Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
   
   
   
   
   
   
ཡིག་དྲུག་གི་དམིགས་རིམ་མདོར་བསྡུས།
   
   


 
previousཡིག་དྲུག་གི་དམིགས་རིམ་མདོར་བསྡུས།next

ཡིག་དྲུག་གི་དམིགས་རིམ་མདོར་བསྡུས།


TR006_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་གི་དམིགས་རིམ་མདོར་བསྡུས་བཞུགས་སོ། །ཧྲཱིཿའཁོར་འདས་སྣོད་བཅུད་གདོད་ནས་དག་པའི་དབྱིངས། །འགག་མེད་རང་གསལ་ཕྱི་རོལ་ཡུལ་གནས་ཀུན། །རྣམ་དག་ཞིང་ཁམས་རི་བོ་ཏཱ་ལ་ཉིད། །བདག་གཞན་སྐྱེ་འགྲོའི་ཕུང་ཁམས་དབང་རྣམས། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས། ། སྣང་ཁམས་རང་བཞིན་མ་གྲུབ་འོད་ཀྱི་སྐུ། །དཀར་གསལ་ཞི་འཛུམ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཁར་ཐལ་མོ་སྦྱར། །འོག་མ་གཡས་གཡོན་ཤེལ་འཕྲེང་པད་དཀར་འཛིན། །ལོངས་སྐུའི་ཆ་ལུགས་པད་ཟླར་རྡོར་དཀྱིལ་བཞུགས། །སྤྱི་གཙུག་བླ་མ་འོད་དཔག་མེད་པས་མཚན། །ཐུགས་ཀར་པདྨ་འདབ་དྲུག་ལྟེ་བར་ཧྲཱིཿམཐའ་སྐོར་ཡིག་དྲུག་འཁོར་ཞིང་འོད་ཟེར་འཕྲོས། །སེམས་ཅན་སྡུག་བསྔལ་ཀུན་ཞི་འགྲོ་དྲུག་ཚོགས། །འཕགས་པའི་སྐུར་གྱུར་ངག་སྔགས་ཡིད་ཆོས་ཉིད། །ཡེ་ཤེས་དཀྱིལ་འཁོར་ཁྱབ་གདལ་


TR006_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་རྒྱུན་མ་ཆད་པར་བཟླ་ཞིང་། ཐུན་མཚམས་འཇོག་པའི་སྐབས་སུ་སྨོན་ལམ་གདབ་པ་ནི། སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་བསྙེན་ཅིང་བསྒྲུབ་པའི་མཐུས། །བདག་སོགས་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན། །ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་ཤོག །ཅེས་པའི་སྨོན་ལམ་གདབ་ཅིང་། བདག་གཞན་ཐམས་ཅད་ཐུགས་རྗེ་ཆེན་པོ་དངོས་ཡིན་པའི་དག་སྣང་མ་བརྗེད་པར་རྒྱུན་དུ་དྲན་པར་བྱའོ། །འདི་ནི་སྨིན་གྲོལ་བསྐྱེད་རྫོགས་གླིང་གི་འདུས་པ་རྣམས་ཀྱི་ཞལ་འདོན་མཛད་རྒྱུར། ཡོན་ཏན་དབང་ཕྱུག་དང་དོན་གཉིས་མཆོག་གྲུབ་སོགས་དོན་གཉེར་རྣམས་ཀྱི་ཡང་ཡང་བསྐུལ་བའི་ངོར་བཀོད་པ་དགེའོ།།


previousཡིག་དྲུག་གི་དམིགས་རིམ་མདོར་བསྡུས།next