Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
   
   
སྦས་ཡུལ་གྱི་ལམ་ཡིག་པདྨ་དཀར་པོ་ལས་གསུངས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག
   
   
   
   
   
   


 
previousསྦས་ཡུལ་གྱི་ལམ་ཡིག་པདྨ་དཀར་པོ་ལས་གསུངས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོགnext

སྦས་ཡུལ་གྱི་ལམ་ཡིག་པདྨ་དཀར་པོ་ལས་གསུངས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག


TR006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ཡུལ་གྱི་ལམ་ཡིག་པདྨ་དཀར་པོ་ལས་གསུངས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་བཞུགས་སོ།


TR006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུྃ སྤྲོས་བྲལ་ཆོས་སྐུའི་མཁའ་ཀློང་ལས། །ལྷུན་གྲུབ་གཟུགས་སྐུའི་ཚ་ཟེར་སྤྲོ། །ལོག་རྟོགས་མུན་ཆེན་འཇོམས་མཛད་པའི། །པདྨ་དྲག་པོས་བྱིན་གྱིས་རློབས། གང་ཞིག་ཚེ་འདིའི་བྱ་བ་ལ་ཁོ་ཐག་གཏིང་ཆོད་ཀྱི་དཔའ་གདེངས་ལྡན་པའི་སྐལ་ལྡན་དག་སྦས་པའི་གནས་ཆེན་རྣམས་སུ་ཚེ་དང་སྒྲུབ་པ་མཉམ་པར་བགྲོད་ནུས་པའི་གང་ཟག་གམ། དེ་ལས་གཞན་ཡང་དམ་ལྡན་སྒྲུབ་བརྩོན་གྱི་སྐལ་བཟང་རྣམས་ལ། རྒྱལ་བའི་ཁྱབ་བདག་པདྨ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་བྱིན་རླབས་དབང་བསྐུར་ཟབ་མོ་བྱེད་པར་འདོད་ན། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་དབང་འབྱོར་བའི་སློབ་དཔོན་གྱིས། བཀྲ་ཤིས་བྱིན་ཆགས་པའི་གནས་སུ་


TR006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་རྒྱལ་པོ་ཚེས་བཅུ་ལ་བབས་པའི་ཚེ། ཅོག་རྩེ་སོགས་སྟེགས་བཟང་པོའི་ཁར་མེ་ཏོག་གི་ཚོམ་བུ་ཆེ་བ་གཅིག་ལ་ཆུང་བ་བཞིས་བསྐོར་བ་དགོད་པ་ནི་གུ་རུ་མཁའ་འགྲོ་སྡེ་བཞི་མཚོན་པའི་དཀྱིལ་འཁོར་རོ། །དེའི་དབུས་སུ་མན་ཛི་སོགས་ཀྱི་སྟེང་དུ་དཔལ་གཏོར་ཟུར་གསུམ་མེ་རིས་མཚན་པ་རིན་ཆེན་འབར་བའི་དབྱིབ་ཅན་ཞབས་སུ་པད་འདབ་ཀྱིས་མཛེས་པའི་རྩེ་མོར་རྡོ་རྗེ་གྲོ་ལོད་ཀྱི་སྐུ་རྟེན་ཙཀྐ་ལི་གཟུག་ཅིང་དར་ཟབ་ཀྱི་གདུགས་ཆུང་དང་འཕན་ཕྲན་སོགས་ཀྱིས་བརྒྱན་པ་བཞག །དེའི་མཐའ་སྐོར་གྱི་གཡས་སུ་དབང་བུམ་རྒྱན་ལྡན་སྤྱི་མཐུན་དང་། གཡོན་དུ་རྡོར་སེམས་བསྐྱེད་བཟླས་བྱས་པའི་ལས་བུམ། མདུན་དུ་ཧཱུྃ་ཡིག་ཁ་དོག་ལྔ་ཙཀླི་ཐ་དད་རེ་ལ་བྲིས་པ་དང་། རྒྱབ་ཏུ་སྣ་ཚོགས་རྡོ་རྗེ། གཡས་


TR006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་དུ་རྡོ་རྗེ་རྩེ་དགུ་པ། གཡོན་ཟུར་དུ་ལྕགས་ཕུར། ཧཱུྃ་ཡིག་གི་མདུན་དུ་རཀྴའམ་ཐོད་ཕྲེང་གང་རུང་དང་བཅས་པའི་དབང་རྫས་རྣམས་བཤམས་ཤིང་། མཆོད་པའི་ཡོ་བྱད་ཅི་ལྟར་འབྱོར་པ་ཚོགས་ཀྱི་འཁོར་ལོ་དང་བཅས་པ་ཡང་རྒྱས་པར་བཤམ་པ་དེ་བཅའ་གཞིའི་རིམ་པའོ། །དེ་ནས་ལས་གཞུང་ཆོ་གའི་བྱ་བ་ནི། ཆོས་བཀའ་གཞན་ལྟར་བདག་མདུན་བུམ་སོགས་སྐྱེད་ཆོག་སྤྲོས་བཅས་ཀྱི་ལས་རིམ་བྱ་བའི་སྐབས་མ་ཡིན་ཏེ། འདི་ནི་རང་བཞིན་རྫོགས་པ་ཆེན་པོ་གསལ་སྟོང་ཟུང་འཇུག་ཁྱབ་གདལ་ཡེ་རྫོགས་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་རློབས་པའི་སྐབས་དོན་ཡིན་པས་ན། སློབ་དཔོན་ཉིད་མ་བཅོས་བཟོ་མེད་ཀྱི་གནས་ལུགས་གདོད་མའི་ཀ་དག་ཆེན་པོའི་ངང་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པ་ཙམ་གྱིས། ཕྱི་སྣོད་ནང་བཅུད་བདག་དང་དཀྱིལ་འཁོར་རྫས་དང་ཡོ་བྱད་སོགས་ཀུན་རྫོབ་ཀྱི་སྣང་བ་ཨ་འཐས་འདི་རང་སར་ཕྱམ་གྱི་བསྐུར་བའི་རང་ངོར། འགག་མེད་རིག་རྩལ་ནི་ཨོཾ། ཡེ་སྟོང་མཐའ་བྲལ་ནི་ཨཱཿ ཟུང་འཇུག་བློ་འདས་ནི་ཧཱུྃ་སྟེ། འབྲུ་གསུམ་གྱིས་དགོས་པའི་གནད་དོན་དྲན་པ་ནི་བསངས་སྦྱངས་བྱིན་རླབས་སོགས་སྔོན་འགྲོའི་ལས་རིམ་མཐའ་དག་གི་དོད་པོ་ཡིན་ལ། དངོས་གཞི་ནི། དེའི་


TR006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ནས་རང་ཉིད་སྐད་ཅིག་གིས་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་གྱི་ཆ་བྱད་དུ་ལམ་གྱི་གསལ་ནས་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རིག་པའི་ངོ་བོ་ཧཱུྃ་དམར་མེའི་འོད་མདངས་ཅན་ལས་རང་གདངས་ཀྱི་ཧཱུྃ་དམར་གྲངས་མེད་པ་རྒྱུན་མི་ཆད་དུ་འཕྲོས་པས། མཐོང་ཐོས་ཀྱི་སྣང་སྲིད་ཐམས་ཅད་ངོ་བོ་རང་རིག་རྡོ་རྗེ་གྲོ་ལོད་ཡིན་པ་ལ་རྣམ་པ་ཧཱུྃ་ཡིག་རང་སྒྲ་སྒྲོག་པའི་ཚུལ་གྱིས་མེར་གྱི་གང་ནས། འཁོར་འདས་ཀྱི་དངོས་པོ་མ་ལུས་པ་སྐུ་རྡོ་རྗེ་གྲོ་ལོད། གསུང་གྲགས་སྟོང་ཧཱུྃ་སྒྲ། ཐུགས་མ་བཅོས་ཁྱབ་གདལ་གསུམ་གྱི་རང་བཞིན་འབའ་ཤིག་ཏུ་ཡེ་རྫོགས་ལྷུན་གྲུབ་ཆེན་པོར་བློ་ཐག་རྦད་ཀྱི་བཅད། ལེངས་ཀྱི་བསྐུར། ལྷོད་ཀྱི་གློད་པའི་ངང་ནས་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ཤུགས་འབྱུང་དུ་བཟླ་བ་ནི་འདི་སྐབས་ཀྱི་བདག་མདུན་བུམ་གསུམ་དཀྱིལ་འཁོར་སྒྲུབ་མཆོད་འཛབ་བསྙེན་སྤྲོ་བསྡུ་བདག་འཇུག་བླང་བ་སོགས་མཐའ་དག་པའི་ལས་དང་བྱ་བའི་རིམ་པ་ཀུན་གཅིག་འཆར་དུ་འགྲུབ་པ་སྟེ། ཐེག་པའི་རྩེ་རྒྱལ་རྫོགས་པ་ཆེན་པོའི་སྙིང་པོའི་ཟབ་གནད་འདི་ལྟ་བུའི་ཁྱད་དོན་བློའི་ར་བར་མི་ཤོམ་པའི་གང་ཟག་དག་ནི་འདི་སྐབས་ཀྱི་ཡུལ་དུ་གྱུར་པའི་དཔོན་སློབ་མ་ཡིན་པ་ཤེས་


TR006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་ལྟར་དབང་གི་སྒྲུབ་པ་ཁྱད་པར་སྨད་དུ་བྱུང་བ་སྔོན་དུ་བཏང་ནས། དངོས་གཞི་དབང་བསྐུར་གྱི་ས་ལ་ནམ་བབས་པ་ན། དབང་རབ་སྣོད་ལྡན་གྱི་སློབ་མ་གང་ཡོད་རྣམས་ལས་བུམ་གྱི་ཁྲུས་ནས་དབྱུང་ཞིང་ཡིག་བརྒྱ་བཟླས་ལ་ཉམས་ཆགས་བཤགས། གཉིས་འཛིན་གྱི་བགེགས་རིགས་མ་ལུས་རང་འཆོང་རྫུན་ཁུངས་སྡོང་ཞིང་། སླན་ཆད་འབྱུང་བ་མེད་པར་རྟོགས་པའི་སྲུང་བའི་འཁོར་ལོ་དང་ལྡན་པས། སྒོ་གསུམ་གཏན་འདུན་དང་བཅས་པ་མཎྜལ་དུ་ཕུལ་བའི་མཐར་བླ་མས་འདི་སྐད་བརྗོད་དེ། འོ། རིགས་ཀྱི་བུ་རྣམས་སྐལ་བ་དང་ལྡན་པས་གསང་མཆོག་ཐེག་པའི་ཡང་རྩེ་ལ་མོས་པ་ལམ་དུ་བྱེད་པ་ནི་ཁྱེད་ཅག་ཚེ་རབས་དཔག་ཏུ་མེད་པ་ནས་བསོད་ནམས་ཀྱི་ཚོགས་བསགས་ཤིང་སྨོན་ལམ་རྣམ་དག་གིས་མཚམས་སྦྱར་བ་ཡིན་པར་གདོན་མི་ཟ་ཞིང་། དེ་ལྟར་མ་ཡིན་ན་ཟབ་མོའི་ལམ་མཆོག་དང་ཕྲད་པར་མི་འགྱུར་ལ། གལ་ཏེ་ཕྲད་ཀྱང་དེ་ལ་དད་པར་ཡང་མི་འགྱུར་ཞིང་མ་དད་པ་ལ་བྱིན་རླབས་འཇུག་པ་མི་སྲིད་པ་སྟེ། དེས་ན་འདི་ལྟ་བུ་


TR006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲད་ཅིང་དད་ལ་བྱིན་རླབས་ཀྱི་ཡུལ་དང་སྣོད་དུ་གྱུར་པའི་ཕུན་ཚོགས་ལེགས་དགུ་འཛོམ་དུས་འདིར་དོན་ཆེན་སྙིང་པོ་སྒྲུབ་པ་ལ་འབད་དགོས་པ་དང་། དེ་སྒྲུབ་པར་བྱེད་པ་ཡང་མཚན་ལྡན་བླ་མའི་དྲིན་ལ་ལྟོས་དགོས་ཏེ། ཇི་ལྟར་འཇིག་རྟེན་ན་དགོས་འདོད་འབྱུང་བའི་ནོར་བུ་ལོན་པར་འདོད་པ་རྣམས་རྒྱ་མཚོའི་དེད་དཔོན་ལ་ལྟོས་དགོས་པ་དང་། འབྱུང་འདུས་གདོས་བཅས་ཀྱི་ལུས་ལ་འདུ་བའི་ནད་ཀྱི་ཉེན་པ་ན་སྨན་པ་མཁས་པ་ལ་བརྟེན་དགོས་པའི་དཔེ་དང་མཚུངས་ཕྱིར། འདིར་ཡང་འཁོར་བའི་གཅོང་ནད་སེལ་བ་དང་། སྨིན་གྲོལ་གྱི་ནོར་བུ་ལོན་པར་བྱེད་པ་ལ་བླ་མ་རྡོ་རྗེའི་སློབ་དཔོན་ལ་མ་བརྟེན་པར་ཐབས་གཞན་གང་གིས་ཀྱང་དེ་ལྟར་མི་འགྲུབ་པས་ན། བླ་མ་ལ་ཐ་མལ་མི་རུ་བཟུང་བའི་འདུ་ཤེས་སྤངས་ནས་སངས་རྒྱས་ཐམས་ཅད་གཅིག་བསྡུས་ཀྱི་ངོ་བོར་ཐག་ཆོད་པའི་


TR006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དད་མོས་ཀྱིས་ཀུན་ནས་བླངས་ཏེ་གསོལ་བ་གདབ་པ་ནི་དང་པོར་གཅེས་པའི་ཐབས་གནད་ཡིན་ཕྱིར་དེ་ལྟར་ཡི་ལ་ངེས་པའི་སྒོ་ནས་གསོལ་གདབ་ཀྱི་ཚིག་འདིའི་རྗེས་ཟློས་མཛད་པར་ཞུ། ཧོ། བླ་མ་བདེར་གཤེགས་ཐམས་ཅད་ཀྱི། །ངོ་བོ་པདྨ་ཐོད་ཕྲེང་རྩལ། །བདག་ཅག་འདིར་འདུས་དད་ལྡན་ལ། །སིད་དྷི་དངོས་གྲུབ་རྣམ་གཉིས་སྩོལ། ཞེས་ལན་གསུམ་ཞུས་ལ། དེ་ལྟར་ཁྱོད་ཀྱིས་གུས་པས་གསོལ་བ་བཏབ་པས་ནི་བླ་མས་རྗེས་སུ་བཟུང་བར་རུང་བའི་སྣོད་དུ་གྱུར་པ་ཡིན་ནོ། ཧོ། སྐལ་ལྡན་སྐྱེས་བུ་ཁྱོད་རྣམས་ཀུན། །དལ་འབྱོར་ཐོབ་པ་གྲངས་མང་ཡང་། གསང་སྔགས་ཟབ་མོའི་སྒོར་ཞུགས་དཀོན། །དེང་ཉིད་བསོད་ནམས་ཚོགས་ལས་བྱུང་། །སླར་ཡང་ཟབ་མོའི་གདམས་ངག་ཉོན། དེ་ཡང་། གང་ཞིག་འཁོར་བའི་སེམས་ཅན་མཐའ་ཡས་ཤིང་མུ་མེད་པ་རྣམས་ཀྱི་ནང་ནས་ངེས་པར་འབྱུང་བའི་ཡིད་དང་


TR006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་པ་འདོད་པའི་བློ་ལྡན་ནི་རེ་ཤིག་ཙམ་ལས་མི་འབྱུང་། ཐར་འདོད་ཀྱི་གང་ཟག་ཇི་ཙམ་པའི་ཁྲོད་ནས་ཀྱང་བླ་མེད་ངེས་གསང་ཟབ་མོའི་སྣོད་ལྡན་ནི་སྲིད་པ་ཙམ་དུ་ཟད་ལ། དེ་ལ་ཡང་ལོག་པའི་བཤེས་གཉེན་དང་གྲོགས་ངན་རྐྱེན་ངན་ནི་མང་ལ། ཡང་དག་པའི་མགོན་དང་བཤེས་དང་བཟང་པོའི་རྐྱེན་ནི་དཀོན་པས་ན། ངེས་པར་ལེགས་པའི་ལམ་ལ་འཇུག་པ་མཐར་སོན་པའི་ཐབས་ལ་ཆིག་དྲིལ་བུ་འབད་པའི་དུས་ནི་ད་རེས་ཁོ་ན་ཡིན་པས། ལས་ངན་འཁོར་བའི་གདོས་ཐག་བཅད་དེ་ཚེ་གཅིག་སངས་རྒྱས་ཀྱི་གོ་འཕངས་ལ་ཅི་སྙེགས་ཅི་འགྲུབ་ལ་རེམས་དགོས། རང་ཉིད་འབའ་ཤིག་དེ་ལྟར་ཐར་པ་གཅིག་པུས་ཀྱང་ཆོག་པ་མ་ཡིན་ཏེ། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་བདག་ཅག་གི་དྲིན་ཅན་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་ཅིང་། དེ་


TR006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐོག་མཐའ་བར་མེད་དུ་སྲིད་པའི་སྡུག་བསྔལ་སྣ་ཚོགས་པས་གདུང་བ་དར་དྲག་ལ་ཡུན་རིང་ཞིང་བཟོད་པར་དཀའ་བ་འདི་དག་སྒྲོལ་ཞིང་འདོན་པའི་གཉེར་དང་དེད་དཔོན་ནི་འོ་སྐོལ་ཐེག་ཆེན་གྱི་སྒོར་ཞུགས་པ་རྣམས་ལ་བབས་པ་ཡིན། བབས་བཞིན་མི་བརྩོན་པར་འདོར་ན་ནི་ཐེག་ཆེན་བྱང་སེམས་ཀྱི་ཚུལ་ལས་ཉམས་པར་འགྱུར་ཕྱིར་དེ་བས་ན་བྱང་ཆེན་གྱི་སྤྱོད་པ་ལ་ནན་གྱིས་སློབ་ཅིང་རང་གཞན་གྱི་དོན་གཉིས་ལུས་ཐོབ་འདི་ལ་བསྒྲུབ་པར་བྱ་བ་དང་། དེ་འགྲུབ་པ་ལ་གེགས་སུ་གྱུར་པའི་འཁོར་བ་ཐོག་མེད་ནས་བསགས་པའི་ལས་ཉོན་བག་ཆགས་ཀྱི་སྒྲིབ་ཚོགས་ཅི་མཆིས་པ་ཐམས་ཅད་དེང་འདིར་ལྷ་དང་བླ་མ་དབྱེར་མེད་ཀྱི་སྤྱན་སྔར་སྙིང་ནས་མཐོལ་ཞིང་བཤགས་ལ། དེང་ཕྱིན་ཆད་འདི་ནས་བྱང་ཆུབ་ཀྱི་འབྲས་མཆོག་མ་ཐོབ་བར་དུ་སྒོ་གསུམ་གཏན་གྱི་མདུན་མ་དང་བཅས་པ་བླ་མའི་སྤྱན་སྔར་ལྟོས་


TR006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་འབུལ་བའི་འདུན་པ་རྩེ་གཅིག་མཛོད་ལ་ཚིག་འདི་བཞིན་རྗེས་ཟློས་ཀྱང་མཛད་པར་ཞུ། ན་མོ། བདེར་གཤེགས་རིགས་འདུས་སྤྱན་སྔ་རུ། སྔོན་ཆད་བག་མེད་ལས་ཉོན་སྒྲིབ། །མཐོལ་བཤགས་བྱང་བར་མཛད་དུ་གསོལ། །ཕྱིན་ཆད་སྒོ་གསུམ་ཉིད་ལ་འབུལ། །ལེགས་ཉེས་ཐམས་ཅད་ཁྱེད་རང་ཤེས། ཞེས་ཞུས་ལ། འོ། དེ་ཡན་ཆད་ཀྱིས་ཁྱེད་ཅག་གི་རྒྱུད་དག་པར་བསྒྲུབ་པ་ཡིན། ད་ནི་ཐེག་མཆོག་བླ་མེད་སྨིན་གྲོལ་གྱི་སྒོ་རུ་གཞུག་པར་བྱ་བའི་ཐབས་ཀྱི་བྱེ་བྲག་ནི་རབ་ཏུ་མང་མོད་ཀྱི། ཀུན་ལ་གཅེས་ཤིང་མེད་དུ་མི་རུང་བ་སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་དུ་བསྒྲུབ་ནས་ཡེ་ཤེས་རྡོ་རྗེ་མི་ཟད་རྒྱན་གྱི་འཁོར་བཅས་སྐུ་གསུམ་དབྱེར་མེད་ཀྱི་གོ་འཕངས་མངོན་དུ་བྱ་བ་ཉིད་མཆོག་ཏུ་ཟབ་པའི་ལམ་ཡིན་པས་ན། ད་ལམ་སྐབས་སུ་བབས་པའི་དོན་གྱི་སྙིང་པོར་ལུས་ལྷའི་


TR006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་ཐམས་ཅད་གཅིག་བསྡུས་ཀྱི་བདག་ཉིད་རིགས་འདུས་རྡོ་རྗེ་གྲོ་ལོད་རྩལ་དུ་སྒྲུབ། ངག་སྔགས་ཀྱི་དཀྱིལ་འཁོར་ནི། རྒྱལ་བ་ཀུན་གྱི་བྱིན་རླབས་ཡེ་ཤེས་སྙིང་པོ་འབྲུ་གཅིག་ཧཱུྃ་གི་བཟླས་བརྗོད་ལ་དྲིལ། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ཐེག་པ་མཐའ་དག་གི་ཡང་བཅུད་རྫོགས་པ་ཆེན་པོ་རྩོལ་བྲལ་ཡེ་ཤེས་ཟང་ཐལ་དུ་ལམ་ཁྱེར་རྒྱུན་མི་ཆད་པའི་ཏིང་ངེ་འཛིན་ལ་སློབ་པར་བྱ་བ་ཡིན་ཞིང་། དེ་ལས་དང་པོར་སྙན་དུ་གསོལ་རྒྱུའི་དོན་སོར། རྡོ་རྗེ་གྲོ་ལོད་དུ་མཚན་གསོལ་བའི་ལོ་རྒྱུས་དང་གཏན་ཚིག་ཇི་ལྟ་བུ་ཡིན་ཞེ་ན། དེ་ཡང་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་པའི་ཐུགས་རྗེ་ནུས་མཐུ་མཛད་ཕྲིན་ཡོན་ཏན་ཐམས་ཅད་གཅིག་བསྡུས་སུ་བྱིན་གྱིས་བརླབས་ནས་འགྲོ་བའི་འདྲེན་པར་མངག་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་ལ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཚུལ་ནི། མྱང་འདས་ཀྱི་མདོ་རྒྱས་པར། ང་ནི་མྱ་


TR006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འདས་འོག་ཏུ། ལོ་ནི་བཅུ་གཉིས་ལོན་པའི་ཚེ། ཨཽ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། དྲི་མེད་ཀོ་ཤའི་མཚོ་གླིང་དུ། །གེ་སར་པདྨའི་སྙིང་པོ་ལས། ཀུན་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །ནོར་བུའི་ནང་ནས་ཡིད་བཞིན་ལྟར། །མཐའ་ཡས་དབང་པོ་པདྨ་འབྱུང་། །འཇིག་རྟེན་མུན་པ་དེས་སེལ་འགྱུར། །ཞེས་གསུངས་ཚེ་ཀུན་ལས་ལྷག་པར་འབྱུང་བའི་ཚུལ་ལ་འཁོར་རྣམས་ཐེ་ཚོམ་སྐྱེས་པ་གཟིགས་ནས་སླར་གསུངས་པ། ཀྱེ་ཧོ། འཁོར་རྣམས་རྩེ་གཅིག་ཡིད་ཀྱིས་ཉོན། །ང་ཡི་སྤྲུལ་པ་དེ་ཉིད་ནི། །དུས་གསུམ་སྤྲུལ་པ་གཞན་ལས་འཕགས། །བགྲེས་རྒུད་མི་མངའ་གཞོན་ནུའི་ཚུལ། །སྐུ་མཆོག་སྤྲུལ་པ་གཞན་ལས་འཕགས། །བདུད་བཞི་ཐོག་མེད་ཉིད་ནས་བཅོམ། །དྲག་རྩལ་སྤྲུལ་པ་གཞན་ལས་འཕགས། །ཚེ་གཅིག་སངས་རྒྱས་ཐེག་ཆེན་སྟོན། །


TR006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་སྤྲུལ་པ་གཞན་ལས་འཕགས། །འཛམ་གླིང་མཐའ་དབུས་ཀུན་འདུལ་སྟེ། །འགྲོ་དོན་སྤྲུལ་པ་གཞན་ལས་འཕགས། །བསྐལ་བཟང་འདི་ལ་འདས་གྲོངས་མེད། །སྐུ་ཚེ་སྤྲུལ་པ་གཞན་ལས་འཕགས། །ཅི་ཕྱིར་འོད་དཔག་མེད་ཉིད་དོ། །ཞེས་གསུངས་པ་དང་། དབུས་འགྱུར་ལུང་བསྟན་མདོ་ཕྱི་མར། །རྒྱལ་བ་རྣམས་ཀྱི་རབ་བསྔགས་པའི། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །བདུད་དང་མུ་སྟེགས་ལ་སོགས་པ། །རྒོལ་བ་ངན་པ་དེ་ཡིས་འདུལ། །རྒྱ་གར་ཤར་ནུབ་ཐམས་ཅད་དུ། །སངས་རྒྱས་བསྟན་པ་དེ་ཡིས་འཛིན། །མ་འོངས་ཐ་མར་གྱུར་པ་ནི། །སྟོན་པའི་བཀའ་དང་དམ་ཆོས་རྣམས། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ངོས། །རི་བོ་ནག་པོ་བཅུ་གསུམ་འདས། ཁ་བ་ཅན་གྱི་རྒྱལ་ཁམས་སུ། །བསྟན་པ་དར་ཞིང་རྒྱས་པར་བྱེད། །ཅེས་གསུངས་ཇི་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཀྱི་མཐུ་དང་འོད་དཔག་མེད་ཀྱི་ཐུགས་རྗེའི་འོད་ཟེར་ལས་སྤྲུལ་ཏེ་དྷ་ན་ཀོ་ཤའི་མཚོ་


TR006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་པད་སྡོང་ལས་སྐུ་བལྟམས་ནས། རྒྱལ་པོ་ཨིནྡྲ་བྷུ་དྷི་འཁོར་བཅས་ཀྱི་གདན་དྲངས་པའི་དུས་སུ་སྤྲུལ་པའི་སྐུ་མཚན་དཔེས་བརྒྱན་པ་དེ་ཉིད་པད་སྡོང་གི་རྩེ་ནས་བླངས་ཏེ་གར་བཞག་ཏུ་མེ་ཏོག་པདྨ་རེ་དེ་འཕྲལ་ལ་སྐྱེས་པའི་སྟེང་དུ་བཞུགས་པ་བྱུང་སྟེ། །ཁྱིའུ་འདི་ནི་པདྨའི་འབྱུང་གནས་སུ་འདུག་གོ་ཅེས་གླེང་བ་དང་། པདྨ་ལས་སྐུ་འཁྲུངས་པ་གཉིས་ཀའི་རྒྱུ་མཚན་ལས་པདྨ་འབྱུང་གནས་སུ་མཚན་ཐོགས། དེ་ནས་ཕོ་བྲང་ཆེན་པོ་མཐོ་ལྕོག་དགུ་ལྡན་དུ་རྒྱལ་པོའི་སྲས་ཀྱི་སྐལ་བ་མཛད་པར་གསོལ་བ་བཏབ་ནས་ཨུ་རྒྱན་གྱི་རྒྱལ་ཁམས་གྲོང་ཁྱེར་འབུམ་ཕྲག་བཅུ་གཉིས་ཀྱི་རྒྱལ་པོར་མངའ་གསོལ་བས་མཚན་ཡང་པདྨ་རྒྱལ་པོར་གྲགས། སླར་ཡང་རྒྱལ་སྲིད་སྤངས་ནས་དུར་ཁྲོད་བསིལ་བ་ཚལ་ལ་སོགས་པར་མཁའ་འགྲོའི་ཚོགས་དཔོན་མཛད་ཅིང་པཎ་ཆེན་གྲུབ་ཐོབ་ཀུན་དང་ཆོས་ཀྱི་བགྲོ་


TR006_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ཚེ་པཎྜི་ཏའི་ཆ་བྱད་དུ་སྤྲུལ་བས་མཚན་ཡང་པདྨ་སམྦྷ་ཝ་ཞེས་གྲགས་ཏེ། བོད་སྐད་དུ་པདྨ་ལས་སྐྱེས་ཞེས་འཁྲུངས་པ་ལས་བཏགས་པ་དང་། འཕགས་པ་ཀུན་དགའ་བོ་ལས་རབ་ཏུ་བྱུང་བའི་ཚུལ་མཛད་དུས་མཚན་ཤཱཀྱ་སེང་གེར་གསོལ་ཞིང་། སླད་དུ་སངས་རྒྱས་ཀྱི་བསྟན་ལ་འཕེལ་འགྲིབ་བྱུང་སྐབས་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚེ་ཐུབ་པའི་སྐུ་དངོས་སུ་བསྟན་ནས་བསྟན་པ་གཞིར་བཞེངས་སུ་མཛད་པས་མཚན་ཡང་བསྟན་པའི་མངའ་བདག་ཤཱཀྱ་སེང་གེར་གྲགས། བྲམ་ཟེའི་ཁྱིའུ་སྤྲུལ་ནས་རིག་པའི་གནས་ལྔས་གཞན་ཕན་མཛད་པ་དང་། མ་ར་ཏི་ཀ་ཟླ་གམ་དབང་གི་ཕུག་ཏུ་ཚེའི་རིག་འཛིན་བསྒྲུབ་པའི་སྐབས་སོགས་སུ་སྔགས་འཆང་ལོངས་སྤྱོད་རྫོགས་པའི་ཆ་བྱད་དུ་བསྟན་པས་བློ་ལྡན་མཆོག་སྲེད་དུ་མཚན་གྲགས་པོ་པ་གླིང་དང་ཧ་ན་རྒོད་པ་ལ་


TR006_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དུར་ཁྲོད་ཆེན་པོ་རྣམས་སུ་ཧེ་རུ་ཀ་རྣལ་འབྱོར་བརྟུལ་ཤུགས་སྤྱོད་པའི་ཆ་ལུགས་ཀྱིས་གཤེགས་ཅིང་མཁའ་འགྲོ་དང་ཞིང་སྐྱོང་གི་དཔའ་བོ་དང་དཔའ་མོ་ལྷ་སྲིན་དྲེགས་པ་ཅན་རྣམས་དབང་དུ་བསྡུས། ངེས་མེད་ཀྱི་ཡུལ་ཁམས་རྣམས་སུ་ཆུ་བོ་གྱེན་ལ་བཟློག་པ་དང་ཉི་མ་སྟོད་ལ་མནན་པ་སོགས་རྫུ་འཕྲུལ་དུ་མས་འགྲོ་དོན་མཛད་པས་ཉི་བ་འོད་ཟེར་རྩལ་དུ་མཚན་གྲགས། ལྷོ་ཕྱོགས་མཐར་སྐྱེས་ཀྱི་གྲོང་ཁྱེར་ལ་སོགས་པར་མུ་སྟེགས་ཀྱི་རྒྱལ་པོ་བླ་མཆོད་སྟོན་པ་ལྔ་བརྒྱ་དང་བཅས་པས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཆེར་བྱས་པའི་ཚེ། སྒྲ་ཚད་ལུང་རིགས་ཀྱི་ཆོས་སྒྲ་སེང་གེའི་ང་རོ་ལྟར་བསྒྲགས་པས་མུ་སྟེགས་ཀྱི་རྩོད་པ་བཟློག་ཅིང་ཕམ་པར་མཛད་པ་ལས། མུ་སྟེགས་གདུག་པའི་ངན་སྔགས་སྣ་ཚོགས་ཀྱི་བར་ཆད་རྩོམ་དུ་བྱུང་བ་རྣམས་ལ། མི་འཇིགས་དཔའ་བའི་རྟགས་སུ་


TR006_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་གཡང་གཞི་གསོལ་བའི་ཁྲོ་བོ་མཐིང་ནག་འཇིགས་རུང་གི་སྐུར་བཞེངས་ཏེ། སྡིག་མཛུབ་ཀྱི་རྩེ་ལས་གནམ་ལྕགས་ཀྱི་ཐོག་ཆར་ཕབ་པས་མུ་སྟེགས་ཀྱི་ཡོན་མཆོད་བདུད་སྡེ་དཔུངས་བཅས་ཐམས་ཅད་རྡུལ་དུ་བརླག་ཅིང་སངས་རྒྱས་ཀྱི་བསྟན་པ་ཟླ་བ་སྒྲ་གཅན་ལས་གྲོལ་བ་བཞིན་མཛད་པའི་མཚན་ཡང་སེང་གེ་སྒྲ་སྒྲོག་ཏུ་གྲགས། སླད་དུ་འོ་སྐོལ་བོད་ཡུལ་མཐའ་ཁོབ་མུན་པའི་གླིང་དུ་ཆོས་ཀྱི་སྣང་བས་དབེན་ཞིང་ལྷ་མ་སྲིན་གདུག་པ་ཅན་གྱིས་དབང་བྱས་པའི་ཡུལ་ཕྱོགས་འདིར་སངས་རྒྱས་ཀྱི་བསྟན་པ་འཛུག་པར་སྨོན་ལམ་བཏབ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དམ་དཔལ་གྱི་བསམ་ཡས་བཞེངས་པར་བརྩམས་པ་ལ་བོད་ཀྱི་ལྷ་སྲིན་གདུག་པ་ཆེས་པས་ཅི་ལྟར་བྱས་ཀྱང་བརྩིགས་ཏུ་མི་སྟེར་ཞིང་། བྱང་སེམས་ཐུགས་རྗེའི་མངའ་བདག་མཁན་པོ་ཞི་བ་འཚོ་ལྟ་བུས་ཀྱང་མ་


TR006_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུལ་བ་ལ། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་སྤྱན་དྲངས་ནས་ཐོག་མར་ཧས་པོ་རིའི་རྩེ་མོར་བྱོན་ཏེ་ཆབ་གཏོར་གཟི་ཕོར་གང་ལ་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཚིམ་པའི་ལོངས་སྤྱོད་དུ་བྱིན་བརླབས་ནས་བསྔོས་ཤིང་ལྷ་འདྲེ་ཟིལ་གནོན་རྡོ་རྗེའི་འགུར་གྱིས་ཟིལ་གྱིས་མནན་ཞིང་བཀའ་འོག་ཏུ་བསྡུས། འགའ་ཞིག་བཀའ་ལ་མི་ཉན་པ་རྣམས་དྲག་པོའི་སྦྱིན་བསྲེག་ལན་གཉིས་སུ་མཛད་ནས་ཚར་བཅད། དེ་ནས་སླར་ཡང་བསམ་ཡས་ཀྱི་རྨང་འདིང་བའི་ཚེ་སློབ་དཔོན་ཉིད་མདོ་སྔགས་ཟུང་འཇུག་གི་ཆ་ལུགས་ཀྱི་རིག་འཛིན་དྲག་པོ་ཁྲོས་པའི་རྣམ་འགྱུར་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུར་བཞེངས་ནས་ཧཱུྃ་གི་གླུ་བླངས་ཤིང་རྡོ་རྗེའི་གར་མཛད་དེ། སྟེང་གི་ནམ་མཁའ་ལ་རྡོ་རྗེའི་འགྲོས་མཛད་པའི་གྲིབ་ཡོར་གང་བྱུང་དུ་གཙུག་ལག་ཁང་གི་ལྕགས་རིའི་རྨང་བཏིང་བ་ལས་ལྕགས་རི་ཟུར་མང་འཁོར་ལོ་རྩིབས་སྟོང་


TR006_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབྱིབས་སུ་བྱུང་། རྫུ་འཕྲུལ་ནུས་སྟོབས་དེ་ལྟ་བུས་སྣང་སྲིད་ཀྱི་ལྷ་སྲིན་ཐམས་ཅད་དབང་དུ་བསྡུས་ཤིང་ལས་ལ་བཀོལ་བས་ཐུགས་དམ་གཙུག་ལག་གེགས་མེད་དུ་འགྲུབ་ནས་དགེ་འདུན་གྱི་སྡེ་དང་བཤད་སྒྲུབ་ཀྱི་ཆོས་གྲྭ་བཙུགས། དེ་ནས་ཡང་རེ་ཤིག་གི་དུས་ན། མཁན་སློབ་ཆོས་གསུམ་གྱི་སྐུ་དྲིན་ལས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱལ་ཁྲིམས་ཀྱི་དམ་རྒྱ་བཙན་པ་དེ་ལ་སྡིག་བློན་ནག་པོ་མ་རུངས་གདུག་པ་ཅན་གྱི་སྐྱེ་བོ་རྣམས་ཤིན་ཏུ་མ་ཟོད་པར། རྒྱལ་པོའི་སྙན་དུ་ཕྲ་མའི་ཞུ་བ་དུ་མར་ཕུལ་ཡང་རྒྱལ་པོ་ཐུགས་མ་གཡོས་པས་དེར་ཁོང་རྣམས་ཀྱི་གཞན་ཐབས་མ་སྙེད་པར། ལོ་པཎ་རྣམས་ཉིན་ཞག་རེ་ལ་དབུ་རྩེའི་བར་ཁང་ཆེན་མོར་ཚ་དྲོ་དང་ཆོས་ཀྱི་ཐུན་ལ་ལན་བཞི་རེ་ཚོགས་པའི་དུས་སུ་སྡིག་བློན་རྣམས་ཀྱིས་དམག་གིས་སྒོ་མནན་སྟེ་ལོ་པཎ་ཐམས་ཅད་དུས་གཅིག་ཏུ་སྐུ་དཀྲོང་བར་གྲོས་ངན་


TR006_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ཤིང་གཤེད་མ་བཀོས་པ་རྒྱལ་པོས་གསན་ཡང་སྡིག་བློན་དབང་བཙན་ཕྱིར་ཅི་བྱ་ཏོལ་མེད་དུ་གྱུར་པས། རིངས་སྟབས་སུ་སློབ་དཔོན་གྱི་དྲུང་དུ་ཚུལ་དེ་ཞུས་པ་ན། སློབ་དཔོན་ཆེན་པོའི་ཞལ་ནས། སངས་རྒྱས་ཀྱི་བསྟན་པ་དང་དམ་པའི་ཆོས་གང་དུ་དར་བར་བདུད་ཀྱི་བར་ཆད་ཀྱང་མང་བ་འདི་ནི་ཆོས་ཉིད་ཡིན་ཏེ། འོན་ཀྱང་རྒྱལ་པོ་ཆེན་པོ་ཐུགས་མ་བདེ་མི་འཚལ། ཁོ་བོ་པདྨ་འབྱུང་གནས་བདུད་དང་ལོག་འདྲེན་འདུལ་བའི་གཉེན་པོར་རྒྱལ་བ་ཀུན་གྱིས་མངགས་པ་ཡིན་པས་སྡིག་བློན་རྣམས་ཀྱི་བར་ཆད་བདག་གིས་བཟློག་པར་རྔོ་མ་ཐོགས་ལགས་ཀྱི། རྒྱལ་པོ་ཐུགས་རབ་མི་འཚལ་བས་ཅི་བདེ་བར་བཞུགས་ཤིག་ཅེས་གསུངས་སོ། །དེ་ནས་ནང་པར་ཉི་མ་ཤར་བ་ན་ལོ་པཎ་རྣམས་བར་ཁང་དུ་ཚ་བ་གསོལ་བར་ཚོགས་པ་དང་སྡིག་བློན་རྣམས་དམག་དཔུངས་གོ་མཚོན་སྤྱད་


TR006_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱུག་པ་ལ་སློབ་དཔོན་གྱིས་ཞི་བའི་ཕྲིན་ལས་ཀྱི་ཏིང་ངེ་འཛིན་མཛད་པས་ལོ་པཎ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཤིག་ཏུ་གྱུར་པར་སྡིག་བློན་རྣམས་ཀྱིས་མཐོང་བས་ཅི་བྱའི་གླག་མ་རྙེད་པར་ལོག་ནས་སོང་། དེ་ནས་ཉིན་གུང་གི་དྲོ་བཞེས་ལ་ཚོགས་པའི་སྐབས་སུ་བདུད་དམག་རྣམས་རྒྱུག་པ་ལ། སློབ་དཔོན་གྱིས་རྒྱས་པའི་ཕྲིན་ལས་ཀྱི་ཏིང་ངེ་འཛིན་ལ་བཞུགས་པས། ལོ་པཎ་ཐམས་ཅད་ནོར་བུ་རིན་པོ་ཆེ་འོད་འབར་བ་ཤ་སྟག་ཏུ་གྱུར་ནས་ནང་ཐམས་ཅད་འོད་ཀྱིས་གང་བ་མཐོང་ནས་ཁོང་རྣམས་འདི་བྱེད་མ་བྱུང་བར་ལོག །སླར་ཕྱི་དྲོའི་ཆོས་ཐུན་ལ་ཚོགས་སྐབས་ཁོང་རྣམས་རྒྱུག་པ་ན། སློབ་དཔོན་དབང་གི་ཕྲིན་ལས་ཀྱི་དགོངས་པ་ལ་བཞུགས་པས། ལོ་པཎ་ཐམས་ཅད་ལྷའི་བུ་བུ་མོ་ལྟ་བས་ཆོག་མི་ཤེས་པ་གླུ་དང་གར་བྱེད་པ་ཁོ་ནར་གྱུར་པས་ནང་ཐམས་ཅད་གང་ཞིང་ཟིང་ལོང་དུ་གྱུར་པ་མཐོང་བས་ཁོང་རྣམས་མཚོན་ཆ་བསྐྱུར་ཞིང་ལྟད་


TR006_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ་ཡུན་རིང་ཡེངས་ཏེ་སྐྱེས་ནས་ལོག དེ་ནས་སྲོད་ཀྱི་ཐུགས་དམ་ལ་ཚོགས་པའི་དུས་སུ་ཁོང་རྣམས་ཀྱང་གྲོས་ངན་གྱི་མནའ་དམ་ཞིབ་ཏུ་བྱས་ནས་ཞེ་སྡང་གི་དཔའ་ངར་སྐྱེད་དེ་རྒྱུགས་པ་ལ། སློབ་དཔོན་ཉིད་བདུད་འདུལ་དྲག་པོ་གྲོ་ལོད་རྩལ་གྱི་སྐུར་བཞེངས་ཏེ། ཞལ་ནས་ཧཱུྃ་གི་ང་རོ་འབྲུག་ལྟར་སྒྲག་ཅིང་སྐུ་ལས་ཡེ་ཤེས་ཀྱི་མེ་དང་ཁྲོ་ཚོགས་ཀྱི་སྤྲུལ་པ་གྲངས་མེད་སྤྲོས་པས་བདུད་དམག་རྣམས་བྱ་སྤུ་རླུང་གི་གཏོར་བ་བཞིན་དེད་ནས། ཧས་པོ་རིའི་མར་ཟུར་གྱི་བྱེ་ཐང་རྣམས་སུ་བྲོས་ཏེ་འགྱེལ་ཞིང་བརྒྱལ་ནས་དབུགས་ཀྱི་འགྲོ་འོང་ཆད་དེ་རོ་ལྟར་གྱུར་པས་དེ་ནུབ་དེར་ལུས། ནང་པར་སློབ་དཔོན་གྱི་ཞལ་ནས། གདུག་པ་ཅན་དེ་དག་སྐྲག་ཅིང་དཔའ་བསྐོང་བའི་སླད་དུ་དེ་ལྟར་བགྱིས་པ་མ་གཏོགས་བསད་ན་འོ་སྐོལ་ལ་སྡིག་ཆེ་བས་མི་རུང་གསུངས་ནས་


TR006_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་དཀར་སྤར་བ་གང་ལ་རྫོགས་ཆབ་བཏབས་ནས་བསྐུར་ཏེ་དེ་རྣམས་ལ་འཐོར་ཞིག་གསུངས་པ་ལྟར་བྱས་པས། དམག་མི་དེ་དག་རིམ་པས་དབུགས་དང་དྲན་པ་གསོར་ཆུད་ཅིང་དལ་བུས་ཁྱར་ཁྱོར་དུ་ལངས་བྱུང་སྟེ། དེ་ཕྱིན་ཆད་བདུད་བློན་རྣམས་ཀྱི་བར་ཆད་རྩོམ་མ་ནུས་པར་གྱུར་ཏོ། །སླད་དུ་སློབ་དཔོན་ཉིད་ལྷོ་ནུབ་རྔ་ཡབ་གླིང་དུ་གཤེགས་ཁར་སྤ་དྲོ་སྟག་ཚང་སེང་ཕུག་གི་གནས་སུ་ཇོ་མོ་མཚོ་རྒྱལ་ལ་བཀའ་སྩལ་ཏེ། ཁོ་བོ་བོད་དུ་བསྟན་པ་དང་སེམས་ཅན་ལ་ཕན་པ་ཚེ་རབ་ཏུ་གྱུར་མོད་ཚེ། འོན་ཀྱང་བོད་འབངས་བསོད་ནམས་དམན་ཞིང་རྒྱལ་པོ་བློ་ཆུང་བའི་རྒྱུ་རྐྱེན་གྱིས། ཀླུ་མལ་གྲོ་གཟི་ཅན་དམ་ལ་མི་འདོགས་པར་ཞུས་པ་དང་། སྦྱིན་བསྲེག་ལན་གསུམ་པ་བགྱིད་དུ་མ་བཅུག་པ་སོགས་རྟེན་འབྲེལ་འགའ་ཞིག་འཆུག་པའི་མཐུས། མ་འོངས་པ་ན་


TR006_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འགྲོ་རྣམས་ལ་གཟའ་ཀླུ་རྒྱལ་པོའི་གནོད་པ་མང་བ་ཙམ་འབྱུང་སྟེ། འོན་ཀྱང་ཁོ་བོའི་རྗེས་སུ་འཇུག་ཅིང་བློ་འགེལ་བ་དང་། ཁྱད་པར་བདག་ཉིད་པདྨ་དྲག་པོ་རྡོ་རྗེ་གྲོ་ལོད་ཡི་དམ་དུ་བྱེད་པ་རྣམས་ལ་བདུད་རིགས་ཀྱིས་བར་ཆད་མི་ནུས་ལ། གནས་འདི་ཡང་དེ་ཉིད་སྒྲུབ་པའི་གནས་སུ་ཤིས་པར་གདའ་བས། ཁོ་བོས་དེང་འདིར་ལྷ་སྲིན་དྲེགས་པ་འདུལ་བའི་རྟེན་འབྲེལ་ཞིག་བྱའི། མཚོ་རྒྱལ་ཁྱོད་ཀྱིས་ཚོགས་འཁོར་བཤོམས་ལ་གསོལ་བ་ཐོབ་ཅིག་གསུངས་ནས། སློབ་དཔོན་ཉིད་རྡོ་རྗེ་གྲོ་ལོད་དྲག་པོའི་སྐུ་གནས་དེའི་རྒྱབ་རི་དང་ཆེ་ཆུང་མཉམ་པ་ཞིག་ཏུ་སྤྲུལ་ཏེ་ཧཱུྃ་སྒྲ་དྲག་པོར་སྒྲགས་པ་ཙམ་གྱིས། མོན་བོད་ཀྱི་ལྷ་འདྲེའི་རིགས་སུ་གྱུར་པ་མཐའ་དག་སྐད་ཅིག་ལ་ཁྲོམ་དུ་ཚོགས་པར་གྱུར་པ་རྣམས་ལ། སློབ་དཔོན་གྱི་ཞི་བས་བདེན་ཚིག་གི་ཆོས་གསུངས། རྒྱས་པས་


TR006_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་གྱི་ཆར་ཕབས། དབང་གིས་རང་རང་སྲོག་གི་སྙིང་པོ་བླངས། དྲག་པོའི་རྫུ་འཕྲུལ་སྐུ་དང་ཞལ་ནས་མེ་དཔུང་འབར་བས་ས་དང་བར་སྣང་ཁེངས་ཤིང་འུར་ཆོམ་གྱིས་སྒྲས་སྣང་སྲིད་གཡོ་བར་མཛད་པས། གདུག་པ་ཅན་གྱི་ལྷ་འདྲེ་ཐམས་ཅད་སྐྲག །དངངས། འདར། འགྱེལ། བརྒྱལ་བ་ལ་ཐུག་ཅིང་། དཔའ་བོ་ཆེན་པོའི་བཀའ་དང་དམ་ལས་འདའ་བར་མི་བགྱིད་དོ། །ཅེས་ཁས་བླངས་དམ་བཅས་མནའ་དོར་མཐའ་ཚིག་སྒྲགས་ཅིང་བཏུལ་ནས། མཐར་རྡོ་རྗེ་གྲོ་ལོད་ཉིད་གནས་དེའི་བྲག་རི་དེ་ལ་ཐིམ་པའི་ཚུལ་བསྟན་པས་རི་དེ་གྲོ་ལོད་ཀྱི་སྐུའི་དབྱིབས་ཤིན་ཏུ་གསལ་བར་གྱུར་པ་ད་ལྟ་ཀུན་གྱི་མཇལ་དུ་ཡོད་ལ། མདོར་ན་སློབ་དཔོན་རིན་པོ་ཆེ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ཡོངས་འདུས་ལ་རྫུ་འཕྲུལ་གྱི་རྣམ་འགྱུར་གཅིག་ཏུ་མ་ངེས་མོད་ཀྱང་། བོད་ཡུལ་འདིར་མི་དང་མི་མིན་གདུག་པ་ཅན་བཏུལ་


TR006_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུའི་སྣང་བརྙན་ནི་འདི་ཁོ་ན་བསྟན་པར་མཛད་པ་ཤས་ཆེ་སྟེ། གང་འདུལ་གྱི་གཉེན་པོའི་རྟེན་འབྲེལ་གནད་དུ་ཆེ་བ་ཞིག་ཡིན་པར་སྣང་བ་དང་། མཚན་གྱི་ངེས་ཚིག་ཀྱང་སྒྲ་དོན་གཉིས་ལས། སྒྲའི་དབང་དུ་བགྱི་ན། ལེགས་སྦྱར་སྐད་དུ། ཀྲོ་དྷ་ལོ་ཀརྟོ་ར་ཞེས་པ་བོད་ཀྱི་སྐད་དུ་ཁྲོ་བོ་འཇིག་རྟེན་འདས་པ། ཅེས་བྱ་བ་ཡིན་པ་དང་། དེ་ཉིད་ཚིག་བསྡུད་དུ་བྱས་པས་གྲོ་ལོད་ཅེས་པར་འགྱུར་བས། དེ་ཡང་སྒྲ་ཟུར་ཉམས་ཏེ་གྲོ་ལོད་དང་། གྲོ་བོ་ལོད་སོགས་སུ་གྱུར་པ་ཡིན། །དོན་འགྱུར་གྱི་དབང་དུ་བྱ་ན། གྲོ་ལོད་ཅེས་པ་ནི་ཁྲོ་བོ་འཆོལ་བ་ལ་འཇུག་ཕྱིར་ཆོལ་པ་ནི་ངེས་པ་མེད་པའི་དོན་ཡིན་པས། ཁྲོ་བོ་འདི་ཉིད་ཀྱི་སྐུ་མདོག་ཕྱག་མཚན་ཆ་ལུགས་རྣམ་འགྱུར་ཅིར་ཡང་ངེས་མེད་ཀྱི་སྤྲུལ་སྒྱུར་མཛད་པར་མཚོན་པ་ལགས། དེ་ལྟ་བུ་བདུད་འདུལ་པདྨ་དྲག་


TR006_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་སྒྲུབ་སྐོར་ཟབ་མོ་རྒྱས་བསྡུས་ཅི་རིགས་པ་གཏེར་ཁ་ཐ་དད་ལས་འབྱུང་ནའང་། འདི་ནི་སྦས་པའི་གནས་པདྨ་བཀོད་ཀྱི་ཞིང་སོགས་བགྲོད་པ་ལ་བར་ཆད་སེལ་བའི་ཆ་རྐྱེན་དུ་དགོངས་ནས། གནས་ཀྱི་ལམ་ཡིག་ལུང་བསྟན། གུ་རུའི་སྐུ་ཚབ་པདྨ་བཤེས་གཉེན། མྱོང་གྲོལ་སྐྱེ་བདུན་གྱི་ཤ་སོགས་དང་ལྷན་ཅིག་ཏུ་གུ་རུའི་སྒྲུབ་གནས་ཀོག་རོང་ཕུག་ཏུ་གཏེར་དུ་བཞུགས་པ་རིགས་འཛིན་ཆེན་པོ་འཇའ་ཚོན་སྙིང་པོས་གདན་དྲངས་པའི་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་རྫིང་བུ་ཡོངས་སུ་གང་བའི་དགའ་སྟོན་རྨད་དུ་བྱུང་བ་འདི་ཉིད་ཀྱི་དབུ་མར་བ་ལེགས་པར་ཐོབ་ཕྱིར་སྣང་སྲིད་བླ་མའི་དཀྱིལ་འཁོར་ཡེ་གདོད་མ་ནས་ཡིན་ཀྱང་ཡིན་པར་མ་ཤེས་པའི་རྟོགས་སྒྲིབ་སྦྱོང་ཕྱིར་དུ་ཁྱེད་རང་རྣམས་ཀྱི་མོས་པའི་འདུན་གཏགས་འདི་ལྟར་མཛད་པར་ཞུ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པའི་རྟེན་འབྲེལ་


TR006_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་འཕྲུལ་ལས། བདག་རྡོ་རྗེའི་སློབ་དཔོན་ནི་རྗེ་བཙུན་པདྨ་ཐོད་ཕྲེང་ཧེ་རུ་ཀའི་ཆ་བྱད་རུས་རྒྱན་ཐོར་ཚུགས་ཅན། སྟག་ཤམ་དང་རས་ཀྱི་ན་བཟའ་གསོལ་ཞིང་རྡོ་རྗེ་ཐོད་པ་ཁ་ཊྭྃ་བསྣམས་ནས་སྣང་སྲིད་ཟིལ་གནོན་གྱི་ལྟ་སྟངས་མཛད་པར་མོས་པ་གནང་། ཁྱེད་རང་རྣམས་ཀྱང་སྐད་ཅིག་དྲན་རྫོགས་སུ་བདུད་འདུལ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་སྐུ་མདོག་དམར་སྨུག་ཨམ་ཙིག་ཨག་ཚོམ་ཅན། སྤྱན་གསུམ་ཁྲོ་བོའི་གདངས་མིག་ཕྱོགས་བཅུར་གཟིགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་ཞིང་སྨིན་མ་ཨག་ཚོམ་ལས་མེ་འབར་བ། སྙན་ལ་དུང་གི་ཝང་མིག་དང་སྐུ་ལ་རུས་པའི་རྒྱན་དྲུག་གིས་སྤྲས་པ། དར་ངུར་སྨྲིག་གི་ཤམ་ཐབས་དང་དར་དམར་གྱི་ཆོས་གོས་གསེར་གྱི་པ་ཊ་རིས་ཅན་ལྷབ་ལྷུབ་ཏུ་གསོལ་བ། ཕྱག་གཡས་རྡོ་རྗེ་རྩེ་དགུ་དང་གཡོན་པ་ལྕགས་ཕུར་མེའི་


TR006_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཚྭ་ཚ་འཕྲོ་བ་བསྣམས་ནས་གནོད་བྱེད་བདུད་ཀྱི་སྙིང་ལ་གཟིར་ཞིང་། སྐུ་གར་སྟབས་སུ་ལིང་ངེ་། འགྱིང་ཐབས་སུ་ལོག་གེ། མཆོངས་སྟབས་སུ་ལྡེམ་མེ་བའི་ཞལ་ནས་ཧཱུྃ་གི་སྒྲ་དབྱངས་སྒྲོག་ཅིང་རབ་འཇིགས་བསྐལ་པའི་མེ་སྤུང་གི་ཀློང་ནས་གཟི་བརྗིད་ཀྱི་དཔལ་དུ་འབར་བར་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་དམར་གསལ་ལས་འོད་འཕྲོས་པས། ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་རང་བྱུང་པདྨའི་རྒྱལ་པོའི་ཐུགས་དམ་གྱི་རྒྱུད་བསྐུལ་བས་སྐལ་ལྡན་བྱིན་གྱིས་རློབས་པའི་ཕྲིན་ལས་དུས་ལ་བབས་པར་གཟིགས་ནས། བསྒོམས་པ་ཇི་ལྟ་བའི་ཆ་བྱད་ཅན་དཔའ་བོ་མཁའ་འགྲོ་གྲངས་མེད་པའི་འཁོར་གྱིས་བསྐོར་བ་ནམ་མཁའི་ལམ་ལས་བྱ་རྒོད་ཟས་ལ་བབས་པ་བཞིན་བྱོན་ཏེ། ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །ཅེས་དམིགས་པ་སྤྲད་ལ། ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུའི་འཛབ་དབྱངས། སྤོས་དང་རོལ་མོ་


TR006_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་ཡེ་ཤེས་ཕབ་ཅིང་བསྟིམ་ནས་རབ་ཏུ་གནས་པར་བྱའོ། །དེ་ནས་དབང་བུམ་འཐོགས་ཏེ། ཀྱཻ། རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ཞིག །དབང་ཞེས་བྱ་བའི་དོན་ནི་ཁྱེད་རང་དམ་ཚིག་སེམས་དཔའི་སྐུར་གསལ་བཏབ་པ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྟིམ་ཏེ། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་དང་གཉིས་མེད་དུ་བསྲེ་བ་འདི་ཉིད་ཁོ་ན་ཡིན་ཀྱང་། སླར་ཡང་དེ་ལས་མི་འགྱུར་ཞིང་མི་འདའ་བའི་རྒྱས་འདེབས་ཀྱི་ཚུལ་དུ་དབང་རྫས་ཐ་དད་ཀྱིས་རིམ་པ་བཞིན་བསྐུར་བ་ཡིན་ཏེ་དེ་ལས་ཐོག་མར་བུམ་པའི་ནང་དུ་གུ་རུ་པདྨ་ཐོད་ཕྲེང་ཧེ་རུ་ཀའི་ཆ་བྱད་སྟོང་གསལ་འོད་སྐུར་བཞུགས་པའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་ཁྱེད་ཀྱི་གནས་གསུམ་དུ་ཐིམ་པའི་དམིགས་པ་མཛོད་ཅིག །ཧཱུྃ། བརྡ་དབང་བུམ་པའི་དཀྱིལ་འཁོར་འདིས། རིགས་ཀྱི་བུ་ལ་དབང་བསྐུར་བས། སྒོ་གསུམ་དྲི་མ་བག་ཆགས་


TR006_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཐོད་ཕྲེང་རྩལ་དང་དབྱེར་མེད་ཤོག །གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་གནས་གསུམ་དུ་བཏུག་ཅིང་བུམ་ཆུ་ཡང་སྦྱིན་ནོ། །འདི་སྐབས་ཀྱི་དབང་བསྐུར་བའི་སྟབས་ཐམས་ཅད་ལ་ཧཱུྃ་སྒྲ་གསུམ་དྲིལ་བདུན་དྲིལ་གྱི་འཛབ་དབྱངས་ངེས་པར་མཛད་པ་རིག་འཛིན་འཇའ་ཚོན་པ་དེ་ཉིད་ཀྱི་ཕྱག་བཞེས་ལགས་སོ། །དེ་ལྟ་བུ་བུམ་དབང་བསྐུར་བ་དེས་ནི་འདི་སྐབས་ཀྱི་གུ་རུ་ཞི་བའི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པ་ཡིན་པས། ཐོད་ཕྲེང་རྩལ་གྱི་བསྙེན་སྒྲུབ་ལས་སྦྱོར་གང་བྱེད་ཀྱང་བར་ཆད་མེད་ཅིང་འགྲུབ་མྱུར་བའི་དགོས་པ་ཡོད་པས་དེ་ལྟར་ཐུགས་ལ་ངེས་འཚལ། དེ་ནས་གྲོ་ལོད་རྩལ་གྱི་གཏོར་མ་སྐུ་རྟེན་དང་བཅས་པ་གདན་དྲངས་ནས། འོ། སྐལ་བ་དང་ལྡན་པའི་བུ་རྣམས། རིགས་འདུས་པདྨ་དྲག་པོ་རྡོ་རྗེ་ཁྲོ་ལོད་རྩལ་གྱི་སྐུ་དང་སྒྲུབ་གཏོར་འདི་སྤྱི་བོར་བཞག་པའི་དུས་སུ། སྐུ་འདི་ལས་རང་འདྲའི་སྐུ་གཉིས་པ་འོད་ཀྱི་རང་བཞིན་ཅན་རེ་བྱུང་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །


TR006_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། སྒྱུ་འཕྲུལ་སྐུ་གཟུགས་ལ་བ་ལི༚་དབང་། །རིགས་ཀྱི་བུ་ལ་བྱིན་འབེབས་ན། །སྣང་སྟོང་རྡོ་རྗེའི་སྐུ་འགྲུབ་ནས། །ཀུན་ཁྱབ་ཀུན་བྱེད་དབང་ཐོབ་ཤོག གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་སྤྱི་བོར་བསྐུར་ཞིང་ཧཱུྃ་འཛབ་གོང་བཞིན་བྱའོ།། ༈ །།བགྲང་ཕྲེང་འཐོགས་ཏེ། རིགས་ཀྱི་བུ་རྣམས་ལ་ཕྲེང་བ་ལག་ཏུ་གཏད་པ་དང་དུས་མཚུངས་པར། བདག་སློབ་དཔོན་གྱི་ལྗགས་ལས་ཧཱུྃ་ཡིག་གི་ཕྲེང་རྒྱུད་བྱུང་སྟེ་ཁྱེད་ཀྱི་ངག་ལ་ཐིམ་པའི་མོས་པ་མཛོད། ཧཱུྃ། བརྗོད་བྱའི་ཚིག་དབང་ཧཱུྃ་འདི་ཡིན། །བདེར་གཤེགས་ཀུན་གྱི་ཡང་སྙིང་སྟེ། །རིགས་ཀྱི་བུ་ལ་ཧཱུྃ་བསྟིམ་པས། །གྲགས་སྟོང་ཚངས་དབྱངས་དབང་ཐོབ་ཤོག །གུ་རུ་པདྨ་སིདྡྷི་ཧཱུྃ། ཧཱུྃ་འཛབ་སྔར་བཞིན་བྱ་ཞིང་ཕྲེང་བ་འདྲེན་དུ་གཞུག་གོ།། ༈ །།རྡོ་རྗེ་རྒྱ་གྲམ་སྙིང་ཁར་བཞག་ལ། རིགས་ཀྱི་བུ་རྣམས་ལ་ཐུགས་ཀྱི་རྟེན་སྣ་ཚོགས་རྡོ་རྗེ་སྙིང་གར་བཞག་པ་ཙམ་གྱིས། རིགས་འདུས་པདྨ་དྲག་པོ་གྲོ་ལོད་རྩལ་གྱི་ཐུགས་མཆོག་དྲི་བྲལ་གདོད་མའི་ཡེ་ཤེས་ཀྱི་དོན་


TR006_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ། ཕྲིན་ལས་བཞི་སྒྲུབ་རྒྱ་གྲམ་དབང་། །རིགས་ཀྱི་བུ་ལ་འདི་བསྐུར་བས། །རིག་པའི་རྩལ་དབང་ཐོབ་གྱུར་ནས། །ཐོད་ཕྲེང་རྩལ་དང་དབྱེར་མེད་ཤོག །གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བསྐུར་ཞིང་ཧཱུྃ་འཛབ་བྱའོ། །དེ་ལྟ་བུའི་དབང་གིས་ཁྱེད་ཀྱི་སྒོ་གསུམ་གུ་རུའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་རླབས་ནས། ཕྱག་མཚན་འདི་བཞིན་གཏད་པས། །སྐྱེས་བུ་དཔའ་བོ་ལ་གོ་མཚོན་སྤྲད་པ་ལྟར། ཆེ་བའི་ཡོན་ཏན་རྫོགས་ཤིང་ཕྲིན་ལས་ཐོག་མེད་འགྲུབ་པར་གྱུར་བའི་མོས་པ་མཛོད་ཅིག །རྡོ་རྗེ་ལག་པ་གཡས་སུ་བཞག་ལ། ཧཱུྃ། གསེར་གྱི་རྡོ་རྗེ་རྩེ་དགུ་འདི། །ནམ་ཡང་འབྲལ་མེད་འཆང་བར་བྱ། །དོན་ལ་རང་རིག་རང་གསལ་བརྡ། །ཐབས་ཤེས་དབྱེར་མེད་དབང་ཐོབ་ཤོག །གུ་རུ་པདྨ་སིདྡིྷ་ཧཱུྃ། ལྕགས་ཕུར་གཡོན་དུ་གཏད་ལ། ཧཱུྃ། སྐུ་གསུམ་རང་བཞིན་ལྕགས་ཕུར་ཡིན། །རིགས་ཀྱི་བུ་ལ་འདི་གཏད་པས། །ཕྱི་ནང་བར་ཆད་རྡུལ་དུ་རློག །དུག་གསུམ་སྒྲོལ་བའི་དབང་


TR006_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཤོག །གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་ནས། ད་ནི་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་སྙིང་པོ་ཧཱུྃ་གི་དབང་བསྐུར་བ་ཡིན་པས། ཁྱེད་རང་རྣམས་གུ་རུ་པདྨ་དྲག་པོ་གྲོ་ལོད་རྩལ་དུ་གསལ་བཞིན་པའི་སྤྱི་བོའི་གཙུག་ཏུ་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེའི་རང་བཞིན་ཧཱུྃ་དཀར་འོད་ཟེར་འབར་བ་ཞིག་བསྒོམ་པ་ལ། སློབ་དཔོན་གྱི་སྤྱི་གཙུག་ནས་ཧཱུྃ་དཀར་པོ་ཞིག་བྱུང་བ་ཁྱེད་ཀྱི་སྤྱི་བོའི་ཧཱུྃ་ལ་ཐིམ་པས། དེ་ལས་ཧཱུྃ་དཀར་གྲངས་མེད་འཕྲོས་ནས་སྣང་སྲིད་ཐམས་ཅད་ཧཱུྃ་དཀར་འབའ་ཤིག་གིས་མེར་གྱིས་གང་བའི་ཏིང་འཛིན་མཛད་པར་ཞུ། ཧཱུྃ་དཀར་གྱི་ཙཀླི་སྤྱི་བོར་བཞག་ལ། །དེ་ནས་སྤྱི་བོར་ཡི་གེ་ཧཱུྃ། དཀར་པོ་ཤེལ་ལྟར་གསལ་འཚེར་ཅན། །དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན། །ཧཱུྃ་དཀར་དྲི་མེད་འོད་ཟེར་འབར། །ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་


TR006_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྒྲོག །ཅེས། ཧཱུྃ་དཀར་སྤྱི་བོར་བསྟིམ་ཞིང་ཧཱུྃ་ཉེར་གཅིག་པའི་འཛབ་དབྱངས་བྱའོ། །དེ་བཞིན་དུ་ཧཱུྃ་དམར་གྱི་ཙཀླི་འཐོགས་ནས། ཁྱེད་རང་གི་མགྲིན་པར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་རྡོ་རྗེ་ཧཱུྃ་ཡིག་དམར་པོ་གསལ་བ་ལ། བདག་ཉིད་སློབ་དཔོན་གྱི་མགྲིན་པ་ནས་ཧཱུྃ་དམར་འཕྲོས་ནས་ཐིམ་པ་ཙམ་གྱིས་དེ་ལས་ཧཱུྃ་དམར་དཔག་མེད་འཕྲོས་ཏེ་སྣང་སྲིད་གང་བར་བསྒོམ་མཛོད། དེ་ནས་མགྲིན་པར་ཡི་གེ་ཧཱུྃ། །དམར་པོ་བྱུ་རུའི་མདོག་ལྟར་འཚེར། །དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན། །ཧཱུྃ་དམར་དྲི་མེད་འོད་ཟེར་འབར། །ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག །ཅེས། ཧཱུྃ་དམར་མགྲིན་པར་བསྟིམ་ཞིང་ཧཱུྃ་དབྱངས་བྱའོ། །ཁྱེད་རང་གི་སྙིང་གར་སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་གསལ་བ་ལས་བླ་མའི་ཐུགས་ཀའི་ཧཱུྃ་མཐིང་ཐིམ་ཞིང་དེ་ལས་ཧཱུྃ་མཐིང་འཕྲོས་པས་སྣང་སྲིད་ཁེངས་པར་བསྒོམ་མཛོད། །དེ་ནས་སྙིང་གར་ཡི་གེ་


TR006_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། སྔོན་པོ་ནམ་མཁའི་མདོག་ལྟ་བུ། །དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན། །ཧཱུྃ་སྔོན་དྲི་མེད་འོད་ཟེར་འབར། །ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག །ཅེས། ཧཱུྃ་མཐིང་སྙིང་ཁར་བཞག་ཅིང་ཧཱུྃ་དབྱངས་བྱའོ། །དེ་ནས་ཡང་ཁྱེད་རང་གི་ལྟེ་བར་སངས་རྒྱས་ཀུན་གྱི་ཡོན་ཏན་གྱི་སྙིང་པོ་ཧཱུྃ་ཡིག་གསེར་མདོག་ལ་བླ་མའི་ལྟེ་བ་ནས་ཧཱུྃ་སེར་བྱུང་བ་ཐིམ་ཞིང་། སླར་ཧཱུྃ་སེར་གྱིས་སྟོང་ཁམས་གང་བ་འཕྲོ་བར་བསྒོམ་མཛོད། དེ་ནས་ལྟེ་བར་ཡི་གེ་ཧཱུྃ། སེར་པོ་གསེར་ལྟར་གསལ་འཚེར་ཅན། །དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན། །ཧཱུྃ་སེར་དྲི་མེད་འོད་ཟེར་འབར། །ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག །ཅེས། ཧཱུྃ་སེར་ལྟེ་བར་བསྟིམ་ཞིང་ཧཱུྃ་དབྱངས་བྱའོ། །ཁྱེད་རང་གི་གསང་བའི་གནས་སུ་རྒྱལ་ཀུན་ཕྲིན་ལས་འདུས་པའི་ཡི་གེ་ཧཱུྃ་ལྗང་གུ་ལ་བླ་མའི་གསང་གནས་ཀྱི་ཧཱུྃ་ལྗང་ཐིམ་ཞིང་དེ་ལས་འཕྲོས་པའི་ཧཱུྃ་ལྗང་གིས་སྣང་སྲིད་གང་བར་


TR006_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མཛོད། དེ་ནས་གསང་བར་ཡི་གེ་ཧཱུྃ། །ལྗང་ཁུ་མར་གད་གསལ་འཚེར་ཅན། །དེ་བཞིན་སྣང་སྲིད་ཡིད་ཡུལ་ཀུན། །ཧཱུྃ་ལྗང་དྲི་མེད་འོད་ཟེར་འབར། །ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག །ཅེས་པས་ཧཱུྃ་ལྗང་གསང་བར་བསྟིམ་ཞིང་ཧཱུྃ་དབྱངས་བྱའོ། །དེ་ལྟར་ཧཱུྃ་ཡིག་ལྔ་ལྡན་གྱིས་འཇིག་རྟེན་ནམ་མཁའ་ཐམས་ཅད་མེར་གྱིས་གང་ནས། ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་ཞིང་ཀུན་ཀྱང་ཧཱུྃ་ཡིག་གེ་རྣམ་པའི་སྐུར་གྱུར། ཁམས་གསུམ་གྱི་སེམས་ཅན་ཀུན་གྱི་ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་སྦྱངས་ཏེ་ཐམས་ཅད་ཡིག་གེ་ཧཱུྃ་གི་རང་བཞིན་དུ་གྱུར། བདུད་རིགས་འབྱུང་པོའི་བར་ཆད་ནད་གདོན་གནོད་པ་ཐམས་ཅད་ཞི་ཞིང་ཀུན་ཀྱང་ཧཱུྃ་གི་རང་བཞིན་ཁོ་ནར་གྱུར་པས། སྣང་སྲིད་སྣོད་བཅུད་ཀྱི་གཟུགས་སྣང་ཐམས་ཅད་ཧཱུྃ་ཡིག །སྒྲ་སྐད་མཐའ་དག་ཧཱུྃ་སྒྲ། རྟོགས་ཚོགས་ཐམས་ཅད་ཧཱུྃ་གི་འཕྲོ་འདུ་འབའ་ཤིག་ཏུ་གྱུར་པའི་ངང་ནས་ཧཱུྃ་སྒྲ་སྒྲོག་སྟེ། གཞན་ཡང་ཡིད་ལ་


TR006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདོད་པ། །ཡི་གེ་ཧཱུྃ་གི་འཕྲོ་འདུ་བྱ། །ཧཱུྃ་ཡིག་གྲངས་མེད་ཕྱོགས་བཅུར་སྤྲོ། །ཅི་འདོད་འབྲས་བུ་འཕྲལ་དུ་འགྲུབ། །ཅེས་གསུངས་པའི་དགོངས་པ་ཡིན་ལ། གཞན་ཡང་འདིའི་ཕན་ཡོན་དང་བྱིན་རླབས་ནི་བསམ་གྱིས་མི་ཁྱབ་སྟེ། གུ་རུ་རིན་པོ་ཆེ་ཉིད་ཀྱི་ཞལ་ལུང་ལས། །ཧཱུྃ་གི་འཛབ་དབྱངས་རྒྱུན་དུ་བགྲངས་པ་ཡིས། །སྣང་སྲིད་སྣོད་བཅུད་ཐམས་ཅད་གཡོ་བྱེད་ན། །ལས་ཕྲན་སྐྱེ་འགྲོ་ཕལ་ལ་སྨོས་ཅི་དགོས། །དངོས་གྲུབ་འགྲུབ་རྟགས་རྨིས་ལྟས་བརྗོད་ལས་འདས། །མངོན་སུམ་དུ་ཡང་སེམས་ཉིད་གསལ་སྟོང་རྟོགས། །ཆོས་ཉིད་རང་བྱུང་རང་གསལ་རྒྱུད་ལ་འཆར། །དུག་གསུམ་ཉོན་མོངས་དགྲ་གེགས་ཚོགས་རྣམས་འཇོམས། །བར་ཆད་གདུག་པ་ཐམས་ཅད་ཞོར་ལ་ཞི། །ཚེ་ཡི་རིག་འཛིན་ལ་སོགས་ཐུན་མོང་དང་། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། ཅེས་པ་དེ་ལྟ་བུའི་ཕན་ཡོན་དང་ལྡན་


TR006_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལགས། ཅེས་བརྗོད་ཅིང་། འདི་ཉིད་ཀྱི་གཏེར་གཞུང་ལས། འདི་ལ་དམིགས་པའི་འཕྲུལ་འཁོར་དང་། གར་དབྱངས་ཕྱག་རྒྱའི་ཆོས་སྐོར་རྣམས། །གཏེར་སྒྲུབ་དུས་སུ་ཌཱ་ཀིིས་སྟོན། ཞེས་གསུངས་ཕྱིར་གཏེར་བཏོན་ཆེན་པོ་ཉིད་ལ་དེ་ལྟར་བྱུང་བ་ནི་གོར་མ་ཆགས་ལ། ཐུན་མོང་གི་སྣང་ངོར་ནི་དབང་འདི་གཞན་གང་ལ་ཡང་མ་གནང་བའི་ཐོག་མར། ཀང་ལུང་ཤུའི་ཡུལ་དུ་དུས་བཟང་ཚེས་བཅུ་ཞིག་ལ་རིགས་བཟང་སྐལ་ལྡན་གྱི་དཔའ་བོ་དཔའ་མོ་འགའ་ཡང་ཚོགས་ཤིང་དད་ལྡན་མང་པོས་དབང་ཟབ་པ་ཅིག་གནང་བར་གསོལ་བ་བཏབ་ཅིང་ཚོགས་འཁོར་བཤམས་པས། རྗེ་དེ་ཉིད་ཀྱང་དེའི་ཉིན་ཐུགས་ཉམས་འབར་བའི་རྣམ་པ་དང་བཅས་ཏེ་དབང་བཀའ་འདི་ཉིད་གནང་བས། འཇའ་འོད་དང་མེ་ཏོག་གི་ཆར་ཡང་བྱུང་ཞིང་། ཧཱུྃ་གི་འཛབ་དབྱངས་ཀྱི་རྟ་ཡང་ཐུགས་ལ་རང་ཤར་དུ་བྱུང་སྟེ་སྐུ་གར་སྟབས་ལིང་ངེ་བའི་ངང་ནས་མཛད་པས་བྱིན་རླབས་ཀྱི་བབས་བཟང་ཞིང་། སླད་དུའང་དབང་འདི་ནམ་མཛད་ལ་ཐུགས་ཉམས་འབར་བ་ཡང་ངེས་པར་འོང་གི་འདུག་གསུངས་ཤིང་། དབྱངས་ནི། ཐོག་མར་ཧཱུྃ་རིགས་གཅིག་དང་། དེ་ནས་ཧཱུྃ་གསུམ་སྒྲིག་ལན་གཉིས་


TR006_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སླར་ཧཱུྃ་བདུན་སྒྲིག་ལན་གཉིས་རྣམས་བསྡོམ་པས་ཧཱུྃ་ཉེར་གཅིག་ཏེ་འགྲོ་བ་སྟེ། གཙོ་བོར་སློབ་དཔོན་གྱི་གསུངས་ལས་བླངས་བར་བྱའོ། །དེ་ལྟར་སྐལ་ལྡན་གྱི་བུ་རྣམས་ལ་ལུས་སྣང་སྟོང་ལྷའི་དཀྱིལ་འཁོར་རིགས་འདུས་རྡོ་རྗེ་གྲོ་ལོད་ཀྱི་ངོ་བོར་དབང་བསྐུར་ཞིང་བྱིན་གྱིས་རླབས། ངག་སྔགས་ཀྱི་འཁོར་ལོ་འབྲུ་གཅིག་ཧཱུྃ་གི་སྙིང་པོ་གྲགས་སྟོང་གཞོམ་མེད་རྡོ་རྗེའི་དབྱངས་ཀྱིས་འཁོར་འདས་ཀུན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབས་ནས། ད་ནི་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་རིགས་སྟོང་རྫོགས་པ་ཆེན་པོ་ཡེ་གྲོལ་བློ་འདས་སུ་བཟློ་བའི་རིག་པ་རྩལ་གྱི་དབང་བསྐུར་བར་བྱ་སྟེ། དེ་ཡང་གོང་དུ་སྨོས་པའི་སྣང་གྲགས་ཀྱི་དངོས་པོ་མ་ལུས་ཧཱུྃ་དུ་གྱུར་པ་དེ་ཐམས་ཅད་རྡོ་ཁལ་ལེན་ལ་ལྕགས་འདུ་བ་ལྟར་ཁྱེད་རང་རྣམས་ལ་འདུས་ཤིང་ཐིམ། ཁྱེད་རང་གི་ལུས་ལྷ་སྐུར་གསལ་བ་དེ་ཡང་ལྦུ་བ་ཆུ་ལ་ཐིམ་པ་ལྟར་འོད་དུ་ཞུ་ཞིང་ཡལ་ཏེ། རིག་པའི་


TR006_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཧཱུྃ་ཡིག་གེ་རྣམ་པ་ཞིག་ནམ་མཁར་ཡེར་རེ་ཡོད་པར་བསམ། དེ་ཡང་ཧཱུྃ་ཡིག་བསྒོམ་མཁན་གྱི་སེམས་དང་བསྒོམ་པའི་ཧཱུྃ་གཉིས་སུ་མ་གྲུབ་པའི་རང་ངོ་ལ་རྗེན་ནེ་ཧྲིག་གེ་ཡེར་རེ་གསལ་ལེ་བར་བཞག་པས། བཞག་མཁན་དང་བཞག་རྒྱུ་དངོས་པོར་མ་གྲུབ་ཀྱང་ཅང་མེད་སྟོང་པ་ཆད་མཐར་མ་ལྟུང་བའི། རིག་སྟོང་བློ་བྲལ་གྱི་ཡེ་ཤེས་ཀ་དག་གདོད་མའི་གནས་ལུགས་རང་ལ་རང་བྱུང་དུ་འཆར་བར་འགྱུར་གྱི། དེ་ཉིད་རང་ངོ་ཤེས་པ་ནི། དབང་ཐམས་ཅད་ཀྱི་ཡང་རྩེ་རིག་པ་རྩལ་གྱི་དབང་ཡང་ཡིན་ལ། ལྷ་ཐམས་ཅད་ཀྱི་ཁྱབ་བདག་རིགས་འདུས་པདྨ་དྲག་པོ་གྲོ་ལོད་རྩལ་ཡང་དེ་ཡིན་ཞིང་ཆོས་ཐམས་ཅད་ཀྱི་ཡང་བཅུད་ཨ་ཏི་རྫོགས་པ་ཆེན་པོ་ཡང་འདི་ཡིན་པ་དང་། གདམ་ངག་ཉམས་ལེན་མཐའ་དག་གི་རྩ་བ་ཟབ་པའི་མཐར་ཐུག་ཀྱང་འདི་ལས་མེད་ཀྱི། དེ་ལྟར་ཤེས་པར་གྱིས་ཤིག །དེ་ལྟར་ཡིན་པར་ཡང་གཞུང་


TR006_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས། རང་སེམས་ཧཱུྃ་དང་དབྱེར་མེད་བསྲེ། །སྐྱེས་རྫོགས་གཉིས་མེད་ཀློང་ཡངས་དང་། །མ་བཅོས་ལྷུག་པའི་ཡིག་གེ་ཧཱུྃ། །འདི་ཉིད་ཁོ་ན་བསྙེན་སྒྲུབ་མཆོག གུ་རུའི་གསང་སྒྲུབ་ཡང་སྙིང་ཧཱུྃ། །འབྲུ་གཅིག་ཨ་ཏིའི་ཁྱད་ཆོས་ཡིན། །ཞེས་པ་དང་། ཧཱུྃ་སྒྲུབ་ཞལ་གདམས་ལས། །ཀུན་གཞིའི་རང་བཞིན་ཆོས་ཉིད་དཀྱིལ་འཁོར་ནི། །མངོན་སུམ་བརྗོད་བྲལ་མཁའ་དབྱིངས་རྣམ་པར་དག །རང་བྱུང་རང་གསལ་ཉིད་དབྱིངས་འཛིན་མེད་ངང་། །སྐྱེ་མེད་ཀ་དག་ཟང་ཐལ་གནས་ལུགས་ལ། །གཟུགས་འཛིན་ཞེན་ཆག་ཕྲེང་ཐག་རྦད་ཀྱི་བཅད། །དེ་ལྟར་ཤེས་ན་ཀུན་གྱི་སྲོག་རྩ་ཡིན། །མ་སྒྲིབ་རྗེན་པ་ཧཱུྃ་དུ་གསལ་བ་ཡང་། །སྣང་བ་མ་འགགས་སྐྱེད་རིམ་རྩ་བ་ཡིན། །དེ་ཉིད་འཛིན་བྲལ་ངང་དུ་གནས་པ་ནི། །སྟོང་པའི་རང་མདངས་རྫོགས་རིམ་ངོ་བོ་སྟེ། །སྐྱེད་རྫོགས་གཉིས་མེད་སྲོག་གནད་གཅིག་


TR006_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀློང་། །འདི་དོན་མ་ནོར་གཏན་ལ་ཕེབས་པ་ན། །དུས་གསུམ་རིག་འཛིན་རྒྱལ་བའི་དགོངས་པ་ལོན། །གསང་སྔགས་སྲོག་རྩ་ཡོངས་ཀྱི་སྙིང་པོ་ཡིན། །དུས་གསུམ་རྒྱལ་བའི་ཐུགས་ཀྱི་ཡང་སྙིང་འདི། །བཟླས་པ་ཙམ་གྱི་ཆོས་སྙིང་རང་བྱུང་རྟོགས། །དམིགས་མེད་ཡུལ་བྲལ་རྒྱལ་བའི་དགོངས་པ་བརྙེས། །རྣམ་སྨིན་སྒྱུ་ལུས་འབྱུང་བཞིའི་ནད་དང་བྲལ། །རིག་འཛིན་ཚེ་དབང་མཆོག་དང་ཐུན་མོང་ཐོབ། །ཅེས་དང་། རིགས་སྔགས་གསང་སྔགས་སྒྲུབ་ཐབས་དཔག་ཡས་ཀྱང་། ལྷ་བསྒོམ་སྔགས་བཟླའི་ཉམས་ལེན་གཅིག་ལ་འདུས། །ཀུན་འདུས་སྙིང་པོ་ཡི་གེ་ཧཱུྃ་ལ་རྫོགས། །རྒྱལ་བའི་སྐུ་རྣམས་བླ་མ་ཉིད་ལ་འདུ། །གཅིག་བསྒོམ་ཡོངས་རྫོགས་དཀར་པོ་གཅིག་ཐུབ་ཡིན། །དེ་ལ་ཐམས་ཅད་མ་འདུས་གང་ཡང་མེད། །སྐུ་ཡི་རང་བཞིན་རྡོ་རྗེ་སློབ་དཔོན་ནི། །དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱིས། །དབང་བསྐུར་རྗེས་གནང་རྡོ་རྗེ་དྲག་པོ་རྩལ། །པདྨ་འབྱུང་གནས་དང་ཉིད་


TR006_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ན། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་འགྲུབ། །གསུང་གི་སྙིང་པོ་ཡི་གེ་ཧཱུྃ་བརྗོད་པས། །གསང་སྔགས་ཕྱི་ནང་སྙིང་པོ་འདི་ལ་རྫོགས། །འདི་ཉིད་ཟུང་སྦྲེལ་སྐྱེད་རྫོགས་མ་བུ་འབྲེལ། །སྐུ་གསུམ་ཞིང་ཁམས་གཅིག་ཅར་འབད་མེད་བགྲོད། ཅེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པ་བཞིན་དུ། སྒོ་གསུམ་དཀྱིལ་འཁོར་གསུམ་ལས་མི་འདའ་བའི་ངང་ནས་རང་གཞན་མཁའ་མཉམ་བླ་མེད་བྱང་ཆུབ་ཆེན་པོར་འཁོད་པའི་ཐབས་ལ་འབད་པར་ཞུ་ལགས། ཞེས། རྗེས་སུ་གདམས་ཤིང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱས་པར་བྱའོ། །རྗེས་ཀྱི་བྱ་བ་སྤྱི་དང་མཐུན་པ་ལས་ཁྱད་པར་འདི་ནི་རང་བཞིན་རྫོགས་པ་ཆེན་པོ་སྤྲོས་མེད་ཁྱབ་གདལ་གྱི་ངང་ལ་མཉམ་པར་བཞག་ཅིང་། དེ་ལྟར་མ་རྟོགས་པའི་འགྲོ་ལ་སྙིང་རྗེས་སྨོན་ལམ་གདབ་པ་ཙམ་ལས་གཞན་པའི་ཟར་ཟིར་མང་པོ་བྱ་བའི་སྐབས་མ་ཡིན་པ་ཡང་ཤེས་པར་བྱའོ། །དེ་ལྟར་གུ་རུ་


TR006_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གྲོ་ལོད་ཀྱི་དབང་གི་ཕྱག་བཞེས་ལ་ཉེ་བར་འཁོ་བ་འདི་ཡང་། མཆོག་གི་སྤྲུལ་པའི་སྐུ་སྙིགས་དུས་འགྲོ་བའི་མགོན་གྱུར་གཅིག་པུ་པ་འགྱུར་མེད་རྡོ་རྗེ་རྒྱལ་མཚན་གྱི་དགོངས་པ་ཉེ་བར་བསྐངས་ཕྱིར། མཁས་མཆོག་པདྨ་ལེགས་སྒྲུབ་རྩལ་གྱིས་ལྷག་བསམ་རྣམ་དག་གིས་སྒོ་ནས་ཡི་གེར་བཀོད་པ་ཤུ་བྷཾ། གཅིག་ཞུས་ཁུལ་ལགས།


previousསྦས་ཡུལ་གྱི་ལམ་ཡིག་པདྨ་དཀར་པོ་ལས་གསུངས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོགnext