Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
   
   
   
དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་སྲོག་དབང་བཀའ་གཏད་ཟབ་མོའི་ལས་རིམ།
   
   
   
   
   


 
previousདཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་སྲོག་དབང་བཀའ་གཏད་ཟབ་མོའི་ལས་རིམ།next

དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་སྲོག་དབང་བཀའ་གཏད་ཟབ་མོའི་ལས་རིམ།


TR006_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་སྲོག་དབང་བཀའ་གཏད་ཟབ་མོའི་ལས་རིམ་བཞུགས་སོ།


TR006_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཨ་དྭཱ་ཡ་བྷྱཿ སྙིང་རྗེའི་རླབས་གཡོས་གདུག་པ་འདུལ་སླད་དུ། །མི་ཟད་ཁྲོ་ཚུལ་འབར་བའི་ཕྲིན་ལས་ཀྱིས། །གདུལ་དཀའ་འདུལ་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། །ཞབས་པད་སྤྱི་བོའི་རྒྱན་དུ་རྟག་བྱའོ། །དེ་ལ་འདིར་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་སྒྲུབ་སྐོར་གཏེར་ཁ་སྔ་ཕྱི་མང་པོ་ཞིག་མཆིས་པའི་ནང་ནས། རིག་འཛིན་ཆེན་པོ་ཧཱུྃ་ནག་མེ་འབར་གྱིས་དབུ་རུ་ཞྭའི་ལྷ་ཁང་གི་ཉེ་ཆར་གཏེར་གནས་པ་ཞེས་པའི་མ་ནིང་ནག་པོའི་ཆོས་སྐོར་ལས་བྱུང་བའི་སྲོག་དབང་བཀའ་གཏད་ཆེན་པོ་ཇི་ལྟར་བྱ་བའི་ལས་རིམ་གོ་བདེར་སྟོན་པར་བྱ་སྟེ། དེ་ཡང་། འདི་ལྟ་བུ་


TR006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བར་བྱེད་པའི་སློབ་དཔོན་ནི་གང་ཡིན་གྱིས་རུང་བ་མ་ཡིན་ཏེ། ལྟ་བའི་གདེངས་ཀྱིས་སྣང་སྲིད་སེམས་སུ་ཤེས་པ། སྒོམ་པའི་ཉམས་ཀྱིས་ལྷ་དང་སྒོ་གསུམ་འདྲེས་པ། སྤྱོད་པའི་རྩལ་གྱིས་དྲེག་པ་ཟིལ་ནོན་པ་དང་། མ་མཐའ་ནའང་ཡི་དམ་ཕྱག་རྡོར་རྟ་མགྲིན་སོགས་ལ་བསྙེན་པ་ཚད་འཁྱོལ་དང་། ཁྱད་པར་དུ་སྒྲུབ་པ་བཀའ་བརྒྱད་ལ་བསྙེན་པ་བདུན་འབུམ་ཡན་དང་། མགོན་པོ་ཉིད་ཀྱི་རྩ་བསྙེན་བྱེ་བ་མ་ཐེམས་པར་འདིའི་དབང་གི་སློབ་དཔོན་རུང་བར་མ་བཤད་ལ། བསྐུར་ཡུལ་གྱི་སློབ་མ་ཡང་སྤྱིར་དང་དགས་དམ་ཚིག་གི་རུས་ཐུབ་ཅིང་ཡི་དམ་གང་རུང་ལ་གོང་བཞིན་ཚུལ་བཞིན་ཐེམ་པ། ཁྱད་པར་འདི་ཉིད་ཀྱི་བཀའ་གཏད་ཐོབ་ཕྱིན་ཆད་བསྙེན་སྒྲུབ་བསྐངས་གསོ་


TR006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་ལ་བརྩོན་ངེས་ཤིག་ལ་མ་གཏོགས་གཞན་ལ་བསྐུར་ན་བདག་ངན་ལ་ཁྱི་བཟང་བཙོང་པའམ། རྟ་རྒོད་ལ་བུ་ཆུང་སྐྱོན་པའི་དཔེ་ལྟར། ཕན་པ་ལས་གནོད་གྱོང་ཆེ་བར་འགྱུར་བས་ན་དེ་ལྟ་བུའི་ཁེ་ཉེན་དང་བླང་དོར་ཤེས་དགོས་སོ། །ཇི་ལྟར་བྱ་བའི་ཚུལ་ནི་གནས་དབེན་ཞིང་ཡིད་དང་མཐུན་པར། རབ་ལ་བཀའ་བརྒྱད་ཀྱི་སྒྲུབ་པ་ཆེན་མོའམ། དེ་མ་འཛོམ་ཡང་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དཀྱིལ་འཁོར་ཞལ་ཕྱེས་ནས། དེའི་ཟུར་ཞིག་ཏུ་འདི་ཉིད་ཀྱི་དབང་རྫས་རྣམས་བཤམས་པས་རུང་ལ། དེ་ལྟར་མ་གྲུབ་པར་འདི་ཁོ་ནའི་དཀྱིལ་འཁོར་བྱེད་ན། སྟེགས་བུ་མདའ་གང་སོགས་ཀྱི་རིགས་ཀྱི་ཁར་དཀྱིལ་འཁོར་སྒོ་རྫོགས་འཁོར་ཡུག་དུར་ཁྲོད་དཔལ་རྡོར་མི་རི་སོགས་ཀྱི་མཐུན་གྱི་ལྟེ་བར་གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་དམར་པོའི་མཐའ་སྐོར་གྱི་མུ་འཁྱུད་ཐོད་རའི་ཕྱི་རིམ་འཁོར་ལོ་སེར་པོ་རྩིབས་བརྒྱད་རྩིབས་མཆན་སྔོན་པོ་ཅན་དུ་བྲིས། གལ་ཏེ་རྡུལ་ཚོན་མ་འབྱོར་བའམ་སྤྲོད་མེད་དུ་བྱེད་ན་ནས་ནག་ལ་གུ་གུལ་གྱི་ཆུས་སྦགས་པའི་འབྲུ་ཚོམ་དབུས་སུ་གཙོ་འཁོར་གསུམ་དང་། མཐའ་སྐོར་དུ་མགོན་པོ་འཁོར་ལྔ། དེ་ལྟར་ཡང་འཁོར་སྡེ་བརྒྱད་མཚོན་


TR006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲངས་མཉམ་དགོད། དབང་རྫས་ནི། བུམ་པ་མཚན་ལྡན་མགུལ་ཆིངས་མཐིང་ག་ཅན་ཁ་རྒྱན་གཟུངས་ཐག་སོགས་ཚུལ་མཐུན་བུམ་རྫས་ཚང་བར་བྱས་ལ་དཀྱིལ་འཁོར་དབུས་སུ་བཀོད་པའི་མཐའ་སྐོར་རྣམས་སུ། ཙནྡ་གྱི་བེང་དང་སྐུ་རྟེན་ཙཀྐ་ལི། རྒྱུད་སྒྲུབ་ཐབས་ཀྱི་གླེགས་བམ་དང་ཐོད་པ་བདུད་རྩིས་གང་བ། ཕྱག་མཚན་གྲི་གུག་ཧཱུྃ་གིས་མཚན་པ་དར་ནག་ལ་མགོན་པོའི་ཞལ་བྲིས་པ། དེ་མ་འབྱོར་ན་ཨོཾ་ཧཱུྃ་རམ་རྣམས་བྲིས་པས་ཀྱང་རུང་། ལྕགས་སེ་སེང་ཕུར། དཔལ་གཏོར་རྒྱན་ལྡན་དར་ནག་གི་གདུགས་ཕུབ་ཅིང་གཟི་བརྗིད་དང་ལྡན་པར་བྱས་པ་རྣམས་བཤམས་པའི་མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་སྨན་རག་གཏོར་ཚོགས་སྤྱན་གཟིགས་རྣམས་ཀྱང་རྒྱ་ཆེར་བཤམས་ཞིང་ལིང་ག ཐུན་རྫས་སོགས་ཀྱང་སྒྲུབ་གཞུང་ལྟར་ཚགས་སུ་ཆུད་པ་སྟ་གོན་བྱས་ལ་དཀྱིལ་འཁོར་གྱི་འོག་ཏུ་འབག་རྩོགས་མ་སོང་བར་བཞག་པ་བྱའོ།། ༈ །།དེ་ལྟར་ཡོ་བྱད་བཤམས་དགོད་ཀྱི་ལས་རིམ་ཐམས་ཅད་ལེགས་པར་གྲུབ་ནས། ཆོ་གའི་གཞུང་གསང་བ་གི་དཔལ་མགོན་འདི་ཉིད་ངོ་བོ་ཆེ་མཆོག་ཧེ་རུ་ཀ་ཡིན་པའི་གནད་ཀྱིས་བདག་སྐྱེད་


TR006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྒྲུབ་པ་བཀའ་བརྒྱད་ཀྱི་ལས་གཞུང་གང་རིགས་ཤིག་མེད་ཐབས་མ་མཆིས་ཚེ། གཏོར་སྙིང་གང་འོས་སམ་དངོས་གྲུབ་སྙིང་པོའི་ལས་གཞུང་བསྲང་ནས་འཛབ་ཀྱི་སྐབས་ལ་བབས་པ་ན་བཀའ་བརྒྱད་ཀྱི་ལྷ་ཚོགས་སྤྱི་དང་ཁྱད་པར་ཆེ་མཆོག་གི་སྙིང་པོ་ཅི་འགྲུབ་བཟླས་ཏེ་བསྙེན་པ་ཁ་གསོ་ཞིང་ཐན་མཚམས་མཆོད་བསྟོད་ཀྱང་བྱ། དེ་ནས་མགོན་པོ་འཁོར་བཅས་ཀྱི་ལས་བྱང་ཆེན་མོ་རྒྱས་པར་བྱ་ཞིང་མདུན་སྐྱེད་བསྒྲུབ་སྟེ། དཀྱིལ་འཁོར་བུམ་པ་དང་བཅས་པ་དུར་ཁྲོད་རབ་ཏུ་འཇིགས་པའི་ཕོ་བྲང་དུ་མགོན་པོ་འཁོར་བཅས་དམ་ཚིག་པ་གསལ་ཞིང་སྤྱན་འདྲེན་གྱི་ཚེ་ཡེ་ཤེས་པ་བསྟིམ་ནས་མཆོད་བསྟོད་རྣམས་ཕུལ་ལ། དཔལ་མགོན་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ལ་རྩ་སྔགས་མཐིང་ཞུན་གྱི་ཁ་མདོག་ལྟ་བུས་འཁོར་བར་དམིགས་ནས་བཟླ་ཞིང་བདག་ཉིད་ཆེ་མཆོག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་འཕྲོས་མགོན་པོའི་ཐུགས་སྲོག་ལ་ཐིམ་པས་མགོན་པོ་ཉིད་མཐུ་སྟོབས་གཟི་མདངས་ཆེས་ཆེར་རྒྱས་ཤིང་ཕྲིན་ལས་ཐོག་མེད་བསྒྲུབ་པའི་བཀའ་ཉན་གསུང་སྒྲུབ་མཛད་པར་མོས་ལ་བསྙེན་པ་ལོང་ཁྱབ་དང་བསྟུན་ནས་ཅི་ཙམ་འགྲུབ་འགྲུབ་ཏུ་བྱ་བ་དང་། ཚོགས་མཆོད་བསྐང་གསོའི་རིམ་པ་སོགས་ཐམས་ཅད་ནན་ཏན་དུ་


TR006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འབད་དོ། །ལར་ཡང་དཔོན་སློབ་གཉིས་ཀ་ལོང་ཁྱབ་གཏན་ནས་མེད་པར་ནི་ཚུལ་འདི་དག་བརྩམ་པར་ཡང་མི་བྱ་ལ། ཅི་སྟེ་བརྩམས་ནས་ནི་འཇིག་རྟེན་གྱི་བྱ་བྱེད་རྣམས་ལོང་ཡོད་ལ་འདི་དག་ལོང་མེད་དུ་བྱེད་པ་ནི་རིགས་པ་མ་ཡིན་པས། བྱ་བྲེལ་གཞན་མཐའ་དག་བཤོལ་ཏེ་འདི་ལྟ་བུ་གང་བྱེད་རྣམས་ལ་གནད་དུ་བསྣུན་དགོས་པར་ཡང་ཕྱི་རབས་ཀྱི་གང་ཟག་དག་གི་དགོངས་པ་འཚལ། དེ་ལྟར་སློབ་དཔོན་གྱིས་བྱ་བའི་ལས་རིམ་ཐམས་ཅད་ལེགས་པར་གྲུབ་པ་དང་། སྣོད་ལྡན་གྱི་སློབ་མ་བསྟན་པའི་རྒྱུན་དང་ཆོས་ཀྱི་སྲོལ་འཛིན་པར་ནུས་པ་གཅིག་གཉིས་སུ་གསུམ་ལ་མི་མང་བ་རྣམས་ལ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཆུས་ཁྲུས་བྱས་ནས། གུས་ཕྱག་དགུ་ཕྲུགས་མཎྜལ་དང་བཅས་པ་སྔོན་དུ་བཏང་སྟེ་མདུན་དུ་གུས་པས་འཁོད་པ་ལ་སློབ་དཔོན་གྱི་ལོ་རྒྱུས་འདི་བཞིན་འཆད་པར་བྱའོ། །གང་དག་སྐྱེ་བའི་ཕྲེང་རྒྱུད་དུ་མར་ལེགས་བྱས་བསོད་ནམས་མངོན་པར་འདུ་བགྱིས་པ་མང་པོ་ཉེ་བར་བསྟེན་པའི་འབྲས་བུས་འབྱོར་བའི་སྐལ་བཟང་ཁྱེད་ཅག །དེང་འདིར་ཟབ་མོ་གསང་སྔགས་


TR006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཇུག་སྒོ་དོན་དུ་གཉེར་བ་ནི་ཤིན་ཏུ་ལེགས་ཀྱི། དེ་ལྟ་ན་བསམ་པའི་ཁྱད་པར་རྨད་དུ་བྱུང་བ་རྒྱུད་ལ་བསྐྱེད་དགོས་པས་ན། འདི་ལྟར་འཁོར་བའི་ཁམས་གཏིང་མཐའ་མེད་པར་ཐོག་མཐའ་བར་མེད་དུ་འཁྱམས་པའི་འགྲོ་བ་ནམ་མཁའི་མཐས་ཀླས་པ་མ་ལུས་ཐར་པ་དམ་པའི་བདེ་ཆེན་ལ་དགོད་པའི་ཕྱིར་དང་། དེའི་རྒྱུ་རྐྱེན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་ཞིང་དཔལ་དང་སྐྱོང་བའི་འཕྲིན་ལས་བསྒྲུབ་ཕྱིར་དང་། བསྟན་པ་དེ་འཛིན་པར་བྱེད་པའི་གང་ཟག་དམ་པ་རྣམས་ལ་བར་ཆད་ལོག་སྒྲུབ་རྩོམ་པའི་མ་རུངས་གདུག་པ་ཅན་རྣམས་མངོན་སྤྱོད་དྲག་པོའི་སྟོབས་ཀྱིས་གཞོམ་པར་བྱ་བའི་སླད་དུ། དཔལ་ལྡན་མ་ཧཱ་ཀཱ་ལ་ལེགས་ལྡན་མ་ནིང་ནག་པོའི་དབང་ཟབ་མོ་ཞུ་སྙམ་པའི་འདུན་པ་མ་ཡེངས་པ་དང་ལྡན་པས་གསན་འཚལ། དེ་ལྟར་དོན་དུ་གཉེར་ནས་བསྒྲུབ་བྱའི་མགོན་པོ་དེ་ཉིད་ངོ་བོ་ནི་


TR006_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བུ་ཞིག་ཡིན། རྣམ་པ་ནི་ཅི་ལྟ་བུ་ཡོད་སྙམ་ན། དེ་ལ་གཉིས་ཏེ། ཀུན་ཁྱབ་རྒྱུའི་མགོན་པོ་དང་། རྣམ་འཕྲུལ་རྟགས་ཀྱི་མགོན་པོ་གཉིས་ཡིན་ཏེ། མཚོན་བྱའི་དོན་དང་མཚོན་བྱེད་ཀྱི་དཔེ་གཉིས་ལ་འཇུག་ཅིང་། དེ་ལས་ཀུན་ཁྱབ་རྒྱུའི་མགོན་པོ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་གནས་པའི་ཀུན་གཞི་སྟེ། འདིའི་རང་ངོ་རང་གིས་ཤེས་ཤིང་རྟོགས་ནས་བདེར་གཤེགས་སྙིང་པོ་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཅེས་བྱ་ཞིང་ཡེ་ཤེས་ཐུགས་རྗེ་ཡོན་ཏན་མ་ལུས་པའི་འབྱུང་གནས་སམ་བདག་ཉིད་དུ་གྱུར་པས་འཁོར་འདས་ཐམས་ཅད་ཀྱི་དཔལ་དང་མགོན་དུ་གྱུར་ཕྱིར། དཔལ་ཡེ་ཤེས་ཀྱི་མགོན་པོ་ཞེས་བྱ་ལ། འདི་ཉིད་རང་ངོ་རང་གིས་མ་རིག་པར་ང་དང་བདག་ཏུ་བཟུང་བས་འཁྲུལ་པའི་རྒྱུ་རྐྱེན་གྱི་རྩ་བར་གྱུར་ཅིང་དེ་ལས་དུག་གསུམ་ཉོན་མོངས་རྟོག་ཚོགས་ཀྱི་ཡལ་འདབ་གྱེས་


TR006_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁམས་གསུམ་རིས་དྲུག་སྡུག་བསྔལ་གྱི་འབྲས་བུ་སྨིན་པ་ལ་ནི་ངར་འཛིན་རུ་དྲའི་རྒྱལ་པོ་ཅེས་བྱ་སྟེ། བདུད་བགེགས་ལོག་འདྲེན་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། དེས་ན་རང་སེམས་འདི་ཉིད་གཅིག་པུ་གྲོལ་འཁྲུལ་གྱི་ཁྱད་པར་ལས་སངས་རྒྱས་དང་སེམས་ཅན། འཁོར་བ་དང་མྱང་འདས། ལྷ་དང་འདྲེ། དཔལ་མགོན་དང་རུ་དྲ། དངོས་གྲུབ་དང་བར་ཆད་ལ་སོགས་བཟང་ངན་དང་ཕན་གནོད་དུ་བཏགས་པའི་མིང་གི་གདགས་གཞི་མ་ལུས་འདི་ཁོ་ན་ལས་གཞན་དུ་མ་མཆིས་པ་ནི་ཀུན་ཁྱབ་རྒྱུའི་མགོན་པོའམ། མཚོན་བྱ་དོན་གྱི་མགོན་པོའི་ངོ་བོ་ཡིན་ཏེ། རྒྱུད་ལས་ངོ་བོ་ཀུན་ཁྱབ་བྱང་ཆུབ་སེམས། རྟོགས་ན་ཀུན་བཟང་ཧེ་རུ་ཀ མ་རྟོགས་བདག་འཛིན་རུ་དྲའི་རྒྱུའོ། །ཞེས་གསུངས་པ་ལྟར་ཡིན་ནོ།། ༈ །།གཉིས་པ་ངོ་བོ་དེ་ཉིད་མཚོན་པར་བྱེད་པའི་དཔེའམ། །རྣམ་འཕྲུལ་རྟགས་ཀྱི་མགོན་པོའི་སྣང་ཚུལ་ནི་འདི་ལྟར་སྟེ་


TR006_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞི་འཁོར་འདས་བརྟན་གཡོ་མ་ལུས་པའི་ཁྱབ་བདག་དཔལ། ཀུན་ཏུ་བཟང་པོ་ཆོས་དབྱིངས་མཉམ་ཆེན་པོའི་ངང་ལས་རོལ་རྩལ་འགག་མེད་ཀྱི་གཟུགས་སྐུ་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙུན་དང་དཀྱིལ་འཁོར་མ་ལུས་པའི་མངའ་བདག་ཏུ་བཞེངས་ཏེ། དེ་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་རོལ་ལས་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་ལྷ་ཚོགས་ཇི་རྙེད་པར་སྤྲུལ་ཞིང་རང་སྐབས་ཀྱི་གདུལ་བྱེད་གདུལ་ཐབས་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེའི་ཟློས་གར་བསྒྱུར་བ་ལས། དུས་རི་ཤིག་གི་ཚེ་ན། འཇིག་རྟེན་གྱི་ཁམས་འདིར་མ་རིག་འཁྲུལ་པའི་སྐྱེ་འགྲོ་རྣམས་ཉོན་མོངས་དུག་ལྔའི་བག་ཆགས་མཐུ་བརྟས་པའི་རང་གཟུགས་ཀྱི་དྲེགས་པ་རུ་དྲའི་སྡེ་ཚོགས་མང་པོ་འབྱུང་བར་གྱུར་ཏེ། ཞེ་སྡང་མེ་ལྟར་འབར་བ་ཨཱརྴ་རུ་དྲ་དང་། འདོད་ཆགས་ཆུ་ལྟར་འཁྲུག་པ་ཁ་ཏྲྃ་ཀ་


TR006_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རུ་དྲ་དང་། གཏི་མུག་མུན་ལྟར་འཐིབས་པ་མ་ཏྲཾ་ཀ་རུ་དྲ་དང་། ང་རྒྱལ་རི་་ལྟར་སྤུངས་པ་ཕོ་རྒྱུད་རུ་དྲའི་སྡེ་དང་། ཕྲག་དོག་རླུང་ལྟར་འཚུབས་པ་མོ་རྒྱུད་རུ་དྲའི་སྡེ་ཚོགས་དཔག་ཏུ་མེད་པ་བྱུང་ཞིང་། དེ་དག་ལས་འཕྲོས་པའི་འཁོར་དང་ཡང་འཁོར་གྱི་བྱེ་བྲག་བདུད་བཙན། ཀླུ། སྲིན་པོ། གནོད་སྦྱིན། གཟའ། རྒྱལ་འགོང་། མ་སངས། ཐེའུ་བྲང་། མུ་སྟེགས་དམ་སྲི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས། ཐར་པ་དམ་པའི་ཆོས་བསྒྲུབ་པའི་གེགས་སུ་བྱེད་ཅིང་འགྲོ་བ་རྣམས་ཀྱི་མངོན་མཐོའི་ངེས་ལེགས་འཛོམས་པའི་བདུད་ཚོགས་དེ་དག་འདུལ་བའི་གཉེན་པོར། དཔལ་ཆེན་པོ་ཧེ་རུ་ཀའི་ཐུགས་རྗེ་ལས་སྤྲུལ་པའི་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ལེགས་ལྡན་ནག་པོ་ཆོལ་པའི་ཁྲོ་རྒྱལ་མ་ནིང་ནག་པོ་མངོན་པར་སྤྲུལ་ལོ། །དེ་ལ་མ་ནིང་ཞེས་པའི་མཚན་དུ་བརྗོད་པའི་ངེས་


TR006_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཅི་ཡིན་སྙམ་ན། ཕོ་རྒྱུད་དང་མོ་རྒྱུད་ཀྱི་རིགས་དང་ལྡན་པ་གང་ཡང་འདིས་མི་འཐུལ་བའམ་གཉེན་་པོར་མ་གྱུར་པ་གཅིག་ཀྱང་མེད་ཅིང་ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཡིན་པས་ན་མ་ནིང་གི་མཚན་དུ་བཏགས་པ་ཡིན་ལ་སྐུའི་ཆ་ལུགས་རྣམ་འགྱུར་ཅི་ལྟ་བུ་ཞེ་ན། ཆོས་ཉིད་འགྱུར་བ་མེད་པའི་རྟགས་སུ་སྐུ་མདོག་མཐིང་ནག་ཏུ་འབར་བ། ཆོས་སྐུ་ཐིག་ལེ་ཉག་གཅིག་དང་ཐབས་ཤེས་ཟུང་དུ་འཇུག་པའི་རྟགས་སུ་ཞལ་གཅིག་ཕྱག་གཉིས་པ། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྤྱན་གསུམ་གྱེན་ཐུར་ཐད་ཀ་གསུམ་དུ་གཟིགས་པ། འཁོར་བ་དོང་ནས་སྤྲུག་ཅིང་སྐྱེ་ཤིང་རྩ་བ་གཅོད་ཕྱིར་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ་བདག་ཏུ་འཛིན་པའི་རུ་ཏྲ་ཚར་གཅོད་པའི་རྟགས་སུ་ཁྲོ་གཉེར་སྨིན་མཚམས་སུ་བསྡུས་ཤིང་གཏམ་རྔམས་འཇིགས་སུ་རུང་བའི་ཚུལ་


TR006_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཕྱག་གཡས་པས་ནི་འཁོར་བའི་གཡུལ་ལས་རྒྱལ་བའི་རུ་མཚོན་མདུང་རིང་དར་ནག་གི་ལྷུན་གྲུབ་ཆེན་པོ་མེ་ལྕེ་འབར་བ་ནམ་མཁར་འཕར་བ། གཡོན་པའི་ཕྱག་གིས་ནི་ངར་འཛིན་རྩད་གཅོད་ཁུངས་སྟོངས་དྲུང་ནས་ཕྱུང་བའི་སྙིང་དང་ཞགས་པ་བསྣམས་པ། དུག་གསུམ་ལམ་དུ་ལྷོངས་ཕྱིར་དབུ་སྐྲ་རལ་པ་སྦྲུལ་ནག་གི་རང་བཞིན་དུ་སྟིབས་པས་ས་བཞི་ཁེབས་པ། རྟོག་མེད་ཡེ་ཤེས་ལྔ་ལྡན་མངོན་པར་བྱང་ཆུབ་མཚོན་པའི་ཐོད་སྐམ་རིགས་ལྔ་རིན་ཆེན་རྩེ་བྲན་དར་དབྱངས་འཕུར་བས་དབུ་བརྒྱན་པ། དམ་ཚིག་ལྡན་པའི་སྒྲུབ་པ་པོ་ལ་དངོས་གྲུབ་རྒྱུན་ཆད་མེད་པ་རྩོལ་བའི་རྡར་ནོར་བུའི་སྙན་ཆ་མགུར་མཆུ་གསེར་སྐ་རིན་ཆེན་རྣམས་ཀྱིས་མཛེས་པར་སྤྲས་པ། གདུག་པ་ཅན་རྣམས་མཐུ་སྟོབས་དྲག་པོས་འདུལ་བའི་རྟགས་སུ་ཞིང་ལྤགས་ཀྱི་སྐེད་དཀྲིས་དང་སྟག་ལྤགས་ཀྱི་ཤམ་ཐབས་བྱས་པ། ཁམས་གསུམ་


TR006_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་ཁྱབ་ཅིང་ཆེ་བའི་ཡོན་ཏན་རྫོགས་པས་དར་ནག་བེར་ཆེན་རྡོ་རྗེའི་གསང་གོས་སྐུ་ལ་གསོལ་བ། བསྟན་པའི་རུ་དྲ་བསྒྲལ་བའི་སྙིང་དང་མགོ་བོའི་ཕྲེང་བ་ག་ཤར་བྱས་པ་སྟོང་གསུམ་སྐད་ཅིག་ལ་འཁོར་བའི་ རྫུ་འཕྲུལ་གྱིས་ཞབས་གཉིས་སག་ལྷམ་ནོར་བུའི་ཕྲ་ཅན་གསོལ་ནས་གྱད་ཀྱི་དོར་སྟབས་སུ་འགྱིངས་པ། སྤྲུལ་པའི་ལྷ་དམག་གྲངས་མེད་འགྱེད་པས་མ་རུངས་བདུད་ཀྱི་གཡུལ་ངོ་བཟློག་ཕྱིར་ཙནྡ་གྱི་བེང་ཆེན་སྐེད་ལ་བཙུགས་པ། རབ་ཏུ་འཇིགས་པ་ཤིན་ཏུ་རྔམས་པ། ཆེ་ལ་བརྗེད་པ། དྲག་པོར་ཁྲོས་པས་སྣང་སྲིད་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་ཏུ་བྱེད་པའི་རྫུ་འཕྲུལ་གྱི་བཀོད་པ་གློག་ལྟར་འཁྱུག་ཅིང་ཉི་མ་འབུམ་གྱི་གཟི་འོད་ལྟར་འབར་བའི་སྐུ་བཞེངས་ནས། མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོར་དུར་ཁྲོད་ཐོད་མཁར་མེ་རླུང་འཁྲུག་པའི་ཕོ་བྲང་ན་སྲིད་གསུམ་དྲེགས་པ་འདུལ་


TR006_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཤེད་དང་གཉེན་པོར་བཞུགས་ཅིང་། རུ་དྲའི་སྡེ་ཚོགས་མཐའ་དག་རྡུལ་དུ་རློག་པར་མཛད་པ་སྟེ། དེ་ལྟ་བུའི་དཔལ་མགོན་མ་ཧཱ་ཀཱ་ལ་ངོ་བོ་གཅིག་གི་རོལ་པའི་སྒྱུ་འཕྲུལ་གྱི་བྱེ་བྲག་ནི་མཐའ་ཡས་ཏེ། མགོན་པོ་ཕྱག་བཞི་པ། ཕྱག་དྲུག་པ། ཞལ་བཞི་པ་ལ་སོགས་སྐུའི་རྣམ་འགྱུར་ལས་མཚན་དུ་བཏགས་པ་དང་། སེང་གདོང་། ཕག་གདོང་། བྱ་རོག་གདོང་སོགས་དབུ་དང་ཞལ་གྱི་ཁྱད་པར་དང་། བེང་དང་གྲི་གུག་བདུད་ཀྱི་སྤུ་གྲི་ལ་སོགས་ཕྱག་མཚན་ལས་བཏགས་པ་དང་། བེར་ནག་ཅན་དང་བེར་དམར་ཅན་སོགས་ན་བཟའ་ལས་བཏགས་པ་དང་། སྟག་ཞོན་སེང་ཞོན་རྟ་ཞོན་སོགས་གཞོན་པ་ལས་མཚན་དུ་བཏགས་པ་ལ་སོགས་ཀྱི་དབྱེ་བ་དང་རྣམ་གྲངས་ཇི་སྙེད་མཆིས་པའི་མགོན་པོ་མ་ལུས་པའི་རྩ་བ་ནི་ལེགས་ལྡན་མ་ནིང་ནག་པོ་འདི་ཁོ་ན་ཉིད་ལ་འདུས་པའོ། །དེ་ནས་ཡང་དུས་རེ་ཤིག་གི་ཚེ། མི་ཡུལ་


TR006_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འཇིག་རྟེན་ན་དཀར་པོའི་དགེ་ལ་སྤྱོད་པ་ཉུང་བར་གྱུར་པའི་མཐུ་འབྲས་ཀྱིས། ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ་ལྷ་མ་ཡིན་གྱི་དམག་དཔུངས་ལྷག་ནས་ལྷ་རྣམས་ཉམས་ཉེས་པར་གྱུར་པའི་ཚེ། བརྒྱ་བྱིན་ལྷའི་དབང་པོས་མངོན་པར་ཤེས་པས་བརྟག་པ་ན། མིའི་འཇིག་རྟེན་ན་སྡིག་སྤྱོད་ཉུང་ཞིང་དགེ་སྤྱོད་མང་ན་འདིར་ཡང་ལྷ་མིན་རྣམས་མཐུ་ཆུང་ཞིང་ལྷ་རྣམས་སྟོབས་ཆེ་བས་གཡུལ་ལས་རྒྱལ་བར་གྱུར་ལ། དཀར་པོའི་ཕྱོགས་རྣམ་པར་རྒྱལ་བའི་མཐུ་བྱིན་གྱིས་མིའི་འཇིག་རྟེན་དག་ཀྱང་བདེ་བར་འགྱུར་བ་ཡིན་ནའང་། དེང་གི་དུས་འདིར་ནི་དེ་ལས་ལོག་སྟེ་མི་རྣམས་སྡིག་སྤྱོད་མང་བའི་རྒྱུ་རྐྱེན་ལས་བདག་ཅག་ལྷའི་ཚོགས་མཐུ་ཆུང་ཞིང་། ནག་པོའི་ཕྱོགས་རྣམས་སྟོབས་འཕེལ་བ་འདི་ལ་ནི་འཐབ་ཀྱང་མི་ཐུབ་ཚེ། ལེགས་ལྡན་མ་ཧཱ་ཀཱ་ལ་དེ་ཉིད་བདུད་རིགས་


TR006_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཉེན་པོར་གྱུར་དེ་ཉིད་དཔུངས་ཚོགས་ཀྱི་དཔོན་དུ་སྤྱན་དྲངས་ན་བདུད་དམག་བཟློག་པར་འགྱུར་རོ་སྙམ་དུ་དགོངས་ནས། ལྷ་མོ་དུང་སྐྱོང་མའམ་ཨུ་མ་དེ་ཝི་སྤྱན་འདྲེན་དུ་མངགས་སྟེ་མ་ལ་ཡའི་ཕོ་བྲང་ནས་ལེགས་ལྡན་གྱི་རྒྱལ་པོ་མ་ཧཱ་ཀཱ་ལ་གདན་དྲངས་ཤིང་སུམ་ཅུ་རྩ་གསུམ་གྱི་གནས་ཀྱི་ལྷོ་ནུབ་ཆོས་བཟང་ལྷའི་བདུན་པར་ལྷའི་ཚོགས་རྣམས་ཀྱི་བསུ་བའི་བཀོད་པ་རྒྱ་ཆེན་པོས་བསུས་ཤིང་། ཨ་མོ་ལི་ཀའི་སྟེང་དུ་མཆོད་ཅིང་བསྙེལ་གསོས། རྣམ་པར་རྒྱལ་བའི་ཁང་བཟང་སུ་བརྒྱ་བྱིན་ལྷའི་དབང་པོ་དང་བཀའི་བགྲོ་བ་མཛད། ལྗོན་ཤིང་ཡོངས་འདུ་ས་བརྡོལ་གྱི་དྲུང་ན་ལྷའི་བུ་མོ་བྱེ་བ་མང་པོས་གླུ་གར་འདོད་ཡོན་གྱི་མཆོད་པ་བྱས། ཤར་ཤིང་རྟ་སྣ་ཚོགས་ཀྱི་སྐྱེད་མོས་ཚལ་དུ་ལྷའི་སྡེ་དཔོན་ཆེན་པོ་ཉེར་བརྒྱད་ཀྱིས་མཆོད་ཅིང་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་


TR006_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་བྲན་དུ་ཁས་བླངས། བྱང་ཕྱོགས་དགའ་བའི་ཚལ་དུ་ཡུམ་མཆོག་ཨུ་མ་དེ་ཝི་དང་མ་ཆགས་ཐབས་ཀྱི་རོལ་པ་མཛད་པ་ལས་སྤྲུལ་པའི་སྲས་ལྷ་ཆེན་ཚོགས་ཀྱི་བདག་པོ་དང་ལྷ་མོ་རེ་མ་ཏི་གཉིས་བྱུང་སྟེ་བསྟན་སྲུང་མ་མགོན་ལྕམ་དྲལ་དུ་བཀོས། ནུབ་ཕྱོགས་འདྲེས་ཚལ་བཟང་པོར་ལྷའི་ལོངས་སྤྱོད་སྣ་ཚོགས་ཀྱི་དགའ་སྟོན་རྒྱ་ཆེར་བྱས། དེ་ནས་ལྷོ་ཕྱོགས་རྩུབ་འགྱུར་གྱི་ཚལ་དུ་ལྷའི་དམག་དཔོན་དུ་མངའ་གསོལ་ཞིང་། དཔའ་བའི་ངར་བསྐྱེད། བསྲ་བའི་གོ་བགོས། རྣོ་བའི་མཚོན་འཐོགས་ཏེ་དམག་ཆས་སུ་ཞུགས་པ་དེའི་ཚེ། དཔལ་མགོན་ཉིད་མ་ནིང་སྲོག་བདུད་ཆེན་པོའི་ཆ་ལུགས་སུ་བཞེངས་ཏེ། བྲང་གི་དབུས་ནས་སྤྱན་གསུམ་དང་ཕྱག་ཞབས་ཀྱི་ལྟ་བུ་ཚིག་ཞི་ལ་སྤྱན་ཞིས་མཚན་པ་ལས་བདུད་བཙན་ཀླུ་གཤིན་རྗེའི་དམག་དཔོན་བཞི་སྤྲུལ་ནས་


TR006_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉར་བཀྱེས། སྤྱན་ནས་ཁྲག་འཛག་པས་ནད་ཀྱི་བུ་ཡུག་ནི་འཚུབས། ཞལ་ནས་མེ་འབར་བ་ལས་ཐོག་དང་མཚོན་ཆའི་ཚ་ཚ་ནི་འཕྲོ། ཕྱག་གཡས་གྲི་གུག་འབར་བས་དྲག་སྲོག་གཅོད་ཅིང་གཡོན་པ་ལྕགས་ཀྱི་པར་བུ་བསྣམས་པ་ལས་ལྷ་དམག་གྲངས་མེད་པའི་དཔུང་ཚོགས་འགྱེད་པ། མཆན་ཁུངས་དུ་ཁ་ཊྭཱྃ་འཁྲོས་ཤིང་དྲག་པོའི་རྐན་སྒྲ་བརྡེབས་པས་སྣང་སྲིད་ཀྱི་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད་པ་ལྟག་ཁུང་ནས་ཁྲོ་བོའི་སྤྱན་གཅིག་གཟིར་བས་སྲིད་པ་མོ་རྒྱུད་ཐམས་ཅད་དབང་དུ་བསྡུད་ཅིང་བྲན་དུ་འཁོལ་བ། བདུད་མདའ་དྲག་པོ་ཐོག་ལྟར་འཕེན་པས་དགྲའི་སྙིང་ལ་གཟེར་དུ་འདེབས་ཅིང་། བཏགས་རལ་དང་གཟིགས་ཤུབས་གློ་ལ་བཏགས་ནས་བདུད་རྟ་ནག་པོ་རྟིང་དཀར་རླུང་གཤོག་ཅན་ལ་ཆིབས་ཏེ་གཡུལ་དུ་ཞུགས་པའི་འཁོར་དུ། གནོད་སྦྱིན་ཆེན་པོ་བརྒྱད་ནི་ལྕགས་ཀྱི་བྱ་ཁྲར་སྤྲུལ་ནས་ཀླད་ལ་ལྡིང་


TR006_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་བརྒྱད་སྟག་གཟིག་དོམ་དྲེད་དུ་སྤྲུལ་ནས་རོལ་དུ་ཁྲིད། ཀླུ་ཆེན་བརྒྱད་ནི་དྲུག་སྦྲུལ་ནག་པོ་ལྕེ་བརྒྱ་པར་བྱས་ནས་གློ་ནས་འཁྱུག །ལྷ་ཆེན་བརྒྱད་ནི་ཁྲོ་ཆུང་མཚོན་ཐོགས་སུ་སྤྲུལ་ནས་དབུ་སྐྲའི་སེབ་ནས་སྐར་མདའ་ལྟར་རྒྱུགས། ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི་ནི་བཀའི་བློན་པོར་བྱས་ནས་ཅི་བཅོལ་གྱི་ལས་མཛད་ཅིང་། ལྷའི་དཔུངས་ཚོགས་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ་འཆས་པས། ལྷ་མིན་བདུད་སྡེ་དམག་ཚོགས་ཐམས་ཅད་ལ་ལ་ནི་བསད། ལ་ལ་ནི་སྐྲག་ཅིང་བརྒྱལ། ཐམས་ཅད་ཀྱང་ན་བུན་རླུང་གི་བརྡབ་པ་ལྟར་བྱེར་ཞིང་འཐོར་བ་དང་། ལྷ་མ་ཡིན་གྱི་གྲོང་ཁྱེར་གསུམ་རྩིགས་རྣམས་ཀྱང་དཔལ་མགོན་གྱི་ཞལ་ནས་མེ་འབར་བས་བསྲེག་སྟེ་སྟོངས་པར་མཛད་ཅིང་། བདུད་སྡེ་དཔུངས་ཚོགས་མཐའ་དག་རྡུལ་དུ་རླག་པར་གྱུར་ཏོ། །


TR006_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་ལྷའི་དབང་པོ་འཁོར་དང་བཅས་པས་དཔལ་ལྡན་མགོན་པོ་ལ་བཏང་རག་གི་མཆོད་པ་རྒྱ་ཆེན་པོས་མཆོད་ཅིང་བསྟོད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཀྱང་ནག་ཕྱོགས་ཀྱི་བདུད་དཔུངས་བཏུལ་བ་ལ་རྗེས་སུ་བསྔགས་ཅིང་ལེགས་སོའི་གནང་བ་སྩལ་ཏེ། སླད་དུ་ཡང་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། དམ་ཚིག་ལྡན་པའི་ཆོས་སྤྱོད་སྐྱོང་ཞིང་ལེགས་ཉེས་ཀྱི་སྟངས་གཅོད་པའི་ཆོས་སྐྱོང་ཀུན་གྱི་གཙོ་བོར་མངའ་གསོལ་ནས་བསྟན་པའི་གཉེར་གཏད་པར་མཛད་དོ། །དེ་ལྟ་བུའི་མཐུ་སྟོབས་ནུས་རྩལ་རྨད་དུ་བྱུང་བའི་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ཉིད་ཀྱིས་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་བསིལ་བ་འཚལ་གྱི་དུར་ཁྲོད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་ཞིང་བཞུགས་པ་ལ་ཞལ་མངོན་སུམ་དུ་བསྟན་ཏེ་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་ནས་


TR006_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཉིད་ཀྱི་རྒྱུད་སྒྲུབ་ཐབས་ལས་ཚོགས་མན་ངག་མཐའ་དག་པ་ཕུལ་ཏེ་ཕྱི་རབས་ཀྱི་གང་ཟག་སྣོད་ལྡན་ལ་བརྒྱུད་ནས་བསྟན་པ་བསྲུང་བའི་ཆ་རྐྱེན་དང་། དེ་དག་ཚུལ་དང་མཐུན་པར་གང་གིས་སྤྱོད་པ་ལ་དཔལ་མགོན་འཁོར་བཅས་ལུས་དང་གྲིབ་ལྟར་འཁོར་ནས་སྲུང་སྐྱོབ་བྱེད་པར་ཁས་བླངས་དམ་ཚིག་གི་བྲོ་བོར་ཏེ་མགོན་པོའི་འཁོར་གྱི་ལྷ་མ་སྲིན་སྡེ་བརྒྱད་ཀུན་གྱིས་ཀྱང་སློབ་དཔོན་གྱི་སྤྱན་སྔར་རང་རང་སྲོག་གི་སྙིང་པོ་མདོང་གསོལ་ཕུལ་ལོ། །དེ་ནས་སློབ་དཔོན་ཉིད་བོད་ཡུལ་དུ་འགྲོ་བའི་དོན་མཛད་པའི་དུས་དཔལ་མགོན་གྱི་རྒྱུད་དང་སྒྲུབ་བསྐོར་རྣམས་ཚར་མངར་ཞིག་གཏེར་ཤོག་ལ་བཀོད་ནས་ཟབ་གཏེར་ཐ་དད་དུ་སྦས་ཤིང་། དུས་ལ་ནམ་བབས་གཏེར་བཏོན་སོ་སོས་གདན་དྲངས་ཏེ་བསྟན་པའི་བཙས་དང་ཆ་རྐྱེན་དུ་གྱུར་པ་ལས།། ༈ །།སྐབས་འདིར་


TR006_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ་ནི་མྱང་བན་ཏིང་འཛིན་བཟང་པོའི་ཆོས་སྐལ་དུ་རྩལ་བའི་བླ་མ་སྐུ་བཞིའི་སྒྲུབ་ཐབས་ཟབ་མོ་རྣམས་ཀྱི་སྤྱིའི་བཀའ་སྲུང་དུ་དཔལ་མགོན་གྱི་ཆོས་བསྐོར་ཤིན་ཏུ་ཟབ་ཅིང་རྒྱས་པ་ཆ་ལག་ཚང་བར་གཏེར་རྫས་ཁྱད་པར་ཅན་མང་པོ་དང་ལྷན་ཏུ་དབུ་རུ་ཞྭའི་ལྷ་ཁང་དང་ཉེ་བར་ཕ་བོང་བྱ་རོག་ནག་པོའི་ལྟོ་བ་ན་གཏེར་དུ་སྦས་པ་ལས་སླད་དུ་མྱང་བན་གྱི་སྐྱེ་མཐའ་རིག་འཛིན་ཆེན་པོ་ཧཱུྃ་ནག་མེ་འབར་གྱིས་གཏེར་ནས་གདན་དྲངས་པའི་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཡིད་ཆེས་ཁུངས་བཙུན་གྱི་གནས་སུ་གྱུར་པ་ལགས།། ༈ །།འདི་ལྟ་བུ་བཀའ་སྲུང་དྲག་རྩལ་ཅན་གྱི་སྲོག་དབང་བཀའ་གཏད་ཞུ་བར་བྱེད་པ་ལ་སློབ་མ་སྔོན་ནས་ཡི་དམ་གྱི་སྐྱེད་རིམ་གདེངས་སུ་གྱུར་པ་དང་སྣང་སྲིད་ཆོས་སྐུའི་རོལ་པར་ཤེས་པ་གཅིག་མེད་ན་ལྷ་འདྲེའི་


TR006_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཞུད་མི་ཐུབ། སྲུང་མ་དམ་ལ་མི་འདུ། དྲེགས་པ་ཟིལ་གྱིས་མི་ནོན་ལ། ཁྱད་པར་དབང་ངེས་པར་ཐོབ་པར་བྱེད་པ་ལ་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་མ་ཞུགས་གཅིག་ནན་ལྟར་གལ་ཆེ་སྟེ། ཐ་མལ་འཁྲུལ་རྟོག་རང་ག་མ་ལ་ནི་བྱིན་རླབས་ཡེ་ཤེས་འཇུག་པའི་ཡུལ་མ་ཡིན་པའི་ཕྱིར། དེས་ན་ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་ཆུ་ལས་ཉ་འཕར་བ་ལྟར་སྒོ་གསུམ་གྱི་དངོས་པོ་འདི་ཉིད་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་སུ་གནས་འགྱུར་ཏེ། དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་དཀར་གཡོན་དམར་དབུས་མཐིང་གི་ཞལ་གསུམ་རབ་ཏུ་ཁྲོས་པ། གཡས་ཀྱི་ཕྱག་གསུམ་གྱིས་རྡོ་རྗེ་དང་། གཡོན་པ་གསུམ་གྱིས་ཐོད་ཁྲག་བསྣམས་པ། ཞབས་བཞི་བརྐྱང་བསྐུམ་


TR006_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དོར་སྟབས་ཀྱིས་བཞེངས་ཏེ་ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་ཁ་ཊྃྭཱ་ཐོད་ཁྲག་འཛིན་པ་གཉིས་མེད་དུ་འཁྲིལ་བ། རྡོ་རྗེ་རིན་པོ་ཆེ་གཤོག་པ་གདེང་ཞིང་དཔལ་གྱི་ཆས་བརྒྱད་ཡོངས་སུ་རྫོགས་པ། པད་ཉི་བདུད་བཞི་བརྫིས་པའི་གདན་སྟེང་མེ་སྤུངས་རབ་ཏུ་འབར་བའི་ཀློང་ན་གར་དགུའི་ཉམས་ལྡན་གྱི་སྐུར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལ་སྔགས་ཀྱི་ཕྲེང་བ་སྔོ་ཧྲཾ་མེད་གཡས་སུ་འཁོར་བ་ལ་འདུན་པ་གཏད་དེ་རྩ་སྔགས་འདི་ཉིད་བཟླ་བར་མཛོད་ཅིག །ཨཱོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཅེས་དཔོན་སློབ་གཉིས་ཀས་བརྒྱ་སྟོང་སོགས་ཅི་འགྲུབ་བཟླའོ། །དེ་ནས་ཡང་། དཔལ་མགོན་དང་ཆེ་མཆོག་གཉིས་ངོ་བོ་ཐ་མི་དད་པའི་ཕྱིར་ཆེ་མཆོག་གི་སྔགས་ཕྲེང་གི་ཕྱི་སྐོར་དུ་མགོན་པོའི་


TR006_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྔགས་འདི་ཉིད་མགར་གྱི་ཚ་ཚ་ལྟར་མེ་སྟག་ཕྲོཾ་མེ་གཡས་སྐོར་དུ་འཁོར་བར་དམིགས་ཏེ་བཟླ་བར་མཛོད་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཛཿཅེས་གང་འགྲུབ་བཟླས་ལ། དེ་ནས་སློབ་མའི་མགོ་ལ་རིགས་ལྔའི་དབུ་རྒྱན་བསྐོན་པའམ་མོས་པས་ཀྱང་རུང་ཞིང་། བླ་མས་དབང་བུམ་གདན་དྲངས་ལ། དེ་ལྟར་སློབ་མའི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒྲུབ་པས་དབང་གིས་སྣོད་རུང་དུ་བྱས་ནས། སླར་ཡང་དེ་ལས་མི་འདའ་བའི་ཆེད་དུ་བུམ་པས་དབང་གི་རྒྱས་བཏབ་སྟེ་ཇི་ལྟར་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་བགྱི་བ་ཡིན་པས། བུམ་པ་གཞལ་ཡས་ཁང་གི་ནང་དུ་དཔལ་ཆེན་པོ་ཧེ་རུ་ཀ་དང་ཡེ་ཤེས་མགོན་པོ་ཐ་མི་དད་པར་བཞུགས་པ་འོད་དུ་ཞུ་ནས་ཁྱེད་ཀྱི་སྒོ་གསུམ་ལ་ཐིམ་ནས་གཉིས་མེད་དུ་གྱུར་པར་སྒོམ་མཛོད་ཅིག །ཧཱུྃ། དཔལ་ཆེན་


TR006_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་ཀར་བུམ་ནང་དུ། མ་ནིང་འཁོར་བཅས་འདོད་དུ་འཁྱིལ། སློབ་མའི་མགོར་བཞག་གཉིས་མེད་ཐིམ། གསང་བ་སྒྲུབ་ཆེན་བུམ་དབང་བསྐུར། དཔལ་དགུའི་སྙིང་པོ་ཚང་བར་བརྗོད་པའམ། བསྡུ་ན། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། མ་ཧཱ་ཀྲོ་དྷི་ཤྭ་རི་སྟཾྭ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་ཨ་བྷི་ཥཱིཉྩ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་པས་སྤྱིར་བསྐུར་ཞིང་བུམ་ཆུ་ཡང་བླུད་དོ། །དེ་ལྟར་དཔལ་ཆེན་པོ་དང་མ་ནིང་དབྱེར་མེད་ཀྱི་བུམ་དབང་བསྐུར་བས་དཔལ་མགོན་འཁོར་བཅས་སོགས་སྲུང་མ་དྲེགས་པ་ཅན་གྱིས་འཁུ་ལྡོག་མི་ནུས་ཤིང་བྲན་དུ་འཁོལ་ནུས་པའི་རྟེན་འབྲེལ་ཟབ་མོ་ཁྱོད་ཀྱི་རྒྱུད་ལ་བསྒྲིགས་པ་ཡིན་ནོ། །དེ་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་རྫས་ཀྱི་དབང་བསྐུར། སྔགས་ཀྱི་བྱིན་རླབས་བདེན་སྟོབས་ཀྱི་སྨོན་ལམ་གདབ་པ་དང་བཅས་པའི་ཚིག་དོན་དང་


TR006_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མཐུན་པར་ཐོབ་པའི་ངེས་ཤེས་བརྡན་པོ་ཡེངས་མེད་དུ་མཛད་པར་འཚལ་ལོ། །སྐུ་དྲིན་ཙཀྐ་ལི་དང་ཙནྡ་བེང་ཆེན་སྤྱི་བོར་བཞག་སྟེ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ མ་ཧཱ་ཀྲོ་དྷི་ཤྭ་རི་སྟཾྭ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་ཀཱ་ཡ་ཨ་བྷི་ཥཱིཉྩ་ཨོཾ། དཔལ་ཆེན་པོ་བྱིན་རླབས་ཀྱིས། ཡེ་ཤེས་མགོན་པོའི་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་དང་གཉིས་མེད་པར་གྱུར་ཅིག །ཅེས་བསྐུར་ཞིང་མེ་ཏོག་ཀྱང་འཐོར་རོ།། ༈ །།གསུང་རྟེན་གླེགས་བམ་དང་ཐོད་པ་མགྲིན་པར་བཏུག་ཅིང་། ཆེ་མཆོག་ཡབ་ཡུམ་དང་དཔལ་མགོན་གྱི་རྩ་སྔགས་གོང་ལྟར་བརྗོད་པའི་འཇུག་ཏུ། ཝཱཀ་ཨ་བྷི་ཥཱིཉྩ་ཨཱཿདཔལ་ཆེན་པོའི་བྱིན་རླབས་ཀྱིས། ཡེ་ཤེས་མགོན་པོའི་གསུང་མི་ཟད་རྒྱན་གྱི་འཁོར་དང་གཉིས་སུ་མེད་པར་གྱུར་ཅིག །ཅེས། མེ་ཏོག་འཐོར་ཞིང་། བདུད་རྩི་ཡང་སྦྱིན་ནོ། །ཐུགས་རྟེན་གྲི་གུག་སྙིང་གར་བཞག་ལ། གོང་གི་རྩ་སྔགས་མཐར། ཙིཏྟ


TR006_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥཱིཉྩ་ཧཱུྃ། དཔོན་པོའི་བྱིན་གྱིས་རླབས་ཀྱིས། ཡེ་ཤེས་མགོན་པོའི་ཐུགས་མི་ཟད་རྒྱན་གྱི། ཅེས་མེ་ཏོག་འཐོར། ཡོན་ཏན་གྱི་རྟེན་དར་ནག་ཞལ་བྲིས་སློབ་བུའི་ལག་པ་གཡས་སུ་གཏད་ཅིང་། གོང་གི་རྩ་སྔགས་ཀྱི་མཐར། གུ་ཎ་ཧྲི་ད་ཨ་བྷི་ཥཱིཉྩ་སྭཱ། དཔལ་ཆེན་པོའི༴ ཡོན་ཏན་མི་ཟད་རྒྱན༴ ཅེས་མེ་ཏོག་འཐོར། ཕྲིན་ལས་ཀྱི་རྟེན་ལྕགས་གཡོན་དུ་གཏད་ལ། རྩ་སྔགས་ཤམ་དུ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཀརྨ་མ་ཧཱ་ཨ་བྷི་ཥཱིཉྩ་ཧཱ། དཔོན་པོའི༴ ཕྲིན་ལས་མི་ཟད༴ ཅེས་བསྐུར་ཞིང་མེ་ཏོག་འཐོར་རོ། །དེ་ནས་སྦྱོར་སྒྲོལ་གྱི་བརྟུལ་ཞུགས་ནུས་པའི་དབང་བསྐུར་བ་ཐོག་མར་དྲག་པོ་སྒྲོལ་དབང་ནི། གོང་ནས་སྟ་གོན་བྱས་པའི་ལིངྒ་འབྲུབ་ཁུང་ངམ་ཐོད་ངན་ལྕགས་སྡོང་སོགས་གང་རིགས་སུ་བཅུག་ཅིང་ཁྲག་གིས་ལྤགས་པ་སློབ་མའི་མདུན་དུ་བཤམ། ཕུར་བུ་དང་རལ་གྲི་གྲི་གུག་སོགས་ཀྱི་ཕྱག་མཚན་མཚོན་ཆ། ཐུན་རྫས་དང་བཅས་པ་མདུན་དུ་གསར་ནས། དཔོན་སློབ་གཉིས་ཀ་ཆེ་མཆོག་དང་མགོན་པོ་ཐ་མི་དད་པར་གསལ་བའི་ངང་ནས་སྤྲོ་ན་འདི་ཉིད་ཀྱི་གདབ་ལས་ནས་བྱུང་བའི་ལས་རིམ་རྒྱས་པར་བྱ་བའམ། བསྡུ་ན།


TR006_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་གི་ཚོགས་ལས་ནས་བྱུང་བའི་འགུགས་འདྲེན་ནི། ན་མོ། རྩ་རྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཀོན་མཆོག་གསུམ་གྱི་བཀའ་ཡི་བདེན་སྟོབས་དང་། །རྩ་གསུམ་ལྷ་ཚོགས་ཆོས་སྐྱོང་སྲུང་མ་དང་། །ཁྱད་པར་དཔལ་མགོན་མ་ནིང་ནག་པོ་ཡི། །བདེན་པའི་བྱིན་རླབས་མཐུ་རྩལ་རྟེན་འབྲེལ་གྱིས། །ཕྱོགས་བཞི་མཚམས་བརྒྱད་དགྲ་གེགས་འབྱུང་པོའི་ཚོགས། །གནམ་པའི་གོ་བར་གར་ཡོད་གར་གནས་ཀྱང་། །རང་དབང་མེད་པར་གཟུགས་ལིང་འདི་ལ་ཁུག །ཨཾ་གུ་ཤ་ཛཿ པཱ་ཤ་ཧཱུྃ། སྥ་ཊ་བཾ། ཨཱ་ཝ་ཤ་ཡ་ཧོཿ ཞེས་པས་བཀུག་ལ། ཧཱུྃ། དཀྱིལ་འཁོར་ལྷ་ཚོགས་དུས་ལ་བབ། །དཔལ་མགོན་འཁོར་བཅས་དུས་ལ་བབ། །བྱང་ཆུབ་བསྒྲུབ་ལ་གནོད་བྱེད་འདིར། །བསྲུང་སྐྱོབས་བྱེད་པའི་ལྷ་དང་ཕྲོལ། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །བཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གྲོགས་དང་འཕྲོས་ལ་སྨྱོ་རུ་ཆུག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་


TR006_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཏྲུཾ་ཨ་མུ་ཀ མཱ་ར་ཡ་རྦད། དེ་ནས་དྲག་པོའི་མཐུན་རྫས་སློབ་མའི་ལག་ཏུ་གཏད་ལ། ཁྱེད་རང་དཔལ་མགོན་སྲོག་བདུད་ནག་པོའི་ང་རྒྱལ་གྱིས་དྲག་པོའི་ཐུན་དང་མཚོན་ཆའི་ཆར་པ་གདོན་བྱེད་ཀྱི་གཟུགས་ལ་ཕབ་པས་ལས་ངན་རྣམ་སྨིན་གྱི་ཕུང་པོ་རྡུལ་ཕྲན་ཕྱེ་མར་གྱུར་ཞིང་། རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཨཿཡི་ཚུལ་དུ་ཆེ་མཆོག་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་སྟེ་བྱང་ཆུབ་ཀྱི་གོ་འཕངས་ལ་འཁོད་པའི་དམིགས་པ་མཛོད་ཅིག །ཅེས་བརྗོད་ནས་ལིངྒ་ལ་ཐུན་དབབ་ཏུ་གཞུག་ཅིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རུ་དྲ་ནག་པོ་དགྲ་བོའི་སྙིང་ལ་སུ་ཏྲི། ཙིཏྟ་རྦད། ཅེས་དྲག་ཏུ་བཟླས་ལ་སླར་ཕྱག་མཚན་གྱི་མཚོན་ཆས་ལིངྒ་གདུམ་བུར་གཏུབ་ཏུ་གཞུག་སྟེ། ཨོཾ་ཕཊཿམཱ་ར་ཡ་ཏེ་ཧཱུྃ་ཨཿསྥ་ར་ཎ་ཕཊཿ དེ་ནས་ལིང་རོ་རྣམས་མེ་ནང་དུ་དཔལ་མགོན་འཁོར་བཅས་གསལ་བ་ལ་འབུལ་ཞིང་། ཧཱུྃ། དམ་ཉམས་དགྲ་གེགས་འབྱུང་པོ་ཐམས་ཅད་ཀྱི། །ཕྱི་ཡི་དབང་པོ་སྒོ་ལྔ་མཆོད་པར་བཞེས། །ནང་གི་དོན་སྙིང་


TR006_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ལྔ་མཆོད་པར་བཞེས། །གསང་བའི་བླ་སྲོག་རྣམ་ཤེས་མཆོད་པར་བཞེས། །དེ་བཞིན་ཕུང་པོ་རྣམ་ལྔ་མཆོད་པར་བཞེས། །སངས་རྒྱས་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཡཀྵ་ཀྲོ་དྷ་བ་ལིངྒ་ཡ་ཁཱ་ཧི། དེ་ལྟར་དྲག་པོ་སྒྲོལ་བའི་དབང་བསྐུར་ནས། གཉིས་པ་ཐབས་ཤེས་སྦྱོར་བའི་དབང་ནི་འདི་སྐབས་ཀྱི་གསང་དབང་གི་མཚོན་བྱེད་ཀྱང་ཡིན་པས། ཐོད་པའི་རཀྟ་སློབ་མའི་ལྕེ་ཐོག་ཏུ་བླུགས་ལ། ཁྱེད་རང་ཆེ་མཆོག་དཔལ་མགོན་དབྱེར་མེད་ཀྱི་ཡ་རྐན་ཁྲོ་བོ་ཡབ་དང་མ་རྐན་ཁྲོ་མོ་ཡུམ་གྱི་རང་བཞིན་ཐབས་ཤེས་མཉམ་སྦྱོར་གྱི་རོལ་པ་མཛད་པའི་བྱང་སེམས་དཀར་དམར་གྱིས་ལུས་ནང་རྩ་ཐམས་ཅད་ཁེངས་ཤིང་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་སྒོམ་མཛོད་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀི་ཀྲོ་དྷི་ས་མ་སྟཾྭ། བདེ་སྟོང་ཟུང་འཇུག་གི་ཉམས་དང་མི་འབྲལ་བར་གྱུར་ཅིག །ཅེས་མེ་ཏོག་འཐོར་རོ། །དེ་ནས་ཡོངས་རྫོགས་གཏོར་མའི་དབང་གིས་བྱིན་རླབས་རྩལ་


TR006_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཡུགས་སུ་དབབ་པ་ནི་དཔལ་གཏོར་རྒྱན་ལྡན་གཟི་བརྗིད་ཅན་སློབ་དཔོན་གྱི་བཏེགས་ཅིང་། ཚིལ་ཆེན་དང་གུ་གུལ་བསྲེག །རོལ་མོའི་སྒྲ་དང་བཅས་པས་བྱིན་འབེབ་བྱ་སྟེ། ཧཱུྃ་ཧཱུྃ་ཧཱུྃ། འོག་མིན་གནས་མཆོག་དམ་པ་ནས། །ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ཤིག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །སྤྱན་འདྲེན་བཞུགས་གསོལ་མཆོད་པ་འབུལ། །བདག་དང་མོས་པའི་བུ་རྣམས་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །བགེགས་དང་ལོག་འདྲེན་བར་ཆད་གསོལ། །ཕྱི་ནང་གསང་བའི་དབང་རྣམས་བསྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཧཱུྃ། སྟེང་ཕྱོགས་དགའ་ལྡན་ལྷ་གནས་ནས། །ལྷ་ཆེན་དཔལ་འབར་བྱིན་ཕོབ་ཅིག །མོས་པའི་བུ་ལ་དབང་ཞིག་བསྐུར། ཧཱུྃ། ཨུ་ཙ་ལ་ཡི་དུར་ཁྲོད་ནས། །མ་ནིང་ནག་པོས་བྱིན་ཕོབ་ཅིག །གཞན་ཡང་མགོན་པོའི་ཚོགས་རྣམས་ཀྱིས། །དད་ལྡན་རིགས་ཀྱི་བུ་འདི་ལ་དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ།


TR006_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །དགྲ་གེགས་འགུགས་ཅིང་སྒྲོལ་བ་དང་། །དྲག་པོ་མཐུ་ཡི་དབང་ཞིག་བསྐུར། །ད་ལྟ་ཉིད་དུ་བྱིན་གྱིས་རླབས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བ་ལིནྟ་ས་མ་ཡ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་སློབ་མའི་སྤྱི་བོར་གཏོར་མས་དབང་བསྐུར་བ་དང་ལྷན་གཅིག་ཏུ་སྒྲུབ་སྐོར་གྱི་པུསྟི་སྐུ་དང་བླ་རྡོ་སྒྲུབ་རྫས་སོགས་ལག་ཏུ་གཏད་ཅིང་བཀའ་བསྒོ་སྨོན་ལམ་སོགས་ནན་ཏན་བྱས་ལ། དེ་ལྟར་དབང་བསྐུར་བས་དཔལ་མགོན་གྱི་ལྷ་ཚོགས་ཐམས་ཅད་ཁྱེད་ཀྱི་ལུས་ངག་ཡིད་གསུམ་ལ་དབྱེར་མེད་དུ་ཐིམ་ནས་བྱིན་རླབས་མཐུ་སྟོབས་ནུས་རྩལ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་ཐོབ་པའི་ངེས་ཤེས་བསྐྱེད་མཛོད། དེ་དབང་བསྐུར་བ་དེ་ཐམས་ཅད་ཀྱི་རྩ་བ་དབང་དོན་རྒྱུད་ལ་གོ་ཞིང་རྟོགས་དགོས་ཏེ། དེ་མ་རྟོགས་ན་མཚན་བཅས་རྫས་ཀྱི་དབང་ཇི་ཙམ་བསྐུར་ཡང་ཐོབ་པར་མི་འགྱུར་ལ། དབང་དོན་ནམ་རྟོགས་


TR006_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དབང་ཚུལ་བཞིན་ཐོབ་པ་ཡིན་པས་འདི་བཞིན་ཡིད་ལ་ཞོག་ཅིག །ཧཱུྃ། རིགས་ཀྱི་བུ་ཁྱོད་སྐལ་བ་བཟང་། །ཚུར་ཤོག་གསང་བའི་དཀྱིལ་འཁོར་འདིར། །དབང་དོན་འདི་རྣམས་གོ་བར་གྱིས། །བུམ་པ་ཕྱི་ཡི་དབང་བསྐུར་ཡིན། །ཐོད་པ་ནང་གི་དབང་བསྐུར་ཡིན། །བདུད་རྩི་གསང་བའི་དབང་བསྐུར་ཡིན། །ཙཀྐ་ལི་ནི་སྐུ་ཡི་དབང་། །སྒྲུབ་ཐབས་ཡིག་འབྲུ་གསུང་གི་དབང་། །རྡོ་རྗེ་གྲི་གུག་ཐུགས་ཀྱི་དབང་། །ཡོན་ཏན་ཕྲིན་ལས་དར་ཕུར་དབང་། །དྲེགས་པ་སྦྱོར་སྒྲོལ་ཐོད་ཁྲག་དབང་། །གཏོར་དབང་ཐུན་མོང་སྤྱི་ཡི་དབང་། །དེ་ལྟར་ཤེས་ན་དབང་མཆོག་ཐོབ། །ཅེས་པ་དེ་ལྟ་བུས་ཐུན་མོང་དབང་བསྐུར་བ་ལེགས་པར་ཐོབ་ནས། ད་ནི་ཁྱད་པར་དྲེགས་པའི་སྲོག་གི་དབང་དོན་དམ་པའི་སྙིང་པོར་ཇི་ལྟར་བསྐུར་ཞིང་ཐོབ་པའི་ཚུལ་ནི་འདི་ཡིན་ཏེ། །ཧོ། ཉོན་ཞིག་སྐལ་ལྡན་རིགས་ཀྱི་བུ། །ཁྱད་པར་དྲེགས་པའི་སྲོག་དབང་ནི། །གཞན་ན་ཡོད་པ་མ་ཡིན་ཏེ། །


TR006_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས་ཉིད་རིན་པོ་ཆེ། །ཞི་བར་ཆོས་སྐུ་ཀུན་ཏུ་བཟང་། །ཁྲོ་བོར་ཆེ་མཆོག་ཧེ་རུ་ཀ །རིག་ན་སངས་རྒྱས་ཀུན་དངོས་ཡིན། །མ་རིག་དམྱལ་བ་རང་སེམས་ཡིན། །འཁོར་འདས་ཀུན་གྱི་རྩ་བ་སྟེ། །སྟོང་ལ་ཐེར་ཟུག་མ་འགག་པ། །ངར་འཛིན་རྣམ་རྟོག་མ་ནིང་སྐུ། །གཞན་ན་མེད་དོ་རང་རིག་དངོས། །དེ་ལྟར་རྟོགས་ན་སྲོག་དབང་ཐོབ། །ཀུན་བཟང་ཆེ་མཆོག་མ་ནིང་གསུམ། །ལོགས་ན་མེད་དོ་རང་སེམས་ཉིད། །མ་ནིང་རང་སེམས་ངོ་ཤེས་ན། །དྲེགས་པ་ཀུན་གྱི་སྟོང་སྲོག་ཐོབ། །ཡ་གི་ཀུན་ཏུ་བཟང་པོ་ནས། །མ་གི་ཐེའུ་བྲང་ཡན་ཆད་དུ། །ཀུན་སྲོག་སེམས་ཉིད་གཅིག་པུར་འདུས། །དཔེར་ན་ནམ་མཁའ་ཁྱབ་འཇུག་གིས། །ནམ་མཁའི་ཉི་ཟླ་ཟིན་པའི་དུས། །ཆུ་བྲན་ཀུན་གྱི་ཉི་ཟླ་ཟིན། །དེ་བཞིན་སྟོང་སྲོག་གཅིག་ལ་འདུད། །དེ་དོན་རྟོགས་ན་སྲོག་དབང་ཐོབ། །རང་རྩལ་མཐུ་སྟོབས་དབང་བསྐུར་རོ།


TR006_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཛཿ ཨེ་ཧུར་ཐུཾ་ཛཿརྦད་ཨ་བྷི་ཥཱིཉྩ་ཨཿ ཞེས་ཕྲེང་བའི་སྣ་རེ་དཔོན་སློབ་གཉིས་ཀྱིས་བཟུང་ནས་སྔགས་ཀྱི་རྗེས་སུ་གནང་བ་བྱས་ལ། སླར་ཡང་འདི་ཉིད་ཀྱི་སྲོག་དབང་བསྡུས་པ་ནས་གསུངས་པའི་ཞལ་གདམས་གཏད་རྒྱ་འདི་ཡང་བྱ་སྟེ། ཧོ། ད་ཡང་བུ་ཁྱོད་ཚུར་ཉོན་ཞིག །དཔལ་མགོན་མ་ནིང་ནག་པོ་ཡང་། །དཔལ་ཆེན་དངོས་ཀྱི་སྤྲུལ་པ་སྟེ། །དགོངས་པ་མྱ་ངན་འདས་མོད་ཀྱང་། །ཕྲིན་ལས་འཇིག་རྟེན་ཚུལ་དུ་མཛད། །མཆོད་བསྟོད་གུས་པས་བསྟེན་ཞིང་བསྒྲུབ། །ལས་མགོན་དང་ནི་སྡེ་བརྒྱད་སོགས། །མ་རུངས་ནག་པོའི་འཁོར་ཚོགས་རྣམས། །ད་རུང་འཇིག་རྟེན་བྱ་མ་བཏང་། །དགེ་བའི་ལས་ལ་མོས་ན་ཡང་། །དམ་ལ་མ་ཐོགས་ལས་ངན་པའི། །ས་བོན་རྩུབ་པས་ཕན་གནོད་ཆེ། །འགའ་ཞིག་བདེར་གཤེགས་ཞལ་མ་མཐོང་། །ཆོས་ལ་མི་དད་ནག་པོའི་ཕྱོགས། །རིང་ཐུང་ཆད་འབེབས་


TR006_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་སྟོན། །གནས་མེད་ཟས་སུ་ཕུད་གཏོར་མྱུལ། །དེ་འདྲའི་དྲེགས་པ་མ་རུངས་པ། །གདོལ་བ་རྒོད་ཀྱི་རིགས་མང་བས། །ཨེ་མ་རྣལ་འབྱོར་བུ་ཁྱོད་ཀྱང་། །ལྟ་སྒོམ་བསྙེན་སྒྲུབ་ལ་སོགས་པ། །དྲོད་ཚོགས་རིམ་གྱིས་མ་ཐོབ་བར། །མངལ་གྱི་ལུས་ལ་བརྟེན་པ་ཡིས། །དཔའ་སྙེམས་བརྟུལ་ཞུགས་ང་རྒྱལ་གྱིས། །ལྷ་སྲིན་དྲེགས་པ་འདུལ་མི་བྱ། །བསོད་ནམས་རླུང་རྟ་གུས་དུས་སུ། །ཁོས་ཀྱང་ཡལ་བར་ཅི་ལ་འདོར། །རབ་འཇིགས་དྲེགས་པ་འདི་དག་ཀྱང་། །ཕལ་དུ་སྤྱི་མཐུན་རིགས་མ་འདས། །འཇིག་རྟེན་མཆོད་ཅིང་བསྟེན་བསྒྲུབ་ཕྱིར། །འདོད་ཡོན་གཏོར་རྫས་འཛོམ་ན་འགྲུབ། །སྒྲུབ་ལ་ཐེ་ཚོམ་སྐྱེས་པ་ན། །ལས་མི་འགྲུབ་པས་ཐེ་ཚོམ་སྤོང་། ལྷ་མ་བསྙེན་པར་འདྲེ་མི་བསྒྲུབ། །རང་རྒྱུད་འགྲོགས་ཀྱང་མི་བདེ་བས། །སྐྱོན་ཡང་ཤིན་ཏུ་མང་བར་གསུངས། །ཐམས་ཅད་ཆོས་སྐུའི་རང་རྩལ་དུ། །


TR006_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན་ཕྲིན་ལས་ཀུན་འགྲུབ་སོ། །ཨེ་མ་བུ་ཁྱོད་ཁྱད་པར་དུ། །གཅེས་པའི་དབང་སྲོག་དམ་ཚིག་བསྲུང་། །འདས་དང་མ་འོངས་དངོས་གྲུབ་ཀུན། །བླ་མའི་ཐུགས་རྒྱུད་མཉེས་ན་འགྲུབ། །དེས་ན་འདི་ཞུས་བླ་མ་ལ། །རྩ་བ་སྐུ་གསུང་ཐུགས་དམ་བསྲུང་། །བཀའ་སྩལ་ཟུགས་ཡང་བཅག་མི་རུང་། །དངོས་པོ་ཀུན་ལ་མི་འབག་ཅིང་། །ལུས་སྲོག་ལོངས་སྤྱོད་དབུལ་བར་བྱ། །དབང་བསྐུར་སྒྲུབ་ཐབས་ཚང་བར་ཞུ། །ཉམས་ན་མགོན་པོས་རང་སྲོག་གཅོད། །དམ་གཙང་མ་ནིང་དངོས་སུ་འཁོལ། །བླ་མ་ཡི་དམ་ཆོས་སྐྱོང་རྣམས། །གཉིས་མེད་གཅིག་ཡིན་བརྙས་མི་བྱ། །དེས་ན་བླ་མ་སངས་རྒྱས་སྒོམས། །ཅི་མཉེས་བསྒྲུབ་ཅིང་འབངས་སུ་མཆི། །དེས་ནི་ཅི་བསམ་ཐམས་ཅད་འགྲུབ། །མཆོག་ཏུ་དམ་ཚིག་གཙོར་བཟུང་ཞིག །ཅེས། དམ་ཚིག་གི་བཀའ་རྒྱ་ནན་ཏན་དུ་གདབ་ཅིང་། སློབ་མས་ཀྱང་དེ་དང་མཐུན་པའི་དམ་བཅའ་ཞེས་བཅད་དྲག་པོ་བྱས་ལ་དེ་ལས་ནམ་ཡང་མི་འདའ་བ་


TR006_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབད་པ་མཐར་འདོན་ནོ། །གཞན་ཡང་བཀའ་སྲུང་ཆོས་སྐྱོང་གི་དབང་དང་བཀའ་གཏད་ཐོབ་པའི་གང་ཟག་རྣམས་བསྐང་གསོ་རྒྱུན་གཏོར་དུས་གཏོར་ཐུན་གཏོར་སོགས་ལ་རྟག་ཏུ་འབད་དགོས་པ་ཡང་གལ་པོ་ཆེའི་དམ་ཚིག་གོ། །དེ་ལྟར་དབང་བསྐུར་བའི་མཐར། དབང་གི་ཡེ་ཤེས་བརྟན་པར་རབ་ཏུ་གནས་ཕྱིར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱས་པར་བྱ་ཞིང་རྟེན་འབྲེལ་སྙིང་པོའི་མེ་ཏོག་གི་ཆར་ཕབ། བླ་མ་ལ་བཞེད་པ་མི་མངའ་ཡང་སློབ་མའི་བསོད་ནམས་སྤེལ་ཕྱིར་དངོས་པོ་དག་པ་དང་ལྷག་པར་དྲག་པོའི་ཕྲིན་ལས་འགྲུབ་པའི་རྟེན་འབྲེལ་གནད་དུ། མཚོན་ཆ་བཟང་པོའི་རིགས་ཀྱི་ཕྱག་རྟེན་འབུལ་བར་གསུངས། རྗེས་ལ་ཚོགས་ཀྱི་དགའ་སྟོན་དང་། བཀའ་སྲུང་རྣམས་ལ་བཏང་རག་གི་གཏོར་མ་ཡང་རྒྱ་ཆེར་འབུལ་ཞིང་། ཉེས་བྱས་བཤགས་པ་དང་དངོས་གྲུབ་བླང་བ། བསྔོ་སྨོན་ཤིས་བརྗོད་གཤེགས་གསོལ་བསྡུ་ཆོག་སོགས་ཐམས་ཅད་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་དཔལ་མགོན་མ་ནིང་ནག་པོའི་དབང་བསྐུར་བཀའ་གཏད་ཀྱི་ལས་རིམ་ལྟས་ཆོག་འདི་ཉིད་ཀྱང་། སྙིགས་དུས་འགྲོ་བའི་སྐྱབས་གཅིག་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་འཇིགས་མེད་


TR006_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་རྡོ་རྗེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞལ་སྔ་ནས་བཀའ་སྩལ་པ་ལྟར་སྣ་ཚོགས་རང་གྲོལ་གྱིས་བཀོད་པའི་དགེ་བས། བསྟན་པ་དམ་པའི་ཆོས་ཀྱི་འགལ་རྐྱེན་མཐའ་དག་ཉེ་བར་ཞི་བར་གྱུར་ཅིག །མངྒ་ལཾ། གཅིག་ཞུས།


previousདཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་སྲོག་དབང་བཀའ་གཏད་ཟབ་མོའི་ལས་རིམ།next