་དཔོན་རྟ་མགྲིན་དབང་གི་རྒྱལ་པོ་ཉིད་མངགས་ཤིང་ཐུགས་རྗེ་དང་ཕྲིན་ལས་ཀྱི་ནུས་སྟོབས་གཅིག་ཏུ་འདུས་བར་བྱིན་གྱིས་བརླབས་སོ། །དེ་ནས་དཔལ་ཆེན་པོ་རྟ་མགྲིན་རྒྱལ་པོས་རྫུ་འཕྲུལ་གྱི་ཤུགས་བསྐྱོད་དེ་མ་ལ་ཡ་གནམ་ལྕགས་འབར་བའི་རི་བོར་མཁའ་ལྡིང་ཟས་ལ་བབས་པ་ལྟར་གཤེགས་ནས། མ་ཏྲྃ་རུ་དྲ་ཆེན་པོ་དེ་ལ་བཀའ་སྩལ་བ། གདུག་པ་ཅན་ཁྱོད་འདི་ལྟ་བུའི་ལྟ་སྤྱོད་ངན་པའི་བརྟུལ་ཞུགས་འདི་ཞོག་ལ་ཆོས་ཉིད་བདེན་པའི་བཀའ་ལ་ཉོན་ཞིག །ཅེས་གསུངས་པས། རུ་ཏྲ་ང་རྒྱལ་གྱི་རློམ་པ་ཆེས་ཆེར་སྐྱེས་ཏེ། ཅི་ཁྱོད་འདྲ་བས་བདག་འདུལ་བའི་མཐུ་ནུས་འཆི་བར་སྨྲ་བའམ། སྲིད་པ་གསུམ་ན་བདག་ལས་ཆེ་བའི་དབང་ཕྱུག་སུ་ཞིག་ཡོད། ཅེས་ཟེར་ཞིང་སྲིན་པོ་གདུག་


TR006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངར་སྐད་རུ་ལུ་རུ་ལུ་ཞེས་པའི་སྒྲ་འབྲུག་ལྟར་འབྱིན་པས་ཁ་ཊྭྃ་གི་ལག་ཆ་འཁྲོལ་བར་བྱེད་དོ། །དེ་ནས་དབང་ཆེན་འབར་བས་གདུག་པ་ཅན་གྱི་རུ་དྲ་དེ་ཞི་བ་ཆེན་པོ་ཆོས་ཉིད་བདེན་པས་འདུལ་བའི་ཡུལ་དུ་མ་གྱུར་གཟིགས་ནས། ཁོའི་གདུག་པའི་ངར་སྐད་རུ་རུ་དེ་ཉིད་ཨོ་དང་ཧཱུྃ་གི་བར་དུ་བཅུག་ནས་ཡེ་ཤེས་ཀྱི་ཁྲོ་བོ་མ་ལུས་པའི་ཐུགས་སྔགས་སུ་བྱིན་གྱིས་བརླབས་ཏེ། དེའི་ཤམ་བུར། དམ་སྲི་རུ་དྲ་མཱ་ར་ཡ་ཛཿ མཱ་ར་ཡ་རྦད་ཀྱི་དྲག་སྔགས་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ལ་ལྡིར་བའི་སྐད་ལྟར་བསྒྲགས་ཅིང་། དེ་ཉིད་ཀྱི་གདུག་པའི་ལག་ཆ་ཁ་ཊྭྃ་ག་འཕྲོགས་ཏེ་ཁོ་རངས་གི་སྙིང་ལ་གཟིར་བ་ཙམ་གྱིས། གདུག་པ་ཅན་དེ་ལྗོན་ཤིང་རྩ་བ་བཅད་པ་བཞིན་འགྱེལ་ལོ། །སླར་ཡང་དཔལ་ཆེན་པོས། དམ་སྲི་རུ་དྲ་གམ་ས་རི་མཱ་ར་ཡ་རྦད། ལྟ་བུ་


TR006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་ལྟ་བུ་དུམ། ཤིག་ཤིག །ཕྲུལ་ཕྲུལ། ཏྲིའུ་ཏྲིའུ། སྙིང་སྦུར་རྦད་ཛ་ཛཿ ཞེས་གསུངས་པ་ཙམ་གྱིས་ཁོའི་གཟུགས་ཕུང་དེ་ཚལ་པ་བརྒྱད་དུ་འཐོར་བ་དཔེན་པོས་འཛམ་བུ་གླིང་དུ་བོར་ཏེ་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ་བྱིན་གྱིས་བརླབས། ཁོའི་ཟགས་པ་རྒྱ་མཚོར་ལྷུང་བ་ལས་དཔག་བསམ་གྱི་ཤིང་སྐྱེས་པའི་རྩ་སྡོང་ཡལ་ག་མེ་ཏོག་ལོ་འབྲས་སྙིང་པོ་ཤུན་ལྤགས་དང་བཅས་པ་རྣམས་འཆི་མེད་ཀྱི་བདུད་རྩི་ཨ་མྲྀ་ཏའི་རྒྱུ་རུ་བྱིན་རླབས་ཤིང་། གཞན་ཡང་དོན་སྙིང་ནང་ཁྲོལ་ཤ་ཀྲག་རུས་བཅུད་རྐང་ཚིལ་རྩ་རྒྱུས་སྐྲ་སེན་བ་སྤུ་ཚུན་ཆད་འཇིག་རྟེན་གྱི་ཁམས་སུ་དེ་དང་དེའི་རིགས་མཐུན་གྱི་སྨན་དུ་འཁྲུངས་པར་མཛོད། ཁོའི་རྣམ་པར་ཤེས་པའི་ངོ་བོ་དེ་ལ་དུག་ལྔའི་བག་ཆགས་སྦྱངས་ཕྱིར་དཔལ་གྱི་ཞབས་དུ་རྔུབ་ཅིང་སྐུའི་དབྱིབས་བརྒྱུད་དེ་འོག་གི་སྒོར་བཏོན་པས་ལས་ངན་གྱི་འཁྲུལ་རྟོགས་བག་


TR006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྒྲིབ་གཡོགས་མ་ལུས་དུས་དེར་ཟད་ནས། སྔོན་གྱི་ཟབ་མོའི་ཆོས་ཚུལ་ཐོས་པའི་དོན་ཡང་བདེ་བླག་ཏུ་དྲན་ཞིང་། བར་དུ་རང་གི་ལྟ་ལོག་སྤྱོད་ཉེས་ཀྱི་ཚུལ་མཐའ་དག་ཇི་ལྟ་བར་གོ་ཞིང་འགྱོད་པའི་སེམས་བཟོད་གླག་མེད་པ་སྐྱེས་ནས། དཔལ་ཆེན་པོ་ཉིད་ལ་གདུང་བས་སྨྲེ་ངག་མཐོལ་བཤགས་མདོངས་གསོལ་དུ་བྱས་ཏེ། གཟི་བྱིན་རྒྱལ་པོ་བདག་ལ་དགོངས་སུ་གསོལ། །བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་འདོད་པའི་ཁམས་འདིར་སྐྱེས། །སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་ཀླུང་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག །རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་། །འདི་ལྟར་ལས་ཀྱི་རླུང་དམར་འདིས་བཏབ་པས། །བསྐལ་པ་གྲངས་མེད་བར་


TR006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདག་ཅག་རྣམས། །འཁོར་བའི་བརྩོན་ར་མུན་པར་འཁྱམས་ལགས་ན། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་བྱང་ནས། །མ་ལྟར་བྱམས་པའི་ཐུགས་རྗེས་སྐྱབས་ཏུ་གསོལ། །ཞེས་སོགས་རུ་དྲའི་སྨྲེ་བཤགས་ཀྱི་སྒོ་ནས་གསོལ་བ་བཏབ་ཅིང་། སླར་ཡང་། ཨེ་མ་དཔའ་བོ་ཐུགས་རྗེ་ཅན། །འབངས་ལ་ནན་ཏན་མ་ཆུང་ཞིག །བདག་གི་འཁོར་དང་བྲན་གཡོག་དང་། མ་དང་སྲིང་མོ་བུ་མོ་སོགས། །འབངས་སུ་འབུལ་ལོ་བཀའ་ལ་འཐོགས། །དབུས་ན་མཆིས་པའི་སྐལ་མེད་ཀྱི། །ཉིད་ཀྱི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་བའི་སྐལ་མ་མཆིས། །ལྷག་མ་ཞལ་ཆབ་བྲོན་ལ་སྩོལ། །བདག་ཅག་བཀའ་ལས་ཡོངས་མི་གདའ། །གལ་ཏེ་བཀའ་ལས་འདས་གྱུར་ན། །བདག་ཅག་རྣམས་ཀྱི་མགོ་ལུས་རྙིང་། །རུས་མྱག་ནས་ནི་ཚིམ་པར་འགྱུར། །ཞེས་པའི་མདའ་


TR006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དོར་ཞིང་དམ་བཅས་པ་ལ། དཔལ་ཆེན་པོ་རྟ་མཆོག་ཧེ་རུ་ཀས་ཀྱང་ཚད་མེད་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་སྟེ། མ་ཏྲྃ་རུ་དྲ་ནི་འོག་ཕྱོགས་ཐལ་བས་ཁེབས་པ་ཅེས་བྱ་བའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོར་འཚང་རྒྱ་བར་ལུང་བསྟན་ཞིང་། སྤྲུལ་པའི་རྣམ་རོལ་ནི་བསྟན་སྲུང་ཆེན་པོ་མ་ཧཱ་ཀཱ་ལར་བྱས་ནས་བསྐལ་བཟང་གི་སངས་རྒྱས་སྟོངས་གི་བསྟན་པ་མ་རྫོགས་ཀྱི་བར་དུ་དམ་པའི་ཆོས་སྐྱོངས་ཞིང་འགལ་བྱེད་ཚར་གཅོད་པའི་བདག་པོར་དབང་བསྐུར་མངའ་གསོལ་གཉེར་གཏད་གཟི་བྱིན་བསྐྱེད་ཅིང་དམ་ལ་བཞག རུ་དྲའི་འཁོར་དུ་གཏོགས་པའི་ས་འོག་ས་སྟེང་ས་བླའི་བདག་པོ་འཇིག་རྟེན་གྱི་དྲེགས་བྱེད་ཕོ་མོ་འབངས་འཁོར་དང་བཅས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་རང་རང་གི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བ་ལ་དཔོན་པོས་ཀྱང་དམ་ཚིག་གི་རྡོ་རྗེ་སྤྱི་བོར་


TR006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཅིང་བདུད་རྩི་ལྕེ་ལ་བླུགས་ནས་བཀའ་དང་དམ་ལས་མི་འདའ་བར་དཀྱིལ་འཁོར་གཉན་པོའི་སྲུང་མ་དང་དམ་ཚིག་ཅན་གྱི་གདོང་གྲོགས་དམ་ཉམས་རྣམས་ཀྱི་སྡང་གཅོད་དུ་བཀའ་བསྒོ་བར་མཛད་དོ། །དེའི་དུས་སུ་དཔལ་ཆེན་པོ་པདྨ་དབང་ཆེན་རྟ་མགྲིན་རྒྱལ་པོ་དེ་ཉིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་མངོན་པར་འདུ་མཛད་ཅིང་། ཉིད་ལས་མི་གཞན་པའི་འཁོར་གྱི་དབུས་ནས་སྤྲུལ་པ་པདྨའི་སེམས་དཔའ་དང་། དབང་གི་ལྷ་མོ་བདེ་བྱེད་མ་ལ་སོགས་པས་ཞུ་བ་པོར་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་འདུས་པ་རྟ་མཆོག་རོལ་པ་ཆེན་པོའི་རྒྱུད་དང་། དབང་རྒྱལ་རྟ་མཆོག་རོལ་པའི་རྒྱུད་དང་། དཔལ་པདྨ་དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་དང་དྲེགས་པ་དབང་སྡུད། དྲེགས་པ་གནད་འབེབས། དྲེགས་པ་ཟིལ་གནོན། དྲེགས་པ་ཐམས་ཅད་གཟན་ལ་འབེབས་པའི་རྒྱུད་ལ་སོགས་པ་


TR006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དབང་ཆེན་འདུས་པ་རྩ་བའི་རྒྱུད། །བཤད་པའི་རྒྱུད། མན་ངག་གི་རྒྱུད། བཀོལ་པ་དུམ་བུའི་རྒྱུད་སོགས་དང་། ནཱ་ག་ཀླུ་འདུལ་ཆེན་པོའི་རྒྱུད་མ་བུ་རྣམས་དང་། བདེར་གཤེགས་སྤྱི་དྲིལ་རྔོག་མ་ལེབ་རྒན་འབར་བའི་རྒྱུད་ཆེན་ལ་སོགས་རྟ་མགྲིན་དབང་གི་རྒྱུད་སྡེ་རབ་འབྱམས་མཐའ་ཡས་པ་གསུངས་ཤིང་། མཁའ་འགྲོ་དང་རིག་འཛིན་གྱི་ཚོགས་རྣམས་ཀྱིས་བཀའི་བསྡུ་བ་མཛད་དེ་འཛམ་གླིང་མི་ཡུལ་དུ་སློབ་དཔོན་ཆེན་ཀླུ་སྒྲུབ་སྙིང་པོ་དང་པདྨ་འབྱུང་གནས་སོགས་སྐྱེས་ཆེན་གྲུབ་ཐོབ་རྣམས་ལ་བཀའ་བབས་ཤིང་། རྒྱུད་ལ་བརྟེན་ནས་སྒྲུབ་ཐབ་མན་ངག་ལས་ཚོགས་དགོངས་འགྲེལ་དཔག་ཏུ་མེད་པ་པཎ་གྲུབ་སོ་སོས་མཛད་པ་ལ་བརྟེན་ནས། རྒྱ་བོད་དུ་དཔལ་རྟ་མགྲིན་ཁོ་ནའི་གྲུབ་ཐོབ་ཀྱང་གྲངས་མེད་པར་བྱོན་མོད་ཀྱི། ལོ་རྒྱུས་བསྡུས་པ་འཆད་ན་འདི་ནས་བཟུངས་ཏེ་བཤད་དོ། །ད་ལམ་གྱི་ཆོས་བཀའ་འདི་ཁོ་ནའི་ལོ་རྒྱུས་ཀྱི་དབང་དུ་བགྱི་ན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་


TR006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཡུལ་དུ་བྱོན་ཁར་འཕགས་པ་སྤྱན་རས་གཟིགས་ཀྱིས་བཀའ་སྩལ་ཏེ། རིགས་ཀྱི་བུ་རིག་པ་འཛིན་པའི་དབང་ཕྱུག་ཁྱོད་ཀྱིས། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་དེ་བཞིན་གཤེགས་པས་ཞབས་ཀྱིས་མ་བཅགས་ཤིང་ཤིན་ཏུ་བགྲོད་པར་དཀའ་བའི་ས་ཕྱོགས་རི་བྲག་ཐམས་ཅད་མཚོན་ཆ་གཟིངས་པ་འདྲ་བ། ཆུ་ཀླུང་ཐམས་ཅད་རྦ་ཀློང་དྲག་པོར་འཁྲུག་པ། སྐྱེ་འགྲོ་ཐམས་ཅད་ཀྱང་གདོལ་བ་ཤ་ཟན་སྲིན་པོའི་རིགས་སུ་གཏོགས་པས་མདོག་ཞིང་ཤ་ཁྲག་ལ་དགའ་བ། གཡོ་སྒྱུ་ཆེ་ཞིང་སྡིག་པ་མི་དགེ་བ་ལ་སྤྱོད་པ་འབའ་ཤིག་ཡོད་པས་འདུལ་བར་དཀའ་བའི་ཞིང་ཡིན་ཀྱང་། བདག་ཉིད་ཀྱིས་རྒྱལ་བའི་སྤྱན་སྔར་སྨོན་ལམ་བཏབ་ཅིང་དམ་བཅས་པའི་འདུལ་ཡུལ་དུ་འགྱུར་ཕྱིར། བདག་གི་ཐུགས་རྗེ་ལས་སྤྲུལ་པ་ཁྱེད་ཀྱིས་ཀྱང་རྨད་བྱུང་ཐུགས་རྗེའི་རྫུ་འཕྲུལ་མཐའ་ཡས་པས་འཐུལ་བར་འགྱུར་གྱི། སྐྱེ་འགྲོ་ཕོ་རིགས་ཐམས་ཅད་འཕགས་པ་སྤྱན་


TR006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་ཀྱི་ཏིང་འཛིན་གྱིས་ཐུལ་ཞིག མོ་རྣམས་ཐམས་ཅད་སྒྲོལ་མ་གསང་བ་ཡེ་ཤེས་ཀྱི་ཏིང་འཛིན་གྱིས་འཐུལ་ཤིག མི་མ་ཡིན་གདུག་པ་ཅན་རྣམས་རྟ་མགྲིན་དབང་ཆེན་འབར་བའི་བརྟུལ་ཞུགས་དྲག་པོས་ཚར་ཆོད་ལ། དམ་པའི་ཆོས་ཀྱི་བསྟན་པ་དར་བར་གྱིས་ཤིག །ཅེས་གསུངས་པ་དང་མཐུན་པར་ སློབ་དཔོན་གྱིས་ཀྱང་བོད་ཡུལ་མཐའ་ཁོབ་ཀྱི་སྐྱེ་འགྲོ་ཕོ་མོ་རྣམས་འཕགས་མཆོག་ཐུགས་རྗེའི་བདག་པོ་ཡབ་ཡུམ་གྱི་སྒོ་ནས་སྨིན་གྲོལ་དུ་ མཛད་ཅིང་། བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ནི་དབང་ཆེན་རོལ་པའི་གཟི་བྱིན་གྱིས་བཏུལ་ཞིང་དམ་ལ་བཏགས། ཁྱད་པར་དུ་རྒྱལ་པོའི་ཐུགས་དམ་དཔལ་གྱི་བསམ་ཡས་བཞེངས་པའི་ཐོག་མར་བར་ཆད་སེལ་ཕྱིར་ཨཱརྱ་པཱ་ལོ་རྟ་མགྲིན་གྱི་གླིང་སྔོན་ལ་བཞེངས་སུ་གསོལ་བས་ས་གཞི་དུལ་ཞིང་བར་ཆད་ཐམས་ཅད་ཞི་ནས་ཐུགས་དམ་གྱི་གཙུག་ལག་གེགས་མེད་དུ་


TR006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོངས། དེ་དག་གི་སྐབས་སུ་སློབ་དཔོན་ཆེན་པོས་དཔལ་རྟ་མགྲིན་གྱི་ཆོས་སྐོར་རྒྱུད་དང་མན་ངག་མང་པོ་ཞིག་ཆོས་རྒྱལ་རྗེ་འབངས་ཐ་དད་ཀྱི་སྐལ་བ་དང་འཚམས་པར་གནང་བས། ངན་ལམ་རྒྱལ་བ་མཆོག་དབྱངས་ལ་སོགས་པས་རྟ་མགྲིན་གྱི་སྐུར་དངོས་སུ་བཞེངས་ཤིང་རྟ་སྐད་ཀྱིས་འཛམ་གླིང་ཁྱབ་པའི་གྲུབ་རྟགས་སྟོན་ནུས་པ་ཡང་བྱུང་ཞིང་ཆོས་རྣམས་གཏེར་ཁ་སོ་སོར་སྦས་པ་ལས། ཟབ་ཆོས་འདི་ཉིད་ནི་རྟ་མཆོག་གཙུག་གི་ནོར་བུའི་རྒྱུད་ཀྱི་དགོངས་དོན་མན་ངག་བསྡེབས་ནས། ཕྱི་མདོ་དང་བསྟུན་ཏེ་ལྟུང་བཤགས་སངས་རྒྱས་སོ་ལྔའི་སྒྲུབ་ཐབས། ནང་སྔགས་ལུགས་དང་མཐུན་པ་རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས། གསང་བ་མན་ངག་དང་མཐུན་པ་རྩ་གསུམ་གཅིག་དྲིལ་ཡིད་བཞིན་ནོར་བུའི་དབང་སྒྲུབ་ལས་ཚོགས་དང་བཅས་པ། དེ་ཁོ་ན་ཉིད་རྫོགས་རིམ་ཡེ་ཤེས་འཁོར་ལོའི་ཉམས་ལེན་རྫོགས་པ་ཆེན་པོ་ཡང་ཏི་འོད་གསལ་འཁོར་ཡུག་གི་ཟབ་དོན་སྙིང་པོར་དྲིལ་


TR006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བཅས་པའི་ཆོས་སྐོར་འདི་ནི་མྱང་བན་ཏིང་འཛིན་བཟང་པོ་ལ་གནང་ཞིང་མ་འོངས་དྲག་སྤྱོད་བཞི་བཅུའི་ཡང་མཐའ་སུམ་ཅུ་ཁ་རལ་ལ་ཉེ་བའི་དུས་ན་ཟབ་ཆོས་འདི་ཉིད་ཀྱིས་འགྲོ་ལ་ཕན་པའི་ལུང་བསྟན་དབང་བསྐུར་སྨོན་ལམ་བཀའ་གཏད་མཛད་ནས། གཏོར་དཔེ་རྣམས་རིན་ཆེན་ཟངས་ཀྱི་སྦུ་གུར་བཅུག་ཅིང་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དང་མཚོ་རྒྱལ་གྱི་དབུ་སྐྲ་སོགས་བྱིན་རླབས་ཀྱི་ཁྱད་པར་ཅན་དང་། རྟ་ཕག་ཡབ་ཡུམ་གྱི་སྐུ་རྟེན་ཙིཏྟ་རིན་ཆེན་འབར་བ་ཞེས་པ་ཡིད་བཞིན་གྱི་ནོར་བུ་སོགས་གཏེར་རྫས་ཁྱད་འཕགས་དུ་མ་དང་བཅས་ཏེ་རྒྱ་རིམ་པ་བདུན་གྱིས་བཏབ་ནས། ཀོང་ཡུལ་ཉང་ལུང་ལྗོན་པའི་ནགས་ཚལ་གྱི་སྐེད་པ་སྙལ་མོ་ལྷ་རི་ཞེས་འོད་དཔག་མེད་ཀྱི་སྐུ་བརྙན་བྲག་ལ་རང་བྱུང་དུ་གསལ་བའི་གནས་སུ་གཏེར་དུ་སྦས་ཤིང་། དྲང་སྲོང་གཟའ་བདུད་ཆེན་པོ་ལ་གཏེར་སྲུང་དུ་བཀའ་བསྒོས་ཏེ་བཞག་པ་ལས། ཕྱི་མའི་དུས་ན་ཇི་ལྟར་འབྱུང་


TR006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུས་རྟགས་ལུང་བྱང་དང་རྗེས་སུ་མཐུན་པར། སྤྲུལ་པའི་རིག་འཛིན་ཆེན་པོ་ཧཱུྃ་ནག་མོ་མེ་འབར་གྱིས་ཀྱང་དུས་རྟགས་ལུང་བསྟན་ཇི་ལྟ་བའི་ཐོག་ཏུ་བབས་ནས་ཟབ་གཏེར་འདི་ཉིད་བཞེས་པར་བརྩམ་པ་ལ། བདུད་རིགས་ལོག་འདྲེན་གདུག་པ་ཅན་རྣམས་མ་བཟོད་པའི་ཆོ་འཕྲུལ་དྲག་པོ་གཡོས་ཏེ། གཅུགས་ཅན་མིའི་བར་ཆད་ཡུལ་ཕྱོགས་དེ་དག་གི་སྐྱེ་བོ་རྣམས་ཀྱིས་གཏེར་བཏོན་ན་ཡུལ་གྱི་ས་བཅུད་ཉམས་པར་འགྱུར་བས་སྲུང་དགོས་ཟེར་ནས་དམག་དཔུང་གོ་མཚོན་དང་བཅས་པས་གཏེར་གནས་ཀྱི་ལམ་འཕྲང་བཀག་ཅིང་སྐུ་ལ་བསྡོས། གཟུགས་མེད་ལྷ་འདྲེའི་བར་ཆད་རླུང་འཚུབ་ཐོག་སེར་ཤྭ་འོད་རི་ཉིལ་བ་སོགས་འཚུབ་འགྱུར་མཐའ་ཡས་པས་གཏེར་སྒོ་དགག་ཀྱང་། རིག་འཛིན་དེ་ཉིད་ཀྱིས་འགྲོ་བ་མིས་མི་ཐར་བའི་གཡང་རི་ལ་རྫུ་འཕྲུལ་གྱིས་ཆིབས་རྒྱུག་མཛད་ཅིང་བྲག་ལ་ཞབས་རྗེས་འཇོག་པ་སོགས་གྲུབ་རྟགས་ཡ་མཚན་


TR006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་བསྟན་པས་མི་རྣམས་དབང་དུ་བསྡུས། ཁྲོ་རྒྱལ་རྟ་མགྲིན་འབར་བའི་ཏིང་འཛིན་ནུས་པའི་ཟེར་གྱིས་མི་མ་ཡིན་ཆམ་ལ་ཕབས་ཏེ་བར་ཆད་ཐམས་ཅད་ཟིལ་གྱིས་མནན་ནས་ཟབ་གཏེར་གེགས་མེད་དུ་ཐོབ་ཅིང་བཀའ་བབས་ལས་འཕྲོ་ཅན་གྱི་ཆོས་བདག་སྐྱེས་ཆེན་སོ་སོའི་ཕྱག་ཏུ་ཕྲོད་པར་མཛད་པའི་རྟེན་འབྲེལ་དགེ་ལེགས་ཀྱི་ཁྲི་གདུགས་ཕྱོགས་བཅུར་བརྡལ་བས་གདུལ་བྱའི་སྨིན་གྲོལ་གྱི་ལམ་བཟང་མངོན་པར་སྣང་བར་མཛད་པ་འདི་ལྟར་ལགས།། ༈ །།དེའི་ཕྱིར་ན་དེང་གི་དུས་འདིར་ཟབ་ཆོས་འདི་ཉིད་ཀྱི་དབང་བསྐུར་ལ་འཇུག་པའི་ལས་རིམ་གྱི་ཐོག་མར་གསང་སྔགས་ཟབ་མོའི་ཆོས་ལ་རྡོ་རྗེའི་སློབ་དཔོན་གྱི་བྱིན་རླབས་རྗེས་སུ་གནང་བ་མ་ཐོབ་པར་བབ་ཆོལ་དུ་འཇུག་ཏུ་མི་རུང་ལ། བཀའི་རྗེས་སུ་གནང་བ་ཐོབ་པར་བྱེད་པ་ལ་གུས་པས་གསོལ་བ་གདབ་གསོ། གསོལ་བ་གདབ་པའི་ཡུལ་


TR006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཐ་མལ་མིའི་འདུ་ཤེས་བྱས་ན་བྱིན་རླབས་འཇུག་པའི་ཡུལ་དུ་མི་འགྱུར་ཕྱིར། བླ་མ་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཉིད་ཡིན་ལ་ཡིན་པར་ཤེས་པའི་དག་སྣང་མོས་གུས་ཀྱི་གདུང་ཤུགས་བསྐྱེད་ནས་གསོལ་བ་གདབ་པའི་ཚིག་འདི་རྗེས་ཟློས་མཛད་པར་ཞུ། ཨེ་མ་བླ་མ་རིན་པོ་ཆེ། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བདག་ཅག་འཁོར་བའི་བཙོན་རར་ཆུད། །འདི་ལ་ཐུགས་རྗེས་གཟིགས་མཛོད་ལ། །དབང་མཆོག་དམ་པ་སྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པའི་ལན་དུ་དམ་ཚིག་གི་སྐལ་བའི་ནུས་སྟོབས་འདྲི་ཞིང་གནང་བའི་སྐབས་དབྱེ་བ་ལ་གསན་པར་ཞུ། ཧོ། བུ་ཁྱོད་སུ་ཡིན་ཅིག་བྱ། །གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར། །འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན། །བརྒྱ་ལམ་དེ་ནི་རེ་འགའ་ཙམ། །རྩ་གསུམ་དམ་ཚིག་བསྲུང་ནུས་སམ། ཞེས་དྲིས་པ་འདིའི་ལན་དུ་རྩ་བ་དང་ཡན་ལག་གི་དམ་


TR006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཐམས་ཅད་སྲོག་ལ་བབས་ཀྱང་མི་ཉམས་པར་བསྲུང་སྙམ་པའི་ཞེ་ཐག་པའི་དམ་བཅའ་དང་བཅས་ཏེ་ཚིག་འདི་རྗེས་བཟློས་མཛད་པར་ཞུ།། ༈ །།བདག་ནི་རིགས་ཀྱི་བུ་གཅིག་པུ། །སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ། །རྩ་བའི་དམ་ཚིག་དབང་གིས་བསྲུང་། །ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ། ཞེས་ཞུ་ཞིང་བླ་མ་དང་དཀྱིལ་འཁོར་ལ་དངོས་སམ་ཡིད་ཀྱིས་ཕྱག་དང་བསྐོར་བ་ཅི་ནུས་བྱའོ། །སླར་གྲལ་དུ་འཁོད་པ་ལ་སྤྱན་དར་དམར་པོས་བཅིངས་ཤིང་མེ་ཏོག་བསིལ་མ་ལག་ཏུ་གཏད་ལ། དེ་ཡང་འོ་སྐོལ་སྐྱེ་འགྲོ་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པའི་བག་ཆགས་ངན་གོམས་མཐུ་བརྟས་ནས་འཁོར་བའི་རྒྱུ་འབྲས་ལ་ཡིད་ཆགས་པས་རང་བྱུང་ཡེ་ཤེས་ཀྱི་ཞལ་མ་མཐོང་བར་བསྒྲིབ་པའི་བརྡའ་མཚོན་པའི་ཕྱིར་མིག་དར་དམར་པོས་བཅིང་བ་ཡིན་ལ། ད་ནས་བླ་མའི་དྲིན་གྱིས་རང་བྱུང་དོན་གྱི་ལྷ་དང་མཇལ་བར་བྱ་ཕྱིར་རིག་པ་རང་བྱུང་གི་མེ་ཏོག་འདི་རྩ་གསུམ་ལྷ་ཚོགས་ཀྱི་དཀྱིལ་འཁོར་


TR006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་རྟེན་ནམ་དབང་ཡོན་གྱི་ཚུལ་དུ་ཕུལ་བ་ཙམ་གྱིས། ཚེ་རབས་སྔོན་ནས་བསྒོམ་ཤིང་བསྒྲུབ་པའི་ལས་འཕྲོ་གང་ཡོད་ཀྱི་ལྷས་བྱིན་གྱིས་བརླབས་ནས་རང་རིག་ཡེ་ཤེས་རང་ངོ་མཐོང་བར་མཛད་དུ་གསོལ་སྙམ་པའི་མོས་གདུངས་ཀྱི་ངང་ནས་ཚིག་འདིའི་རྗེས་ཟློས་མཛད་པའི་མཐར་མེ་ཏོག་བསིལ་མ་དཀྱིལ་འཁོར་གྱི་ཕྱོགས་སུ་མཐོར་བར་མཛོད་ཅིག །ཧོ། རྩ་གསུམ་བླ་མའི་དཀྱིལ་འཁོར་འདིར། རང་རིག་སྣང་བའི་མེ་ཏོག་འབུལ། །སྔོན་ནས་ལས་ཀྱི་འཕྲོ་ཡོད་པའི། །ཡི་དམ་ལྷ་ལ་བབས་པར་ཤོག། ༈ །།དེ་ལྟར་མེ་ཏོག་ཕུལ་བ་དེ་ཉིད་རིགས་ཐ་དད་པའི་ལས་འཕྲོ་གང་ཡོད་ཀྱི་ལྷ་ལ་བབས་ཤིང་དེའི་རིགས་དང་མཚུངས་པའི་དབང་གི་གསང་མཚན་དང་ལས་དང་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ནའང་། དེང་གི་སྐབས་འདིར་ནི་རིགས་ཀུན་འདུས་པ་རྩ་གསུམ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ལ་བབས་པ་ལགས་ཚེ་


TR006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་མཐུན་པར་དབང་གི་གསང་མཚན་ཀྱང་རིགས་འདུས་དབང་ཆེན་དྲག་པོ་རྩལ་ཞེས་པའི་མིང་འཛིན་པར་ཞུ་ཞིང་གསང་བའི་མཚན་འདི་ཐོགས་པ་ཙམ་ནས་ལྷ་དང་དཔའ་བོ་མཁའ་འགྲོ་ཀུན་གྱི་དམ་ཚིག་གི་མཐུན་པའི་སྲས་དང་མཆེད་དུ་གཟིགས་ནས་བྱིན་གྱིས་རློབས་པར་འགྱུར་བ་དང་། གནས་སྐབས་སུ་བར་ཆད་ལས་སྐྱོབས་ཅིང་མཐར་ཐུག་ཀྱང་སངས་རྒྱས་ཀྱི་མཚན་འདི་ཉིད་དང་མཐུན་པར་འཚང་རྒྱ་བར་འགྱུར་བས་ན་གསང་མཚན་ནི་དོན་དང་དགོས་ཆེད་མང་པོ་དང་ལྡན་པ་ལགས།། ༈ །།དེ་ནས་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་གསེར་གྱི་ཁ་དོག་ལྟ་བུ་ལ་དབྱིབས་ནི་སྨན་པ་མིག་མཁན་གྱི་ཐུར་མ་འདྲ་བ་འཕྲོས་པས་ཁྱེད་རང་རྣམས་ཀྱི་མ་རིག་པའི་བག་ཆགས་སྒྲིབ་གཡོགས་མཐའ་དག་གསལ་བའི་མོས་པ་མཛོད་


TR006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཧོ། ཇི་ལྟར་མིག་མཁན་མིག་དབྱེ་ལྟར། ཁྱོད་ཀྱི་མ་རིག་ལིང་ཐོག་ནི། །རིག་པའི་ངང་དུ་དབྱེ་བས། །རྩ་གསུམ་ལྷ་ལ་ལེགས་པར་ལྟོས། ཅེས། བླ་མས་ཕྱག་མཚན་རྡོ་རྗེས་མིག་དབྱེ་བའི་ཕྱག་རྒྱ་དང་བཅས་པས་སྤྱན་དར་རྣམས་དཀྲོལ་ཏེ།། ༈ །།རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ཞིག །གསང་སྔགས་ཟབ་མོའི་དཀྱིལ་འཁོར་དང་མཇལ་བ་ནི་ཚེ་རབས་དཔག་ཏུ་མེད་པ་ནས་བསོད་ནམས་ཀྱི་ཚོགས་ཆེན་བསགས་ཤིང་སྨོན་ལམ་གྱི་མཐུ་དང་ལྡན་དགོས་ཏེ། དེ་དང་མི་ལྡན་པར་ཐེག་ཆེན་བླ་མེད་ཀྱི་ཆོས་དང་མི་ཕྲད། ཕྲད་ཀྱང་དད་པར་མི་འགྱུར་མ་དད་པ་ལ་བྱིན་རླབས་འཇུག་པའི་སྐབས་མི་སྲིད་པས། དེ་བས་ན་ཁྱེད་ཅག་རྣམས་འདི་ལྟ་བུའི་གསང་མཆོག་བླ་ན་མེད་པའི་ཆོས་ལ་དད་ཅིང་དཀྱིལ་འཁོར་གཉན་པོའི་སྒོར་ཞུགས་པ་ནི་བསོད་ནམས་ཀྱི་སྐལ་བ་མཆོག་རབ་ཏུ་གྱུར་པ་ཡིན་ལ། འོན་ཀྱང་འདི་ལྟ་བུའི་


TR006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་ཞུགས་ཕྱིན་ཆད་གསང་མཆོག་རྡོ་རྗེ་ཐེག་པའི་དམ་ཚིག་གི་རྩ་བ་ཡན་ལག་དང་བཅས་པ་ཚུལ་བཞིན་བསྲུང་དགོས་དེ་མ་བསྲུང་ན་མནར་མེད་དམྱལ་བ་ཆེན་པོར་ལྷུང་ནས་ཐར་བའི་དུས་མི་འབྱུང་ཞིང་། དམ་ཚིག་མ་ཉམས་པར་བསྲུང་ན་ཚེ་གཅིག་བླ་མེད་བྱང་ཆུབ་ཀྱི་གོ་འཕངས་ཐོབ་པར་ནུས་པས་ན། དེ་ལྟ་བུའི་ཁེ་ཉེན་གྱི་རྒྱུ་འབྲས་ལ་ལེགས་པར་བསམ་ནས་བླངས་དོར་ཕྱིན་ཅི་མ་ལོག་པར་སྒྲུབ་དགོས་པ་ལགས། དེ་ནས་ཡེ་ཤེས་འབེབ་པར་བྱེད་པའི་རྫས་དང་ཡོ་བྱད་སྤོས་དང་རོལ་མོ་སོགས་གསར་ལ། དེ་ཡན་ཆད་ཀྱི་ལས་རིམ་རྣམས་ཀྱི་ཁྱེད་ཅག་དབང་གི་སྣོད་རུང་དུ་བསྒྲུབ་པའི་སྟ་གོན་ཡིན་ལ། ད་ནི་དབང་དངོས་གཞི་བསྐུར་བར་བྱ་བ་ལ་ཡང་། གསང་སྔགས་བླ་མེད་ཀྱི་སྐབས་འདིར་རྣམ་པ་ཀུན་ཏུ་སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་མ་གཏོགས་ཐ་མལ་འཁྲུལ་པའི་ཞེན་རྟོག་རང་ག་མས་


TR006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐད་ཅིག་ཀྱང་རུང་བ་མ་ཡིན་པ་དང་། ཁྱད་པར་དབང་ཞེས་བྱ་བའི་དོན་ནི་ལྷ་ལ་ལྷ་བསྟིམ། སྔགས་ལ་སྔགས་སུ་གསལ་གདབ། ཆོས་ཉིད་ལ་ཆོས་ཉིད་དུ་ངོ་སྤྲོད་པ་ལ་དབང་དུ་བརྗོད་པ་ཡིན་གྱི། སོ་སྐྱེ་ཐ་མལ་པའི་མགོ་ཐོག་ཏུ་ཀུན་རྫོབ་མཚན་མའི་རྫས་ཀྱིས་བཏུག་ཅིང་རེག་པ་ཙམ་གྱིས་ནི་དབང་གི་དོན་འགྲུབ་པར་འགྱུར་བ་མ་ལགས་ཚེ། དེས་ན་དབང་བསྐུར་བའི་ཡུལ་ལྷར་བསྐྱེད་པའི་དམིགས་པ་འདི་བཞིན་དུ་སྒོམ་པར་ཞུ། དེ་ཡང་འོ་སྐོལ་རྣམས་གནས་པའི་ས་ཕྱོགས་འདི་དག་ཐ་མལ་གྱི་གནས་མ་ཡིན་པར་བདེ་ཆེན་དབང་གི་ཕོ་བྲང་ཡེ་ཤེས་འོད་ཀྱི་གཞལ་ཡས་སུ་མོས་པ་མཛད། བདག་རྡོ་རྗེ་སློབ་དཔོན་ལ་ཡང་ཕལ་པའི་མི་གཟུགས་ཀྱི་འདུ་ཤེས་མི་མཛད་པར་བདེར་གཤེགས་ཀུན་འདུས་རྩ་གསུམ་ཡོངས་རྫོགས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་པ་གནང་། ཁྱེད་རང་སོ་སོ་རྣམས་ཀྱང་གདན་པདྨ་ཉི་ཟླ་བདུད་བཞི་བརྫིས་པའི་


TR006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། སྐད་ཅིག་དྲན་རྫོགས་སུ་ལྷ་ཐམས་ཅད་ཀྱི་སྤྱི་དཔལ་དབང་ཆེན་རྟ་མགྲིན་རྒྱལ་པོ་ཡུམ་མཆོག་རྡོ་རྗེ་ཕག་མོ་དང་གཉིས་ཀ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གྲི་གུག་འབར་བ་དང་གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་ཞིང་། ཞལ་གདངས་ལྗགས་འདྲིལ་མཆེ་བ་རྣོ་དཔལ་དུ་གཙིགས་པ། སྤྱན་གསུམ་དམར་ཟླུམ་གློག་ལྟར་འཁྱུག་ཅིང་སྨིན་མ་ཨག་ཚོམ་མེ་ལྟར་འབར་བ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་རིན་ཆེན་རུས་རྒྱན་དར་དཔྱང་གིས་བརྒྱན་པ། །ཞབས་གཉིས་ཁྲོ་བོ་འདོར་སྟབས་ཀྱིས་བཞེངས་ཤིང་། ཡབ་ཀྱི་སྤྱི་བོར་རྟ་མགོ་ལྗང་ཞུར་དང་ཡུམ་གྱི་གཙུག་ཏུ་ཕག་ཞལ་མཐིང་ནག་གིས་མཚན་པའི་རང་སྒྲ་དྲག་པོས་སྣང་སྲིད་གཡོ་ནུས་པ། དབུ་སྐྲ་སྨུག་ནག་གྱེན་དུ་འཁྱིལ་བའི་དབུས་ན་རིགས་བདག་གུ་རུ་ཡིད་བཞིན་ནོར་བུ་པདྨ་སམྦྷ་བའི་ཆ་བྱད་ཞི་འཛུམ་ཅན། མཉམ་གཞག་


TR006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་བསམ་འཕེལ་འཛིན་པས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་སྟེ། དེ་ལྟར་རྩ་གསུམ་གཅིག་དྲིལ་སྐུ་རི་རབ་ལྷུན་པོ་ལྟར་བརྗིད་ཅིང་ཉི་མ་འབུམ་གྱི་གཟི་འོད་བཞིན་འབར་བ་ཡེ་ཤེས་མེ་དཔུང་གི་ཀློང་ན་གར་གུའི་ཉམས་ལྡན་གྱི་སྐུར་གསལ་བའི་སྤྱི་བོར་ཨོཾ་ཡིག་དཀར་པོ། མགྲིན་པར་ཨཱཿཡིག་དམར་པོ། ཐུགས་ཀར་ཧཱུྃ་ཡིག་མཐིང་ག དེའི་འོག་ཏུ་ཧྲཱིཿཡིག་མེའི་མདོག་ཅན་རྣམས་ལས་འོད་འཕྲོས་པས། འོག་མིན་བདེ་བ་ཆེན་པོའི་ཞིང་དང་། དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ན་སྐྱབས་གནས་རྩ་གསུམ་ལྷ་ཚོགས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། ཡེ་ཤེས་ཐུགས་རྗེའི་རླབས་ཆེན་གཡོས་ཏེ་རྩ་གསུམ་ལྷ་ཚོགས་ཀྱི་འཁོར་དུ་སངས་རྒྱས་བྱང་སེམས་རྩ་རྒྱུད་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་རྒྱ་མཚོས་བསྐོར་བ་དབྱར་གྱི་ཆར་སྤྲིན་ཐིབས་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ལ་དམ་ཚིག་ཡེ་ཤེས་གཉིས་མེད་དུ་ཐིམ་པའི་མོས་པ་དང་དད་གུས་གདུང་


TR006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤུགས་དྲག་པོ་བསྐྱེད་པར་མཛོད་ཅིག །ཨོཾ་ཨཱཿཧཱུྃ་ཧྲཱིཿ སརྦ་སིདྡྷི་ཕ་ལ་ཧཱུྃ། མ་ཧཱ་གུ་རུ་ཙིནྡྷ་མ་ཎི། ཧ་ཡ་གྲྀ་ཝ། བཛྲ་བཱ་ར་ཧི། ས་པ་རི་ཝཱ་ར་ཨེ་ཨ་ར་ལི་ཧྲིང་ཧྲིང་། ཕེ༚་ཕེ༚། ཛཿཧཱུྃ་བྃ་ཧོ། ཀ་ཡ་ཝཀཱ་ཙིཏྟ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས། རྫས་སྔགས་ཏིང་འཛིན་ཐབས་དང་རྟེན་འབྲེལ་འཛོམ་པའི་སྒོ་ནས་བྱིན་དབབ་ཅིང་། མེ་ཏོག་ལ་རྩ་སྔགས་དང་རྟེན་འབྲེལ་སྙིང་པོ་བཟླས་པས་རབ་ཏུ་གནས་ཏེ་བརྟན་པར་བྱའོ།། ༈ །།དེ་ལྟར་རྩ་སྔགས་གསུམ་གྱི་ལྷ་ཚོགས་རང་དམ་ཚིག་ལ་ཡེ་ཤེས་པ་བསྟིམ་པ་ནི་དབང་གི་དངོས་གཞི་ཡིན་ལ། ཁྱེད་རང་རྣམས་ཀྱང་དམིགས་པ་གསལ་བ་དང་སྒོ་གསུམ་ཐ་མལ་གྱི་སྣང་བ་འགགས་པ་ཡེ་ཤེས་ཞུགས་པའི་རྟགས་ཀྱི་བྱེ་བྲག་ཅི་རིགས་ཉམས་སུ་མྱོང་བ་ལྟ་བུའི་ཚེ་ན་ནི། དབང་བཞི་ཡོངས་རྫོགས་འདི་ཀས་ཐོབ་པ་ཡིན་མོད་ཀྱི། འོན་ཀྱང་ཐོབ་པ་དེ་མི་ཉམས་བརྟན་པར་བྱ་བ་དང་། སྒོ་གསུམ་དཀྱིལ་འཁོར་གསུམ་


TR006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རང་བཞིན་དུ་བྱིན་གྱིས་བརླབས་པ་ནན་ཆགས་སུ་བྱ་ཕྱིར་སླར་ཡང་དབང་རྫས་ལ་བརྟེན་ནས་དབང་བཞི་མཐའ་བརྟེན་དང་བཅས་པ་འབུལ་བ་ཡིན་པས་ན། བུམ་པ་ལ་སོགས་དབང་རྫས་ཀྱི་དངོས་པོ་འདི་དག་ཀྱང་གནས་སྐབས་ལྟར་སྣང་ཙམ་དུ་བརྡ་དང་མཚོན་བྱེད་ཀྱི་དཔེར་སོ་སོའི་དབྱིབས་སུ་བསྟན་པ་མ་གཏོགས། དོན་ལ་རྩ་བ་གསུམ་གྱི་ངོ་བོ་ཉིད་དུ་བཞུགས་པ་ཡིན་ཏེ། དེ་ལྟར་ཡིན་པའི་གཏན་ཚིག་ཅི་ཡིན་ན། སྔགས་ཀྱི་ཐེག་པར་གཟུགས་སྣང་ཐམས་ཅད་ལྷའི་དཀྱིལ་འཁོར་ཡིན་ན་དབང་རྫས་ལྷ་མོས་ཀྱང་ཡིན་ལ། དེ་ལས་ཀྱང་རྡོ་རྗེ་སློབ་དཔོན་གྱི་ཆོ་ག་ཟབ་མོའི་སྒོ་ནས་ལྷར་བསྒྲུབས་ཤིང་བྱིན་གྱིས་བརླབས་པའི་དབང་རྫས་འདི་དག་གིས་དབང་བསྐུར་བས། སྒོ་གསུམ་སྒྲིབ་པ་དག་ཅིང་རྩ་གསུམ་གྱི་གོ་འཕངས་འགྲུབ་པའི་ནུས་པ་རྒྱུད་ལ་སྐྱེས་པའི་ངེས་ཤེས་མཛད་པ་ཞུ། ཨོཾ་ཧཱུྃ། བུམ་པ་གཞལ་ཡས་ཁང་གི་ནང་།


TR006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་རྫས་རྩ་གསུམ་ལྷ་ཚོགས་གསལ། །དབང་བཞི་ཐོབ་ནས་སྒྲིབ་བཞི་དག་པའི་དོན། །སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿ སརྦ་སིདྡྷི་ཕ་ལ་ཧཱུྃ། ཀཱ་ཡ་ཨ་བྷི་ཥཱིཉྩ་ཨོཾ་ཨོཾ་ཨོཾ། ཞེས། བུམ་པ་སྤྱི་བོར་བཞག་ཅིང་ཅིང་རོལ་མོ་བསྒྲགས། མེ་ཏོག་འཐོར་བའི་རྗེས་སུ། དེས་ནི་བུམ་དབང་ལུས་ལ་བསྐུར་བས་སྐྱེད་རིམ་སྐུའི་དབང་ཐོབ་ཅིང་། ལུས་སྤྲུལ་པའི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་པས། སྣང་བ་སྐུའི་འཁྱེར་པོ་དང་མི་འབྲལ་བའི་དམ་ཚིག་ལ་གནས་པར་མཛོད་ཅིག །ཧཱུྃ་ཨཱཿ དུས་གསུམ་དོན་མཛད་རྩ་གསུམ་ལྷ་ཚོགས་སྐུ། །དད་མོས་ཅན་ལ་བྱིན་རླབས་མངོན་སུམ་འབྱུང་། །དག་ཅིང་གསལ་ལ་སྒྲིབ་བྲལ་སྣང་སྟོང་འཆར། །སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿ སརྦ་སིདྡྷི་ཕ་ལ་ཧཱུྃ། ཝཱཀ་ཨ་བྷི་ཥཱིཉྩ་་ཨཱཿཨཱཿཨཱཿ ཞེས་པས་ཐོད་པ་


TR006_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་ནས། དེས་གསང་དབང་ངག་ལ་བསྐུར་བས་རྫོགས་རིམ་གསུང་གི་དབང་ཐོབ་སྟེ། ངག་ལོངས་སྐུ་འགྲུབ་པའི་ས་བོན་ཐེབས་པས། གྲགས་པ་གསུང་གི་ཁྱེར་པོའི་དམ་ཚིག་ལ་གནས་པར་མཛད་འཚལ། ཧོ། རང་ལུས་ཕུང་པོ་ལྷ་དང་ལྷ་མོའི་དང་། །རྩ་གསུམ་ལྷ་ཚོགས་རིགས་རྣམས་ཀུན་གྱི་བདག །དུག་གསུམ་དག་ནས་སྐུ་གསུམ་ལྷུན་གྱིས་གྲུབ། །སྐལ་ལྡན་བུ་མཆོག་ཁྱེད་ཀྱིས་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿ སརྦ་སིདྡྷི་ཕ་ལ་ཧཱུྃ། ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་རྡོར་དྲིལ་སྙིང་ཁར་བཞག་ཅིང་ལག་དུ་གཏད་དོ། །དེས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་མཆོག་སེམས་ལ་བསྐུར་བས། སྐྱེད་རྫོགས་ཟུང་འཇུག་ཐུགས་ཀྱི་དབང་ཐོབ་སྟེ། །ཡིད་ཆོས་སྐུར་གྲོལ་བའི་ས་བོན་རྒྱུད་ལ་ཐེབ་པ་ཡིན་པས། དྲན་རྟོགས་ཐུགས་ཀྱི་ཁྱེར་པོའི་དམ་ཚིག་ལས་མི་འདའ་བར་མཛད་འཚལ། ཧོ། སྐྱེ་མེད་གསལ་ལ་དྲན་འཛིན་ཞིག་


TR006_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླས་ཆུ་བོའི་རྒྱུན་དང་མཚུངས། །གསལ་ཆ་མ་འགག་ལྷ་སྔགས་དབང་། །སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿ སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་པའི་རྩ་བའི་སྙིང་པོ་ལན་གསུམ་རྗེས་ཟློས་བྱ་བ་དང་ལྷན་ཅིག་བགྲང་འཕྲེང་གི་སྣ་གཅིག་སློབ་དཔོན་གྱིས་བཟུངས་ཞིང་སྣ་གཅིག་སློབ་མས་འདྲེན་པ་དང་བཅས་ཏེ་སྔགས་ཀྱི་བཟླས་ལུང་སྦྱིན་ལ། དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་བཅས་པའང་བརྗོད་ནས།། ༈ །།དེ་ལྟ་བུ་སྙིང་པོ་སྔགས་ཀྱི་དབང་འདི་མ་ཐོབ་པར་ཡི་དམ་ལྷའི་བསྙེན་སྒྲུབ་བཟླས་བརྗོད་ལ་མི་དབང་ཞིང་། །བྱས་ཀྱང་འབྲས་བུ་མི་འབྱུང་ལ། སྔགས་དབང་ངག་ལ་ཐོབ་ཕྱིན་ཆད་བཟླས་པ་སྔགས་ཀྱི་ནུས་པ་བདེ་བླག་ཏུ་འབྱུང་ཞིང་ལྷ་མྱུར་དུ་འགྲུབ་པར་འགྱུར་བས་ན་དུས་རྟགས་ཏུ་ཡི་དམ་རྩ་བ་གསུམ་གྱི་བསྙེན་སྒྲུབ་ལ་འབད་པར་ཞུ། ཧོ། སྣང་བ་དབང་སྡུད་ཌ་མ་རུ། །དངོས་གྲུབ་འབྱུང་བའི་ཐོད་ཁྲག་འདི། །མཁའ་འགྲོ་དཔའ་བོའི་སྲོག་གི་རྟེན། །


TR006_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མཆོག་དམ་པ་ཐོབ་པར་ཤོག །ཨོཾ་ཨཱ་ཧཱུྃ་ཧྲཱིཿ སརྦ་སིདྡྷི་ཕ་ལ་ཧཱུྃ། ཧ་རི་ནི་ས། ར་ཙ་ཧྲཱིཿཡ། ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་པས་ལག་པ་གཡས་སུ་ཌ་མ་རུ་དང་གཡོན་དུ་ཐོད་ཁྲག་གཏད་ལ།། ༈ །།དེ་ལྟ་བུ་ཐབས་ཤེས་ཡབ་ཡུམ་མཚོན་པའི་ཕྱག་མཚན་གྱིས་དབང་བསྐུར་བས་དཔའ་བོ་མཁའ་འགྲོ་ཐམས་ཅད་རང་དབང་མེད་པར་ལུས་དང་གྲིབ་མ་ལྟར་འཁོར་ཞིང་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོག་མེད་དུ་འགྲུབ་པར་འགྱུར་བས་ན། དམ་ཚིག་ལ་ཉེས་ལྟུང་མེད་པ་དང་། དུས་བཟང་རྣམས་སུ་ཚོགས་གཏོར་གྱི་མཆོད་པ་ལ་བརྩོན་དགོས་པ་ལགས། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་ཅན་དུ་བསྐུར་བས་རྩ་གསུམ་ཡོངས་རྫོགས་ཀྱི་བྱིན་རླབས་རྒྱུད་ལ་འཇུག་པའི་སྐལ་པ་ཅན་དུ་བྱས་ནས།། ༈ །།ད་ནི་རྩ་བ་གསུམ་པོ་ཡང་གུ་རུ་ཡིད་བཞིན་ནོར་བུ་ཉིད་ལ་འདུ་ཞིང་། ཆོས་ལོངས་སྤྲུལ་གསུམ་བརྒྱུད་པར་བཅས་པ་ཐམས་ཅད་གུ་


TR006_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཉིད་ཀྱི་རྣམ་པར་རོལ་པ་འབའ་ཤིག་ཏུ་ངེས་པའི་མོས་གུས་དང་། གཏོར་མ་འདི་ཉིད་ཀྱང་གུ་རུའི་སྐུའི་བཀོད་པ་ཡོངས་སུ་རྫོགས་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་གསལ་བ་ལ་སྙིང་ཁོང་རུས་པའི་གཏིང་ནས་མོས་གུས་ཀྱི་ཤུགས་སྐྱེད་དེ་གསོལ་བ་འདེབས་པ་ལ་འདུན་པ་རྩེ་གཅིག་ཡེངས་མེད་དུ་དྲིལ་བར་ཞུ། འདི་སྐབས་སུ་ལས་སློབ་ཀྱིས་དབང་གཏོར་དང་སྤོས་ཁྱེར་ཞིང་སློབ་དཔོན་གྱིས་ཌ་མ་རུ་དང་དྲིལ་བུ་འཐོགས་ལ་དབྱངས་སྙན་པོས་གསོལ་བ་གདབ་སྟེ།། ༈ །།ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །སྐལ་ལྡན་བྱིན་རླབས་དབང་བསྐུར་སྩོལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ། སྐལ་ལྡན་བྱིན་རླབས༴ སྤྲུལ་སྐུ་རྟ་ཕག་ཡབ་ཡུམ་ལ༴ སྐལ་ལྡན༴ རིག་འཛིན་ཧཱུྃ་ནག་མེ་འབར་ལ༴ སྐལ་ལྡན༴ དྲིན་ཅན་རྩ་བའི་བླ་མ་ལ༴ སྐལ་ལྡན༴ ཀུན་འདུས་ཡིད་


TR006_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་བུ་ལ༴ སྐལ་ལྡན༴ ཞེས་གསོལ་བ་བཏབས་ནས་གཏོར་མ་གུ་རུ་ཡིད་བཞིན་ནོར་བུ་དང་ཐ་མི་དད་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས། གུ་རུ་ཉིད་འོད་ཕུང་དུ་ལྟེམ་གྱི་ཞུ་ནས་ཁྱེད་རང་རྣམས་ལ་གཉིས་མེད་དུ་ཐིམ་པའི་མོས་པ་རྩེ་གཅིག་མཛད་པར་ཞུ། ཨོཾ་ཨཱཿཧཱུྃ། འགྲོ་བ་འདྲེན་མཛད་གུ་རུ་ཐོད་ཕྲེང་རྩལ། །ཨུ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་འདྲེན། །རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར། །བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ། །སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས། །ཐུགས་དམ་དགོངས་པ་དད་ཅན་རྣམས་ལ་འབེབས། །སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན། །སྐལ་ལྡན་བུ་མཆོག་འདི་ལ་སྩལ་དུ་གསོལ། །འཆི་མེད་སྐུ་ཡི་དབང་མཆོག་སྩལ་དུ་གསོལ། །འགག་མེད་གསུང་གི་དབང་༴ འཁྲུལ་མེད་ཐུགས་རྗེ༴ མི་བརྗེད་གཟུངས་


TR006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི༴ དམ་པ་ཆོས་ཀྱི༴ འདོད་འབྱུང་ནོར་བུའི༴ ཨོཾ་ཨཱཿཧཱུྃ་ཧྲཱིཿ སརྦ་སིད་དྷི་ཕ་ལ་ཧཱུྃ། བ་ལི༚་ཏ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་པས་གཏོར་དབང་བསྐུར་ཞིང་རོལ་མོ་བསྒྲགས། མེ་ཏོག་གི་ཆར་དབབ་སོ། །དེ་ལྟར་དབང་རྫས་སྤྱི་བོར་ཞུགས་པས་བུམ་དབང་ཐོབ། ལུས་སྒྲིབ་དག །བདེར་གཤེགས་སྐུའི་རྡོ་རྗེ་འགྲུབ། ལུས་ལྷ་སྒོམ་པ་ལ་དབང་འབྲས་བུ་སྤྲུལ་སྐུ་ཐོབ། །མགྲིན་པར་ཞུགས་པས་གསང་དབང་ཐོབ། ངག་སྒྲིབ་དག །བདེ་གཤེགས་གསུང་གི་རྡོ་རྗེ་འགྲུབ། ངག་སྔགས་བཟླས་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ། སྙིང་གར་ཞུགས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །བདེ་གཤེགས་ཐུགས་ཀྱི་རྡོ་རྗེ་འགྲུབ། རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ། ལྟེ་བར་ཞུགས་པས་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག


TR006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་རྫོགས་གཉིས་མེད་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པ་ཡིན་པས་དེ་ལྟར་ངེས་ཤེས་བསྐྱེད་མཛོད། དེ་ནས་དབང་ཐམས་ཅད་ཀྱི་སྙིང་པོའི་ཡང་སྙིང་རིག་པ་རྩལ་གྱི་དབང་ངམ། དོན་དམ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱ་བ་སྟེ། འདི་ནི་ཀུན་རྫོབ་རྫས་ཀྱི་དབང་ལ་ལྟོས་མི་དགོས་པར་རང་བྱུང་ཡེ་ཤེས་རང་ངོ་སྤྲོད་པའི་དབང་ཡིན་པས་ན། ཁྱེད་རང་རྣམས་ཀྱང་ལུས་གནད་ལྟ་སྟངས་དང་ལྡན་པའི་ངང་ནས་སེམས་འདི་ཉིད་སྔར་འདས་ཀྱི་རྗེས་མི་འབྲེང་ཞིང་མ་འོངས་པའི་སྔུན་བསུ་མི་བྱེད། ད་ལྟའི་རིག་པ་ལ་དགག་སྒྲུབ་བཟོ་བཅོས་མི་བྱ་བར། རང་གསལ་རྗེན་པའི་ངང་དུ་འཇོག་པར་མཛོད་ཅིག །ཕཊཿ ཅེས་བརྗོད་པས་སློབ་མ་རྣམས་འགྱུར་རྟོག་སྔ་ཕྱིའི་བར་མཚམས་ཆོད་ནས་ཤེས་པ་གསལ་དྭངས་རྗེན་པར་འཆར་བ་དེ་ལ་འདི་ལྟར་ངོ་སྤྲོད་པར་བྱའོ། །ཀྱཻ། སྐལ་བ་དང་ལྡན་པའི་རིགས་ཀྱི་བུ་རྣམས་སེམས་མ་བཅོས་རང་བབས་


TR006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངང་ནས་ལེགས་པར་ཉོན་ཞིག །དེ་ལྟ་བུའི་རྩ་བ་གསུམ་གྱི་དབང་བསྐུར་ཟབ་མོ་བརྡ་དང་ཐབས་དང་ཆོ་ག་ལ་བརྟེན་ནས་ལེགས་པར་བསྐུར་བ་ཐོབ་པ་ཡིན་ཞིང་། ད་ནི་དོན་དམ་པའི་རྩ་བ་གསུམ་ངོ་སྤྲོད་པར་བྱ་སྟེ། དེ་ཡང་བྱིན་རླབས་ཀྱི་རྩ་བ་བླ་མ་དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་དང་གསུམ་པོ་དེའི་ངོ་བོ་དངོས་དེ་གང་ཡིན། གར་བཞུགས། མཚན་ཉིད་ཅི་ལྟ་བུ་ཡོད་སྙམ་ན། རྩ་བ་གསུམ་པོ་དེ་དག་ཕྱི་རོལ་གང་ནས་ཀྱང་མ་བྱུང་ཞིང་། གང་དུ་ཡང་མི་གནས། ངོ་བོ་ཅིར་ཡང་མ་གྲུབ། མཚན་ཉིད་ཅིར་ཡང་མ་ཡིན་ཏེ། འོ་ན་གང་ཡིན་ན། རང་གི་སེམས་ཀྱི་ངོ་བོ་ཡེ་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པའི་ཀ་དག་འདུས་མ་བྱས་པའི་ཡེ་ཤེས་སྟོང་པ་ཉིད་འདི་བླ་མ་སྐུ་གསུམ་དབྱེར་མེད་ཀྱི་ངོ་བོར་ཡེ་ནས་ལྷུན་གྱིས་འགྲུབ་པར་བཞུགས་པ་ཡིན་ཏེ། ཕྱི་རོལ་མཚོན་བྱེད་


TR006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དཔེའི་བླ་མ་ནི་འདུས་བྱས་དྲང་དོན་ཙམ་དུ་ཟད་ལ། འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་འཕོ་འགྱུར་སྐྱེ་འཇིག་འདུ་འབྲལ་མི་རྟགས་པའི་ཆོས་ཅན་ལས་མ་འདས་ཀྱི། འདུས་མ་བྱས་མཚོན་བྱ་དོན་གྱི་བླ་མ་འདི་ལ་ནི་རྟག་ཆད་འཕོ་འགྱུར་བྲི་གང་སྐྱེ་འཆི་འགྲོ་འོངས་འདུ་འབྲལ་སོགས་སྐྱོན་གང་གིས་ཀྱང་མ་གོས། རྒྱུ་རྐྱེན་ཅིས་ཀྱང་མ་བསྐྱེད། རྩོལ་སྒྲུབ་གང་ལའང་མ་བརྟེན་པར་དུས་གསུམ་ཀུན་ཏུ་རང་དང་འདུ་འབྲལ་སྐད་ཅིག་ཀྱང་མེད་པར་བཞུགས་ཅིང་བྱིན་གྱིས་རློབ་པར་མཛད་པ་ཡིན་ཕྱིར། དོན་དམ་རྩོལ་མེད་བདེ་བ་ཆེན་པོའི་བླ་མ་ཞེས་ཀྱང་བྱ། རིགས་པ་ཐམས་ཅད་ཀྱི་ཁྱབ་བདག་ཅེས་ཀྱང་བྱ། གུ་རུ་ཡིད་བཞིན་ནོར་བུ་ཞེས་ཀྱང་བྱ་བ་སྟེ། འདི་ཉིད་རང་རིག་རང་ངོ་ཤེས་པ་ནི་བྱིན་རླབས་བླ་མའི་དབང་ཡང་དག་པར་ཐོབ་པ་ཡང་ཡིན་ལ། བླ་མ་སྐུ་གསུམ་དབྱེར་མེད་ངོ་བོ་


TR006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྐུའི་རང་ཞལ་མངོན་སུམ་དུ་མཇལ་བ་ཡིན་པས་དེ་ལྟར་ངོ་ཤེས་པར་མཛོད་ཅིག །དེ་བཞིན་དུ། རང་གི་སེམས་སྟོང་པ་ཉིད་དེའི་གདངས་འགག་པ་མེད་པར་འོད་གསལ་ཞིང་སྒྲིབ་གཡོགས་དང་བྲལ་བས་འཁོར་འདས་ཀྱི་ཆོས་མ་ལུས་པ་མེ་ལོང་གི་གཟུགས་བརྙན་ནམ། ནམ་མཁའི་གཟའ་སྐར་རྒྱ་མཚོར་འཆར་བ་ལྟར་བཀྲ་ལམ་མེར་གསལ་ལ་ངོས་བཟུང་དངོས་པོ་མཚན་མར་མ་གྲུབ་པའི་སྟོང་གསལ་ཟུང་འཇུག་ཆེན་པོ་འདི་ནི་ཡང་དག་དོན་གྱི་ཡི་དམ་ལྷ་མཆོག་དམ་པར་གཟོད་མ་ཉིད་ནས་རང་ཤར་བ་ཡིན་ཏེ། སྣང་བའི་ཆ་ཐམས་ཅད་ཡི་དམ་ཡབ་ཀྱི་རང་བཞིན། སྟོང་པའི་ཆ་ཐམས་ཅད་དཔའ་མོ་ཡུམ་གྱི་རང་བཞིན། སྣང་སྟོང་ཐ་མི་དད་པ་ནི་ཡབ་ཡུམ་ཐབས་ཤེས་ཟུང་འཇུག་ཏུ་ཞུགས་པ་སྟེ། གསང་སྔགས་ཕྱི་ནང་རྒྱུད་སྡེ་གོང་འོག་སོགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཇི་སྙེད་པ་ཐམས་ཅད་ཀྱི་རྩ་བ་འདིར་


TR006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདུས་པ་འགའ་ཡང་མེད་ལ། གནས་སྐབས་སུ་མཚན་དང་རྣམ་འགྱུར་མི་འདྲ་བ་སྣ་ཚོགས་བསྟན་པ་ནི་གསལ་མདངས་འགག་མེད་རོལ་པའི་ཆོ་འཕྲུལ་གང་འདུལ་གྱི་ཕྲིན་ལས་ཡིན་པ་མ་གཏོགས་ངོ་བོ་ཐ་དད་མེད་པ་ཉིད་དེ། ཚུལ་འདི་ལྟར་དུ་རྟོགས་ཤིང་རིག་པ་ནི་ཡི་དམ་གྱི་ལྷ་མ་ལུས་པའི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པ་ཡིན་ལ། ལྷ་དང་རང་ཉིད་ཐ་མི་དད་པ་གསལ་སྟོང་ཟུང་འཇུག་ཁྱབ་གདལ་གྱི་ཏིང་ངེ་འཛིན་ལས་མ་གཡོས་པ་ནི་ཡི་དམ་མ་སྒྲུབ་ལྷུན་གྲུབ་ཆེན་པོའི་གནད་ཀྱི་རྩ་བ་ཟིན་པའི་ཕྱིར་མཆོག་མཐུན་གྱི་དངོས་གྲུབ་མ་ལུས་རྩོལ་མེད་རང་ཤུགས་ལས་འབྱུང་བར་ཤེས་པར་གྱིས་ཤིག །དེ་ལྟར་རང་སེམས་གསལ་སྟོང་ལྷ་དང་བླ་མའི་ངོ་བོར་ངེས་ཤེས། ཐག་ཆོད་གདེངས་ཐོས་པ་དེའི་ཚེ། རྩལ་མདངས་ཅིར་ཡང་འཆར་བའི་རོལ་པ་ཉིད་མཁའ་འགྲོའི་རང་བཞིན་ཡིན་པར་ཤུགས་ལས་ཤེས་ཤིང་རྟོགས་པར་འགྱུར་བ་


TR006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་སྲོག་གནད་ཟིན་པར་ངང་གིས་འགྱུར་བ་སྟེ། དཔེར་ན་རྒྱལ་པོ་བཙོན་དུ་ཟིན་ན་འབངས་འཁོར་ཆམ་ལ་ངང་གིས་ཕེབས་པ་དང་མཚུངས་པ་ཉིད་དེ། དེ་ཡང་སེམས་ཀྱི་རྩལ་མདངས་འགྱུ་བྱེད་ཕྲ་རག་གི་རྟོགས་ཚོགས་བཟང་ངན་བསམ་གྱིས་མི་ཁྱབ་ཅིང་གྲངས་མེད་པ་ཅིར་ཡང་འཆར། གར་ཡང་རྒྱུགས། ཅི་ཡང་བྱེད་པར་སྣང་ལ། བརྟན་གཡོ་འཁོར་འདས་ཀུན་ལ་མ་ཁྱབ་པ་དང་མི་བྱེད་པ་གང་ཡང་མི་སྲིད་པའི་ཆོ་འཕྲུལ་ལ་དབང་བསྒྱུར་བ་འདི་ནི་མཁའ་འགྲོའི་ངང་ཚུལ་ཉིད་ཡིན་པ་དང་། དེ་ཉིད་ཀྱང་དོན་ལ་བླ་མ་ཡི་དམ་གྱི་རྣམ་འཕྲུལ། གསལ་སྟོང་དབྱེར་མེད་ཀྱི་རང་རྩལ། མེད་བཞིན་སྣང་ལ་རང་བཞིན་བདེན་དངོས་སུ་མ་གྲུབ་པའི་རྣམ་རོལ་ཡིན་ལ་ཡིན་པར་ཤེས་པ་ནི་མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་སྲོག་དབང་ཐོབ་པ་ཡིན་པས། དེ་ལྟར་ཐོབ་ནས་ནི་རང་


TR006_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གཞན་ལ་མི་འཆོར་བར་གཞན་དབང་རང་གིས་བསྒྱུར་ཕྱིར། ཚོགས་དྲུག་ཡུལ་སྣང་གི་འཆར་སྒོ་བཟང་ངན་འབྲིང་གསུམ་དང་འགྱུ་དྲན་རྣམ་རྟོག་གི་བྱེ་བྲག་ཕྲ་རག་སྦོམ་གསུམ་ཅི་ལྟར་ཤར། གང་ལྟར་སྣང་། ཚུལ་ཇི་ལྟ་བུར་ཉམས་སུ་མྱོང་ཡང་དེ་ལ་ཨ་འཐས་ཀྱི་བདེན་ཞེན་དགག་སྒྲུབ་བཟང་ངན་ཆགས་སྡང་བླང་དོར་རེ་དོགས་སོགས་ཀྱི་མཚན་འཛིན་གང་ཡང་མི་བྱ་བར། གང་ཤར་སེམས་ཀྱི་རྣམ་རོལ། སེམས་ཉིད་གདོད་ནས་སྟོང་པ། སྟོང་པ་རིག་པའི་སྙིང་པོ་ཅན་དུ་རང་ངོ་རང་གིས་ཤེས། རང་ཐག་རང་གི་ཆོད། རང་དབང་རང་གིས་ཐོབ་པའི་ཀློང་དུ་ཆམ་སྐྱུར་རྒྱ་ཡན་ཁྱབ་གདལ་དུ་འཇོག་པ་ནི་མཁའ་འགྲོ་མ་ཚོགས་དབང་དུ་བསྡུད། ཆམ་ལ་དབབ། གནས་ལ་འབེབས། ལས་ལ་འགྱེད་པ་སོགས་ཐམས་ཅད་གཅིག་ཅར་དུ་འགྲུབ་པ་ཡིན་པས་དེ་ལྟར་ཤེས་པར་གྱིས་ཤིག །དེ་ལྟར་རྩ་བ་གསུམ་པོ་གཞན་


TR006_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ནས་མི་འབྱུང་། མི་འཚོལ། མི་སྒྲུབ། མི་རེ་སྟེ། རང་དང་ཡེ་ནས་འབྲལ་མ་མྱོང་། བསྐྱེད་མི་དགོས། བསྒྲུབ་མི་འཚལ་སྟེ། ཟབ་མོའི་གནད་དོན་གྱི་སྙིང་པོ་འདི་ཉིད་རྟོགས་ཤིང་ཉམས་སུ་བླང་བ་ཁོ་ན་གལ་ཆེ་བ་ལགས། ཡང་འདི་སྙམ་དུ་སེམས་ཏེ། ཅི་འོ་ན་རྩ་བ་གསུམ་ཡེ་ནས་རང་ལ་ཡོད་ཡོད་པ། འགྲུབ་འགྲུབ་པ། དེ་ལྟར་ཡིན་ན། དབང་དང་སྐྱེད་རྫོགས་སྒྲུབ་ཐབས་སྒོམ་རིམ་བཟླས་སྔགས་ཕྲིན་ལས་ཁ་བསྒྱུར་སོགས་མཐའ་ཡས་པ་འདི་དག་ཅིའི་ཕྱིར་བྱེད་སྙམ་ན། གདོད་ནས་རང་ལ་རྒྱུ་ལྷུན་གྲུབ་ཏུ་ཡོད་པ་དེ་མ་རིག་མ་ཤེས་མ་རྟོགས་པར་གཉིས་འཛིན་འཁྲུལ་པའི་རྒྱ་མཚོར་ཐོག་མ་མཐའ་མེད་དུ་འཁྱམས་པ་འདི་ལ། རྐྱེན་བླ་མའི་མན་ངག་གི་འཚམས་སྦྱར་ནས། དཔེ་ཡིས་ངོ་སྤྲད། ཚིག་གིས་བརྡ་དཀྲོལ། དོན་གྱི་གནད་ལ་དབབ་ནས་སྨིན་བྱེད་ཀྱི་དབང་བསྐུར། གྲོལ་བྱེད་ཀྱི་མན་


TR006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ངག་བསྟན་པས་མི་ཤེས་པ་ཤེས་པར་བྱས། ཤེས་པ་ཉམས་སུ་བླངས་ནས་གོོམས་པ་མངོན་དུ་གྱུར་ཚེ་རང་ལ་ཡོད་པ་རང་གསལ་འབྲས་བུ་འབྱིན་པར་བྱེད་པའི་ཐབས་ཡིན་ཏེ། ཇི་ལྟར་འཇིག་རྟེན་པ་རྣམས་ཀྱང་ཆུ་ལས་ཐར་འདོད་ན་རྐྱལ་ལ་གོམས་དགོས། དཀྱུས་ཐོག་གཅོད་པ་ལ་རྟ་རྩལ་སྦྱང་དགོས། གཡུལ་སྤྲོས་པ་ལ་རལ་སྐོར་དང་མདའ་རྩལ་ལ་སྦྱངས་ནས་མཁས་དགོས་པའི་དཔེ་བཞིན། འདིར་ཡང་སྤྲོས་མེད་ཀྱི་རང་བཞིན་གཏན་ལ་འབེབས་པར་བྱ་བ་ལ་སྤྲོས་བཅས་ཀྱི་སྒྲོགས་འདོགས་ལེགས་པར་ཆོད་དགོས་པའི་ཕྱིར་ན། བརྡའ་དང་ཐབས་ལ་བརྟེན་པས་དོན་རྒྱུད་ལ་ཁེལ་བར་བྱེད་པ་སངས་རྒྱས་རྣམས་ཀྱི་ཐབས་མཁས་ཐུགས་རྗེའི་ནམ་མཁར་


TR006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རྨད་བྱུང་ལགས་པས་དེ་ལྟར་དགོངས་ཤིང་རྒྱུད་ལ་འབྱོར་བས་རང་གཞན་གྱི་དོན་འགྲུབ་པར་མཛད་འཚལ་ལོ། །དེ་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་རྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་ཐིམས་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་དབང་དོན་གྱི་ཡེ་ཤེས་མ་སྐྱེད་པ་སྐྱེད་ཅིང་སྐྱེས་པ་རྣམས་མི་ཉམས་ཤིང་བརྟན་པར་རབ་ཏུ་གནས་ཕྱིར་མེ་ཏོག་གི་ཆར་ཕབ་ཅིང་ཤིས་བརྗོད་མཛད་པའི་མོས་པ་གནང་བར་ཞུ། ཞེས་པའི་ངང་ནས་བཀྲ་ཤིས་ཀྱི་ཚིག་བཅད་བརྗོད་ཅིང་མེ་ཏོག་འཐོར། སྐུ་དྲིན་གསོ་བའི་མཎྜལ་དང་ཚོགས་ཀྱི་དགའ་སྟོན་བྱ། དེ་ནས་དཀྱིལ་འཁོར་ལྷ་ཚོགས་ལ་བཏང་རག་གི་མཆོད་བསྟོད་དང་བཀའ་སྲུང་ལ་གཏོར་མ་ཕུལ་ཞིང་། མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་ཅིང་དམ་ཚིག་པ་བདག་ལ་བསྡུ་བ་དང་། བཟོད་གསོལ་བསྔོ་སྨོན་ཤིས་བརྗོད་ལ་སོགས་རྗེས་ཆོག་གི་རིམ་པ་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་ཆོག་གཏེར་གཞུང་


TR006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གི་སོར་བཞག་ཉིད་ཅུང་ཟད་བསྡུས་པའི་གཤིས་ཀྱི་སློབ་མ་རྣམས་ཀྱི་རྒྱུད་ལ་གོ་དོན་འཕྲོད་དཀའ་བ་དང་། གོ་དོན་མ་འཕྲོད་ན་དབང་གི་དགོས་དོན་མི་འབྱུང་ཚེ། དེས་ན་དམིགས་པ་དང་དོན་འཁྲོལ་གྱི་མཚམས་སྦྱོར་ཡོད་པ་བཞིན་གྱིས་ཤིག་ཅེས། སྐྱབས་མཆོག་རྒྱལ་བའི་སྤྱི་གཟུགས་མཉམ་མེད་སྒམ་པོ་ལ་དཔལ་བཟང་པོ་སྡེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་བཀའ་སྩལ་བ་གུས་པས་སྤྱི་བོར་བླངས་ཏེ། སྣ་ཚོགས་རང་གྲོལ་གྱིས་ཡི་གེར་བཀོད་པའི་དགེ་བས་འགྲོ་ཀུན་བྱང་ཆུབ་མཆོག་ལ་མྱུར་དུ་འཁོད་པར་གྱུར་ཅིག་མངྒ་ལཾ། གཅིག་ཞུས་ཁུལ་ལགས།


previousཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ལྟས་ཆོག་ཏུ་བཀོད་པnext