Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
   
   
   
   
མཉམ་མེད་སྒམ་པོ་མཆོག་གི་སྤྲུལ་པའི་སྐུས་འཇའ་འཚོན་ཟབ་གཏེར་ཆོག་ཁྲིག་གིས་དྲི་མེད་གནང་བའི་ལན་དུ་གསོལ་བ་སྙིལ་བའི་ཆུ་སྐྱེས།
   
   
   
   


 
previousམཉམ་མེད་སྒམ་པོ་མཆོག་གི་སྤྲུལ་པའི་སྐུས་འཇའ་འཚོན་ཟབ་གཏེར་ཆོག་ཁྲིག་གིས་དྲི་མེད་གནང་བའི་ལན་དུ་གསོལ་བ་སྙིལ་བའི་ཆུ་སྐྱེས།next

མཉམ་མེད་སྒམ་པོ་མཆོག་གི་སྤྲུལ་པའི་སྐུས་འཇའ་འཚོན་ཟབ་གཏེར་ཆོག་ཁྲིག་གིས་དྲི་མེད་གནང་བའི་ལན་དུ་གསོལ་བ་སྙིལ་བའི་ཆུ་སྐྱེས།


TR006_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་སྒམ་པོ་མཆོག་གི་སྤྲུལ་པའི་སྐུས་འཇའ་འཚོན་ཟབ་གཏེར་ཆོག་ཁྲིག་གིས་དྲི་མེད་གནང་བའི་ལན་དུ་གསོལ་བ་སྙིལ་བའི་ཆུ་སྐྱེས་ཅེས་བྱ་བ་བཞུགས་སོ།


TR006_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཐུགས་རྗེ་མ་ལུས་གཅིག་བསྡོམས་པ། །པད་འབྱུང་བི་མ་ཟླ་འོད་གཞོན་ནུ་རྣམས། །སྙིགས་མ་མཐའ་སྐྱབས་མཆོག་སྤྲུལ་པའི་སྐུར་བྱོན་པའི། །ཞབས་ཟུང་རྩིབས་སྟོང་འབར་བ་སྤྱི་བོས་མཆོད། །གང་གསུང་བདུད་རྩིའི་འོད་དཀར་ཟེག་མ་ཡིས། །བདག་བློའི་ཀུ་མུ་ཏྲ་མངོན་པར་ཕྱེས་མཛད་མཐུས། །ལྷག་བསམ་ཟེའུ་འབྲུ་རྒོད་པའི་འཛུམ་ཕྲེང་འདི། །མོས་ལྡན་མགུལ་བའི་རྒྱན་དུ་བྱིན་གྱིས་རླབས།། ༈ །།དེ་ཡང་བཀའི་བདུད་རྩི་ལྷུག་པར་བསྩལ་བའི་དོན་


TR006_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ཇི་བཞིན་དུ། སྤྱིར་གསང་སྔགས་སྔ་འགྱུར་གྱི་ཆོས་ཚུལ། སྒོས་སུ་རྒྱལ་དབང་པདྨའི་ཟབ་གཏེར། ཁྱད་པར་ཡང་ཟབ་དཀོན་མཆོག་སྤྱི་འདུས་སྐོར་གྱི་དགོངས་དོན་བབས་ལུགས་རྣམས་གྲུབ་མཐའ་ཐུན་མོང་བདག་དང་མི་མཐུན་པའི་ཚུལ་རྣམས་ལ། གང་ཟག་ཕལ་མོ་ཆེ་དག་སོམ་ཉིའི་འཁྱོག་ལ་འཕྱང་མོ་ཉུག་ཅིང་། །མཁས་པའི་མིང་ཁུར་འཛིན་ཀྱང་ཆོས་ཚུལ་གྱི་སྤྱན། རྒྱང་ཐུང་བ་དག་ནི་ལོག་ལྟའི་འཁུན་བུ་ལྡིར་བར་བྱེད་པ་ཆེས་མང་བར་བྱུང་དང་འབྱུང་འགྱུར་རྣམས་ནི་རང་རང་གི་བགོ་


TR006_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་དུ་ཟད་ཕྱིར་ཐབས་ཀྱིས་དབེན་མོད་ཀྱི། ཐེག་པའི་ཡང་རྩེར་མངོན་པར་འཕགས་པའི་ཆོས་ཚུལ་གྱི་འཇིངས་ལ་མོས་པའི་བློ་དང་ཡང་པའི་ཁྱོན་གྱི་ཐུགས་མངའ་རྣམས་ནི་ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའི་དོན་ལ་དབང་འབྱོར་ཚེ་ཡིན་ལུགས་ཇི་བཞིན་པ་ཁོང་དུ་ཆུད་པར་གྱུར་བ་ཆོས་ཉིད་ལགས་ཏེ། རྫོགས་པ་ཆེན་པོ་ནམ་མཁའ་ཆེའི་རྒྱུད་ལས། །རྒྱ་མཚོ་ཆེན་པོར་ཆུ་རླུང་ཀུན་འབབ་ཅིང་། །རྒྱ་མཚོའི་ནང་དུ་རོ་གཅིག་གནས་པ་ལྟར། །ཆོས་རྣམས་རྫོགས་པ་ཆེན་པོར་འདུས་གསལ་ཞིང་། །མ་བཅོས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཅེས་གསུངས་པ་བཞིན་ལགས་མོད་ཀྱི། དེའི་ཕྱིར་ན་སྐལ་དམན་གཞན་གྱིས་ཇི་ལྟར་ལོག་པར་བལྟས་ཤིང་བརྗོད་ཀྱང་། ཟབ་དོན་གྱི་དགོངས་པ་ནི་རང་ལུགས་སོར་བཞག་གི་གཞུང་ལམ་དུ་བཞུགས་པ་ཉིད་བྱིན་རླབས་མི་ཉམས་པའི་གནད་དོན་སྙིང་པོ་ཉིད་དུ་གྲུབ་ལ། །དེ་དག་གི་ཚུལ་ལ་ཇི་ལྟར་འཇུག་ཅིང་


TR006_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་བླང་ཐབས་ཀྱི་ཆོག་སྒྲིག་སྐྱབས་མཆོག་ཉིད་ཀྱིས་ལེགས་པར་བརྩལ་བ་འདི་ལས་ལྷགས་སུ་གྱུར་པ་ཞིག་ནི་རྨོངས་པ་བདག་འདྲས་འབུལ་བར་རྔོ་མི་ཐོད་ཤིང་། འདི་ཉིད་ཀྱི་ནང་བསེས་ལ། བཀའ་ཕེབས་ལྟར། ཕྱི་ལྟར་པདྨ་འོད་འབར་དུ་བསྒྲུབ་པ་ནི་དཀོན་མཆོག་སྤྱི་འདུས་ཉིད་དང་། ནང་ལྟར་དཀྱིལ་འཁོར་ལྔ་ལྡན་དུ་བསྒྲུབ་པ་ནི་ཞི་ཁྲོ་ངེས་དོན་སྙིང་པོ། གསང་བ་བྱེ་བྲག་སོ་སོར་བསྒྲུབ་པ་ནི་གང་ཟག་གི་མོས་བློ་དང་བསྟུན་པའི་སྒོས་སྒྲུབ། ཡང་གསང་ཧཱུྃ་ནག་མེ་འབར་དུ་བསྒྲུབ་པ་ནི་སྤྲོས་མེད་ཆིག་དྲིལ་རྒྱུན་ཁྱེར་དུ་ཉམས་སུ་ལེན་པའི་དབང་དུ་མཛད་མོད་ཀྱང་། ད་ལམ་བཀའ་སྩལ་གྱི་དངོས་དོན་ལ་ནི། ཆོས་བཀའ་ཡོངས་རྫོགས་ཀྱི་ཆོག་སྒྲིབ་འདི་ཀའི་སྔོན་འགྲོ་བར་ཆད་བསལ་ཕྱིར་བགེགས་གཏོར་མཚམས་གཅོད་བསོད་ནམས་གསོག་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་སོགས་དང་། ཐུན་མོང་


TR006_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གྱི་མཆོད་གཏོར་བྱིན་རླབས། ཉམ་ཐག་སྦྱོང་ཕྱིར་རྡོར་སེམས་ཡིག་བརྒྱ། ཚོགས་གཉིས་རྫོགས་ཕྱིར་མཎྜལ་འབུལ་བ་དང་བཅས་པའི་རིམ་པ་རྣམས་ལ་ནི་ཞུ་དགོས་པར་མ་གྱུར་ལ། དངོས་གཞི་ལྷ་བསྐྱེད་པའི་སྔོན་འདིར། །ཆོས་སྤྱི་འགྲོ་ལྟར་ན་མངོན་བྱང་ལྔའམ། ཆོ་ག་གསུམ་སྐད་ཅིག་དྲན་རྫོགས་སོགས་ཀྱི་བསྐྱེད་ཚུལ་དུ་མ་དང་། མདོར་བསྡུས་པའི་དབང་དུ་ཡང་། །ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་སྟོང་པའི་འོད་གསལ་ལས། །སྒྱུ་འཕྲུལ་དྲ་བ་བཞེངས་པར་འགྱུར། ཞེས་གསུངས་པ་བཞིན། སྭ་བྷཱ་བའམ་ཤུ་ནྱ་ཏ་སོགས་ཀྱི་སྔགས་ལ་བརྟེན་པའི་ཆོས་ཉིད་གདོད་མའི་དབྱིངས་ལས་རང་གསལ་ཡེ་ཤེས་ཀྱི་ལྷ་བསྐྱེད་དགོས་མོད་ཀྱི། གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་གསུང་གི་གསང་བའི་ལས་གཞུང་མཐའ་དག་པར་ནི། དང་པོར་དེ་བཞིན་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཤེས་རབ་སྟོང་པ་


TR006_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡུམ་གྱི་ཚུལ་དང་། གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་སྒྱུ་མ་ལྟ་བུའི་རྩལ་མདངས་ནི་ཐབས་སྙིང་རྗེ་ཆེན་པོ་ཡབ་ཀྱི་ཚུལ་དང་། གསུམ་པ་དཔའ་བར་འགྲོ་བ་རྒྱུའི་ཏིང་ངེ་འཛིན་ནི་ཟུང་འཇུག་སྲལ་གྱི་ཚུལ་དུ། ཡིག་འབྲུ་ཕྱག་མཚན་ནམ་རྒྱུའི་ཧེ་རུ་ཀ་སོགས་སྤྲོ་བསྡུ་རྣམ་རོལ་གྱི་སྒོ་ནས་ལྷ་ཚོགས་བསྐྱེད་པ་འབའ་ཤིག་འབྱུང་ནའང་། རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་གཏེར་ཆོས་འདི་དག་ཕལ་ཆེ་བར་ཏིང་ངེ་འཛིན་གསུམ་སོ་སོར་མ་ཕྱེ་བར་གཞི་སྟོང་པ་ཉིད་ཁོ་ན་ལས་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཚུལ་ཉིད་གསུངས་སྣང་བའི་ཕྱིར། །དེས་ན། གོང་གི་འཕྲོའི་མཎྜལ་གྱི་འཇུག་ཐོབ་དེར། ལྷ་གང་སྔོན་ལ་བསྐྱེད་ཀྱང་། འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན། ཞེས་པའི་ཤོ་ལོ་ཀ་སྔགས་བཅས་བརྗོད་པ་ཉིད་དགོས་པར་གོ་ལ།། ༈ །།དེ་ནས་ལྷ་བསྐྱེད་པ་དངོས་ལ། བཀའ་རིན་པོ་ཆེ་ཇི་


TR006_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཕེབས་བཞིན། ཆོས་སྤྱི་བབས་དང་བསྟུན་ན་ཆོས་ལོངས་སྤྲུལ་གསུམ་གྱི་ངེས་པ་དང་སྦྱར་བའི་བསྐྱེད་ཚུལ་ནི་ད་ལྟའི་ཆོག་སྒྲིགས་སུ་གནང་བ་བཞིན་ཤིན་ཏུ་འཐད་པར་གདའ་ལགས་ནའང་།། ༈ །།གུ་རུ་ཉིད་ཀྱི་སྒྲུབ་གཞུང་ཕལ་མོ་ཆེར་ནི་ཕྱི་སྤྲུལ་སྐུ་ནང་ལོངས་སྐུ། གསང་བ་ཆོས་སྐུར་བསྒྲུབ་པའི་གོ་རིམ་འབའ་ཤིག་གསུངས་པ་དང་། དེ་ཉིད་ལའང་ཡི་དམ་གྱི་ལྷ་གང་དང་གང་བསྐྱེད་ཅིང་བསྒྲུབ་ཀྱང་དོན་དམ་པར་བླ་མའི་སློབ་དཔོན་ཉིད་ཀྱི་ངོ་བོར་གདོད་ནས་ལྷུན་གྱིས་གྲུབ་པར་ཐག་ཆོད་པའི་ངེས་ཤེས་མེད་མི་རུང་ཕྱིར། ཐོག་མར་བླ་མའི་བསྒྲུབ་པ་གཞུང་སྲང་ལ། སླར་བླ་མ་ཉིད་ལྷག་པའི་ལྷར་བཞེངས་ནས་དངོས་གྲུབ་ཀྱི་དོན་འབྲས་སྩལ་བར་མཛད་པའི་ངེས་ཤེས་ཀྱི་སྒོ་ནས་ཡི་དམ་གང་མོད། བསྒྲུབ་པར་གསུངས་པ། འདི་གསང་སྔགས། རྙིང་ལུགས་ཀྱི་དགོངས་དོན་དམིགས་


TR006_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་ལྟ་བུར་གདའ་བས་ན། ཐོག་མར་གུ་རུ་ཞི་བ་ཉིད་ཀྱི་ལས་གཞུང་འཛབ་ཀྱི་རིམ་པ་ཡན་ཆད་གྲུབ་པར་བྱས་ལ། དེ་ནས་ལོངས་སྐུ་ཐུགས་རྗེ་ཆེན་པོ་དང་། དེ་ནས་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་སྒྲུབ་གཞུང་བསྲང་བ་ཉིད་འགབ་པར་མཐོང་ལགས་ཏེ། ཚུལ་འདི་ལ་གུ་རུ་ཉིད་ཀྱི་ཞལ་ནས་ཀྱང་། །ང་ཡི་རྗེས་འཇུག་སྐལ་ལྡན་ལས་ཅན་ཀུན། །བླ་མ་བསྒྲུབ་དང་ཡི་དམ་གང་རི་རིགས། །མཁའ་འགྲོ་ལ་སོགས་ཇི་ལྟར་བསྒྲུབ་འདོད་ཀྱང་། །ངོ་བོ་ང་ལ་རྣམ་པ་གཞན་གྱི་གཟུགས། །སྐུ་མདོག་ཕྱག་མཚན་སྟངས་སྟབས་ལ་སོགས་པར། །སྒྲུབ་པར་གྱུར་ན་གང་འདོད་འགྲུབ་གྱུར་ཞིང་། །ཇི་ལྟར་འདོད་པའི་དངོས་གྲུབ་སྩོལ་བར་ནུས། །དེ་ཚེ་ཐེ་ཚོམ་ཡིད་གཉིས་སྤངས་ལ་སྒྲུབ། །ཅེས་གསུངས་ཕྱིར་དང་། བསྐྱེད་ཚུལ་ཡང་ཆོས་སྤྱི་ལྟར་ཡི་དམ་གཅིག་གི་སྒྲུབ་མཆོད་གྲུབ་ནས་དེ་ཉིད་གཤེགས་བསྟིམ་བསྡུ་བ་སོགས་བྱས་རྗེས། ཡང་


TR006_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་གི་སྐྱེད་ཆོག་དབུ་འཛུག་པའི་ལས་རིམ་ལྟ་བུ་ནི་འདི་དག་ཏུ་གཏན་ནས་དགོས་པར་མ་གསུངས་ཕྱིར། ཆོ་ག་གཞུང་ཕྱི་མ་གང་དང་གང་གི་ལྷ་བསྐྱེད་པའི་སྐབས་ལ་བབ་པ་ན་གུ་རུ་རིན་པོ་ཆེ་ཉིད་སྐད་ཅིག་གིས་ལྷ་དེ་ཉིད་ཀྱི་རྣམ་པར་སྤྲུལ་པའི་ཚུལ་དུ་མོས་པ་ཁོ་ནས་འགྲུབ་པ་ལགས་ཏེ། དེ་ལྟར་ཡང་། གུ་རུའི་ཞལ་ནས། བདག་ནི་གང་ལྟར་མོས་པའི་སྐུར་སྣང་ཞིང་། སྣང་ཡང་སྐྱེ་མེད་རྡོ་རྗེ་སྙིང་པོའི་སྐུ། །དག་པས་སྣང་བ་དེ་དང་མཐུན་པར་བསྒོམ། །སྒོམ་དང་བསྒོམ་བྱའང་བློ་ཡི་སྤྱོད་ཡུལ་ཡིན། །ལེགས་པར་རྟོགས་ན་ང་ཉིད་ཀུན་ཏུ་བཟང་། །དོན་དམ་མ་བཅོས་ཐིག་ལེར་གཅིག་པའི་སྐུ། །དེ་ཉིད་རང་དང་གཉིས་སུ་མེད་པར་ལྟོས། ཅེས་དང་། དཀྱིལ་འཁོར་ཐམས་ཅད་བདེར་གཤེགས་ཐུགས་ཀྱི་ངང་། །མ་སྐྱེས་རྡོ་རྗེ་ལྷག་པའི་ལྷ་རུ་མཐོང་། །རང་བྱུང་ཡེ་ཤེས་རང་ཤར་ཡི་དམ་ལྷ། །གུ་རུའི་སྐུ་ཡི་རྣམ་འགྱུར་ཉིད་ཡིན་པས། །སྒྲུབ་ཐབས་མཐར་ཐུག་ཡིན་ནོ་རྟག་ཏུ་སྒོམས། ང་དང་


TR006_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་མངོན་སངས་རྒྱས། ཞེས་གསུངས་ཞིང་།། ༈ །།དེ་བཞིན་དུ། བདག་མདུན་ཐ་དད་རིམ་ཅན་དུ་སྒོམ་པ་ཐམས་ཅད་ཐུན་མོང་བའི་གདུལ་བྱ་དང་། དབང་པོ་འབྲིང་མན་ཆད་ལ་དགོངས་ནས་བསྟན་པ་ལགས་ཀྱི། དབང་རྣོན་སྐལ་རབ་ཀྱི་བློ་ལྡན་པ་ནི་བདག་བསྐྱེད་གཉིས་པོ་ཙམ་དུ་མ་ཟད་དེ། ཇི་ལྟར་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་ཐམས་ཅད་ནི་འོད་གསལ་དབྱིངས་ཀྱི་ཞིང་ཁམས་བརྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་གཞལ་ཡས་སུ་གདོད་ནས་གྲུབ་པ་དང་། བཅུད་ཀྱི་སེམས་ཅན་དུ་སྲིད་ཚད་ནི་ཀུན་བཟང་བླ་མའི་རྣམ་རོལ་སྐུ་གསུམ་ཡེ་ཤེས་ཀྱི་ལྷ་ཚོགས་སུ་རང་བྱུང་ཞིང་། དེ་ལྟ་བུའི་ཡིན་ཚུལ་ལམ་གནས་ཚུལ་འདི་ཉིད་ཀྱི་དབང་དུ་ནི། ཕྱི་ལྟར་སྣོད་དང་བཅུད། ནང་ལྟར་གཞལ་ཡས་དང་ལྷ་ཚོགས། གསང་བ་སྐུ་དང་ཞིང་ཁམས། དེ་ཁོ་ན་ཉིད་དུ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ངང་དུ་འདུ་འབྲལ་མེད་པར་མཉམ་པ་ཉིད་དུ་གདོད་ནས་དག་པ་ཆེན་པོར་རྫོགས་ཚུལ་ནི། གཞུང་ཐམས་ཅད་ལས་ཀྱང་། སྐུ་དང་ཞིང་ཁམས་


TR006_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་འདུ་འབྲལ་མེད། ཞེས་སོགས་གསུངས་པས་གསལ་མོད་ཀྱི།། ༈ །།དེའི་ཕྱིར་ན་བདག་མདུན་ཐ་དད་དུ་ལྟ་བའི་སྐབས་ཐོག་མ་ལགས་པས། ཅིར་སྣང་དག་པ་རབ་འབྱམས་གསང་གསུམ་མི་ཟད་རྒྱན་འཁོར་གྱི་ཀློང་ནས་ཆོ་གའི་ཚུལ་ཙམ་གྱི་བ་ནི་དོན་གྱི་གསལ་འདེབས་སུ་གདབ་པ་དང་། འོན་ཏེ་འདི་ལྟ་བུའི་ཚུལ་ནི་རྟོགས་པ་མངོན་གྱུར་གྱི་རྣལ་འབྱོར་ཆེན་པོ་དག་གི་སྤྱོད་ཡུལ་ཡིན་ཚེ། དང་པོ་ལས་ཀྱི་གང་ཟག་རྣམས་ཀྱིས་ཇི་ལྟར་བྱ་ཞེ་ན། དེ་ལྟ་བུའི་དོན་ཇི་ལྟ་བ་ཁོང་དུ་ཆུད་པར་མ་གྱུར་ཀྱང་། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་གནས་ལ་མོས་པ་རྒྱ་ཆེན་པོས་ཀྱང་འགྲུབ་པར་འགྱུར་བ་ནི་ཆོས་ཉིད་ཀྱི་བདེན་པའི་སྟོབས་ལགས་ཤིང་། དེའི་ངང་ནས་ལྷ་དང་དཀྱིལ་འཁོར་གྱི་རྣམ་གྲངས་གང་ཇི་སྙེད་པ་ཐམས་ཅད་རང་རིག་བླ་མའི་རོལ་རྩལ་ཡིན་ལ་ཡིན་པར་བློ་ངེས་པ་ཁོ་ནས་དོན་ཀུན་འགྲུབ་པར་འགྱུར་བ་སྟེ། གུ་རུའི་ཞལ་ནས། ང་ལ་བརྟེན་ནས་ཚོགས་


TR006_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི། །ཡོན་ཏན་བསྒྲུབ་པ་ཐམས་ཅད་ཀྱང་། །ང་ཡིན་ང་ནི་ཀུན་ཏུ་བཟང་། །ཀུན་བཟང་ཀུན་ལ་ཁྱབ་ཅིང་གདལ། །ཀུན་བྱེད་ཀུན་རིག་ཀུན་ཏུ་གསལ། །ཞེས་དང་། ང་ཡི་སྐུ་ཉིད་ཞི་བའམ། །ཡང་ན་ཁྲོ་བོར་བསྒོམ་ཀྱང་རུང་། །ཕྱག་རྒྱ་རྒྱན་གཅིག་པའམ་གཉིས། །ཞལ་ཕྱག་མང་ཉུང་ཅི་ལྟ་བུར། །སྒོམས་ཀྱང་འཁྲུལ་པ་ཡོང་ཡེ་མེད། །ཅི་ཕྱིར་ང་ནི་ཀུན་ཏུ་སྣང་། །ང་ཉིད་གཙོ་དང་འཁོར་དུ་བཅས། །མང་ཉུང་བློ་ཡི་བྱེ་བྲག་གིས། །ཇི་ལྟར་ནུས་པར་སྒོམས་ཡང་རུང་། །ཞེས་སོགས་གསུངས་ཕྱིར། དེས་ན་ཅིར་སྣང་བླ་མའི་དཀྱིལ་འཁོར་ཉིད་དུ་བསྒྲུབ་པའི་བདག་སྐྱེད་ཁོ་ནས་ཁོག་ཕུགས་ཏེ། ཡི་དམ་མཁའ་འགྲོ་ཐམས་ཅད་བླ་མའི་རྣམ་འགྱུར་དུ་ཤེས་པར་བྱ་བ་དང་། མཆོད་གཏོར་ཚོགས་འཁོར་སོགས་ཀྱང་རང་བྱུང་རང་ལ་མཆོད་པའམ། །ལྷ་ལ་ལྷ་མཆོད། ཆོས་ཉིད་ལ་ཆོས་ཉིད་རོལ། མཆོད་བྱ་མཆོད་བྱེད་གཉིས་མེད་དུ་ཤེས་


TR006_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འདི་སྐབས་ཀྱི་དགོངས་དོན་སྙིང་པོ་ལགས་པ་དང་། ཡང་། གལ་ཏེ་ཞི་ཁྲོ་ངེས་དོན་གྱི་བཤགས་སྐོངས་ལྟ་བུ་བྱེད་པའི་ཚེ་ན་ནི། བདག་མདུན་ཐ་དད་པའི་བསྒྲུབ་ཚུལ་དེ་ཀའི་རང་གཞུང་ནས་འབྱུང་བ་ལྟར་དང་། གཞན་ཡང་། སློབ་མ་ལ་དབང་བསྐུར་བའམ། རབ་གནས་དང་གཤིན་དོན་སོགས་ཁྱད་པར་བའི་བྱ་བ་བསྒྲུབ་དགོས་པའི་སྐབས་སུ་ནི་བདག་མདུན་སོ་སོ་ལས་ཀྱང་མདུན་བསྐྱེད་གཙོ་ཆེར་བསྒྲུབ་ཚུལ་ནི་ཆོས་སྤྱི་འགྲོ་དང་མཚུངས་པ་ཉིད་ལགས།། ༈ །།བདག་སྐྱེད་འབའ་ཤིག་པའི་སྐབས་ཉིད་ལའང་། བླ་མ་ཡི་དམ་མཁའ་འགྲོ་རྣམས་ནི་གོང་དུ་སྨོས་པ་བཞིན་དབྱེར་མེད་ཀྱི་མོས་བློའི་ངང་ནས་སྔ་ཕྱིའི་རིམ་པ་ཡང་ཆོག་སྒྲིག་ཉིད་ལྟར་གྲུབ་རྗེས། བཀའ་སྲུང་ཆོས་སྐྱོང་གི་རིགས་རྣམས་ནི་བདག་སྐྱེད་ཀྱི་རྣམ་པར་སྤྲུལ་པ་ཡང་སྤྲུལ་གྱི་བྱེ་བྲག་བཀའ་ཉན་ཕོ་ཉའི་ཚུལ་དུ་རང་གི་མདུན་དུ་གུས་པས་འཁོད་པར་དམིགས་ནས་


TR006_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་དང་ཕྲིན་ལས་བཅོལ་བར་བྱ་ཞིང་། དེ་དག་གི་གཏོར་མ་ནི་བར་འདིར་མི་བསྐྱེལ་ཏེ། ཐམས་ཅད་ཀྱི་མཐར་ཟོར་ཟློག་སོགས་དྲག་ལས་ཀྱི་སྐབས་ཡིན་ན་དེ་དང་མཐུན་པར་ཟོར་དུ་འཕངས་ཤིང་། རྒྱུན་གྱི་བསྐངས་གསོ་ལྟ་བུ་ལ་ནི་འཆད་མདོའི་མཐར་གཏོར་མ་རྣམས་ཕྱིར་འབུལ་བ་ལགས་ཏེ། འདིའི་དགོས་དོན་ནི། སྲུང་མའི་གཏོར་མ་རྣམས་ཕྱིར་འབུལ་བ་དང་མཚུངས་པར་དེ་རྣམས་དགྱེས་པར་འགྱུར་བར་བཤད་ཅིང་། གཏོར་མ་མ་ཕུལ་གྱི་རིང་ལ་དེ་རྣམས་ཀྱང་དམ་ཚིག་གི་གྲལ་དུ་འདུས་ནས་བཞུགས་པ་ཡིན་ཕྱིར། ཚོགས་དང་བསྐངས་བ་སོགས་མཐའ་དག་གིས་མཉེས་པར་བྱས་ནས་མཐར་འཆད་མདོ་སོགས་ཀྱིས་སྔོན་གྱི་དམ་ཚིག་བསྒྲག་ཅིང་གཏོར་མ་ཕུལ་ནས་གཤེགས་སུ་གསོལ་བ་ལགས།། ༈ །།ཆོག་སྒྲིབ་འདིའི་ཆོས་སྲུང་རྣམས་ཀྱི་གོ་རིམ་ཀྱང་གཞན་ནི་འདི་ཁོ་ན་ལྟར་


TR006_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྡོ་རྗེ་དེ་མོའི་གཏོར་ཆོག་ནི་ཐམས་ཅད་ཀྱི་རྗེས་ལ་བྱད་ན་འཐད་པར་སེམས་ཏེ། ཅིའི་ཕྱིར་ན། ཕོ་རྒྱུད་དང་མོ་རྒྱུད་ཀྱི་ཁྱད་པར་དང་། དེ་ལས་ཀྱང་མགོན་པོ་མ་ནིང་སོགས་ནི་ཡེ་ཤེས་པ་ཉིད་ཡིན་པ་དང་། གཟའ་དང་དམ་ཅན་ཡང་དོན་ལ་ཡེ་ཤེས་པ་ཡིན་ཀྱང་རྣམ་པ་ལྟར་ན་ཡེ་ཤེས་འཇིག་རྟེན་སོ་མཚམས་སུ་བཞུགས་པར་བཤད་ལ། དེ་མོ་ནི་ངོ་བོ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་ནའང་། གནས་སྐབས་སུ་འཇིག་རྟེན་པ་ཁོ་ནའི་ཚུལ་འཛིན་ཕྱིར། དེས་ན་རྗེས་མར་བྱེད་པའི་རྒྱུ་མཚན་དེ་བཞིན་ལགས། ལར་ཡང་རྙིང་མའི་ཆོས་སྐོར་མང་པོར་བདག་མདུན་ཟུང་འཇུག་ཏུ་བསྒྲུབ་པའི་ཚུལ་འདི་ཁོ་ནར་འབྱུང་བ་ཐུགས་ལ་མ་ཤོང་བར། རྒྱུད་དེའི་དགོངས་པ་མ་ཡིན་པར་སྔགས་བཙུན་སྐྱེ་བོ་དག་གི་བློ་བཟོར་འདུག་གསུངས་མཁན་དང་། ལས་བྱང་ཚར་གཅིག་གིས་བདག་མདུན་བུམ་གསུམ་གའི་གོ་ཆོད་པར་འདོད་པ་ཡང་རྙིང་ཧྲུལ་བ་དག་གི་ཟོག་ཆོས་སུ་གདའ་གསུངས་


TR006_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དབང་བསྐུར་གྱི་སྐབས་དག་ཏུའང་། གསར་མའི་ཕྱག་བཞེས་ལྟར་སློབ་དཔོན་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་གྱི་བདག་འཇུག་མི་བྱེད་པར། ཏིང་ངེ་འཛིན་གྱི་བདག་འཇུག་གིས་ཆོག་པར་འདོད་པ་ཡང་རྙིང་མའི་ཆོས་གཞུང་དང་གང་ཟག་རྣམས་ཚད་ལྡན་དུ་མི་འགྱུར་ཚུལ་སོགས་ཀྱི་བཀའ་བཀྱོན་སྣ་ཚོགས་མཛད་མཁན་སྔ་ཕྱི་དཔག་མེད་བྱུང་མོད་ཀྱང་། ཐེག་པའི་བྱེ་བྲག་དང་རྒྱུད་སྡེའི་རིམ་པ་མཐའ་ཡས་པའི་ཚུལ་གྱི་ཐུགས་བསམ་མ་གནང་བའི་སྐྱོན་ཤ་སྟག་ཏུ་འདུག་ནའང་། སོ་སོའི་བཞེད་པ་དང་ནི་མ་མཐུན། རྙིང་མའི་རྒྱུད་ཀྱི་ལུང་ཁུངས་རྗོད་རུང་རྒྱུད་ཉིད་ཀྱང་ཚད་མར་མི་འཛིན་ཚེ། བཀའ་བཀྱོན་མཛད་པ་པོ་རྣམས་སྐུ་དབང་གིས་གཅོད་པ་ལས་གཞན་པའི་ཐབས་མ་མཆིས་མོད་ཀྱི། གསར་མའི་རྒྱུད་སྡེ་དུས་ཀྱི་འཁོར་ལོ་མན་


TR006_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཐམས་ཅད་ནི་མ་ཧཱ་ཡོ་གའི་སྡེ་མཚན་ཡིན་ལ། རྙིང་ལུགས་ལ་དེའི་སྟེང་དུ་ཨ་ནུ་དང་ཨ་ཏི་སོགས་ཡོད་ཕྱིར་ཆོས་སྐད་མི་མཐུན་པའི་རྒྱུ་མཚན་ནི་དེ་ལྟ་བུའི་ཁྱད་པར་ཡིན་ནའང་། བློ་ལ་མི་ཤོང་མཁན་རྣམས་ལ་བརྗོད་པའི་དགོས་པ་ནམ་ཡང་མ་མཆིས་ཤིང་། རྙིང་མ་བར་རློམ་པའི་གཏི་ཐུག་འགའ་ཞིག་ཀྱང་། དཀོན་མཆོག་སྤྱི་འདུས་ཀྱི་པས་བྱང་འདི་ལ་བཞུགས་གསོལ་མ་ཚང་འདུག་ཟེར་བ་སོགས་ཀྱང་སྣང་བ་ནི། ལྷ་ཉིད་རང་ལ་རང་ཉིད་ལྷ། ཞེས་སོགས་ཀྱི་དགོངས་པ་མ་ལོན་པ་དང་། དོན་དམ་པར་ནི། རང་སེམས་བླ་མ་ལྷ་རུ་གནས། ཞེས་པ་ལྟར་ལགས་ཀྱང་གནས་སྐབས་གདུལ་བྱའི་མོས་བློ་དང་བསྟུན་ནས་ཡེ་ཤེས་པ་སྤྱན་དྲངས་པའི་ཚུལ་ཙམ་བགྱིས་པ་དེ་ཡང་རང་རང་ལ་དབྱེར་མེད་བསྟིམ་ཞིང་དམ་ཡེ་བསྲེས་ཚར་ནས་ཕྱི་རོལ་དུ་བཞུགས་སུ་གསོལ་རྒྱུ་ག་ལ་འོངས་ཀྱང་། ཆོས་ཀྱི་གོ་རྒྱ་མ་འཁྲོལ་བའི་རིགས་ལ་ནི། ལོག་པའི་


TR006_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་མཐའ་མེད་ཕྱིར། དེ་དག་འདིར་ནི་སྤྲོ་བྱ་མིན། ཞེས་པ་ལྟར་གྱུར་མོད།། ༈ །།འགག་དོན་དུ་ཅི་ཞུ་ན། བཀའི་ཕེབས་ཚོགས་ལྟར་གྱི་ཆོག་སྒྲིག་གནང་ཚུལ་ལ། ཐོག་མར་དཀོན་མཆོག་སྤྱི་འདུས། དེ་ནས། ཐུགས་རྗེ་ཆེན་པོ་སྣང་བ་མཐའ་ཡས། དེ་ནས་རྟ་ཕག་རྣམས་རིམ་པ་བཞིན་དང་། འགུར་དྲག་ཀྱང་ཞི་བ་ཉིད་ཀྱི་མཇུག་ཐོག་ཏུ་བྱས་ནའང་རུང་མོད་ཀྱི་དྲག་ལས་ཟོར་ཟློག་སོགས་ལས་བྱེད་ཀྱི་ལྷར་མཛད་དགོས་པའི་དབང་གིས་སྐབས་འདིར་འདུག་པ་ཤིན་ཏུ་འཐད་པ་དང་། དེ་ནས་བཀའ་བརྒྱད་དང་བཅས་ཏེ་ཡི་དམ་གྱི་ལས་གཞུང་ཐམས་ཅད་གྲུབ་རྗེས་མཁའ་འགྲོ་སེང་གདོང་མ་དང་། དེ་ནས་བཀའ་སྲུང་རྣམས་རིམ་ཅན་དུ་བྱ་ཞིང་། དེ་མཐར་ཚོགས་ལས་བསྐང་བ་སོགས་དང་། དྲག་ལས་གཙོ་བོར་བྱེད་ན་བསྒྲལ་ལས་སྟབས་པ། དྲག་པོ་བཀའ་བརྒྱད་སེང་གདོང་ཆོས་སྐྱོང་སོགས་


TR006_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དྲག་བསྐུལ་དང་། སྒོ་ཕྱེ་ལམ་བསྟན། འཆད་མདོ། གཏོར་ཟོར། བསྟན་སྐྱོང་། གཏོར་གཞོང་གི་འོག་ཏུ་དམ་སྲི་གནོན་པའི་བྲེ་སོགས་བྱ་བ་དང་། དྲག་ལས་བསྒྲུབ་སྐབས་མ་ཡིན་ན་ནི་ཚོགས་ལྷག་གི་མཇུག་ཏུ་འཆད་མདོ་བྱས་ལ་གཏོར་མ་རྣམས་འབུལ་ཞིང་། བཤལ་ཆུས་བསྟན་མ་བསྐྱང་། མཐར་རྗེས་ཆོག་གི་རིམ་པ་ཐམས་ཅད་ནི་གཞུང་ཉིད་ལྟར་མཛད་པ་དང་།། ༈ །།གོང་དུ་གུ་རུ་ཞི་བའི་འཛབ་ཀྱི་མཇུག་ཏུ་ཚེ་སྒྲུབ་ཀྱི་འཛབ་ནི་ལོང་ཁྱབ་དང་བསྟུན་ཞིང་། དབང་དང་འབྲེལ་ན་ནི་ངེས་པར་དགོས་ཏེ་ཚེ་འགུགས་ཀྱང་མཛད་ལ། དབང་དང་མི་འབྲེལ་ན་བདག་སྐྱེད་རྐྱང་སྒྲུབ་ཡིན་ཚེ། བུམ་པ་ཚེ་རིལ་ཆེ་ཆུང་སོགས་ཀྱང་དངོས་སུ་བཤམས་མི་དགོས་མོད་ཀྱི། དེ་དག་གི་དབང་ཚིག་རྣམས་ཆོག་སྒྲིག་གི་ཕྱག་དཔེར་བགོད་པ་གནང་འདུག་པ་ནི། དབང་གི་དུས་སུ་སློབ་དཔོན་གྱི་བརྗོད་པ་མ་གཏོགས་ཆོ་གའི་སྒྲིག་རིམ་ལ་ནི་མི་དགོས་པ་


TR006_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པར་མངའ་ལྟར་ལགས། མདོར་ན་ལས་བྱང་དེ་དག་སོ་སོའི་ལྷ་བསྐྱེད་པ་ཐམས་ཅད་གུ་རུ་ཉིད་ལྷ་དེ་དག་གི་རྣམ་པར་བཞེངས་པ་ཙམ་མ་གཏོགས། རེ་རེ་ལ་གཤེགས་བསྡུ་སོགས་ཀྱི་སྤྲོས་པ་གཏན་ནས་མི་འཚལ་བ་ནི་རྒྱུད་སྡེ་གོང་མར་གྱུར་པའི་ཁྱད་དོན་ལགས་པ་དང་།། ༈ །།ལོ་ཆེན་རིན་བཟང་གི་རྒྱུད་སྡེའི་རིམ་པ་སོ་སོའི་ལུགས་ལྟར་མཛད་པ་དང་། ཇོ་བོས་ཐམས་ཅད་གཅིག་ཏུ་དྲིལ་ཐབས་གནང་བ་དེ་གཉིས་གང་ཟག་རིམ་གྱིས་ས་དང་གཅིག་ཅར་བའི་ཁྱད་དོན་ལྟ་བུར་འདུག་མོད་ཀྱི། འདིར་ནི་ཆོག་གཞུང་འདི་དག་ཐམས་ཅད་རྒྱུད་སྡེ་གོང་མ་ཤ་སྟག་ཡིན་པའི་ཚུལ་ཡང་མཁྱེན་པ་ཡེ་ཤེས་ཀྱི་ཀློང་ཆེན་པོར་བཞུགས་པར་མཛད་དུ་གསོལ།། ༈ །།དེ་ལྟར་ཡང་རྗེ་ཉིད་རྒྱལ་བ་པདྨ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་སྒྱུ་འཕྲུལ་དུ་བྱོན་པ་ལགས་ཚེ། ཆོས་ཚུལ་འདི་དག་གི་གནས་ལ་མི་མཁྱེན་མི་གཟིགས་པ་


TR006_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཕྲ་རབ་ཙམ་ལྟ་ག་ལ་ཞིག་སྟེ། ཕྱི་རབས་རྗེས་འཇུག་གི་གདུལ་བྱ་ལ་དགོངས་ནས། བདག་ལ་གསང་སྔགས་རྙིང་ལུགས་ཀྱི་བབས་དང་འགྲོས་ལ་བསྟུན་པའི་སྐབས་དོན་སྨྲ་བར་གྱིས་ཤིག་པའི་བཀའ་རིན་པོ་ཆེ་ཇི་ལྟར་བསྩལ་བ་སྤྱི་བོར་བླངས་ཏེ། རང་གི་གོ་ཚོད་དང་། རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ་ཉིད་ཀྱི་ཕྱག་བཞེས་མཐོང་བ་བརྒྱུད་པ་ལྟར། ཅི་ནུས་སུ་ཡི་གེར་བཀོད་ནས་ཕུལ་བ་འདི་ཡི། དགེ་ཚོགས་སྟོན་ཀའི་ཟླ་ལྟར་དཀར་བའི་མཐུ་ནུས་ཀྱིས་མཁའ་མཉམ་འགྲོ་ཀུན་རྩ་གསུམ་དབྱེར་མེད་བླ་མ་མཆོག་གི་གོ་འཕང་ལ་འཁོད་པར་གྱུར་ཅིག །ཚུལ་འདི་གངས་ཅན་སྒྲུབ་རྒྱུད་མཐའ་དག་གི། གཙུག་རྒྱན་མཉམ་མེད་ཟླ་འོད་གཞོན་ནུ་ཡི། །སེང་གེའི་ཁྲི་ལ་ཡང་དག་གཟི་འབར་བའི། རྒྱལ་མཆོག་སྤྲུལ་པའི་སྐུ་དེའི་བཀའ་བཞིན་དུ། སྙིགས་མཐའི་ངང་ཚུལ་ལ་སྐྱོའི་སྤོང་བ་པ། སྣ་ཚོགས་རང་གྲོལ་


TR006_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་པོས་ཀོང་རོང་མཐིལ། རྒོད་ཚང་བྲག་གི་བྱ་སྐྱིབས་ག་ལ་བར། །བྲིས་ནས་ཕུལ་དགེས་གཞན་ཕན་འགྲུབ་པར་ཤོག །ཅེས། ཆུ་ཡོས་རྒྱལ་གྱི་ཟླ་བའི་དཀར་ཕྱོགས་མངོན་པར་འཕེལ་བའི་དུས་དགེ་བར་བྲིས་པ་མངྒ་ལཾ། ཡང་རེ་ཤིག་གི་ཚེ་མཚུངས་བྲལ་མཆོག་གི་སྤྲུལ་པའི་སྐུ་དེ་ཉིད་ཀྱིས་དྲི་བའི་ཆབ་ཤོག་སྩལ་བའི་ནང་ཚན་ཞིག་ཏུ། གསང་སྔགས་བླ་མེད་ཀྱི་དཀྱིལ་མཆོག་ཐམས་ཅད་དུ་གསུངས་པའི་ནང་མཆོད་ཀྱི་གཙོ་བོ་བདུད་རྩི་སྨན་གྱི་མཆོད་པ་དང་། རཀྟ་དམར་གྱི་མཆོད་པ་གཉིས་ཀྱི་ངོ་བོ་དང་དབྱེ་བ་སོགས་ལ་གཞུང་དང་བླ་མ་ཐ་དད་ཀྱི་ཕྱག་བཞེས་ངོས་འཛིན་སོགས་མི་འདྲ་བའི་ཁྱད་དོན་གྱི་དྲི་བ་འགའ་ཞིག་གནང་བའི་སྒེར་དོན་མདོར་བསྡུས་ཀྱི་མཆིད་ལན་ནི་སྔོན་དུ་ཕུལ་གྲུབ་པ་འདིར་མ་བཀོད་ཀྱང་། སྤྱི་དོན་འགའ་ཞིག་སླར་ཡང་ཞིབ་མནན་གྱི་ཚུལ་


TR006_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྙན་དབང་རིན་པོ་ཆེར་གསོལ་བ་ནི།། ༈ །།དེ་ཡང་སྤྱིར་གསང་སྔགས་ཀྱི་ཡོ་བྱད་དམ་རྫས་མཐའ་དག་ལ་རེ་རེ་ནས་ཐབས་ཤེས་ཟུང་འཇུག་གི་མཚན་ཉིད་རྫོགས་མོད་ཀྱང་། སྐབས་འདིར་སྨན་རག་གཉིས་པོའི་མཚན་ཉིད་ལ་ནི་བདུད་རྩི་ནི་བྱང་ཆུབ་ཀྱི་སེམས་དཀར་ཆ་ཐབས་ཀྱི་རང་བཞིན་གཙོ་ཆེ་བས་དཀྱིལ་འཁོར་གྱི་གཡས་སུ་བཤམས་ཞིང་། ཚོགས་འཁོར་དང་གནས་ཁང་བདག་གཞན་སོགས་སྣོད་བཅུད་ཀྱི་དངོས་པོ་ཀུན་ལ་འཐོར་བ་ཙམ། འདི་ལ་གཞུང་ལ་ལར། འབྱོར་ན་གཏོར་མ་ཇི་ཙམ་ཡོད་པའི་གྲངས་དང་མཉམ་པར་བདུད་རྩིའི་སྣོད་བཤམས་པར་གསུངས་སོ། གྱིས་དྲ་དྲི་འབགས་རྩོགས་ཉེས་སྒྲིབ་གདོན་བགེགས་སོགས་མཐའ་དག་སེལ་ཞིང་བྱིན་གྱིས་རློབས་པའི་ནུས་པར་ལྡན་པའི་ཐབས་ཀྱི་དམ་རྫས་ཡིན་ལ།། ༈ །།རཀྟ་ནི་ཤེས་རབ་དམར་ཆ་ཡུམ་གྱི་རང་བཞིན་གཙོ་ཆེ་བས་ལྷ་ཚོགས་མ་ལུས་དགྱེས་པ་བསྐོངས་ཞིང་དམ་ཚིག་ཉན་པོའི་རྒྱུད་བསྐུལ་ནས་རང་བཞིན་གྱིས་ཕྲིན་ལས་ཐོགས་


TR006_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་འགྲུབ་པར་བྱེད་པའི་ལྷ་ཚོགས་དབང་དུ་བསྡུད་པའི་དམ་ཚིག་གི་རྫས་ཡིན་ཕྱིར་དཀྱིལ་འཁོར་གྱི་གཡོན་གྱི་ཆར་གཤམས་པ་དང་།། ༈ །།གཏོར་མ་ནི་ཡབ་ཡུམ་ཐབས་ཤེས་སྣང་སྟོང་ཟུང་དུ་འཇུག་ཅིང་གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པའི་དམ་རྫས་ཀྱི་གཙོ་བོ་ཡིན་ཕྱིར་དབུས་སུ་བཤམས་པའི་གྲངས་མང་ན་ཇི་ལྟར་རིགས་པར་བཀོད་དེ། འདི་ལ་ནི་བྱེ་བྲག་ཏུ་ལྷ་བསྙེན་པའི་སྐབས་སུ་བདག་སྐྱེད་གཙོ་ཆེ་བས་གཏོར་ཞལ་རང་ཉིད་ལ་སྟོན་པར་བཤམས་པ་དང་། སྒྲུབ་པའི་སྐབས་སུ་མདུན་གཙོ་ཆེ་བས་གཏོར་ཞལ་དཀྱིལ་འཁོར་གྱི་སྟོན་པ་དང་། ལས་སྦྱོར་གྱི་སྐབས་སུ་དམིགས་ཡུལ་གཙོ་ཆེ་བས་གཏོར་ཞལ་དམིགས་བྱ་གང་ཡིན་གྱི་ཕྱོགས་སུ་སྟོན་དགོས་པར་བཤད་པ་སོགས་འབྱུང་མོད་ཀྱི།། ༈ །དེས་ན་གོང་གི་འཕྲོར། སྨན་རཀ་གཉིད་


TR006_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་དང་བྱེད་ལས་བཤམས་ཚུལ་སོགས་སྤྱི་ཙམ་དུ་ནི་དེ་ལྟར་ལགས་ཤིང་།། ༈ །།བྱེ་བྲག་ཏུ་སོ་སོའི་རྒྱུ་དང་སྦྱར་ཚུལ་གྱི་རིམ་པའི་དབང་དུ་བགྱི་ན། དིང་སང་གི་ཆོ་ག་མཁན་པོ་ཕལ་མོ་ཆེས་ནི། སྣོད་གཉིས་ཀར་ཆང་ཕུད་ཕལ་པ་རེ་བླུགས་པ་ལ་བྱིན་རླབས་ཀྱི་ཚིག་བཤར་རེ་ཙམ་ངག་འདོན་བྱས་པ་དེས་བདུད་རྩི་དང་རཀྟའི་གོ་ཆོད་པ་ཡིན་རྒྱུར་རློམས་མོད་ཀྱང་། དེས་ནི་ལྷ་ཚོགས་ཐུགས་དམ་སྐོང་བ་དང་སྲུང་མ་ལ་འདུ་ནུས་པར་དཀའ་ཞིང་། དེ་མ་ནུས་ཚེ་དགོས་དོན་གྱི་དངོས་གྲུབ་དང་ཕྲིན་ལས་འགྲུབ་པ་སོགས་ཀྱང་ག་ལ་འབྱུང་སྟེ། ཆོ་གའི་གཟུགས་བརྙན་ཙམ་དུ་ཟད་མོད། ལྷ་དང་དམ་ཅན་འདུ་བར་བྱེད་པ་ལ་སྒྲུབ་པ་པོ་དམ་ཚིག་གཙང་ཞིང་ལྟ་དགོངས་དང་ལྡན་པ། སྔགས་ཚིག་དང་ཆོ་ག་དག་ཅིང་ཏིང་ངེ་འཛིན་གསལ་བ། རྫས་དང་ཡོ་བྱད་འཛོམས་ཤིང་གཙང་སྦྲ་འཐོན་པ་སོགས་དགོས་པར་གསུངས་པའི་ཕྱིར་རོ།། ༈ །།དེས་ན་དང་པོར་


TR006_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་གཞི་མ་ནི་ཛ་གད་དཔའ་བོ་ཞེས་ཆང་སྣ་ལྔ་ཡིན་ཏེ། ནས་ཆང་། འབྲས། གྲོ་ཆང་། རྒུན་ཆང་། མེ་ཏོག་བྲང་ཆང་ཆང་དང་ལྔ་ཡིན་ལ། དེ་ལ་འདེབས་རྒྱུའི་རྫས་ནི་བདུད་རྩི་ཨ་མྲྀ་ཏ་སྟེ། སྤྱིར་བདུད་རྩི་ལ་ཆོས་བདུད་རྩི། དོན་བདུད་རྩི། རྟག་བདུད་རྩི། དམ་རྫས་བདུད་རྩི། སྨན་བདུད་རྩི་དང་ལྔ་ཡོད་པའི་ནང་ནས་སྐབས་འདིར་རྗེས་མ་གཉིས་པོ་ལ་འཇུག་པ་ལགས་ཤིང་། དེ་གཉིས་ཀྱི་དམ་རྫས་བདུད་རྩི་ནི་རང་བྱུང་ལུས་ཀྱི་བདུད་རྩི་ཆེ་ཆུང་གཉིས། བྱང་སེམས་ཐབས་ཤེས་གཉིས། ཤ་ཆེན་གྱི་དྭངས་མ་མ་དྷྱ་པ་ཞེས་པའམ་བོད་སྐད་དུ་དབུས་གནས་ཅེས་བྱ་བ་རྐང་དང་། གོ་རོ་ཙ་ན་གཉིས་པོ་གང་རུང་སྟེ། དེ་ལྟར་རྩ་བའི་བདུད་རྩི་ལྔ་ནི་དམ་རྫས་བདུད་རྩི་ཡིན་ལ། དེ་ལྔའི་སྐྱོབས་དང་འཕྲོད་དུ་འགྱུར་བའི་རྫས་རྣམས་ལ་ནི་སྨན་བདུད་རྩི་ཅེས་བྱ་སྟེ། དེ་ལྟར་རྩ་བ་དང་སྐྱོབས་རྣམས་ཚང་བར་སྦྱར་བ་ནི་རྩ་བརྒྱད་ཡན་ལག་སྟོང་


TR006_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་གྱི་བདུད་རྩི་ཡིན་པ་དང་།། ༈ །།བདུད་རྩི་ལྔའི་རྩ་བ་བརྒྱད་ལའང་། ཕྱིའི་རྩ་བ་བརྒྱད། ནང་གི་བརྒྱད། གསང་བའི་བརྒྱད། དེ་ཁོ་ན་ཉིད་ཀྱི་བརྒྱད་ཟུག་པ་རྩ་བའི་བདུད་རྩི་བརྒྱད། འདྲིལ་བ་སྡོང་པོའི་བརྒྱད། གྱེས་པ་ལོ་འདབ་ཀྱི་བརྒྱད། སྨིན་པ་འབྲས་བུའི་བདུད་རྩི་བརྒྱད་དེ། དེ་ལྟར་བདུད་རྩིའི་རྩ་བ་བརྒྱད་བརྒྱད་དྲུག་ཅུ་རྩ་བཞི་ཡོད་དོ།། ༈ །།ཡན་ལག་སྟོང་ནི། བདུད་རྩིའི་རྣམ་གྲངས་ལྔ་པོ་རེ་རེ་ལ་ནང་ཚན་བརྒྱ་བརྒྱ་ཡོད་པ་བསྡོམས་ལྔ་བརྒྱ་དང་། །དེ་རེ་རེའི་སྐྱོབས་ལྔ་བརྒྱ་རྣམས་བསྡོམས་པས་སྟོང་དུ་ཚང་བར་ཚུལ་བཞིན་སྦྱར་ནས་བསྒྲུབས་པ་དེ་ལ་བདུད་རྩི་འདི་དག་གི་ངོས་འཛིན་ནི་བདུད་རྩི་རྒྱུད་རྣམས་དང་སྨན་སྒྲུབ་ཀྱི་གཞུང་དག་ལས་འབྱུང་མོད་ཀྱི། འདི་ནི་ཡི་གེ་མང་བར་འགྱུར་བ་དང་། སོ་སྐྱེ་ཕལ་པའི་བློར་མི་ཤོང་བས་གསང་སྔགས་གསང་སྒྲོགས་རུ་འགྱུར་ཕྱིར་མ་བཀོད་དོ། །ཨ་མྲྀ་ཏ་ཞེས། བོད་སྐད་དུ་འཆི་མེད་དང་། ར་ས་ཡཱ་ན་ཏེ་བཅུད་ཀྱི་ལེན་དུ་གྲགས་པ་འདི་ཉིད་ཀྱི་ནུས་པ་ནི་བསམ་


TR006_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་སྟེ། བདུད་རྩི་མཆོག་གི་ལུང་བམ་སོ་བརྒྱད་པ། བདུད་རྩི་འཁོར་ལོ་འབར་བ། བདུད་རྩི་བུམ་པ། བདུད་རྩི་རིན་པོ་ཆེ་ཆོས་ཉིད་གསང་བའི་རྒྱུད་ལ་སོགས་པ་བདུད་རྩིའི་རྒྱུད་སྡེ་མཐའ་དག་ནས་རྒྱ་ཆེར་གསུངས་ཀྱང་འབྲི་བར་མ་ལང་མོད་ཀྱི། འགག་དོན་མདོར་བསྡུས་པའི་ཕན་ཡོན་དུ། ཨོ་རྒྱན་རིན་པོ་ཆེའི་གསུངས་ལས། བདེར་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་བསྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་སྲོག་ཡིན། སོགས་དང་། བླ་མ་མཆོད་ན་བྱིན་རླབས་འབྱུང་། །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེར་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། མཁའ་འགྲོ་མཆོད་ན་ལུང་ཡང་སྟོན། །སྒྲུབ་པ་པོའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་སེལ། །ནང་གི་སྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །དམ་ཚིག་ཉམ་ཆགས་ཐམས་ཅད་སྐོངས། བཅངས་པས་དུས་མིན་འཆི་བ་ཟློག །


TR006_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་དུག་ཡང་འཇིལ་བར་ནུས། །བསྲེགས་པས་གདོན་བགེགས་ཐམས་ཅད་སྐྲོད། །བྱུག་པས་ནད་གདོན་མ་ལུས་འཇོམས། །ཞེས་དང་། འདི་ཉིད་བསྒྲུབས་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་མཚུངས་ཏེ། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཡུལ་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་ཕེབས་ཅིང་ལོ་ཕྱུགས་ལེགས། །གང་དུ་བསྒྲུབས་པའི་གནས་དེ་རུ། །སུ་དད་མི་རྣམས་ཏིང་འཛིན་འཆར། །འདི་ཟོས་ཚེ་ཡི་དུས་བྱས་ཀྱང་། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་པ་འདི་ཙམ་གྱིས་དོན་སྟོན་པར་འགྱུར་ཕྱིར། རྒྱས་པར་ནི་ཡི་གེ་མང་བར་འཛེམས་ནས་མ་བཀོག་པས།། ༈ །།དེས་ན་གོང་དུ་བརྗོད་པའི་ཆང་སྣ་ལྔ་པོ་ལ་ཨ་མྲྀ་ཏ་འདི་ཉིད་བཏབ་ཅིང་། གསང་སྔགས་གསར་མ་ལྟར་ན་བདུད་རྩི་རིལ་བུ་ཚུལ་དང་བསྒྲུབ་པ་ཉིད་བཏབ་ཀྱང་ཁྱད་པར་མ་


TR006_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ལ། འདིའི་བུངས་བསྐྱེད་ཅིང་ཁ་དོག་དྲི་རོ་བཟང་བར་བྱ་ཕྱིར་དུ་སྨན་བདུད་རྩིའི་ཕྱིའི་རྩ་བ་བརྒྱད་པོ་ཀ་ར་དང་སྦྱར་ནས་ཅི་འབྱོར་དུ་འདེབས་པ་ཡིན་ཏེ། བརྒྱད་པོ་དེ་ནི་སྔོན་དཔལ་ཆེན་པོས་རུ་དྲ་བཏུལ་བའི་ཚེ་ཁོའི་ཟག་པ་རྒྱ་མཚོར་ལྷུང་བ་བདུད་རྩིའི་ཤིང་དུ་སྐྱེས་པའི་རྩ་བ་ཀླུ་ཡུལ་དུ་ཟུག །སྡོང་པོ་མི་ཡུལ་དུ་སྐྱེས། ལོ་འདབ་མེ་ཏོག་འབྲས་བུ་རྣམས་ལྷ་ཡུལ་འཕྱོ་བ་བྱུང་ཞིང་། དེ་ལ་སྨན་གྱི་རྩ་བ་བརྒྱད་པོ་ཚང་བར་ཡོད་པ་ནི་ད་ལྟ་གཏེར་ནས་བྱོན་པའི་གུ་རུ་པདྨ་འབྱུང་གནས་ཉིད་ཀྱིས་བསྒྲུབས་པའི་དམ་རྫས་ཕབས་རྒྱུན་རྣམས་ལ་ཚང་བར་གསུངས་ལ། ད་ལྟ་ནི་དེ་དང་ཆ་མཐུན་པའི་སྨན་སྣ་བརྒྱད་པོ་འདི་འདེབས་པར་གཞུང་ལས་བཤད་དེ། རྩ་བ་མཱུ་ལ། སྡོང་པོ་ཙནྡ། ཡལ་ག་ལི་ཤི། ཤུན་པ་ཤིང་ཚ། ལོ་མ་གནྡྷ་ཏྲ། མེ་ཏོག་གུར་ཀུམ། འབྲས་བུ་ཛཱ་ཏི། སྙིང་པོ་ག་བུར་དང་བརྒྱད།


TR006_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང་། དེ་རྣམས་ཀྱི་ནང་ནས་གཞན་གོ་སླ་ཡང་། མཱུ་ལ་གསོ་རིག་གཞུང་ནས་འབྱུང་བའི་པུཥྐ་མཱུ་ལ་ཞེས་པ་དེ་ཡིན་ཞིང་། གནྡྷ་པ་ཏྲ་ནི་བོད་སྐད་དུ་དྲི་ཡི་ལོ་མ་ཞེས་པ་སྟེ། གསོ་རིག་ཏུ་ནི་དྲི་བཟང་ཞིའི་ནང་མཚན་གྱི་གོ་ལའམ་ག་ཡུ་ཞེས་པ་ལ་བཞེད་ཀྱང་། སྐབས་འདིར་ནི། རྒྱ་གར་གྱི་ཙནྡ་ལོ་མ་དངོས་རྙེད་ན་རབ། མ་རྙེད་ན་བོད་ཀྱི་ཙནྡ་ནི་ཤུགས་པ་ཡིན་ཕྱིར། ཀླུངས་ཤུགས་ཀྱི་ལོ་མ་གཙང་མས་རུང་བར་བཤད། དེས་ན་ཆང་སྣ་རྣམས་ལ་འདི་དག་ཚང་བར་སྦྱར་ཞིང་ཨ་རུ་ར་དང་ཀ་ར་ཡང་ཅི་འབྱོར་བཏབ་པ་བཤམས་ནས་བྱིན་གྱིས་བརླབ་དགོས་རུང་། ཆང་ཉིད་ཀྱང་ད་ལྟའི་ཆང་ཕལ་པ་གཙང་སྦྲ་མ་བྱས་པའི་ཉག་ཉོག་གང་རྙེད་ལ་བྱེད་པ་འདི་འདྲས་ནི། ཡེ་ཤེས་ཀྱི་ལྷ་ལ་གཙང་དམེའི་འཛིན་རྟོགས་མི་མངའ་ཡང་འཁོར་གྱི་མཁའ་འགྲོ་བཀའ་སྲུང་དམ་ཅན་གྱི་ཚོགས་རྣམས་རུ་ང་དང་འཁུ་ལྡོག་སྐྱེན་པས་


TR006_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གིས་རྫས་དང་མཆོད་གཏོར་ལ་འབགས་རྩོགས་ཤོར་ན་དེ་དག་མི་དགྱེས་པའི་བཀའ་ཆད་ཀྱི་ཉེས་སྐྱོན་ཇི་སྙེད་པ་ཡུལ་ཁམས་སྤྱི་དང་སྒོས་སུ་ཡོན་མཆོད་གང་ཡིན་རྣམས་ལ་ཕྲལ་དུ་འབྱུང་བས་ན། དམ་རྫས་ཚོགས་ཤིང་གཙང་བར་གལ་ཆེ་ཕྱིར། ད་ལྟ་བདག་ཅག་ནི་རང་གི་ཉེ་སྐོར་དུ་ཆང་གི་རིགས་ཀྱི་དྲི་ཙམ་རླུང་ཕྱོགས་སུ་ཡང་མི་བསྟེན་པའི་གཤིས་ཀྱིས། བདུད་རྩིའི་རྒྱུ་ནི་སྨན་སྒྲུབ་བྱེད་པའི་སྐབས་ནས་གོང་དུ་བརྗོད་པའི་ཆང་སྣ་ལྔ་པོ་རྒྱུ་དང་སྣོད་དང་ཡོ་བྱད་ལག་བྱད་མཁན་སོགས་གང་སྤྱིར་གཙང་སྦྲ་མཐའ་ཕྱིན་དུ་བྱས་པའི་ཆང་དེ་དག་རོ་ཡང་གཞན་ལས་ཁྱད་ཐོན་ཡ་མཚན་པར་འོང་སྣང་བ་དེ་ཉིད་རྩ་བའི་སྨན་རྣམས་དང་ཨ་མྲྀ་ཏ་སྦྱར་བའི་ཕྱེ་མ་རྒྱུན་དུ་ཚགས་ནས། ཚེས་བཅུ་སོགས་ནམ་དགོས་ཀྱི་སྐབས་སུ་ཕྱེ་མ་དེ་ཆུ་གཙང་ལ་ཀ་ར་དང་ལྷན་ཅིག་བཏབ་


TR006_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤམས་པ་ལགས། མདོར་ན་བདུད་རྩི་མཚན་ཉིད་དང་ལྡན་པའི་ཡོན་ཏན་དང་ནུས་པ་ནི། ཇི་སྐད་དུ། དགོངས་འདུས་ལས། །བདུད་རྩིའི་སྣོད་ནི་ཀ་པཱ་ལ། །བཅུད་ནི་བྱང་ཆུབ་སེམས་ཀྱི་རྒྱུན། །རྐྱེན་ནི་འབྲུ་གསུམ་ནུས་པས་བྱས། །དོན་ནི་སྐྱེ་འཆི་མེད་པ་ལ། །ལས་ནི་རྟོག་པའི་དྲ་བ་འཇོམས། །དེ་ཕྱིར་བདུད་རྩི་ཨ་མྲྀ་ཏ། །ལྷ་ལ་ཕོ་ན་དགྱེས་སྐོངས། །སྲིད་ལ་ཕོག་ན་དམ་ལ་འདུ། །རྣལ་འབྱོར་ལ་ཕོག་སྒྲིབ་པ་སྦྱོང་། དགྲ་ལ་ཕོག་ན་ཐལ་བར་རློག །བགེགས་ལ་ཕོག་ན་མྱོས་སུ་འཇུག །རྫས་ལ་ཕོག་ན་ནུས་པ་བསྐྱེད། །གང་ལ་ཕོག་ཀྱང་སྟོབས་དང་ལྡན། ཞེས་པ་དེ་ལྟ་བུའི་མཚན་ཉིད་དང་ལྡན་པར་བྱིན་གྱིས་རློབས་པར་གསུངས་པ་ལགས། གཉིས་པ་རཀྟ་ལ་ཡང་ངོ་བོ་དང་ངེས་ཚིག་དབྱེ་བ་རྣམས་ཀྱི་དབང་དུ་བགྱི་ན། །རཀྟའི་ངོ་བོ་ལ་ལྔ་སྟེ། སྲིད་པ་གཞིའི་རཀྟ་ནི་འབྱུང་


TR006_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆུ། སྣང་བ་བརྡའི་རཀྟ་ནི་ཁ་དོག་དམར་པོ་གྱུར་ཚད། འགྱུར་མེད་དོན་གྱི་རཀྟ་ནི་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཐའ་ཡས། འཁོར་བ་རྒྱུའི་རཀྟ་ནི་མའི་མངལ་ཁྲག །འབྲས་བུ་ཆེན་པོའི་རཀྟ་ནི་གདུག་པ་རཱུ་་ཏྲ་བསྒྲལ་བའི་སྙིང་ཁྲག་ཡིན་པར་བཤད།། ༈ །།རཀྟའི་མིང་གི་ངེས་ཚིག་ནི། སཾ་སྐྲྀ་ཏའི་སྐད་དུ་སྐད་དུ་རཀྟ། བོད་སྐད་དུ་ནི་ཁ་དོག་གི་སྐབས་སུ་ནི་དམར་པོ་ལ་འཇུག་བྱེད་ལས་ཀྱི་སྐབས་སུ་ནི་ཆགས་པ་ལ་འཇུག །དངོས་པོའི་སྐབས་སུ་ནི་ཁྲག་ལ་འཇུག་པ་སྟེ། སྐབས་འདིར་ནི་ཁྲག་ལ་དེ་ཐམས་ཅད་ཚང་བར་བཤད་དོ།། ༈ །།དབྱེ་བའི་རྣམ་གྲངས་ནི། རཀྟའི་རྩ་བ་བརྒྱད་དང་ཡན་ལག་སུམ་ཅུ་རྩ་ལྔ། དེའི་ཡན་ལག་ནི་གྲངས་ལས་འདས་པར་བཤད་དེ། དེ་ལས་རྩ་བ་བརྒྱད་ནི། ཡབ་ཀྱི་སྣ་གཡས་པའི་རཀྟ། ཡུམ་གྱི་པདྨའི་རཀྟ། སྲིད་པ་ཆགས་པའི་ལྟེ་ཁྲག །གཡུལ་


TR006_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསད་པའི་དཔའ་བོའི་སྙིང་ཁྲག་སྟེ་ནང་གི་རྩ་བ་བཞི་དང་། སྟག་གཟིག་སོགས་གཅན་གཟན་གྱི་ཁྲག །བྱ་རྒོད་སོགས་འདབ་ཆགས་ཀྱི་ཁྲག་རྟ་བོང་སོགས་རྨིག་ཟླུམ་གྱི་ཁྲག །གཡག་སོགས་རྨིག་བྲག་གི་ཁྲག་སྟེ་ཕྱིའི་རྩ་བ་བཞི་པོ་བསྡོམས་པས་རཀྟའི་རྩ་བ་བརྒྱད་དོ།། ༈ །།ཡན་ལག་སུམ་ཅུ་རྩ་ལྔ་ལ། མཚལ། ལི་ཁྲི། བཙག །ལྡོང་རོས། རྡོ་དྲེག་སྟེ་སའི་རཀྟ་ལྔ། ཙནྡ་དམར་པོ། སེང་ལྡེང་། མཛོ་མོ་ཤིང་། གོརྴི་ཥ། ཤིར་ཤིང་དམར་པོ་སྟེ་ཤིང་གི་རཀྟ་ལྔ། པདྨ་རཱ་ག །བྱུ་རུ། མཆོང་དམར། མེ་ཤེལ། རྡོ་རྒྱུས་དམར་པོ། སྦལ་རྒྱབ་གང་རུང་སྟེ། འདི་གཉིས་མ་རྙེད་ན། ལྟར་བུ་དང་ཀཎྜ་ཀཱ་རི་དམར་པོ་ལ་རུང་བར་བཤད། རྡོའི་རཀྟ་ལྔ། ཧ་ལོ། ཁུག་ཆོས། གླང་སྣ། སེ་རྒོད། ལུག་རུ་དམར་པོ་སྟེ། མེ་ཏོག་གི་ཤིང་རཀྟ་ལྔ། ར་མོ་ཤག །ཉེ་ཤིང་ས་སྙ་ལོ། གྲོ་མ། ཉུང་མ་འདིའི་དངོས་དེ་ནི་མདོ་ཁམས་ཀློང་ཐང་སོགས་སུ་སྐྱེ་བའི་ཁྲག་ཉུང་ཞེས་པ་དེའོ། དམར་པོ་སྟེ། རྩ་བའི་


TR006_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་ལྔ། རྒུན་འབྲུམ། རམ་བུ། ཁ་སྲན་བྲེའོ། བ་མཁལ་སྨུག་པོ། ཀྱུ་རུ་ར་ཏེ། འབྲས་བུའི་རཀྟ་ལྔ། རྒྱ་སྐྱེགས། སིནྡྷུ་ར། འབྲི་མོག་བུ་རམ། བྲག་ཞུན་ཏེ་རྩིའི་རཀྟ་ལྔ་རྣམས་ཐམས་ཅད་དྲིལ་བས་རཀྟ་སུམ་ཅུ་རྩ་ལྔ་པོ་ནི་གཙོ་བོ་ལྟ་བུ་ཡིན་ལ། དེའི་ཡན་ལག་ཏུ་ནི། རྫ་ས་སོགས་ས་དམར་ཀྱི་རིགས་སུ་གྱུར་ཚད་དང་། རིན་ཆེན་ནལ་དང་ཟངས་སོགས་རྡོ་རིགས་དམར་པོ་ཐམས་ཅད། བཙོད་དང་འོམ་བུ་སོགས་ཤིང་ལྡུམ་དམར་པོ་ཐམས་ཅད། ཨུཏྤལ་དམར་པོ་དང་ཤང་དྲིལ་དམར་པོ་སོགས་མེ་ཏོག་དམར་པོ་ཐམས་ཅད་གཙོང་དམར་དང་ས་འདྲེས་སོགས་རྩ་བ་དམར་བའི་རིགས་ཐམས་ཅད། སྣ་མའི་འབྲས་བུ་དང་འོལ་མ་སི་སོགས་འབྲས་བུ་དམར་པོ་ཐམས་ཅད། འབྲས་དམར་དང་ཁྲོ་དམར་འབྲི་ར་ས་འཛིན་གཟིར་སོགས་འབྲས་བུའི་རིགས་དམར་བ་ཐམས་ཅད་དབྱི་མོང་།། ༈ །།དེ་ལྟར་རཀྟའི་རྣམ་གྲངས་སྤྱིར་བསྟན་ནས་


TR006_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིའི་དགོས་དོན་སྙིང་པོ་མདོར་བསྡུས་ཏེ་བཤད་པ་ནི། མ་ཧཱ་རཀྟ། མཱུ་ལ་རཀྟ། གུ་ཧེ་རཀྟ་དང་གསུམ་པོ་གསང་སྔགས་བླ་མེད་ཀྱི་ཆོག་གཞུང་ཕལ་ཆེར་དུ་འབྱུང་ཕྱིར། དེ་ལས་དང་པོ་མ་ཧཱ་རཀྟ་ནི་གདུག་པ་ཅན་བསྒྲལ་བའི་ཁྲག་ཆེན་ལ་འཇུག་ཅིང་། ད་ལྟ་ན་དམིགས་རྟེན་ཙམ་དུ་སྲོག་ཆགས་གཡག་དང་ར་སོགས་ཀྱི་ཁྲག་གཙང་མས་རུང་ལ།། ༈ །།གཉིས་པ་མཱུ་རཀྟ་ནི་སྣོད་བཅུད་ཆགས་པའི་རྒྱུའི་རྩ་བ་ལ་འཇུག་ཕྱིར། ཆུ་གཙང་མ་ལ་གོང་དུ་བརྗོད་པའི་སྨན་རྫས་དམར་པོའི་རིགས་རྣམས་ཅི་འཛོམས་དུ་བཏབ་པས་རུང་བ་དང་།། ༈ །།གསུམ་པ་གུ་ཧྱ་རཀྟ་ནི་མཚན་ལྡན་གྲོང་པའི་ཆོས་ཀྱི་མ་གོས་པའི་པད་རཀྟ་ལ་འཇུག་ཀྱང་། མ་རྙེད་པའམ་གང་ཟག་གི་བློར་མ་ཤོང་ན། སིནྡྷུ་ར་དང་། རཀྟ་བྱིན་རླབས་ཀྱི་སྐབས་སུ་ལྷ་མོ་རྡོ་རྗེ་སྒེགས་མོ་བསྐྱེད་པའི་གསང་བ་ནས་རཀྟའི་རྒྱུན་


TR006_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ་སོགས་དམ་ཚིག་གི་རཀྟའི་རྒྱ་མཚོ་ལ་ཡེ་ཤེས་ཀྱི་རཀྟའི་ཆར་རྒྱུན་ཕབས་ཅིང་བསྟིམ་པ་དེ་ཀས་ཆོག་པ་སྟེ། མདོར་ན། རཀྟའི་མཆོད་པ་དངོས་སུ་བཤམས་ཞིང་འབུལ་རྒྱུ་ནི་འདིར་འདུ་ལ། ཡང་། པདྨ་མམ་སར་སྦྱར་བའི་རཀྟ་དང་། ཞེས་སོགས་ཆོག་གཞུང་ལས་གསུངས་བའི་དོན་ནི་ཐུགས་དམ་བསྐངས་རྫས་ཀྱི་རྣམ་གྲངས་བརྗོད་པ་སྟེ། པདྨའི་སྣོད་ནི་ཐོད་པ། མམ་ས་ནི་དགྲ་གེགས་བསྒྲལ་བའི་དབང་པོ་ལྔ་དང་དོན་རྙིགས་སོགས་དང་། རཀྟ་ནི་དེའི་སྙིང་ཁྲག་སོགས་ལ་འཇུག་པ་དང་། ཡང་། དུག་གསུམ་རྩད་གཅོད་ཀྱི་མཆོད་པ་ལ། གཏི་མུག་ཤའི་ཕུང་པོ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་རི་རབ་སོགས་གསུངས་པ་ནི། ངོ་བོ་ཉོན་མོངས་པ་དུག་གསུམ་པོ། རྣམ་པ་དགྲ་གེགས་ཀྱི་ཤ་ཁྲག་རུས་གསུམ་གྱིས་མཆོད་པས། འབྲས་བུ་སྐུ་གསུམ་དབྱིངས་སུ་སྦྱོར་བའི་ཐབས་དང་། ཡང་། རྟེན་འབྲེལ་བཅུ་གཉིས་མཱུ་ལ་རཀྟ་ཞེས་


TR006_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་མཱུ་ལ་ནི་རྩ་བའི་སྐད་དོད་ཡིན་ཕྱིར། འཁོར་བར་འཁྱམས་པའི་རྒྱུ་ནི་རྟེན་འབྲེལ་བཅུ་གཉིས། བཅུ་གཉིས་པོའི་རྩ་བ་ནི་མ་རིག་པ་ལ་འདུས་པས། མ་རིག་པ་རྩད་ནས་ཆོད་པ་ནི་རིག་པ་ཡེ་ཤེས། རིག་པའི་ཡེ་ཤེས་རང་ངོ་ཤེས་ཤིང་མངོན་དུ་གྱུར་པ་ནི་འཁོར་བའི་ས་བོན་བཅོམ་པ་ཡིན་པའི་དོན་གྱིས། རྒྱུ་དྲུག་འཁོར་བ་བསྒྲལ་བའི་རཀྟ་ཅེས་ཀྱང་གསུངས་སོ། །གཞན་ཡང་། གནས་སྐབས་སུ་ལྷ་དང་ཆོས་སྲུང་མ་མགོན་ཕོ་རྒྱུད་མོ་རྒྱུད་སོ་སོ་ལ་རང་གི་དམ་རྫས་དང་བསྐངས་རྫས་ཀྱི་བྱེ་བྲག་ཐ་དད་པ་དགོས་པའི་རིགས་ནི་མཐའ་ཡས་ཏེ། དཔའ་བོའི་སྙིང་ཁྲག །ནལ་བུའི་ཁྲག །རྟ་ནག །གཡག་ལུག །རྭ། བྱ་དཀར་དང་མཚལ་བུ་དང་བྱ་ནག་གི་རིགས་ཀྱི་ཁྲག་སོགས་སྐབས་ཀྱི་དགོས་དོན་ཐ་དད་པའི་དམིགས་གསལ་དག་ནི་རང་རང་གི་སྒྲུབ་ཐབས་དང་ཆོག་གཞུང་སོ་སོ་ལས་འབྱུང་ཕྱིར། འདིར་སྨོས་མི་འཚལ་ལགས་ཀྱི།།


TR006_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།འོན་ཀྱང་འགག་དོན་དུ་དྲི་བའི་སྙིང་པོ་ནི། གསང་སྔགས་བླ་མེད་ཉམས་སུ་ལེན་པའི་གང་ཟག་ནི་ལྟ་བའི་གདེངས་ཀྱིས་འཁོར་འདས་སེམས་སུ་ཐག་ཆོད་པ། ཏིང་ངེ་འཛིན་གྱི་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ། བརྟུལ་ཞུགས་ཀྱི་རྩལ་གྱིས་གང་བྱུང་ལམ་དུ་ལྷོངས་པ་ཅིག་དགོས་མོད་ཀྱང་། དེང་སང་ནི་དེ་ལྟ་བུ་དཀོན་ཏེ། ཇི་སྐད་དུ། གསང་སྔགས་པ་ལ་རབ་འབྲིང་མཐའ་གསུམ་ཡོད་པའི་སྔགས་པ་རབ་ལ་ཤར་བ་རྣམ་པ་ལྔ་འབྱུང་བ་ནི། སེམས་ཅན་སངས་རྒྱས་སུ་ཤར་བས་ལམ་ལ་བགྲོད་དུ་མེད་པར་ཤེས། སྣོད་བཅུད་དཀྱིལ་འཁོར་དུ་ཤར་བས་འབྲས་བུ་རང་བྱུང་ལྷུན་རྫོགས་སུ་ཤེས། སྡུག་བསྔལ་བདེ་ཆེན་དུ་ཤར་བས་སྣང་བ་སྣ་ཚོགས་ཆོས་ཉིད་དུ་འཁྱེར་ཤེས། ཉོན་མོངས་ཡེ་ཤེས་སུ་ཤར་བས་སྤང་བླངས་དགག་སྒྲུབ་རང་སར་གྲོལ་བའི་གནད་ཤེས། རྣམ་རྟོགས་ཆོས་ཉིད་དུ་ཤར་བས་ཆོས་སྐུ་རང་ལ་ཡེ་ནས་གནས་


TR006_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཤེས་པ་སྟེ། དེ་ལྟར་ཤར་བ་ལྔ་དང་ལྡན་པ་ནི་དིང་སང་མི་རྙེད། ཡང་། སྔགས་པ་འབྲིང་ལ་གསལ་བ་རྣམ་པ་ལྔ་སྟེ། སྟོང་གསུམ་ལྷའི་གཞལ་ཡས་སུ་གསལ་བས་དཀྱིལ་འཁོར་ལ་ཆེ་ཆུང་ཡང་དོག་མེད་པ། ཕུང་ཁམས་ལྷ་རུ་གསལ་བས་བར་ཆད་གདོན་བགེགས་ཀྱི་ཡུལ་དང་བྲལ། སྣོད་ཀྱི་འཇིག་རྟེན་གཏོར་སྣོད་དུ་གསལ་བས་གཏོར་མཆོད་ལ་བཟང་ངན་གྱི་མཚན་འཛིན་མེད། སྣང་སྲིད་ཐམས་ཅད་དམ་རྫས་སུ་གསལ་བས་སྲུང་མ་དམ་ཅན་མི་དགྱེས་པའམ་མ་སྐོངས་པའི་སྐྱོན་ཟད། གནས་ལུགས་སྟོང་པ་ཉིད་དུ་གསལ་བས་སངས་རྒྱས་ཀྱི་ཆོས་མ་ལུས་རང་སེམས་ལ་རྫོགས་པ་སྟེ། དེ་ལྟ་བུ་ལྡན་པ་ཡང་དིང་རྙེད་པར་དཀའ་བས། ད་ལྟའི་གསང་སྔགས་པར་རློམས་པ་ཕལ་ཆེར་ནི་བཟུང་བ་རྣམ་པ་ལྔས་བཅིངས་པ་ཤས་ཆེ་སྟེ། སྐྱེད་རིམ་རྟག་བརྟན་ཐེར་ཟུག་ཏུ་བཟུང་བས་ལྷ་འགྲུབ་པའི་དུས་མེད། ཕྲིན་ལས་


TR006_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གྱེར་ལ་སྒོམ་མེད་དུ་བཟུང་བས་གསང་སྔགས་དམ་མེད་ལྟོ་ཕྱིར་བོན་གྱེར་དུ་སོང་། སྔགས་དང་སྙིང་པོ་རང་རྒྱུད་པར་བཟུང་བས་བྱིན་རླབས་དང་ནུས་པའི་རྒྱུ་མེད། རྫས་དང་གཏོར་ཆུང་བཤོས་བུར་བཟུང་ཞིང་ཟ་འདོད་དང་རྣབ་སེམས་ཀྱི་འབྲས་བུས་དཀོར་དེ་རྣམ་སྨིན་གྱི་འདམ་དུ་ཆུད། འབྲས་བུ་འཇིག་རྟེན་རྟགས་ཆད་དུ་བཟུང་བས་རུ་ཏྲའི་གོལ་སར་ལྟུང་འགྱུར་གྱི་གསང་སྔགས་པ་མང་བར་གདའ་བས།། ༈ །།དེས་ན། དམ་རྫས་སྨན་རག་གི་རྒྱུ་དང་དངོས་པོ་ཡང་གཞུང་ཅི་ལྟ་བའི་ཚུལ་ལྡན་ནི་གང་ཟག་གི་སྤྱོད་ཡུལ་དུ་མ་གྱུར་ཚེ། བདག་གིས་ནི། བདུད་རྩིའི་རྩ་བ་བརྒྱད་ཀྱང་ཕྱིའི་བརྒྱད་པོ་དངོས་སུ་སྦྱར་ཞིང་། ནང་དང་གསང་བའི་རྩ་བ་རྣམས་ནི་སྔོན་གྱི་ཕབས་རྒྱུན་དག་གིས་མཐུས་པར་བྱས། བདུད་རྩི་ལྔ་ཉིད་ཀྱང་སྔོན་གྱི་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ། ཤྲཱི་སིངྷ། བི་མ་ལ། པདྨ་འབྱུང་གནས་རྣམས་ཀྱིས་བསྒྲུབ་


TR006_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་སྨན་གཏེར་བྱོན་དང་། འཕགས་པ་ཀླུ་སྒྲུབ་དང་ཏེ་ལོ་ནཱ་རོ་སོགས་ཀྱིས་བསྒྲུབ་པའི་བདུད་རྩི་རིལ་བུ། བོད་ཡུལ་དུའང་སློབ་དཔོན་ནམ་མཁའ་སྙིང་པོ། བཻ་རོ་ཙ་ན། ཛྙཱ་ན་ཀུ་མཱ་ར། སངས་རྒྱས་ཡེ་ཤེས་སོགས་ཀྱིས་བསྒྲུབ་སྨན་དང་། གཞན་ཡང་གསང་སྔགས་གསར་རྙིང་གི་སྐྱེས་ཆེན་གྲུབ་ཐོབ་རིག་འཛིན་གཏེར་བཏོན་སོ་སོས་བསྒྲུབ་པའི་ཕབས་རྒྱུན་རྣམས་ལ་ཚང་བ་དང་། དེར་མ་ཟད་བྱིན་རླབས་དམ་རྫས་ཀྱི་ཁྲོད་དུ་ཡང་། གུ་རུ་ཡབ་ཡུམ་གྱི་བྱང་སེམས་ཀྱིས་ཐོག་དྲངས། བྲམ་ཟེ་སྐྱེ་བ་བདུན་པ་དང་སྐྱེས་ཆེན་དམ་པ་རྩོད་མེད་མང་པོའི་སྐུ་ཤ །དབུ་ཀླད། ཤངས་མཚལ། གདུང་རུས། གསང་ཆེན་གསང་ཆབ་སོགས་བསམ་གྱིས་མི་ཁྱབ་པ་བཞུགས་ཕྱིར། །གང་ཟག་ཕལ་པའི་བདུད་རྩི་ལྔ་ལོགས་སུ་བླུགས་དགོས་པར་མ་གྱུར་ལ། ཤ་ལྔ་སོགས་ཀྱང་སྐྱེས་ཆེན་རྣམས་ཀྱི་ཆིབས་པ་ཞབས་རྗེས་འཇོག་ཅིང་རིང་བསྲེལ་བྱོན་པའི་རིགས་ཀྱི་ཤ་དང་། འགྲོ་མགོན་


TR006_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཞང་རིན་པོ་ཆེས་ཆོས་སྐྱོང་འགྲུབ་པའི་མགོན་ཁྱི་མངོན་ཤེས་ཅན་གྱི་ཤ་སོགས་ལ་བྱས། གཞན་གླང་ཆེན་དང་རྨ་བྱ་སོགས་ནི་ཕལ་པ་ལས་མ་རྙེད་ཀྱང་གནས་དག་གནས་བསྒྱུར་གྱི་སྒྲུབ་པའི་གཞུང་བསྲང་ཕྱིར། དེས་ན་བདུད་རྩི་ཆོས་སྨན་ཁུངས་བཙུན་འདི་ལྟ་བུའི་དམ་རྫས་དང་སྦྱར་བའི་བདུད་རྩི་སྨན་མཆོད་འདིས་ནི་གཞུང་ནས་བཤད་པའི་ཕན་ཡོན་དང་ནུས་པ་འབྱུང་མཆེ་བར་རང་ཉིད་སེམས་ཤིང་།། ༈ །།དེ་བཞིན་དུ་རཀྟ་ཡང་ཅི་འཛོམས་ཀྱི་ངོས་ནས་འཚོགས་པར་སྦྱར་ཞིང་ཁྱད་པར་གནས་ཆེན་ཙཱ་རིའི་ཕག་མོའི་གསང་རྫས་སིནྡྷུ་ར་སོགས་ལ་ཡིད་བརྟན་བཅས་ནས་སྦྱར་བ་ཡིན་པས་ཁུངས་ཐུབ་ཏུ་མོས་པ་ལགས་པས་ན། ཆང་ཕུད་ཞིག་ལ་ཁྲག་བསྲེས་པ་ལ་རཀྟར་རློམས་པ་དག་དང་ཅུང་ཟད་མི་མཚུངས་པའི་རྒྱུ་མཚན་འཕྲོས་ཞོར་དུ་གསོལ་བ་འདི་ཡང་དགོངས་དབྱིངས་ཟབ་མོར་


TR006_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཅགས་ངོས། །ཞལ་སློབ་བཀའ་འབངས་རྗེས་འཇུག་རྣམས་ཀྱང་གསང་སྔགས་ཀྱི་ཕྱག་བཞེས་ལ་ཚོད་ཡོད་རྩིངས་ཆོས་གཡས་མེད་དུ་མ་གྱུར་པའི་ལྟོ་སྤྱོད་ལ་དགོད་པར་མཛད་དུ་གསོལ། ཞེས། བདུད་རྩི་སྨན་རཀ་གི་སྐབས་དོན་གྱི་མཆིད་ལན་དུ་ཕུལ་བ་ཨ་ཐཱ།། ༈ །།ཡང་། རྗེ་ཉིད་ཀྱི་བཀའ་ཐམ་དུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་སོགས་གཏེར་གསར་གྱི་ཆོག་སྒྲིག་སྨད་ལས་སྐོར་ལ་སླར་ཡང་དྲི་རྨེད་ཞིབ་ནན་དང་། ཁྱད་པར་སྔར་གྱི་ཕྱག་བཞེས་སྒྲིག་རིམ་མཛད་ཚུལ་རྣམས་ལ་མི་འཐད་པའི་ཀླན་ཀའི་ངག་ཁྱལ་ཟེར་མཁན་བྱུང་ཚུལ་གྱི་འཕྲོས་པ་དང་བཅས་པ་སྩལ་བའི་ཆར། སྒྲིག་རིམ་གྱི་གནང་ལུགས་ནི་ཟུར་དུ་ཕུལ་གྲུབ་པ་ལྟར་ལགས་ནའང་། སྐྱོན་འདེབས་ཀྱི་སྐུར་ཞུས་བྱེད་པ་དེ་དག་དོན་ལ་མི་གནས་ཚུལ་གྱི་རྒྱུ་མཚན་དོགས་སེལ་གྱི་འཕྲོས་དོན་འགའ་ཞིག་རྗེས་འཇུག་ལ་ཕན་པར་བསམ་སྟེ་སླར་ཡང་


TR006_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བ་ནི།། ༈ །།དེ་ལ་སྤྱིར་གསང་སྔགས་བླ་མེད་ཀྱི་ཆོག་གཞུང་ཐམས་ཅད་དུ་བདག་མདུན་བུམ་གསུམ་ཐ་དད་དུ་མཛད་པ་མང་ཞིང་། བསྙེན་པའི་སྐབས་སོགས་སུ་བདག་སྐྱེད་ཁོ་ནས་ཆོག་པ་སོགས་ཀྱི་ཚུལ་ནི་གསར་རྙིང་དགོངས་པ་མཐུན་ནའང་།། ༈ །།ཁྱད་པར་བ་ནི་རྙིང་ལུགས་ལ་ཕྲིན་ལས་ཀྱི་གཞུང་ངམ་ལས་ཀྱི་བྱང་བུ་ཞེས་མིང་དུ་བཏགས་པའི། དཀྱིལ་འཁོར་ལྷ་ཚོགས་གང་དང་གང་ཡིན་པ་དེ་དག་བདག་བསྐྱེད་ཀྱི་ཚུལ་དུ་སྒོམ་ཐབས་ཀྱིས་ཁོག་ཕུབས་ཅིང་། མདུན་བསྐྱེད་དང་བུམ་པ་སོགས་སུ་བསྐྱེད་དགོས་པའི་སྐབས་དག་ཏུའང་བདག་བསྐྱེད་ཉིད་ལ་ཚིག་ཕྲད་ཀྱི་ཁ་བསྒྱུར་ཙམ་བྱས་པས་དོན་འགྲུབ་པ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་རིམ་མཐའ་དག་ཀྱང་གཞུང་གཞན་ནས་དྲངས་མི་དགོས་པར་རང་གཞུང་གང་ཡིན་གྱི་ལས་བྱང་དེ་ཀ་གོ་ཆོད་ཅིང་ཆོ་གའི་ཡན་ལག་ཚང་བ། དབང་དང་རབ་གནས་སྦྱིན་སྲེག་


TR006_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་དོན་སོགས་དང་། དྲག་པོའི་ལས་སྦྱོར་གྱི་རིགས་སོགས་གང་བྱེད་ཐམས་ཅད་ལ་ཡང་ཉེ་བར་འཁོ་ཞིང་མེད་མི་རུང་བ་འདི་ལྟ་བུ་ནི་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་གསུངས་པའི་ཆོས་སྐོར་རྒྱས་བསྡུས་མཐའ་དག་ཀུན་ལ་དེ་དང་འཚམས་པའི་ལས་བྱང་རྒྱས་བསྡུས་གང་རུང་རེ་ནི་མེད་མི་སྲིད་ཅིང་། འདི་ལ་ཕྱིས་སུ་གསར་མའི་མཁས་གྲུབ་དག་གིས། ལས་གཞུང་དུ་མིང་བཏགས་པའི་བདག་སྐྱེད་རྐྱང་པ་རེ་ངག་འདོན་བྱས་པས་བདག་མདུན་བུམ་གསུམ་གའི་གོ་ཆོད་པར་འདོད་པ་རྙིང་མ་བ་རྣམས་ཀྱི་རྩིངས་ཆོས་སུ་འདུག་གསུང་བ་སོགས་མཛད་ནའང་། གུ་རུ་རིན་པོ་ཆེ་ཉིད་ཀྱི་དགོངས་པར་ནི་གང་ཟག་དབང་པོ་ཡང་རབ་རྣམས་དང་ཏིང་འཛིན་ལས་རུང་དག་གིས་ནི་ལས་བྱང་གཅིག་པུས་བདག་མདུན་བུམ་གསུམ་ཙམ་དུ་མ་སྣང་གྲག་སྣོད་བཅུད་ལྷ་སྔགས་ཀྱི་རོལ་པ་ཆེན་པོར་ལམ་དུ་ཁྱེར་བ་སྟེ། གོང་དུ་སྔགས་པ་རབ་ལ་ཤར་བ་རྣམ་པ་ལྔ་བཤད་པ་ལྟར་འབྱུང་


TR006_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། གཞན་མ་གང་ཟག་ལས་དང་པོ་པ་སོགས་ལ་བདག་ཉིད་ལྷའི་རྣལ་འབྱོར་དུ་བསྒོམ་པའི་ཚེ་ནི་ལས་བྱང་གི་གཞུང་ཇི་ལྟ་བ་བསྲང་བ་ཉིད་ཀྱིས་འགྲུབ་ལ། མདུན་བསྐྱེད་དང་བུམ་སྐྱེད་སོགས་ནི་བདག་སྐྱེད་ཀྱི་ཡན་ལག་གམ་བདག་ལས་སྤྲུལ་པའི་དཀྱིལ་འཁོར་ཡིན་ཕྱིར། དེ་དག་གང་དགོས་ཀྱི་སྐབས་སུ་ཡང་། ལྷའི་མངོན་རྟོག་གམ། སྤྱན་འདྲེན་མཆོད་བསྟོད་སོགས་གང་དང་གང་དགོས་པ་རྣམས་ལས་བྱང་གི་སྐབས་དེ་ནས་ཅི་འདོད་ཁོལ་ཕྱུངས་བྱས་ཆོག་པས་གཞན་ལ་ལྟོས་མི་དགོས་པ་ལ་དགོངས་ནས་མཛད་ཅིང་། སྐབས་དོན་གང་ལ་གང་དགོས་སྦྱར་ཆོག་པའི་དོན་གྱི་ཕྱིར། ལས་ཀྱི་བྱང་བུ་ཞེས་མིང་དུ་འདོགས་པར་མཛད་པ་ཡིན་གྱི། འདི་གཅིག་པས་བདག་མདུན་བུམ་གསུམ་ག་གོ་ཆོད་པར་གྱིས་གསུངས་པ་ནི་གུ་རུའི་གཏེར་ཆོས་གང་ལའང་མེད་ཅིང་། དེ་དང་རྗེས་སུ་མཐུན་


TR006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྙིང་མ་བའི་གང་ཟག་ཆོས་བཞིན་མི་སྤྱོད་པའི་ཟོག་པོའི་རིགས་ལ་ནི་བདེན་པར་སུ་ཞིག་འཛིན་ལ་དེ་ལ་ཡིད་བརྟན་བྱེད་པ་པོ་ཉིད་འཁྲུལ་བ་ལས་གཞན་ཅི་སྟེ། རྙིང་མའི་ཆོས་ལ་སྤྱོད་པ་ཚད་ལྡན་རྣམས་ནི་གུ་རུའི་གསུང་དང་འགལ་བར་མི་བྱེད་པས། དེས་ན་བཀའ་བཀྱོན་དང་དག་པར་མཛད་པ་པོ་རྣམས་ཀྱང་དང་པོར་དགག་རྒྱུའི་དོན་དེ་ཀ་དགོངས་པ་ལོན་ངེས་སུ་མ་གནང་ན་ཅལ་སྒྲོག་རྗེས་འབྲང་ལ་བརྟེན་ནས་བཀའ་བཀྱོན་མཛད་རུང་མཛད་མཁན་རང་ཉིད་དབུ་སྟོངས་པའི་རྟགས་དང་རྩ་ལྟུང་གི་རྒྱུ་རྐྱེན་ལས་མི་འབྱུང་ལགས་ཅེས་ལས་བྱང་སྤྱི་བབས་ཀྱི་འཕྲོས་དོན་དུ་བགྱིས་ནས།། ༈ །།འདི་ཉིད་ཀྱི་སྒེར་དོན་འབུལ་རྒྱུར། རྩ་ལྟུང་དྲུག་པ་དང་བཅུ་གཉིས་པ་སོགས། ལས་གཞུང་རྒྱས་བསྡུས་སོ་སོ་ལ་ས་བཅད་སྒྲིག་རིམ་ཀྱང་སྤྱི་ཁོག་འདྲ་བ་ལ་ནང་ཚན་ཕྲན་བུ་མི་འདྲ་བ་དུ་མ་འབྱུང་བ་


TR006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ནི། འགའ་ཞིག་རྒྱུད་སྡེའི་ཁྱད་པར། ལ་ལ་ནི་ལྷ་ཞི་ཁྲོའི་ཁྱད་པར། ལ་ལ་ནི་ལས་བྱེད་དམིགས་སྒོའི་ཁྱད་པར། སྐབས་ལ་ལར་ནི་སྤྲོས་བཅས་དང་སྤྲོས་མེད་གཉིས་སོ་སོའི་རྩལ་འདོན་ཚུལ་གྱི་ཁྱད་པར་སོགས་ལགས་ཚེ། ཐམས་ཅད་སྒྲིག་རིམ་ཚད་གཅིག་ཏུ་འབབ་པ་ནི་ནམ་ཡང་མི་འབྱུང་ནའང་། གུ་རུ་རིན་པོ་ཆེ་ཐམས་ཅད་མཁྱེན་ཅིང་གཟིགས་པས་གང་ལ་གང་འོས་སུ་མཛད་པ་ལ། རང་ཅག་སོ་སྐྱེ་ཚུར་མཐོང་གི་བློས་འདི་དང་འདི་ནི་མི་མཐུན་ནོ། །འདི་ནི་འདི་ལ་ལྷག་གོ། ཆད་དོ། །ཅེས་སོགས་ཀྱི་ཁ་ཚོན་གཅོད་དུ་ག་ལ་རུང་ཞིང་བཅད་པས་ཀྱང་ཅི་ཞིག་བྱ་སྟེ། རང་གཞུང་དེ་ནས་གང་གསུངས་པ་ལྟར་བྱས་པས་འགྲུབ་པ་ནི་ངང་ཚུལ་ལགས་ཤིང་། དེས་ན་རྗེས་ཀྱི་ལས་རིམ་རྣམས་ཀྱིས་དང་པོར་ཚོགས་མཆོད་བྱ་ཐབས་འབྱུང་བ་འདི་སྐབས། ཐོག་མར་ཚོགས་རྫས་བཤམས་ཤིང་བསངས་


TR006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་ཏེ། ཚོགས་མགྲོན་རྣམས་སྤྱན་དྲངས་བ་སོགས་ནི་གཞུང་ཕལ་ཆེར་མཐུན་ནའང་། སླར་ཚོགས་དེ་ཉིད་མང་དུ་སྤྲོས་ནས་འབུལ་ཚུལ་ལ་ལས་གཞུང་སོ་སོར་མི་གཅིག་པ་སྣ་ཚོགས་མཆིས་ཏེ། བླ་མ་དགོངས་པ་འདུས་པའི་ལས་བྱང་ཆེན་མོ་ཚངས་པའི་སྒྲ་དབྱངས་སོགས་ལས་ནི། དང་པོར་ཚོགས་བྱིན་གྱིས་བརླབས་གྲུབ་ནས་མ་སྤྲོས་པ་དེ་ལས་འོད་ཟེར་འདོད་ཡོན་གྱི་ལྷ་མོ་གྲངས་མེད་པ་འཕྲོས་པས་མཆོད་ཡུལ་ཐམས་ཅད་དགྱེས་སྐོངས་སུ་བྱེད་པས་ཚོགས་ཕུད་སྤྱིར་འབུལ་བ་ཡིན་ལ། སླར་བྱེ་བྲག་ཏུ་བསྒྲལ་སྟབས་ཀྱི་ལས་རིམ་ནི། ཚོགས་སྣོད་དེ་ཉིད་དྲག་པོའི་ཧོམ་ཁུང་དུ་གྱུར་པའི་ནང་དུ་ཚོགས་རྫས་ཀྱི་དངོས་པོ་དེ་དགྲ་བགེགས་ཀྱི་གཟུགས་ཕུང་དུ་དམིགས་ནས་བཀའ་བདེན་སྟོབས་ཀྱི་གནོད་བྱེད་རུ་དྲ་མ་ལུས་བཀུག་ཅིང་བསྒྲལ་བའི་ཚུལ་གྱིས་ཚོགས་དུམ་བུ་མང་དུ་སྤྲོས་ཏེ་དཀྱིལ་འཁོར་དུ་བྲན་


TR006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྟབས་པ་སྟེ། དེ་ལྟར་ཕྱག་བཞེས་འདི་ནི་ད་ལྟ་སྙིམ་ཕུ་བྱ་ཁྱུང་སོགས་དགོངས་འདུས་ཀྱི་བདག་པོ་རྣམས་ཇི་ལྟ་བར་མཛད་པ་འདི་ལུགས་གཅིག་དང་། ཡང་། བསྒྲུབ་པ་བཀའ་བརྒྱད་ཆེན་མོ་གཏེར་ཁ་གོང་འོག་སོགས་ལྟར་ན། ཚོགས་བྱིན་གྱིས་བརླབས་མ་ཐག་སྤྲོས་ནས་ཕུད་དང་པོ་དཀྱིལ་འཁོར་དུ་འབུལ་ཞིང་དེ་ཤུལ་སྣོད་ཐ་དད་པར་བཤམས་པས། དང་པོ་ཐུགས་དམ་བསྐངས། བར་པ་ཉམ་ཆགས་བཤགས། ཐ་མས་བསྒྲལ་སྟབས་བྱ་བ་སྟེ་ཚོགས་ཕུད་རིམ་པ་གསུམ། དེ་ཤུལ་བར་པ་ནི་སྒྲུབ་པ་པོ་རྣམས་དངོས་གྲུབ་ཏུ་རོལ། མཐར་ལྷག་མ་ཡང་ཡར་གནས་དཀྱིལ་འཁོར་པ་རྣམས་དང་། མར་གནས་བཀའ་སྡོད་ཕོ་ཉ་ཡང་གཡོག་དང་བཅས་ལ་འབུལ་རྒྱུའི་རིམ་པ་སོ་སོར་གསུངས་པ་དང་། འདི་ལའང་ནང་བསེས་ཀྱི་མི་འདྲ་བའི་ཁྱད་པར་ཡོད་དེ། བཀའ་བརྒྱད་བསྐྱེད་


TR006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེ་འབྲིང་རྣམས་སུ་ནི། ཕུད་དང་པོ་གཡས་ཞལ་དཀར་པོ་ཆོས་ཀྱི་སྐུ་ལ་མཆོད། བར་པ་དེ་ལ་དགུག་བསྟིམ་བསྒྲལ་ལས་བྱས་ནས་དབུས་ཞལ་མཐིང་ག་སྤྲུལ་པ་སྐུ་ལ་བསྟབ། རྗེས་མ་དེས་གཡོན་ཞལ་དམར་པོ་ལོངས་སྤྱོད་རྫོགས་སྐུ་ལ་ཉམས་ཆགས་བཤགས་པ་སྟེ། འདིའི་ལུགས་གཅིག །ཡང་སྐྱེད་རྫོགས་ཆུང་ངུ་སོགས་བཀའ་བརྒྱད་བསྡུས་པའི་རིགས་ལ་མ་དང་གཞན་ཡང་བླ་མ་ལས་བྱང་དང་རྩ་གསུམ་ལས་བྱང་སོགས་ཕལ་ཆེར་དུ་ནི་ཚོགས་བྱིན་རླབས་བྱས་ནས་སྤྲོས་ཏེ། ཕུད་དང་པོ་གཏོར་མའམ་དཀྱིལ་འཁོར་དྲུང་དུ་ཕུལ་བ་དེས་མཆོད་བཤགས་བསྐང་བ་རྣམས་གཅིག་ཅར་དུ་བྱ་ལ། ཕུད་བར་པ་ནི་དཀྱིལ་འཁོར་དུ་ཚུར་སྤྱན་མ་འདྲོངས་པའི་མགྲོན་རིགས་གོང་འོག་བར་མ་ཀུན་ལ་ཕྱི་རོལ་ནམ་མཁའ་མཐོང་སར་གནམ་ཕུད་དུ་འཐོར། ཐ་མ་དེས་བསྒྲལ་སྟབས་བྱས་ནས་


TR006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་རྣམས་ཚོགས་ལ་རོལ་རྗེས་ལྷག་མའི་མགྲོན་རྣམས་ལ་ལྷ་གཏོར་བསྔོ་བའི་སྒྲིགས་རིམ་འདི་ལུགས་གཅིག་ཡིན་པས། གཏེར་གསར་གྱི་ལས་གཞུང་འདི་དག་ཏུ་ཡང་འདི་དང་མཐུན་པར་མཛད་པ་ལགས་ཤིང་། གང་ལྟར་ཡང་། ཚོགས་ལྷག་ནི་འཆད་མདོ་གཏོར་ཟོར་འཕངས་བ་སོགས་ཀྱི་སྔོན་དུ་བྱ་བར་གསུངས་པ་ནི་གཏེར་ཁ་གོང་འོག་རྒྱས་བསྡུས་ཕལ་ཆེར་མཐུན་པ་དང་། དེའི་དགོངས་པ་ཡང་། ཚོགས་བཤམས་ཞིང་བསངས་སྦྱངས་བྱིན་རླབས་ནས་བཟུང་སྟེ་ལྷག་མའི་ཆོ་ག་ཡན་ཆོད་འདི་ནི་ཚོགས་མཆོད་ཀྱི་ལས་རིམ་ཞེས་སྐོར་ཚོ་གཅིག་ཡིན་ལགས། ཐུགས་དམ་བསྐུལ་ཞིང་སྔོན་གྱི་མཐའ་ཚིག་གི་འཆད་མོད་བསྒྲགས་པ་དང་། དྲག་ལས་ལ་རྦད་ཅིང་གཏོར་ཟོར་ཟློག་དམོད་སྒྱུར་གཏོར་ཟོར་བསྟན་སྐྱོང་གཏོར་བྲོ་སོགས་ཀྱི་ལས་རིམ་རྒྱས་བསྡུས་གང་བྱེད་དེ་དག་སྐོར་ཚོ་གཅིག་ཏུ་


TR006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཕྱིར། དེས་ན་འདི་གཉིས་པོ་སྡེ་ཚན་ཐ་དད་ལགས།། ༈ །།ཡང་། འགའ་ཞིག་གིས། ཡང་ཟབ་གཞུང་དུ། རྗེས་ནི་ཚོགས་ཀྱིས་ཁ་སྐོང་ཞིང་། ཞེས་པའི་ཚིགས་དེ་ཚོགས་ལྷག་གཞན་ཐམས་ཅད་ཀྱི་རྗེས་མར་བྱ་བའི་སྒྲུབ་བྱེད་དུ་འཆད་པ་དེ་ནི་མ་ཡིན་ཏེ། གཞུང་གི་ས་བཅད་ཀྱི་ཚིག་འདིའི་དགོངས་པ་ནི། ཆོ་ག་སྔོན་འགྲོ་ནས་བཟུང་སྟེ་དངོས་གཞིའི་རིམ་པ་འཛབ་བསྙེན་ཡན་ཆད་དང་། བཀའ་སྲུང་ཆོས་སྐྱོང་གི་བསྐང་གསོ་སོགས་མཐའ་དག་དང་། སྐབས་དོན་དམིགས་གསལ་དུ་སློབ་མ་སྨིན་བྱེད་སོགས་གང་དང་གང་དག་བགྱིས་པ་དེ་དག་ལ་ནོར་འཁྲུལ་ཆད་ལྷག་ཉམས་ཆག་དང་ལྷ་དང་བསྲུང་མ་ཐུགས་དམ་ཁོངས་པའི་རིགས་སོགས་ཀྱི་སྐྱོན་དུ་གྱུར་སྲིད་ན། དེ་དག་བཤགས་ཅིང་བསྐངས་བའི་ཐབས་སུ་ཚོགས་ཀྱི་མཆོད་པ་རྒྱ་ཆེར་བཤམས་ཤིང་ཕུལ་བས་སྐྱོན་དང་ཉེས་པ་དེ་དག་ཁ་སྐོང་ཤིང་གསོར་ཆུད་པར་


TR006_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ལ་དགོངས་པ་ཡིན་གྱི། ཚོགས་ལྷག་གཅིག་པུའི་སྒྲུབ་བྱེད་ནི་མ་ལགས་སོ།། ༈ །།གཞན་ཡང་ཆོ་གའི་སྒྲིག་རིམ་པ་བཅད་ཐམས་ཅད་གཅིག་ཏུ་མ་ངེས་ཕྱིར། ཚེ་དཔག་མེད་དང་སྤྱན་རས་གཟིགས་ཀྱི་ཆོས་སྐོར་སོགས་ཞི་བའི་ལྷ་འབའ་ཤིག་གི་ལས་གཞུང་དག་ཏུ་ནི་ཚོགས་ལས་གཞན་རྣམས་མཚུངས་ཀྱང་བསྒྲལ་སྟབ་ཀྱི་རིམ་པ་འདི་མི་འབྱུང་བ་ཡང་ཡོད་ལ། འདི་ནི་ལྷ་ཞི་ཁྲོ་འདྲེས་མ་དང་ཁྱད་པར་ཁྲོ་བོ་ཁྲོ་མོའི་རིགས་ཀྱི་དཀྱིལ་འཁོར་ལ་བསྔགས་པ་སྟེ། སྒྱུ་འཕྲུལ་གསང་སྙིང་གི་རྒྱུད་ལས། ཨེ་ཡི། ཚོགས་ཀྱི་དཀྱིལ་འཁོར་དུ། །འབར་བའི་གཏུམ་ཆེན་རྔམས་པ་ལ། །ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ནས། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟད་ཉིད་ལ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་ནས་རྡོ་རྗེ་ཕུར་པ་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་འབུལ།


TR006_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་དགོངས་པ་ལགས།། ༈ །།དེས་ན་གོང་དུ་སྨོས་པ་ལྟར་སྐབས་འདིར་ལས་བྱང་སྤྱི་ཁྱབ་ཀྱི་འགྲོས་དང་མཐུན་པར་ཚོགས་ལྷག་ནི། བསྐུལ་དང་འཆད་མདོ་ཟོར་ཟློག་སོགས་མ་བྱས་པའི་གོང་དུ་བྱ་བར་བཤད་པ་དང་། འཆད་མདོ་ནི་སྲུང་མ་རྣམས་ལ་གཏོར་མ་ཕུལ་ནས་བཀའ་དང་དམ་ལས་འདར་མི་རུང་བའི་དམ་ཚིག་བསྒྲག་ཅིང་གནད་ལ་བཀར་བའི་ཐབས་ཡིན་པས། ཟོར་ཟློག་གི་གོང་དུ་བྱས་ན་ལས་དེ་ཉིད་མི་སྒྲུབ་པའི་དབང་མེད་པ་ལྟ་བུར་འགྲོ་བའི་གནད་འབེབས་སུ་འགྱུར་བ་དང་། ཟོར་ཟློག་མཐར་རམ། དྲག་ལས་མིན་ཀྱང་རྒྱུན་གཏོར་འབུལ་བའི་སྐབས་སུ་བགྱིས་ནའང་། བཅོལ་བའི་ཕྲིན་ལས་སྔར་བྱས་པ་རྣམས་ཀྱི་བཏང་རག་དང་། ཕྱིས་བྱེད་རྒྱུའི་གཉེར་གཟན་དུ་འགྲོ་བར་བཤད་པ་ལས། སྐབས་འདིར་ནི་གཏོར་ཟོར་གྱི་སྔོན་ལ་འཆད་མོད་དང་། གཏོར་མ་འཕངས་གྲུབ་རྗེས་གཏོར་གཞོང་རཀྟའམ་ཆང་ཕུད་ཀྱིས་


TR006_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བཤལ་བ་ལ་འབྲུ་གསུམ་གྱིས་བྱིན་རླབས་པ་ཕུལ་ནས་བསྟན་མ་བསྐྱངས་བ་ཕྱག་བཞེས་ལགས་ཤིང་། གཞུང་གཞན་མའི་སྐབས་སུ་ནི་སྒྲིག་རིམ་འདི་དང་མི་འདྲ་བ་ཡང་འབྱུང་ཕྱིར་རང་གཞུང་དེ་ཀའི་ལུགས་ལྟར་བྱས་པ་ཉིད་བྱིན་རླབས་ཆེ་བ་དང་། ལར་ཡང་། ཆོས་ཐམས་ཅད་དོན་ལ་དབྱེར་མེད་ནའང་གནས་སྐབས་གདུལ་བྱའི་དབང་གིས་ཐེག་པ་དང་རྒྱུད་སྡེའི་རིམ་པ་ཐ་དད་ཀྱི་རྣམ་པར་བྱུང་བ་རྣམས་རང་རང་གི་སྐབས་དོན་གང་ཡིན་དེ་ཉིད་རྒྱལ་གསུངས་དཔང་པོར་བཞག་ནས་བྱེད་དགོས་པ་མ་གཏོགས་གསང་སྔགས་ཕྱི་ནང་། བཀའ་གསར་རྙིང་། རྒྱུད་སྡེ་གོང་འོག་སོགས་ཅིག་ལ་ཡོད་པ་དེ་ཐམས་ཅད་ལ་དགོངས་ངེས་དང་། ལ་ལར་མེད་པ་དག་གཞན་ལ་ཡོད་པ་ཡང་འདོར་དགོས་པ་ལྟ་བུ་མ་ཡིན་ཚེ། རྒྱུད་འབྲེལ་ཐ་དད་དང་པཎ་གྲུབ་སོ་སོའི་ཕྱག་བཞེས་བཞིན་བྱེད་དགོས་ཕྱིར་


TR006_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་ལུགས་ལ་གུ་རུ་རིན་པོ་ཆེའི་གཏེར་གཞུང་ཉིད་ཇི་ལྟ་བ་མ་གཏོགས་གཞན་དང་བསྟུན་དགོས་པ་མ་ཡིན་མོད་ཀྱི།། ༈ །།གཏེར་གསར་འདིར་ཡང་དཀོན་མཆོག་སྤྱི་འདུས་ཉིད་ཅུང་ཟད་བསྡུས་པའི་གཤིས་ཀྱིས། སྨད་ལས་དགྲ་གེགས་སྒྲོལ་བའི་སྐོར་སོགས་རྒྱས་པར་མགོན་པོ་མ་ནིང་གི་ཆོས་སྐོར་དུ་བསྟན་ཞིང་། ཉེར་མཁོ་འགའ་ཞིག་ནི་ཞི་ཁྲོ་ངེས་དོན་སྙིང་པོ་དང་བསྡེབས་རྒྱུར་སྣང་ནའང་། གཏེར་སྟོན་ཆེན་པོ་དེ་ཉིད་ཀྱི་འགྲོ་དོན་ཐོག་མར་མཛད་སྐབས་ཞི་ཁྲོ་དང་མགོན་པོ་སོགས་ཞལ་མ་ཕྱེས་པའི་གཤིས་ཀྱི་གཏེར་རྙིང་བཀའ་བརྒྱད་དགོངས་འདུས་སོགས་ནས་འགེབས་པར་མཛད་དགོས་བྱུང་བ་དང་། དེ་དག་ཀྱང་དུས་གཅིག་ལ་མ་ཡིན་པར་དགོས་ཆེད་དང་ཞུ་བ་པོ་སོགས་ཀྱི་སྟབས་ལས་ཕྲལ་ཕྲལ་དུ་སྡེབས་པ་གནང་གཤིས་ཀྱིས་ཆོ་གའི་སྒྲིགས་རིམ་ཚད་གཅིག་ཏུ་མེད་པར་ཐར་ཐོར་དུ་གྱུར་པ་ལྟ་བུ་


TR006_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལགས་མོད་ཀྱང་བྱིན་རླབས་ཀྱི་བབས་ནི་ནམ་ཀྱང་མི་དམན་པར་འབྱུང་སྟེ། དེ་ཐམས་ཅད་གུ་རུའི་བཀའ་དྲི་མ་མེད་པ་ཤ་སྟག་ཡིན་པའི་ཕྱིར་རོ།། ༈ །།འདི་སྐབས་འཕྲོས་དོན་དུ་དེ་ཁར་སྔར་གྱི་ཕྱག་བཞེས་སུ་ཚོགས་ལྷག་ནི་ཐམས་ཅད་ཀྱི་རྗེས་སུ་མཛད་ཚུལ་སོགས་ལ་མི་འཐད་པའི་ཀླན་ཀ་སྣ་ཚོགས་ཟེར་ཞིང་། དཀྱིལ་འཁོར་པ་ཐམས་ཅད་དགྲ་ཕྱོགས་སུ་རྦད་བསྐུལ་གྱིས་གཤེགས་ཚར་ནས་ཤུལ་དུ་ལྷག་གཏོར་སུ་ལ་འབུལ། ཞེས་སོགས་ཀྱི་ངག་ཁྱལ་སྒྲོག་པར་བྱེད་པ་དག་ནི་གསང་སྔགས་ལྟ་སྒོམ་ཏིང་འཛིན་གནད་དོན་ཡིད་ལ་འཁོར་མ་མྱོང་བའི་རང་འཚང་སྟོན་པའི་གཏམ་དུ་ཟད་དེ། ཟེར་ཚུལ་དེ་ལྟར་ན་ལྷ་ཚོགས་རྣམས་དགྲ་ཕྱོགས་སུ་བྱོན་ནས་སླར་ཚུར་བྱོན་རྒྱུ་ཡེ་མེད་པ་ལྟ་བུར་འདོད་དགོས་ཕྱིར། སྒྲུབ་པ་པོ་རྣམས་ནང་དུ་ལོག་དུས་རྗེས་ཆོག་གི་དངོས་གྲུབ་བླངས་བ་དང་ཉེས་བྱས་བཤགས་པ་སོགས་ཀྱང་སུ་ལ་


TR006_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཟེར་དགོས་པར་འགྱུར་ཞིང་། བསྔོ་སྨོན་བཀྲ་ཤིས་སོགས་བྱེད་པའི་དཔང་པོ་ཡང་མེད་པས་བྱས་ཀྱང་དོན་མེད་དོ་ཟེར་རམ། འདི་ལྟ་བུ་ནི་སྤྱོད་ལྡན་རྣམས་འཁྲེལ་གད་ཀྱི་རྒྱུར་འགྱུར་བ་ཉིད་ལས་འོད་ཅི་ཞིག། ༈ །།དེ་བས་ན་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དོན་དམ་ཆོས་དབྱིངས་ཀུན་ཏུ་བཟང་པོ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལས་རྡུལ་ཙམ་གཡོས་པ་མེད་ཀྱང་། གནས་སྐབས་གདུལ་བྱའི་ཡུལ་དང་འཚམས་པའི་རྫུ་འཕྲུལ་སྤྲུལ་སྒྱུར་གྱི་ཟློས་གར་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཇི་སྙེད་པར་ཁེངས་ཞིང་ཕྲིན་ལས་རབ་འབྱམས་མཐའ་ཡས་པ་སེ་གོལ་གྱི་ཡུན་ཙམ་ལ་རྫོགས་པར་སྟོན་ཀྱང་ངོ་བོ་ལ་འཕོ་འགྱུར་འགྲོ་འོངས་བྱ་བྱེད་སོགས་ཀྱི་རྩོལ་རྟོག་དང་འཛིན་པ་ནི་སྐྲ་ཉག་བརྒྱར་བཤགས་པའི་ཆ་ཙམ་ཡང་ག་ལ་མཆིས་ཏེ། ཞིང་དང་དངོས་པོར་སྣང་ཡང་དངོས་པོར་མ་གྲུབ། སྐུ་ལྟར་སྣང་ཡང་མཚན་མར་མ་གྲུབ། མཛད་ཕྲིན་ལྟར་སྣང་ཡང་གཟུང་འཛིན་


TR006_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་གྲུབ་པའི་ཡེ་ཤེས་སྒྱུ་མའི་རོལ་པ་འབའ་ཤིག་ལས་གཞན་མ་ཡིན་ཚེ། ཐུགས་རྗེའི་རྣམ་རོལ་མཐའ་ཡས་པ་སྤྲོ། བསྡུ། གཤེགས། བཞུགས། ཅི་དང་ཅི་ལྟ་བུར་བསྟན་ཀྱང་ཆོས་སྐུའི་ཀློང་ལས་སྐད་ཅིག་ཀྱང་མ་འདས་ཏེ། ཇི་ལྟར་ནམ་མཁའི་དབྱིངས་སུ་སྤྲིན་གྱི་ཚོགས་ཇི་སྙེད་ཤར། འཕྲོས། དེངས། ཐིམ་པ་སོགས་ཅི་ལྟར་བྱས་ཀྱང་ནམ་མཁའ་ལས་གཡོས་པ་མེད་པ་བཞིན། རྒྱལ་བའི་མཛད་ཕྲིན་དང་རྣལ་འབྱོར་པའི་ཏིང་འཛིན་གྱི་སྤྲོ་བསྡུ་རྣམས་ཀྱང་དེ་དང་མཚུངས་པར་ཤེས་དགོས་པ་ཉིད་དེ། ཇི་སྐད་དུ། འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ལས། སྐུ་དོང་ཡེ་ཤེས་ཞིང་ཁམས་ལ། །འདུ་བའི་ཕྲིན་ལས་ཐམས་ཅད་ནི། །སྔ་ཕྱི་བྱེ་བྲག་ཐ་དད་མེད། །ཐམས་ཅད་བདེ་ཆེན་ལྷན་ཅིག་སྐྱེས། །ཉི་མའི་འོད་དང་སྣང་བྱེད་བཞིན། །ཡེ་ཤེས་སྣང་བའི་དཀྱིལ་འཁོར་དུ། །སངས་རྒྱས་ཐོག་མཐའ་མེད་པ་ཀུན། །ཡེ་ཤེས་སྣང་བ་གཅིག་ལ་སྤྱོད། ཞེས་སོགས་


TR006_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྐུ་རྒྱུད་ཤེལ་གྱི་རི་བོ་ལས་ཀྱང་། །ཐུགས་རྗེ་ངང་གི་སྤྲུལ་པ་ནི། །གང་ཡིན་གཙོ་བོ་དབྱེར་མེད་ཀྱི། །སྤྲུལ་པ་དཔག་མེད་འགྱེད་པ་ཡིས། །སྣང་སྲིད་འཇིག་རྟེན་ཐམས་ཅད་གང་། །སོ་སོའི་ཕྲིན་ལས་སྣ་ཚོགས་བྱེད། །ཡང་ནི་སོ་སོའི་དབྱིངས་སུ་ཐིམ། །དེ་བཞིན་གཅིག་ལས་གཅིག་སྤྲུལ་ཞིང་། །མར་མེ་གཅིག་ལས་གཅིག་འཕེལ་བས། །ཐམས་ཅད་མར་མེས་གང་བ་ལྟར། །སྡོང་པོ་གཅིག་ལས་ཡལ་ག་འབུམ། །སོ་སོར་དགྱེས་པ་ལྟ་བུར་སྤྲུལ། །དེ་དག་གདུལ་བྱའི་སྣང་ཚུལ་ཏེ། །ཟླ་བ་དང་ནི་ཆུ་སྣོད་བཞིན། གཅིག་ལས་མང་པོར་སྤྲུལ་སྣང་བའོ། །ཞེས་པ་དེ་ལྟ་བུའི་དགོངས་དོན་མ་གཏོགས་ན་གསང་སྔགས་ཟབ་མོའི་ཆོས་ཚུལ་ལ་འཇུག་པའི་ཐབས་མི་འབྱུང་ཞིང་། ཆོས་ཀྱི་དབྱིངས་ཟབ་མོ་བློ་ཁོག་ཏུ་མི་ཤོང་བཞིན་ཐེག་ཆེན་གསང་སྔགས་པར་ཁས་བླངས་ནས། དགོས་གལ་ཆེ་བའི་དོན་གྱི་སྙིང་པོ་རང་གི་རྒྱུད་ལ་མ་འབྱོར་བར། གཞན་ལ་ཚིག་ཤོ་ལོ་


TR006_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རེ་གཉིས་ཀྱི་སྔ་རྟིང་ཙམ་ལའང་སྒྲོ་བཏགས་ཀྱི་སྐྱོན་འགེལ་བྱས་ཏེ། འདི་ནི་མཐོས་སོ། །འདི་ནི་དམས་སོ། །འདི་ནི་ནོར་རོ། །འདི་ནི་འཁྲུལ་ལོ་ཞེས་སྨྲ་བར་བྱེད་པ་ནི་རང་ཉིད་ངན་འགྲོའི་རྒྱུ་སྒྲུབ་པ་ཙམ་ལས་གཞན་པའི་དགོས་པ་ཅི་ཡང་མི་འབྱུང་གི། དེ་བས་ཀྱང་དང་པོར་གོང་དུ་སྨོས་པའི་གནས་ལུགས་ཡེ་ཇི་བཞིན་པའི་ཡིན་ཚུལ་འདི་ཐུགས་ལ་ཤོང་ཞིང་ངེས་པ་གཅིག་མཛོད་དང་། ཚིག་བརྗོད་སྔ་ཕྱི་ཕྲན་ཚོགས་ཀྱི་རིམ་པ་ལ་རག་མ་ལུས་པའི་དོན་ཞིག་འགྲུབ་ནས་འོང་གི། ཇི་སྐད་དུ། རང་རིག་རྩལ་གྱིས་ཡོངས་ལ་མ་གདལ་ན། ཕྲལ་གྱི་འཕྲོ་འདུས་ཉོན་མོངས་དངས་མི་འགྱུར་སྐད་ཅིག་ཙམ་ལ་རང་བྱུང་ཉིད་ཤར་བས། ཡོངས་སུ་རྫོགས་པའི་ཏིང་འཛིན་མ་སྒོམས་གསལ། ཞེས་དང་། དགོངས་པ་ཡིད་ཀྱི་ཏིང་འཛིན་མ་གསལ་ན། ཕྲལ་གྱི་སྤྲོ་བསྡུས་རང་རིག་ལྷ་མི་གསལ།


TR006_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་རང་གསལ་རིག་པའི་གཏིང་རྟོགས་ན། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་མ་བསྒོམས་གསལ། ཞེས། ཞི་ཁྲོ་དོན་ཁྲིས་གསུངས་པ་ལྟར་གྱི་དོན་རྒྱུད་ལ་འབྱོར་དགོས་པ་ལགས། ཞེས། ཀླན་ཀ་སྒྲོག་པ་པོ་ལ་གདམས་སོ།། ༈ །།རྒྱལ་བའི་སྤྱི་གཟུགས་མཆོག་གི་སྤྲུལ་པའི་སྐུའི། །བཀའ་མཆེད་ལན་དུ་ཅི་ནུས་ཕུལ་བ་ཡི། །ཞར་བྱུང་གཞན་གྱི་ངག་ཁྱལ་ཟློག་ཚིག་འདི། །མི་རྒན་ཤི་སྐྲ་དཀར་པོའི་ཁེབས་བཞིན་དུ། །དལ་གཏམ་ཡི་གེར་འགོད་པའི་ལོང་མེད་ཀྱང་། །དང་པོའི་ལས་ཅན་བློ་དམན་དད་ལྡན་དག །ཡིད་ཀྱི་འཆིང་བ་གཅོད་ལ་ཕན་ནམ་སྙམ། །སྨྲས་འདི་ཉེས་པའི་རྒྱུ་རུ་མ་གྱུར་ཅིག །ཤུ་བྷཾ།། ༈ །།ཡང་རེ་ཤིག་བཀའི་གླེགས་བུ་རིན་པོ་ཆེ་བསྩལ་བའི་ཁྲོད་ན། གཏེར་གསར་གྱི་ཆོས་བཀའ་ཐ་དད་པའི་བསྙེན་སྒྲུབ་ཀྱི་


TR006_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དོན་རྣམས་སྨྲ་བར་བྱོས་ཤིག་ཅེས་གསུངས་པའི་ཆར། སྤྱིར་ཡང་རིག་འཛིན་འཇའ་ཚོན་པའི་ཆོས་སྐོར་འདི་དག་ཕལ་མོ་ཆེའི་བབས་ཡུལ་ནི་རྙིང་ལུགས་ལས་ཀྱང་གསར་མ་ལུགས་ཁོ་ན་འདྲ་ཆེ་བ་ཞིག་ངེས་པར་སྣང་བ་ནི་བདག་འདྲ་བླུན་པོས་ཀྱང་མཐོང་ལ། གཞན་དག་གིས་ཀྱང་དེ་བཞིན་ཟེར་བ་དང་། ཁྱད་པར་རྙིང་མ་བར་རློམ་པ་རིག་འཛིན་དེ་ཉིད་ལ་མི་མོས་པ་དག་གིས་སྐུར་ཞུས་བྱེད་པའི་རྒྱུ་རྐྱེན་ཡང་དེ་འདྲའི་སྟབས་ཀྱིས་ཡིན་པར་སྣང་ལ། རྫོགས་རིམ་ངེས་དོན་ལྟ་སྒོམ་སྐབས་ཀྱི་ཆོས་སྐད་རྣམས་ལའང་མིང་རྫོགས་ཆེན་དུ་བཏགས་ཀྱང་དངོས་གཞི་ཕྱག་ཆེན་པོར་བཞག་ཏུ་འདུག་ཅེས་སྙད་འདོགས་བྱེད་མོད་ཀྱི། བདག་འདྲའི་བསམ་ཚོད་ལ་ནི། གུ་རུ་རིན་པོ་ཆེ་ཉིད་འཁོར་འདས་དུས་གསུམ་གསལ་ལེར་མཁྱེན་


TR006_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པས། གཏེར་བཏོན་སོ་སོའི་གོམས་འདྲིས་དང་མཐུན་པའི་ཆོས་བཀའ་གཏད་པ་ནི་ངེས་པར་ཡོད་འདུག་སྟེ། དཔེར་ན་མངའ་བདག་མྱང་ཞི་བྱེད་ལ་མཁས་པ་ལ་ཞི་བྱེད་ཀྱི་དགོངས་པ་དང་མཐུན་པའི་ཆོས་སྐོར་མང་དུ་གཏད། གུ་རུ་ཆོས་དབང་སྨན་རྩིས་ལ་མཁས་པས་སྨན་རྩིས་ཀྱི་སྐོར་མང་དུ་གནང་། དེ་བཞིན་དུ་རྒྱ་ཞང་ཁྲོམ་མཐུ་མཁན་ལ་མཐུ་གཏད་ཀྱི་སྐོར་དང་། བོན་པོ་བྲག་ཚལ་དང་བོན་གསས་ཁྱུང་འཐོགས་སོགས་ལ་བོན། ར་ཁྲག་གཏེར་བཏོན་མདོས་མཁན་ལ་མདོས་ཆོག །ར་མོ་ཤེལ་སྨན་དང་ཀུ་ཚ་སྨན་པ་སོགས་ལ་སྨན་དཔྱད་ཀྱི་གཏེར་ཁ་གཏད་པ་དང་། གཞན་ཡང་། རིན་ཆེན་གླིང་པའི་ཆོས་སྐོར་གྱི་བདག་པོ་རྗེ་རང་བྱུང་གིས་མཛད་དགོས་ཕྱིར་ཕྱག་ཆེན་ཆོས་དྲུག་སོགས་བྱུང་བ་དང་། ཆོས་སྐད་ཀྱི་བབས་འགྲོས་ཀྱང་། མངའ་རིས་


TR006_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་ས་སྐྱའི་སྐོར་ལ་མཁས་པས་གཏེར་ཆོས་ཀྱི་དབྱིབས་ཀྱང་ས་ལུགས་འདྲ་བ་དང་། འཕྲང་པོ་གཏེར་བཏོན་ཡང་གསར་མ། མཁས་ཕྱིར་གཏེར་ཆོས་ཀྱང་གསར་མའི་ཆོས་སྐད་འདྲ་བར་སྣང་ཚེ། རིག་འཛིན་ཆེན་པོ་འདི་ཉིད་ཀྱང་དང་པོའི་ཆོས་སྒོར་ཞུགས་ལུགས་དང་བསྟུན་ནས་གནང་བ་ཞིག་ཡིན་པར་ངེས་ཚེ། རྙིང་མའི་ཆོས་སྐད་འདྲ་པོ་མ་བྱུང་ཞེས་འཁུན་པ་དག་ནི་རང་ཉིད་མཐོང་རྒྱ་ཆུང་སྐྱོན་ལས་གཞན་མ་ཡིན་མོད། རང་བཞིན་བབས་ཀྱིས་ནི། གཏེར་སྟོན་གཏེར་ཆོས་སོགས་ཀྱི་སྐོར་འདི་ལ་ཆོས་མིག་རྡུལ་བྲལ་མ་ཐོབ་རིང་ལ་བརྟག་དཀའ་ཞིང་། གལ་ཏེ་བསླུས་ན་ནི་ཕུང་ཚབས་ཀྱང་ཆེ་ཕྱིར། རིག་འཛིན་ཆེན་པོ་དེ་ཉིད་ཀྱང་འགྲོ་དོན་མཛད་ནས་རྒྱང་ཙམ་མ་སོང་གི་བར་དུ། བདག་ཅག་ཀྱང་ལྐོག་


TR006_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་གྱི་གནས་མི་ཤེས་ཚེ་ཧ་ཅང་དག་སྣང་བྱེད་སྔས་ས་ལ་དགའ་རྒྱུ་མི་འོང་ཞིང་། ལྷག་པར་རྟོགས་ལྡན་གྱི་རིགས་ལ་བཟང་ངན་སྣ་ཚོགས་ཤིག་མཐོང་བ་དང་། གཏེར་བཏོན་དེ་ཉིད་ཀྱང་ཐོག་མར་སྨན་པ་དང་། དེ་ནས་རྟོགས་ལྡན། སླར་གཏེར་བཏོན་དུ་གྱུར་ཚེ་དེ་འདྲ་ཅི་ཡིན་མི་ཤེས་ཅེས་གླེང་ཞིང་བཏང་སྙོམས་སུ་གནས་པ་ལ། སླད་དུ་རྗེ་ནོར་བུ་བརྒྱན་པས་བདག་རྐྱེན་མཛད་པར་ཐོས་ཕྲལ་ནས། ད་ནི་ཐེ་ཚོམ་མི་དགོས་ཏེ། རྗེ་དེ་ཉིད་ནི་སྤྱིར་སྐྱེས་ཆེན་རྩོད་བྲལ་ཡིན་པར་ལྟ་ཅི་སྨོས་ཀྱི། སྒོས་སུ་གསར་རྙིང་གཉིས་ཀར་མཁྱེན་གཟིགས་ཟླ་མེད་དང་། ཁྱད་པར་ཐུགས་དམ་མངོན་མཁྱེན་གྱིས་ལེགས་ཉེས་སྒྲིབ་བྲལ་དུ་གཟིགས་པས་ན། རྗེ་དེས་དེ་ལྟར་མཛད་ན་སོམ་ཉིད་མི་དགོས་ཞེས་བགྲོས་ཏེ་རིག་འཛིན་དེ་ཉིད་སྤྱན་དྲངས་པས། རྙིང་མ་བར་རློམ་པའི་ཨུ་ཚུགས་


TR006_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི། དབོན་རིགས་སོགས་མང་པོ་ཡང་། རྩེ་ལེ་བས་གཏེར་སྟོན་ཚད་ལྡན་དུ་མཐོང་ཡོད་པར་འདུག་པས་སྐྱབས་སུ་མཆི་ཞེས་འདུས་ཤིང་བཏུད། དེ་ལྟར་བདག་ཅག་གི་འབུལ་གསོལ་བཀུར་བསྟི་རྒྱ་ཅན་བྱེད་རྒྱུ་མེད་རུང་། ཀོང་པོ། སྤུ་བོ། ཁམས་དང་འཇང་ཡན་ཆད་ཀྱི་རྙིང་མའི་གདུལ་བྱར་གཏོགས་པ་ཐམས་ཅད་འདུས་ཤིང་འགྲོ་དོན་ཆེར་རྒྱས་བྱུང་སོང་བ་དང་། འཇང་ས་ཐམ་རྒྱལ་པོའི་ཞུ་ཡིག་འབུལ་བ་སོགས་ཀྱང་སྐུ་ཞབས་སུ་ཡར་ཕུལ་ཞིང་། མར་ལ་ཕྱག་ཐམ་དམ་རྫས་གཏེར་ཆོས་དད་རྟེན་སོགས་གནང་བའི་བརྡ་སྦྱོར་སོགས་ཀྱང་བདག་གིས་ཕྱག་ཕྱི་ཞུས་པ་ལ་མཉེས་ཚོར་ཡང་ཆེ་བར་མཛད་པ་བྱུང་ལགས་པ་སོགས་འཕྲོས་ཞུས་སུ་གསོལ་བ་དང་།། ༈ །།སྐབས་དོན་དངོས་ལ། དེ་ཡང་བདག་ནི་གཏེར་གསར་དཀོན་མཆོག་སྤྱི་འདུས་རྩ་གསུམ་ལ་གྲངས་


TR006_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་ལྷག་ཙམ་དང་། ཁྱད་པར་གུ་རུ་ཞི་བསྙེན་ལ་འབུམ་ཕྲག་བརྒྱ་དང་ཉེར་བརྒྱད་ཙམ་དང་། ཐུགས་རྗེ་ཆེན་པོའི་ཕྱི་སྒྲུབ་སྐྱེ་བདུན་སྒྲུབ་པ་དང་སྦྲགས་པ་ལ་བྱེ་བ་བརྒྱད་མ་གཏོགས། གཏེར་རྗེས་མ་རྣམས་སོ་སོའི་སྒེར་བསྙེན་མ་བྱས་ཏེ། རིག་འཛིན་དེ་ཉིད་ཀྱི་བཀའ་ལས། ཁྱེད་རང་ལ་བདག་གིས་ཆོས་འདི་ཐམས་ཅད་ཀྱི་བདག་པོར་དབང་བསྐུར། བྱིན་གྱིས་བརླབས། བཀའ་གཏད། ལུང་ཕོགས། མངའ་གསོལ་བ་འདི་ཀས་གཞན་དོན་བྱེད་དགོས་པ་བྱུང་ན་ནི་ཇི་ལྟར་འདོད་པ་གྱིས་ལ། ཁྱེད་རང་ཉམས་ལེན་ནི་བསྟན་པའི་བབས་ཀྱི་རྟེན་འབྲེལ་ཡིན་པས། གཏེར་སྙིང་རང་ལ་འབུངས་ཤིག །ཅེས་པའི་ཞལ་གདམས་ཡོད་པར་བརྟེན། དེ་ནས་བཟུང་སྟེ་རང་ཉིད་ཀྱང་གཅིག་ཅར་བའི་བློར་སོང་གཤིས་ཀྱིས། ཇོ་བོ་ཆེན་པོས་ལོ་ཆེན་རིན་བཟང་དང་། ཞང་སྣ་ཆུང་སྟོན་པ་སོགས་ལ། ཆོས་སྙིང་པོར་བསྡུས་ལ་ཉམས་སུ་ལོངས་


TR006_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་གསུངས་པ་ལྟར་བགྱིད་ཁུས་ཀྱིས་སྣ་མང་གི་སྤྲོས་པ་བསྐྱུངས་པའི་ཁུས་ལགས་ཤིང་། ཅི་ཞུ་ན། དཀོན་མཆོག་སྤྱི་འདུས་ལ་ནི་གཞུང་གི་མཧཱའི་སྐྱེད་རིམ་ནས་ཞལ་གསལ་བ་དང་། དེ་ལས་སྤྲོས་པ་ཆེ་བར་འདོད་པ་དག་ནི་གཏེར་བཏོན་ཉིད་ཀྱིས་མཛད་པའི་ཡང་འགྲེལ་དུ་ཡོད་པ་ལྟར་བསྒོམ་པས་འགྲུབ་མོད་ལ།། ༈ །།ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་ནི་སྤྱིར་ཆོས་ཀྱི་བབས་ཚུལ་པད་གླིང་ཚེ་སྒྲུབ་སོགས་དང་མཐུན་ཤས་ཆེ་བ་དང་། བསྙེན་སྒྲུབ་ཀྱི་དམིགས་རིམ་སྐོར་ལ་ལར་གྲུབ་རྒྱལ་མ་སོགས་དང་ཡང་གཅིག་ཤས་ཆེ་བས། རྗེ་ཉིད་ལྟ་བུས་མི་དགོངས་རྒྱུ་ནི་ག་ལ་སྲིད་དང་། དེ་ཡང་གང་ཟག་སྐྱེད་རྫོགས་ལ་གོམས་ཤིང་སྤྲོས་པ་ཆུང་བའི་རིགས་ནི་རྒྱུན་འཁྱེར་གཉིས་གང་རུང་ཁོ་ནས་ཆོག་མོད་ཀྱང་། སྤྲོས་བཅས་ལ་མོས་པ་དང་། ཁྱད་པར་ཆོས་འདི་


TR006_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ལ་མི་ཚེའི་ཆོས་སྐལ་དུ་བྱེད་མཁན་ལྟ་བུ་ཡིན་ན། ཐོག་མར་དབང་ལུང་རྣམས་ཡོངས་རྫོགས་ཞུས་ལ། ཐུན་མོང་གི་སྔོན་འགྲོ་དངོས་གཞི་རྗེས་ཀྱིས་ཉམས་ལེན་ཁ་སྐོངས་ལ་དགོས་རིགས་ཐམས་ཅད་ནི་བི་མ་ལའི་ཆོས་སྤྱོད་ལྟར་བློ་ལ་ངེས་པར་བྱ་ཞིང་། དངོས་གཞིའི་བསྙེན་སྒྲུབ་གཙོ་བོར་ཕྱི་སྒྲུབ་ལྷ་གཅིག་དཀར་པོ་ལ་གཞུང་ཇི་ལྟར་འབད། དེ་ནས་རྩ་རླུང་ཐིག་ལེའི་ཉམས་ལེན་སྔར་མི་ཤེས་ན་བླ་མས་ཟབ་ལམ་གྱི་ཁྲིད་ཚུལ་ལྡན་བཏབ་ཅིང་། དེ་དག་གི་གནད་ཤེས་པར་གྱུར་པ་ན་ཚེ་དཔག་མེད་ཀྱི་ནང་སྒྲུབ་རྟགས་ཐོན་དུ་འབད་དེ་རྗེས་གསང་སྒྲུབ་ལ་འབད་ནས་དེ་ཐམས་ཅད་ལ་གོམས་པ་ཐོབ་ན། མན་ངག་གསང་བའི་སྒྱུ་འཕྲུལ་གྱི་ལས་ཚོགས་རྣམས་དང་། གཞན་ཡང་། སྐུ་གསུང་ཐུགས་ཀྱི་ལས་སྦྱོར་དེ་དག་ཐམས་ཅད་ཚོགས་མེད་དུ་འགྲུབ་མོད། གལ་ཏེ་གང་ཟག་སྣོད་ལྡན་ཁྱད་པར་བའི་རིགས་འོག་སྒོ་བདེ་ཆེན་གྱི་སྐལ་ལྡན་ཡིན་


TR006_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ན་ནི་སྔོན་ལ་ནང་སྒྲུབ་གསང་སྒྲུབ་རྣམས་ལྷག་པར་གནད་བསྣུན་རྟགས་ཐོན་དུ་བྱེད་དགོས་པ་ནི་གལ་པོ་ཆེར་གདའ་བ་དང་། མདོར་ན་འདི་སྐབས་ཀྱི་ཕྱི་ནང་གསང་སྒྲུབ་ཐམས་ཅད་ལུས་དཀྱིལ་འབའ་ཤིག་ཡིན་ཕྱིར་མཚན་བཅས་ཀྱི་དཀྱིལ་འཁོར་སྒྲུབ་རྫས་བཤམས་མི་དགོས་པ་ཤས་ཆེ་བ་དང་། དམིགས་པ་དང་བཟླས་སྔགས་སོགས་ནི་གཞུང་ཉིད་ནས་ཤིན་ཏུ་ཞིབ་ཕྱིར་སླར་ཟིན་རིས་སོགས་དགོས་པའི་རིགས་མ་མཆིས་ལ། འོན་ཀྱང་སློབ་མ་གསར་བུ་བ་ལ་གནང་བའི་སྐབས་ལྟ་བུར་ནི་སྐྱེད་རྫོགས་ཀྱི་གོ་བརྒྱ་བཞི་ནས་མ་དཀྲོལ་ན་ཁོང་ཚོས་མི་གོ་ཚེ་སྤྱི་གཞུང་ལྟར་ཁྲིས་དགོས་པ་ལ།། ༈ །།ཐུགས་རྗེ་ཆེན་པོ་ལ་ནི་སྤྱིར་གཏེར་ཁ་ཐ་དད་ལ་ཐུན་མོང་ཆེན་པོའི་ཆོས་སྐོར་ཡང་རྒྱུད་སྡེ་གོང་འོག་སྣ་ཚོགས་དང་། ཕལ་ཆེར་ནི་བླ་མེད་ལུགས་ཤས་ཆེ་བ་ཙམ་འབྱུང་ནའང་། འདི་


TR006_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་རྒྱལ་སྲོང་བཙན་ལུགས་དིང་སང་ཆོས་རྒྱུད་སྤྱི་ལ་ཡོངས་གྲགས་འདི་ཀ་དང་མཐུན་པ་ཉིད་དུ་གདའ་བ་དང་། འདི་ལ་དབང་གི་སྐབས་སོགས་སུ་བླ་མེད་ཀྱི་དབང་བཞི་རྫོགས་མདོར་བསྡུས་མཛད་པ་ཙམ་ལས། ཆོས་དཀའ་དངོས་གཞི་སྤྱོད་རྒྱུད་ཀྱི་ཕྱོགས་སུ་གཏོགས་པར་བཞེད་ཀྱང་། སྣང་སྲིད་གཞི་བཞེངས་ཀྱི་སྐྱེད་ཚུལ་དང་། ནང་སྒྲུབ་ཡུམ་བཅས་སོགས་བླ་མེད་དང་མཐུན་པར་གཞིར་བཅས་ལ། རྫོགས་རིམ་བྱེ་བྲག་པ་ཐབས་ལམ་སོགས་ཀྱང་བསྟན་འདུག་པ་རྣམས་ཀྱིས་རྒྱུད་སྡེ་གོང་འོག་ཐམས་ཅད་ཀྱི་གནད་དོན་ཚང་བར་གསལ་མོད་ཀྱི། འདིའི་ཉམས་ལེན་ལ། ཐོག་མར་སྔོན་འགྲོ་བཞི་སྦྱོར་ནི་གཙོ་བོར་ཁྲིད་ལ་བསྔགས་པ་ཡིན་མོད་ཀྱང་སྐྱེད་རིམ་བསྙེན་སྒྲུབ་ཀྱི་ཡང་ཐུན་མགོར་ཡོད་ན་ལེགས་པ་དང་། དངོས་གཞི་ནི། ཕྱི་སྒྲུབ་ཕྱག་སྟོང་སྤྱན་སྟོང་དེ་ཉིད་མིང་ཕྱི་སྒྲུབ་ཏུ་བཏགས་ཀྱང་དོན་


TR006_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐེག་ཆེན་གསང་སྔགས་ཀྱི་སྒོམ་རིམ་དཀྱིལ་འཁོར་གསུམ་ལྡན་ཟབ་པའི་སྙིང་པོ་ཡིན་པར་གདའ་བས། དབང་པོ་རབ་ཀྱི་བསྒོམ་ཚུལ་འདི་ལས་ལྷག་པའི་སྐྱེད་རྫོགས་གཞན་དགོས་པར་མ་གྱུར་ལ། འདི་ལ་འཁོར་ཚོགས་བསྐྱེད་པ་ནི་ཆོ་ག་དང་དབང་པོ་སོགས་མདུན་སྐྱེད་བསྒྲུབ་དགོས་ན་མ་གཏོགས། བདག་བསྐྱེད་རྒྱུན་གྱི་ཉམས་ལེན་ལ་ནི་སྣང་སྲིད་སྣོད་བཅུད་ཐམས་ཅད་འཕགས་པ་ཉིད་དུ་བྱས་ཚེ་འཁོར་ཟུར་དུ་བསྒོམ་དགོས་པ་མ་མཆིས་ལ། གཟུངས་རིང་དང་ཡིག་དྲུག་གང་བཟླ་ཡང་དམིགས་པ་ནི་གཞུང་ཉིད་ལྟར་གྱིས་འཐུས་པ་དང་། འདི་ལ་འབད་ནུས་ན། ནང་དང་གསང་བ་དེ་བཞིན་ཉིད་སྒྲུབ་སོགས་མཐར་ཆགས་སུ་ངེས་པར་དགོས་པ་ནི་མ་ལགས་མོད་ཀྱི། གལ་ཏེ་ཅིས་ཀྱང་དེ་ཐམས་ཅད་ཚང་བར་བསྙེན་འདོད་པ་ལྟ་བུས་ནི་སྔོན་ལ་ཕྱི་སྒྲུབ་འདི་ལོ་ཟླ་ཞག་


TR006_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ཙམ་འདོད་པ་བྱས་ལ། དེ་ནས་ནང་གསང་རྣམས་ཀྱང་ཟླ་རེ་སོགས་སྤྱི་ལྟར་འདོད་པ་བྱས་པས་རུང་བ་དང་། ཁྱད་པར་བཀའ་ཐམ་དུ། ཆོས་ལོངས་སྤྲུལ་གསུམ་གྱི་སྤྱན་རས་གཟིགས་གསུམ་པོ་དེ་སེམས་དཔའ་གསུམ་བརྩེགས་ལྟར་ནང་ལ་ནང་བཅུག་ལྟ་བུར་དགོས་མི་དགོས་ཕེབས་པ་དེ་ནི། བདག་གིས། རིག་འཛིན་ཆེན་པོ་ཉིད་ལ་སྒེར་ཞུས་བཞིན་མ་བྱས་ཀྱང་། རང་གི་གོ་ཚོད་ལ་ནི་དེ་གསུམ་པོ་རང་ཉིད་གང་མོས་སུ། གང་རུང་གཅིག་སྒོམ་པ་མ་གཏོགས་དུས་གཅིག་ལ་གསུམ་ག་དགོས་པར་མི་སེམས་ཏེ། ཚེ་སྒྲུབ་རྒྱུན་འཁྱེར་གཉིས་དགོངས་པ་གཅིག་པར་གོ་ལ། དགོས་པ་ནི། གང་ཟག་སྤྲོས་མེད་དམ་ལོང་ཁྱབ་མེད་པའི་རིགས་ལ་དགོངས་སམ་སྙམ་སྟེ། གཞུང་ཉིད་ནས་ལྷ་གྲངས་གཙོ་འཁོར་གང་རུང་ལ་ཁོལ་འདོན་དུ་སྒྲུབ་ཀྱང་བྱིན་རླབས་ལྷག་པར་ཆེ་བ་ནི་སྤྲུལ་པའི་ཆོས་རྒྱལ་ཉིད་ཀྱི་ཞལ་ལུང་ཡིན་


TR006_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་འདུག་པའི་ཕྱིར་རོ། །དེས་ན་སྐྱེད་ཆོག་རྒྱས་པའི་རིམ་པ་ལ་མོས་ན་དེའི་སྤྱན་འདྲེན་མཆོད་བསྟོད་སོགས་ཀྱང་གཞུང་ཉིད་ལྟར་བྱས་ལ། བསྡུས་པ་རྒྱུན་ཁྱེར་དག་ལ་ནི་སྐྱེད་རྫོགས་ཟུང་འཇུག་འཁོར་ཡུག་ཡིན་ཕྱིར་ཆུ་བོའི་རྒྱུན་ལྟར་མ་གཏོགས་བརྗོད་བྱ་མང་པོ་གཤེགས་བསྡུ་སོགས་མི་དགོས་པ་ནི་དགོངས་མངའ་ལྟར་དང་། འདི་ལ་ཡང་དབང་། རབ་གནས་གཤིན་དོན། བུམ་སྒྲུབ་སོགས་ལས་མཐའ་ཟུར་དགོས་ཡིན་ན་མ་གཏོགས། བདག་སྐྱེད་བསྙེན་པ་གང་ལ་ཡང་དཀྱིལ་འཁོར་སོགས་མི་དགོས་པ་ནི་སྤྱི་དང་མཐུན་ནོ། །གོང་ཞུས་ལྟར། ཆོས་ལོངས་སྤྲུལ་གསུམ་གྱི་ཐུགས་རྗེ་ཆེན་པོ་དེ་དག་ནང་ལ་ནང་བཅུག་ཏུ་བྱ་དགོས་པ་ཞིག་ཡིན་ན་ནི་ཕྱི་ནང་གི་གོ་རིམ་ཡང་གོ་ལོག་ལྟ་བུར་འགྱུར་བར་སྣང་སྟེ། དཔེར་ན་བཀའ་བརྒྱད་དངོས་གྲུབ་སྙིང་པོར་ཕྱི་སྤྲུལ་སྐུའི་ཆེ་མཆོག་དབུ་


TR006_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཕྱག་མང་རྣམས་ཀྱི་ནང་དུ་རིམ་པས་ཞལ་ཕྱག་ཉུང་དུ་བསྡུས་ནས། མཐར་ཐུགས་ཀའི་ཆོས་སྐུ་ཞལ་གཅིག་ཕྱག་གཉིས་པ་སྙིང་པོའི་ཧེ་རུ་ཀར་མཛད་པ་ལྟར། འདིར་ཡང་དེ་ལྟ་བུར་དགོས་པར་སེམས་ཀྱང་དེ་དང་མ་གཅིག་པར་ཕྱི་ནང་གོ་ལྡོག་ཏུ་སྣང་བས་དེས་ན་བདག་ནི་འདི་དག་ཐ་དད་གང་མོས་སུ་བསྒོམ་རྒྱུ་ཁོ་ནར་བརྩི་བ་ལགས།། ༈ །།སྙན་བརྒྱུད་གཙུག་རྒྱན་ནོར་བུའི་རྩ་བའི་བསྙེན་པ་ནི་ཁརྶ་པཱ་ཎི་བསྐྱེད་ཚུལ་གཞུང་བཞིན་ལ། བཟླས་པའི་སྐབས་སུ་ཡི་གེ་བཅུ་པ་ནི། ཨོཾ་ཨཱཿཧཱུྃ་ཧྲིཿཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ཉིད་ཡིན་པ་དང་། བསྙེན་ཚད་བྱེ་བའམ་གང་འགྲུབ་སོང་བ་དང་། བླ་མ་སྐུ་གསུམ་རྣམས་ཀྱང་བསྙེན་ཚད་ཞག་གྲངས་སོགས་མོས་བློ་དང་བསྟུན་ཞིང་། འཇིགས་བྱེད་ནག་པོ་ནི་ཆེད་དུ་དྲག་ལས་བསྒྲུབ་དགོས་པའམ། ཁྱད་པར་བྱད་མ་ནང་འདྲས་ལྟ་བུ་ཟློག་པ་གཞན་གྱིས་མི་བཟློག་


TR006_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས་ལ་འདི་ཉིད་བསྔགས་པ་ཡིན་ཞེས་རིག་འཛིན་ཆེན་པོ་དེ་ཉིད་གསུངས་བ་ལས། རྒྱུན་གྱི་ཉམས་ལེན་དཀྱུས་མར་དགོས་པ་ནི་མིན་པར་སྣང་ཞིང་། སྙན་རྒྱུད་ཉིད་ཀྱི་རྒྱུན་འཁྱེར་ནི། མཇུག་གི་ཡིག་ཆུང་ལ་འཁོད་པར་གནང་བ་རིག་འཛིན་ཆེན་པོ་ཉིད་ཀྱི་ཉམས་བཞེས་ཡིན་གསུངས་བ་དེ་སྐབས་ཐུགས་ཀར་རྩ་བའི་བླ་མ་རྣམ་ཤེས་ཀྱི་ཚུལ་དུ་གསལ་བ་དེ་རྗེ་བཙུན་མི་ཕམ་བློ་གྲོས་ལ་མཛད་མོད་ཀྱི། འོ་སྐོལ་གཞན་རྣམས་ཀྱིས་ནི་རིག་འཛིན་ཆེན་པོ་ཉིད་བསྒོམ་རྒྱུ་དང་། འཁོར་ཡང་འདོད་བསྟུན་བྱས་ཆོག་པར་གསུངས་པ་བཞིན། གུ་རུ་རིན་པོ་ཆེ། སྲོང་བཙན་སྒམ་པོ། མཉམ་མེད་རིན་པོ་ཆེ་རྣམས་ལ་མི་མོས་མཁན་མི་འབྱུང་ལ། རྒྱལ་བའི་དབང་པོ་སོགས་ཀྱི་དོང་དུ་རང་རང་གི་བླ་མ་གང་ཡིན་བསྐྱེད་པར་སྤྲོ་ན་དེ་བཞིན་བྱ། གཞན་ཞིབ་ཆ་མཐའ་དག་གཞུང་ཉིད་ནས་འབྱུང་བ་ལ་མ་འཐུས་པ་མེད་དོ།།


TR006_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།རྟ་ཕག་ཡིད་བཞིན་ནོར་བུ་ལ། ལྟུང་བཤགས་ལྷ་ཚོགས་ནི་མདུན་གྱི་ནམ་མཁར་སྐྱབས་ཡུལ་དུ་གསལ་རྒྱུ་ལགས་ཤིང་། བསྙེན་སྒྲུབ་དངོས་ཀྱི་དང་པོར་ཕྱི་སྒྲུབ་ནི་ཁརྶ་ས་ཎི་བསྐྱེད་ཚུལ་གཞུང་བཞིན་དང་། ནང་སྒྲུབ་ནི་དེ་གཉིས་རྟ་མགྲིན་དུ་གནས་བསྒྱུར་བ་སྟེ། རྟ་མགྲིན་འདི་ནི་ངོ་བོ་ལ་ཁྱད་ག་ལ་ཡོད་ཀྱང་གནས་སྐབས་ཀྱི་ཆ་ལུགས་རྣམ་འགྱུར་ནི་སྔོན་གཏེར་བཏོན་སྙེ་མོ་ཞུ་ཡས་ཀྱི་གཏེར་ནས་གདན་དྲངས་ཀྱང་འགྲོ་དོན་མ་བྱུང་བར་ཕྱིས་སྐྱེར་སྒང་པ་ཆེན་པོའི་ཕྱག་ཏུ་བབས་ཤིང་། ཁོང་གིས་མནལ་ལམ་བཟུང་ནས་རྔ་ཡབ་གླིང་དུ་གུ་རུ་ཉིད་ལ་ཞུས་ཤིང་སྤེལ་བས། དེང་སང་ཤངས་པའི་རྟ་མགྲིན་ཞེས་ཡོངས་གྲགས་དེ་དང་གཅིག་པར་གདའ་ལགས། གསང་སྒྲུབའམ་རྒྱུན་ཁྱེར་གྱི་ཉམས་ལེན་ནི། ཧྲཱིཿ བདག་ཉིད་དབང་ཆེན་ཡབ་ཡུམ་ནི། ཞེས་སོགས་གཞུང་ལས་བྱུང་བ་ལྟར་གསལ་ནས་ཡི་གེ་བཅུ་གཅིག་པ་ཟླ་བ་


TR006_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འདི་སྐྱེད་རྫོགས་ཟུང་འཇུག་ཐུན་མཚམས་བྲལ་བ་ཆུ་བོ་རྒྱུན་གྱི་ཉམས་ལེན་ཡིན་པར་གདའ་ལ། གོང་གི་ཕྱི་ནང་གི་སྒྲུབ་པ་གཉིས་པོ་སྔོན་ལ་མ་ཐུབ་པའི་ཚེ་ནའང་ཐོག་མ་ནས་དྲིལ་སྒྲུབ་འདི་ལ་ཆིག་དྲིལ་དུ་འབད་ཀྱང་ཆོག་པར་གསུངས་པ་ལགས།། ༈ །།རྡོ་རྗེ་གྲོ་ལོད་ལ། གུ་རུ་ཞི་བ་སྔོན་དུ་སྒྲུབ་ཅིང་ཡིག་བདུན་བསྙེན་ཚུལ་དང་། སླར་གྲོ་ལོད་ཉིད་ཀྱི་ཧཱུྃ་སྒྲུབ་དང་བཅས་པ་གཞུང་ཉིད་ཀྱིས་གསལ་མོད་ལ། བདག་གི་ཕུལ་བའི་དབང་ཆོག་འདིར་ཡང་ཞིབ་པར་བསྟན་ཡོད་པས། དབྱིངས་ཟབ་དམ་པར་བཅགས་པར་གསོལ།། ༈ །།དཔལ་མགོན་མ་ནིང་ལ་ནི། སྤྱིར་འདི་རིགས་ཀྱི་སྒྲུབ་པ་པོ་ཡང་། རྗེ་དེ་ཉིད་ལྟ་བུ་ལ་སྨོས་ཅི་དགོས་ཀྱི། གང་ཟག་ཕལ་པའི་རིགས་ལ་ནི་ལྟ་བ་རྒྱབ་ཀྱི་ལྷ་དང་གཉེན་པོ་སྟོབས་ཀྱི་ལྷ་སོགས་ལ་ནུས་གདེངས་


TR006_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལྡན་སྔོན་དུ་འགྲོ་དགོས་ཚེ། རྙིགས་དུས་ཀྱི་གང་ཟག་ཕྲལ་གྱི་འདོད་ཐག་ཉེ་ལ་ཕུགས་ཀྱི་ཁེ་གྱོང་མི་ཤེས་པ་མང་ཕྱིར་དེ་འདྲའི་རིགས་ཀྱིས་བསྒྲུབ་ཀྱང་གཅེར་བུའི་མདའ་ཁ་དང་། གོ་མེད་གཡུལ་ཞུགས་ཀྱི་དཔེར་ཟད་མེད་ཀྱི། འོན་ཀྱང་རྩ་བའི་བསྙེན་པ་ཙམ་ཞིག་བྱེད་པའི་དབང་དུ་བགྱི་ན། སྔོན་ལ་ཕྱག་རྡོར་རྟ་མགྲིན་གང་རུང་ངམ། རབ་ལ་ནི་ཆེ་མཆོག་གི་བསྙེན་པ་བཀའ་བརྒྱད་གཏེར་ཁ་གང་རུང་གི་ལུགས་ལྟར་གྲངས་བསྙེན་ཐེམས་པ་ཞིག་ནི་མེད་དུ་མི་རུང་དང་། དེ་ནས་འདི་ཉིད་ལ་ནམ་འཇུག་ཚེ་གནས་དབེན་ལ་མཚམས་དམ་པ་དང་། ཁྱད་པར་བུད་མེད་ཀྱི་རིགས་ཀྱིས་མི་མཐོང་བར། མགོན་པོའི་སྐུ་རྟེན་བྲིས་འབུར་ཅི་རིགས་བཤམས་པའི་དྲུང་དུ། གཏོར་མ་བཟང་པོ་གཟི་ལྡན་རྒྱུན་བཞག་ཞིག་དང་། ནུབ་རེ་ལ་འབུལ་རྒྱུའི་གཏོར་ཆུང་རེ་


TR006_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྨན་རཀ་མཆོད་ཚོགས་སྤྱན་གཟིགས་མགོན་རྫས་གྱི་རིགས་ཀྱི་ནམ་པར་བཤམས་ལ་སྐྱབས་སེམས་བདུན་དག་སོགས་ཐུན་མོང་གི་སྔོན་འགྲོ་སྤྱི་མཐུན་གྱི་རྗེས་ལ། བདག་སྐྱེད་ཆེ་མཆོག་གི་བསྐྱེད་ཟླས་བརྒྱ་སྟོང་གང་རིགས་བྱས་ལ། དེ་ནས་རང་གི་མདུན་དུ་དུར་ཁྲོད་ཐོད་མཁར་མེ་རླུང་འཚུབ་ཅིང་དྲེག་བྱེད་སྤྲིན་ལྟར་འཐིབས་པའི་ཕོ་བྲང་གི་དབུས་སུ་ཆོས་འབྱུང་མཐིང་ནག་པད་ཉི་བམ་ཆེན་གྱི་གདན་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་འཕྲོས་ཏེ་གདན་ཁར་བབས་པ་ལས་འོད་འཕྲོས་ཏེ་གདན་ཁར་བབས་པ་ལས་འོད་འཕྲོས། རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱང་བ་དང་གདུག་པ་ཅན་ཚར་བཅད་ནས་འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ་པས་གནས་འགྱུར་ཏེ། དཔལ་མགོན་གྱི་སྐུ་ཆ་ལུགས་རྫོགས་པར་གསལ་བའི་གཡས་


TR006_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་གཟའ་རྡོར་གཉིས། མདུན་དུ་ལས་མཁན་སྲོག་བདུད་དང་བཅས་པའི་མཐའ་སྐོར་དུ་སྡེ་བརྒྱད་སྤྲུལ་པ་ཡང་འཁོར་དང་བཅས་པ་ཉི་མ་དང་འོད་ལྟར་ཤུགས་འབྱུང་དུ་བསྐྱེད་ཅིང་། གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་པས། འོག་མིན། གསུམ་རྩེན། མ་ལ་ཡ། བསིལ་བ་ཚལ། ཨུ་ཙ་ལ། རྡོ་རྗེ་གདན། ནཱ་ལེནྜ་སོགས་བཞུགས་གནས་རྣམས་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སྤྱན་དྲངས་ནས་དམ་ཚིག་པ་ལ་དབྱེར་མེད་བསྟིམ། བདག་ཉིད་ཆེ་མཆོག་གི་ཕྱག་མཚན་རྡོ་རྗེ་མགོན་པོའི་སྤྱི་བོར་བཞག་ནས་བཀའ་བསྒོ་དམ་བསྒྲགས་པས་ཅི་གསུངས་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིང་བདག་ཉིད་སྐྱེད་རྫོགས་དབྱེར་མེད་ཀྱི་དཔའ་གདེངས་ཆེར་བསྐྱེད། དེ་ནས་མགོན་པོའི་ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་ཁ་དོག་ནག་ལ་


TR006_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་མདངས་དམར་བ་ལྕགས་བསྲེག་གི་འཁོར་ལོ་ལྟ་བུས་བསྐོར་བར་དམིགས་ནས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཛཿཞེས་བཟླས་པ་ཙམ་གྱིས་མགོན་པོ་འཁོར་བཅས་ཀྱིས་ཀྱང་སྦིར་རི་རི་བཟླ་བར་མཛད་ཅིང་། བདག་ཆེ་མཆོག་གི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་ལྔ་ལྡན་མགོན་པོའི་ཐུགས་སྲོག་ལ་ཕོག་པས། ཐུགས་དམ་རྒྱུད་བསྐུལ། མགོན་པོའི་ཐུགས་སྲོག་ལས་འོད་མཐིང་ནག་ཉིད་གཙོ་བོར་གྱུར་པའི་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས། གདུག་པ་ཅན་མཐའ་དག་བཏུལ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྗེ་ནུས་སྟོབས། ཁམས་གསུམ་སེམས་ཅན་གྱི་ཚེ་བསོད་བཀྲག་མདངས་ལོངས་སྤྱོད། འབྱུང་བ་བརྟན་གཡོ་མཐའ་དག་གི་བཅུད་དང་དངས་མ་སོགས་བསྡུས་ནས་མགོན་པོའི་ཐུགས་ཀར་ཐིམ་ཞིང་། ཐུགས་ཀ་ནས་སླར་ཡང་འོད་ཀྱི་ཚུལ་དུ་ནུས་བཅུད་


TR006_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཟད་མེད་དུ་བདག་གིས་ཐུགས་ཀར་ཐིམ་པར་བསམ་ལ། མི་ཚིག་དང་བྱ་བ་གཞན་དང་སྐད་ཅིག་ཀྱང་མ་འདྲེས་པར་བརྩེ་གཅིག་ཏུ་བསྙེན། ནུབ་རེ་བཞིན་བསྐང་གསོ་ཚོགས་མཆོད་དང་འབུལ་གཏོར་མ་ཆག་པར་བྱ་ཞིང་། ཐུན་མཐར་མགོན་པོའི་འཁོར་རྣམས་ཕོ་བྲང་དང་བཅས་པ་གཙོ་བོ་ཉིད་ལ་ཐིམ་ཞིང་། གཙོ་བོ་ཉིད་བདག་ལ་གཉིས་མེད་དུ་ཐིམ་པར་དམིགས་པ་དང་། བདག་སྐྱེད་ནི་མི་བསྡུ་བར་ལྷའི་ང་རྒྱལ་དང་འབྲལ་མེད་བྱའོ། །དེ་ལྟ་བུས་ཞག་ཉེར་གཅིག་སོགས་ཀྱིས་བསྙེན་པ་ཅི་མང་དང་། མཐའ་མ་ཡང་བྱེ་བ་ལས་མི་ཉུང་བ་བྱས་ན་ཆོ་འཕྲུལ་དང་རྟགས་ཀྱི་རྣམ་གྲངས་ཕྲན་ཚོགས་ཅི་བྱུང་ཡང་འཇིགས་སེམས་དང་ཞེན་རློམ་སྤང་ཏེ་རང་སེམས་ཀྱི་འཆར་ཚུལ་དུ་ཐག་བཅད་ལ་འཁུ་འཕྲིག་མི་བྱ། མཐར་ཐོན་པའི་ཉིན་མོ་བསྐང་གསོ་ཚོགས་འཁོར་


TR006_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་བསྐོང་རྒྱས་པ་དང་། སྒྲུབ་གཏོར་དེ་ཡང་འབུལ་ཞིང་ཕྲིན་ལས་བཅོལ་ལ་ཡེ་ཤེས་པ་གཤེགས་ཅིང་དམ་ཚིག་པ་བདག་ལ་བསྡུ། བསྔོ་སྨོན་ཤིས་བརྗོད་སོགས་ཅི་ལྟར་རྒྱས་པ་དང་། རྒྱུན་པར་དང་དུས་བཟང་རྣམས་སུ་བསྐང་གསོ་གཏོར་འབུལ་ལ་བརྩོན་པར་བྱའོ། །དེ་ལྟར་རྩ་བསྙེན་འདི་ཙམ་ནི་འཁུ་ལྡོག་ཆུང་ཞིང་བཀྲ་ཤིས། མཐུ་ཆེན་གོས་འདོད་འབྱུང་བ་སོགས་གསུངས་ལ། འདི་ལས་སྤྲོས་པའི་གཞུང་གི་སྒྲུབ་པ་དངོས་རྣམས་ནི་དིང་སང་གི་གང་ཟག་འདི་དག་སྒྲུབ་པ་པོའི་འོས་གྱུར་ཀྱང་ཆེས་དཀོན་ལ། ཅི་སྟེ་ལན་ཅིག་འགྲུབ་ཀྱང་རྒྱུན་གྱི་དམ་ཚིག་མཆོད་གསོལ་ལས་སྦྱོར་སྒྲིགས་མ་རྣམས་ཀྱང་མཐའ་འཁྱོངས་པ་དཀའ་ཞིང་། དེ་དག་ཚུལ་བཞིན་མ་བྱུང་ན་ནི་རང་ཉིད་ལ་རང་གཤེད་འབེབ་པའི་རྒྱུར་ཟད་པས་ན། དེ་ལས་ཀྱང་


TR006_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནས་མ་ཙམ་པ་ཁེབས་ཆེ་ཞིང་། ལྷག་པར་དེ་ཁར་ནི་མཆོག་གི་གྲུབ་བརྙེས་ཟམ་མ་ཆད་པར་བྱོན་པའི་བཀའ་དྲིན་ལས། གྲི་གུག་ཅན་དང་ཏྲཀྴད་སོགས་གྲིབ་ལྟར་འགྲོགས་པ་ཡོད་བཞིན་དུ་ཆོས་སྐྱོང་སྣ་མང་བ་ལ་ཡ་མཚན་རྒྱུ་མེད་པ་ནི། དཔལ་ལྡན་འབྲུག་པའི་མགོན་མང་གི་ལོ་རྒྱུས་ངག་སྒྲོས་རྣམས་ལྟར་འགྱུར་བས་ན། སྔར་གྱི་རྣམས་ལ་གསོལ་མཆོད་མི་དམན་པར་མཛད་པར་གསོལ་བ་འདེབས་པ་ལགས། ཡང་གཏེར་གསར་ལས་འཕྲོས་པའི་སྐབས་དོན་ཟུར་གསལ་འབུལ་རྒྱུར། དགོངས་པ་རིན་པོ་ཆེས་མ་ཆོད་པ་གཅིག་ག་ལ་མཆིས་ཏེ། ཞི་ཁྲོ་ངེས་དོན་གྱི་འཛབ་ཏུ་ཕུར་བ་རྩ་སྔགས་ཀྱི་སྐབས་སུ། སྤྱིར་ནི་སྒྲ་པ་ལུགས་ལ། སརྦ་བི་གྷཱ་ནམ་ཞེས་པ་བགེགས་ཀྱི་སྐད་དོད་ཡིན་ཏེ། དཔེར་ན་ལས་བུམ་གྱི་ལྷ་བགེགས་མཐར་བྱེད་བསྐྱེད་པའི་རྩ་སྔགས་ཀྱང་། ཨོཾ་ཨཱཿབྷི་ག་ནམ་ཏ་ཀྲྀ་ཏ་


TR006_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊཿཅེས་སོགས་འབྱུང་མོད་ཅིང་། ས་ལུགས་ཀྱི་ཕུར་པའི་སྔགས་ཀྱང་། སརྦ་བི་གྷཱ་ནམ་བནྡྷ་ཧཱུྃ་ཕཊཿ ཅེས་འདོན་པའི་སྲོལ་ཡོད་པར་ཐོས་ཀྱང་། འདིར་སྒེར་དོན་རྙིང་ལུགས་སོར་བཞག་ལ་ནི། ཕུར་པའི་རྒྱུད་ལས་སྔགས་འདི་ཉིད་ཀྱི་སྔགས་བཏུའི་གཞུང་དཔང་པོར་བཞག་དགོས་ཕྱིར། དེ་ལས་ཐོག་མར་ཨོཾ་ཉིད་ཀྱི་སྒྲུབ་ཚུལ་ཡང་། ཇི་སྐད་དུ། ཐམས་ཅད་ཀུན་གྱི་དང་པོ་ལ། །དབྱངས་ཡིག་གཉིས་པས་འོག་ཏུ་བརྒྱན། ཞེས་པས། ཨ་ལ་རིང་པོ་འདོགས་ལུགས་དང་། །དེ་ལ་དབྱངས་ཀྱི་བཅུ་གསུམ་པའི། སྟེང་དུ་ཐིག་ལེས་མཛེས་པར་བྱ། ཞེས་པ་ན་རོ་དང་ཀླད་ཀོར་སྦྱར་ལུགས་བཤད་ནས། འདི་ནི་ཡེ་ཤེས་ལྔ་རྫོགས་ཏེ། སྔགས་རྣམས་ཀུན་གྱི་མགོ་རུ་བཞག །ཅེས་པས། ཨཱོཾ། དེ་ནས་ས་ཚན་གསུམ་པ་བཞག །བ། དེ་ནས་ཙ་ཚན་གསུམ་པ་བཞག །ཡ་ཚན་གཉིས་པས་འོག་


TR006_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། ཛྲ། ཀ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཀྱི་གསུམ་པས་བརྒྱན། ཀི། ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། ལི། ཀ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། ཀི། ཡ་ཚན་ཡི་གེ་གསུམ་པ་བཞག །ལ། ཡ་ཚན་ཡི་གེ་དང་པོ་བཞག །ཡ། ཤ་ཚན་ཡི་གེའི་གསུམ་པ་བཞག །ས། ཡ་ཚན་ཡི་གེ་གཉིས་པ་བཞག །དེ་འོག་ས་ཚན་གསུམ་པས་སྤྲས། རྦ། ས་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །དེ་ལ་ཀ་ཚན་གསུམ་པར་ལྡན། བིག། ཏ་ཚན་ཡི་གེ་ལྔ་གཉིས་ལྡན། ནན། ས་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཀྱི་བཅོ་ལྔས་བརྒྱན། བྃ། ཤ་ཚན་ཡི་གེ་བཞི་པ་བཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་ནས་ཐིག་ལེས་མཛེས་པར་བརྒྱན། ཧཱུྃ། ས་ཚན་ཡི་གེ་


TR006_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། ཕཊཿ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིག་ནན་བྃ་ཧཱུྃ་ཕཊཿགསང་སྔགས་ཡི་གེ་བཅུ་བཞི་པ། །ཕུར་པ་ཕྲིན་ལས་སྙིང་པོ་སྟེ། གཙོ་འཁོར་བཅས་པའི་སྔགས་སུ་བཤད། ཅེས་གསུངས་པ་འདི་བཞིན་རྙིང་མའི་རྒྱུད་འབུམ་གྱི་ཕུར་པའི་རྒྱུད་གཞན་ལས་ཀྱང་འདི་ཁོ་ན་ལྟར་གསུངས་པ་དང་། འོན་ཀྱང་། འདི་ལ་དཔོན་སློབ་གོང་ར་ལོ་ཆེན་གྱི་གསུང་སྒྲོས་སུ། འདིའི་ཀི་གཉིས་རིང་པོར་བྱ་དགོས་ཏེ། རྒྱུ་མཚན་ནི། ཀཱི་ལི་ཀཱི་ལ་ཡ་ཞེས་ཕུར་བུ་ལ་འཇུག་ཅིང་། ཀི་ལི་ཀི་ལ་ཞེས་རིང་པོ་མེད་པ་ནི་ཅ་ཅའི་སྒྲ་ལ་འཇུག་པ་ཡིན་ཕྱིར། འདིར་རིང་པོ་ཐོབ་པ་ཡིན་ཞེས་སྒྲ་ས་ལུགས་དང་མཐུན་པར་མཛད་སྣང་ལ། བུ་གྷཱ་ནཾ་ནི་བགེགས་ལ་འཇུག་མོད་ཀྱི། འདིར་ནི་བི་གྣན་ཞེས་གཟིར་བའི་དོན་ཡིན་པར་གསུངས་པ་དང་། བནྡྷ་དང་བྃ་གཉིས་


TR006_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་འཆིང་བའི་དོན་ཡིན་ཀྱང་འདིར་བཤད་པའི་སྔགས་བཏུར་བྃ་ཉིད་དུ་གསུངས་པ་སྟེ་ཡིག་འབྲུའི་གྲངས་ཀྱང་། གསང་སྔགས་ཡི་གེ་བཅུ་བཞི་པ། ཅེས་པས། ཨཱོཾ་མ་བརྩིས་པའི་ཡིག་འབྲུ་བཅུ་པོ་ལ་ངོས་འཛིན་པ་ལགས་ཚེ། དེས་ན་བིགྣན་ཞེས་སོགས་རྙིང་ལུགས་སྒེར་དོན་གྱི་ཁྱད་པར་ཡིན་པ་ཡང་ཟབ་དབྱིངས་དམ་པར་བཞུགས་པར་གསོལ་བ་འདེབས་སོ། །གཅིག་ཞུས་ཁུལ་ལགས།


previousམཉམ་མེད་སྒམ་པོ་མཆོག་གི་སྤྲུལ་པའི་སྐུས་འཇའ་འཚོན་ཟབ་གཏེར་ཆོག་ཁྲིག་གིས་དྲི་མེད་གནང་བའི་ལན་དུ་གསོལ་བ་སྙིལ་བའི་ཆུ་སྐྱེས།next