Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
   
   
   
   
   
   
   
བྱང་སྡོམ་རྒྱུན་ཁྱེར་དུ་ཉམས་སུ་བླངས་བའི་ཆོ་ག་རིན་ཆེན་མྱུ་གུ།
   


 
previousབྱང་སྡོམ་རྒྱུན་ཁྱེར་དུ་ཉམས་སུ་བླངས་བའི་ཆོ་ག་རིན་ཆེན་མྱུ་གུ།next

བྱང་སྡོམ་རྒྱུན་ཁྱེར་དུ་ཉམས་སུ་བླངས་བའི་ཆོ་ག་རིན་ཆེན་མྱུ་གུ།


TR006_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྡོམ་རྒྱུན་ཁྱེར་དུ་ཉམས་སུ་བླངས་བའི་ཆོ་ག་རིན་ཆེན་མྱུ་གུ་ཞེས་བྱ་བ་བཞུགས་སོ།


TR006_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པའི་ཐུགས་རྗེའི་མངའ་བདག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐེག་ཆེན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་གའི་རིམ་པ་གསུམ་ལས། ཟབ་མོ་ལྟ་བའི་རྒྱུད་པ་ལས་བྱུང་བ་བཞིན་རྒྱུན་ཁྱེར་དུ་ཉམས་སུ་བླང་བའི་ཐབས་ནི། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་ཚོགས་བསགས་པ། དངོས་གཞི་སྐྱབས་སེམས་བླང་བ། རྗེས་སྤྲོ་བ་བསྐྱེད་ཅིང་སྨོན་ལམ་གདབ་པ་རྣམས་ལས་དང་པོ་ནི། རྟེན་གྱི་དྲུང་དུ་མཆོད་པ་བཤམས་པ་ནི། རང་གི་མདུན་གྱི་ནམ་མཁར་དཀོན་མཆོག་མ་ལུས་པ་བསྐྱེད་ལ་


TR006_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དད་གུས་དྲག་པོས་ཚིག་དོན་མཐུན་པས་འདི་ལྟར་ཉམས་སུ་བླང་བར་བྱའོ། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་སངས་རྒྱས་དང་། །ཆོས་དང་བྱང་ཆུབ་སེམས་དཔའི་ཚོགས་མཆོག་ལ། །བདག་དང་ཕ་མ་མཁའ་མཉམ་སེམས་ཅན་རྣམས། །གྲངས་མེད་ལུས་བཏུད་གུས་པས་ཕྱག་འཚལ་ལོ། །སེམས་ཅན་གྲངས་མཐའ་ཡས་ལ་ཡུན་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །མཆོད་རྟེན་ཀུན་ལས་བདག་


TR006_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །མཁན་པོ་དེ་བཞིན་སློབ་དཔོན་དང་། །བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། །མཆོད་པ་ནི། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་གུས་པས་མཆོད། །དངོས་བཤམས་ཡིད་ཀྱིས་བློས་བླངས་པའི། སྤྲུལ་དང་། །མཆོད་པའི་དངོས་པོ་ནམ་མཁའ་རབ་འབྱམས་ཁམས། །ཡོངས་བཀངས་མཆོད་འོས་རྣམས་ལ་བདག་འབུལ་གྱིས། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །རྒྱལ་དང་དེ་སྲས་རྣམས་ལ་བདག་གི་ནི། །ལུས་དང་ལོངས་སྤྱོད་གཏན་དུ་འབུལ་གྱི་ན། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །སྡིག་བཤགས་ནི། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་


TR006_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཚེ་རབས་འདིའམ་གཞན་དག་ལ། བདག་གིས་མ་འཚལ་སྡིག་བགྱིས་པའི། །བགྱིད་དུ་སྩལ་བ་ཉིད་དང་ནི། །རྗེས་སུ་ཡི་རང་གང་བགྱིས་པའི། །ནོངས་པ་དེ་ནི་མཐོལ་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང་། །ཡིད་ཀྱིས་གནོང་བགྱིས་གང་ལགས་དང་། །ཉེས་པ་དུ་མའི་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང་། །ཤུན་ཏུ་མི་ཟད་བགྱིས་པ་དང་། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་བའི། །བཅས་པ་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱི་བདག་གི་སྡིག །ནོངས་པ་ལག་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་


TR006_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། རྗེས་སུ་ཡི་རང་ནི། །སེམས་ཅན་ཀུན་གྱི་ངན་སོང་གི། །སྡུག་བསྔལ་ངལ་གསོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། །སྐྱོབས་པ་རྣམས་ཀྱིས་བྱང་ཆུབ་དང་། །རྒྱལ་སྲས་པ་ལའང་ཡི་རང་ངོ་། །སེམས་ཅན་ཐམས་ཅད་ཕན་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཆོས་འཁོར་བསྐུལ་བ་ནི། ཆོས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་ཐོམ་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །མ་རིག་ཉོན་མོངས་རྨོངས་པའི་འགྲོ། །ཆོས་ཀྱི་སྣང་བས་ཁྱབ་མཛད་གསོལ། །འཁྲུལ་པའི་གཅོང་རྙིང་ཟུག་རྔུའི་ནད། །དམ་ཆོས་བདུད་རྩིས་གསོ་མཛད་གསོལ།།


TR006_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།གསོལ་བའི་ཡན་ལག་ནི། ཕྱོགས་བཅུ་མཐའ་ཡས་ཞིང་རྣམས་ཀྱི། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །མགོན་པོ་མཆོག་ཉིད་ཁམས་གསུམ་གྱི། །ཐར་པའི་ལམ་མཁན་དམིགས་བུ་སྟེ། གང་ཚེ་ཞི་བའི་དབྱིངས་བཞུགས་པས། །འགྲོ་འདི་ལྡོངས་པར་མི་འགོད་ཅིང་། བསྐལ་པ་གྲངས་མེད་བཞུགས་པར་གསོལ། །དགེ་བ་བསྔོ་བ་ནི། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་མཐའ་དག་སེལ་བར་ཤོག །བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་སྤྱོད་པར་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱིས་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་གྱུར་ཅིག །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་


TR006_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་རྣམས་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདབ་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་གྱུར་ཤོག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་བགྱིད་ཅིང་། སེམས་ཅན་སྡུག་བསྔལ་མང་གཟིགས་ཀུན་སྒྲོལ་ཤོག། ༈ །།གཉིས་པ་དངོས་གཞི་སྐྱབས་འགྲོ་སེམས་བསྐྱེད་བླང་བ་ནི། དཀོན་མཆོག་ལ་ཁ་ཞེ་མེད་པའི་དད་པ་དང་། མཁའ་མཉམ་སེམས་ཅན་ལ་བཟོད་མེད་ཀྱི་བྱམས་སྙིང་རྗེ་དང་། དེ་དག་སྒྲོལ་ཕྱིར་རང་ཉིད་སངས་རྒྱས་ཐོབ་འདོད་ཀྱི་འདུན་པ་རྩེ་གཅིག་དང་ལྡན་པས་སྐྱབས་སེམས་ལན་གསུམ་གྱི་བར་དུ་བླང་བར་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་


TR006_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ནས་བཟུང་སྟེ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་ལྟར་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། རིམ་པ་བཞིན་དུ་སློབ་པར་བགྱི། །ཞེས་ལན་གསུམ་དུ་ནན་ཏན་གྱིས་བླངས་པས་སྨོན་འཇུག་གཉིས་ཀ་ཐོབ་པ་ཡིན་ནོ།། ༈ །།གསུམ་པ་སྤྲོ་བསྐྱེད་སྨོན་ལམ་དང་བཅས་པ་ནི། དེ་ལྟ་བུའི་བྱང་སེམས་རིན་པོ་ཆེ་བླང་བ་ཐོབ་པས་ད་ནི་སངས་རྒྱས་སྒྲུབ་པ་ལ་མ་འབད་ན་མི་རུང་བས། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་སྤང་བླངས་ཚུལ་བཞིན་


TR006_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པར་བྱའོ་སྙམ་པའི་ཡིད་དམ་བརྟན་པོ་བྱ་ཞིང་། །དེང་འདིར་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །འགྲོ་བའི་མགྲོན་པ་སྲིད་པའི་ལམ་རྒྱུ་ཞིང་། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གཏད་ནས། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །བདག་གིས་དེ་རིང་སྐྱོབས་པ་ཐམས་ཅད་ཀྱིས། །སྤྱན་སྔར་འགྲོ་བ་བདེར་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་ཞུགས་པ། །དེ་དག་


TR006_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་མཁའ་འགྲོ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་ཤོག །ཟབ་མོ་ལྟ་རྒྱུད་ལུགས་ཀྱི་བྱང་སྡོམ་ལེན་ཆོག །ཐུན་དང་པོའི་ཉམས་ལེན་རྫོགས་སོ།། ༈ །།རྒྱ་ཆེན་སྤྱོད་རྒྱུད་ཀྱི་སེམས་བསྐྱེད་བླང་བ་ལས། །སྨོན་འཇུག་གཉིས་ལ་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལ་གསོལ་གདབ། སྐྱབས་འགྲོ། ཚོགས་བསགས་གསུམ་གྱི་དང་པོ་ནི། དཀོན་མཆོག་རྣམས་ལ་དད་གུས་སྙིང་ཐག་པ་ནས་བསྐྱེད་ཅིང་ཚིག་རྗེས་སུ་དོན་གསལ་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་།


TR006_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱིད་པ་ཡང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ་པོ། གཉིས་པ་སྐྱབས་འགྲོ་ནི། སྐྱབས་དཀོན་མཆོག་རྣམས་ལ་འདུན་པ་རྩེ་གཅིག་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའི་སླད་དུ། །དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་


TR006_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་གྱི་སྐྱབས་འགྲོ་བྱའོ། །གསུམ་པ་ཚོགས་བསགས་པ་ནི། ཚིག་དོན་འདྲེ་བའི་སྒོ་ནས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། སོགས་དང་། མགོན་པོ་ཐུགས་རྗེ་ཆོ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བའི་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་བདག་ལ་རབ་ཏུ་གུས། །བྱང་ཆུབ་སེམས་དཔའ་ས་བཞུགས་པའི། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། སྐུར་བཅས་སྐུར་


TR006_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མེད་པ་ཡི། །མཆོད་རྟེན་རྣམས་ལའང་བདག་འཚལ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་ཕྱག་འཚལ་ལོ། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །གདུག་དང་རྒྱལ་མཚན་རོལ་མོའི་སྒྲ། །བླ་མའི་ཚོགས་དང་དཀོན་མཆོག་མཆོད། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །བདག་པོས་ཡོངས་སུ་མ་བཟུངས་བའི། །མཆོད་པའི་ཡོ་བྱད་ཅི་མཆིས་པ། །བློ་ཡིས་བླངས་ཏེ་དབུལ་བར་བགྱི། །རབ་དང་ཡིད་ལས་བྱུང་གྱུར་པའི། །མཆོད་པའི་སྤྲིན་ནི་ཕུང་པོ་ནི། །མཁའ་དང་མཉམ་པ་དུ་མ་ཡིས། །ཡོན་ཏན་རྒྱ་མཚོ་སྲས་བཅས་མཆོད། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་རྒྱལ་བའི་དངོས་པོ་རྣམས། །གུས་པ་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པའི། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བས་ཉེར་དགོངས་ནས།


TR006_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་འདི་དག་བཞེས་སུ་གསོལ། །དེ་ནས་དངོས་གཞི་སྨོན་སེམས་བསྐྱེད་པ་ནི། །མཁའ་ཁྱབ་ཕ་མ་སེམས་ཅན་ལ་བྱམས་སྙིང་རྗེ་དྲག་པོ་དང་ལྡན་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ། །སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་བསྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་བགྱིད་དུ་སྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དང་། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་


TR006_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་བགྱིའོ། །ཞེས་ལན་གསུམ་གྱིས་སྨོན་སེམས། སྐྱེས་པར་ངེས་ཤེས་བྱ་ཞིང་། དེའི་བསླབ་བྱ་རྣམས་ལ་འབད་དོ། །སྤྲོ་ན། དེང་འདིར་བདག་ཚེ་འབྲས་བུ་སོགས། །སེགས་ཀྱིས་གཟེངས་བསྟོད་པ་ཡང་བྱ་ལ། བསྡུ་ན། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་།། གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སྨོན་ལམ་གདབ་སོ། །དེ་ལྟར་སྨོན་སེམས་བསྐྱེད་ནས།། ༈ །།འཇུག་པའི་


TR006_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་བླང་བ་ལ་ཡང་གསོལ་བ་གདབ་པ། འདུན་པ་གསོ་བ། མྱུར་དུ་བསྐུལ་བ། བར་ཆད་དང་མི་ལྡན་པར་ཁས་བླངས་ཤིང་བསླབ་པ་དངོས་ལེན་པ་རྣམས་ཀྱི་དང་པོ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་ལེན་པར་འཚལ་གྱི། དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་གསན་ཅིང་སྩལ་བའི་རིགས་སོ། །ཞེས་ལན་གསུམ་བརྗོད་དོ། །གཉིས་པ་ནི། འདི་ལྟར་བདག་སེམས་ཅན་མ་རྒལ་བ་བསྒྲལ་བ་དང་། མ་གྲོལ་བ་རྣམས་འགྲོལ་བ་དང་། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བ་དང་། །སངས་རྒྱས་ཀྱི་གདུང་རྒྱུན་མི་ཆད་པར་འདོད་ཅིང་། དེ་དག་ལ་བདག་སེམས་བསྐྱེད་


TR006_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྟན་པ་དང་ཡིད་དམ་བརྟན་པར་བགྱིའོ། །གསུམ་པ་ནི། རང་གི་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པའི་མཎྜལ་དུ་འབུལ་ཞིང་གསོལ་བ་གདབ་སྟེ། དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །བདག་པོས་ཡོངས་སུ་མ་བཟུངས་དང་། བླ་ན་མེད་པའི་མཆོད་པའི་ཚོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཀུན། །མ་ལུས་དཀོན་མཆོག་སྤྱན་སྔར་འབུལ། །འགྲོ་བའི་སྐྱབས་གྱུར་འཚང་རྒྱ་ཤོག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་མྱུར་དུ་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །བཞི་པ་ནི། བདག་མིང་འདི་ཞེས་བགྱི་བ་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལགས་ཤིང་བྱང་ཆུབ་སྨོན་ལམ་བཏབ་པ་ལགས་པས་ན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་


TR006_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་བླང་བར་འཚལ་ལོ། །ཞེས་ལན་གཅིག་བརྗོད་ལ། བླང་བ་དངོས་ནི། མེད་སྣང་འཁྲུལ་པའི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པའི་སེམས་ཅན་རྣམས་སྒྲོལ་ཕྱིར་བདག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བླང་ནས་བསྲུང་སྟེ་སངས་རྒྱས་ཐོབ་པར་བྱ་སྙམ་པ་རྩེ་གཅིག་པས། བདག་མིང་འདི་ཞེས་བགྱི་བ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བར་འཚལ་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པ་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་ན་ད་ལྟར་བྱུང་


TR006_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟ་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པ་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དེ་ཐམས་ཅད་བདག་གིས་ཡང་དག་པར་བླང་ངོ་། །ཞེས་ལན་གསུམ་གྱིས་འཇུག་པ་བྱང་སེམས་ཡོངས་སུ་རྫོགས་པ་སྔར་མ་ཐོབ་པ་ཐོབ་ཅིང་། ཐོབ་པས་གསོ་སྦྱོང་དུ་འགྱུར་བས། དེ་ལྟར་ངེས་ཤེས་བསྐྱེད་པར་བྱའོ། །མཇུག་ཆོག་མཁྱེན་པར་གསོལ་ཞིང་སྨོན་ལམ་གདབ་པ་ནི། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དབང་དུ་གྱུར་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་བཞུགས་པའི་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཆོས་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །


TR006_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་གསུམ་བརྗོད། ཕྱོགས་བཅུའི་རྒྱལ་བ་དེ་དག་ཐམས་ཅད་བདག་གི་སྡོམ་པའི་དཔང་པོ་ལྟ་བུར་མཛད་པར་མོས་ཤིང་། ལས་ཅི་ལ་ཐུགས་ཀྱང་སྡོམ་པ་ལས་མི་འདའ་བར་བྱའོ། །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་སྟེ། །བདུད་ཀྱི་ལས་ཀྱང་སྤོང་བར་ཤོག །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །བྱང་ཆུབ་སེམས་ཀྱི་ཡོན་དུ་འབུལ། །བདག་དང་མཁའ་མཉམ་འགྲོ་བ་ཀུན། །བྱང་ཆུབ་མཆོག་ལ་སྤྱོད་པར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །ཅེས་སོགས་སྨོན་ལམ་རྒྱ་ཆེར་གདབ་བོ། །རྒྱ་ཆེན་སྤྱོད་རྒྱུད་ཀྱི་བྱང་སྡོམ་ལེན་པའི་རིམ་པ། ཐུན་བར་པའི་ཉམས་ལེན་རྫོགས་སོ།། ༈ །།སྨོན་འཇུག་དོན་དམ་ཟུང་འཇུག་ཏུ་ཉམས་སུ་ལེན་ཐབས་


TR006_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མགོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ་ལ། སྦྱོར་བ་ཚོགས་བསགས། དངོས་གཞི་སྐྱབས་སེམས་ཁྱད་པར་བ། རྗེས་བསྔོ་སྨོན་རྣམས་མཐར་ཆགས་སུ་སྟོན་པའི་ཉམས་ལེན་ཚིག་དོན་འདྲེ་བར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དམ་པའི་ཆོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། ལུས་དང་ངག་དང་ཡིད་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཕ་མ་དང་སེམས་ཅན་དག་ལ་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་དགྱིད་དུ་སྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་


TR006_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པའི་སོ་སོར་བཤགས་པས་སོ་སོར་འཆགས་སོ། །མི་འཆབ་བོ། སླན་ཆད་འདི་ལྟ་བུ་མི་བགྱིད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བླ་ན་མེད་པ་ཐུགས་ཆུང་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཐམས་ཅད་དང་། འགྲོ་བ་མ་ལུས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། །སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བའི་སླད་དུ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་ཀྱི་གཙོ་ལོ་སྐྱབས་སུ་


TR006_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་སྐྱེས་བུ་ཆེན་པོ་སྐྱེས་བུ་ཁྱུ་མཆོག་བསམ་གྱིས་མི་ཁྱབ་པའི་སྐུ་བླ་ན་མེད་པའི་སྐུ་ཆོས་ཀྱི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། །བླ་ན་མེད་པ་དེ་བཞིན་གཤེགས་པ་ལ་མངའ་བ་ཞི་བ་ཆོས་ཀྱི་སྐུ་སོ་སོ་རང་གི་རིག་པ་སྐྱབས་སུ་མཆིའོ། །དགེ་འདུན་དུལ་བའི་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཞིའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། དུས་ཇི་ལྟ་བ་དང་སྟོབས་ཅི་མཆིས་པ་བཞིན་དུ་


TR006_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འབུལ་ཞིང་མཆིས་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དག །བདག་བཞེས་སུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག །སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་སྒྲོལ་བ་དང་སེམས་ཅན་ཐམས་ཅད་འགྲོལ་བ་དང་སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་སེམས་ཅན་ཐམས་ཅད་མྱ་ངན་ལས་ཟློ་བ་དང་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པའི་སླད་དུ། །ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། སེམས་ཅན་ཐམས་ཅད་སྒྲོལ་བ་དང་སེམས་ཅན་ཐམས་ཅད་འགྲོལ་བ་དང་སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་ཟློ་བ་དང་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་


TR006_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ༈ །།ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་རང་གི་སེམས་གདོད་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བདུད་དཔུང་དང་བཅས་པ་མཐའ་


TR006_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཕམ་པར་མཛད་དེ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་བགྱིས་ཏེ། བདག་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། བདག་ཉིད་མངོན་པར་རྫོགས་པར་འཚང་བརྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཚོགས་ཡོངས་སུ་བསྡུས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། བདག་མངོན་པར་རྫོགས་པར་


TR006_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱས་ནས་ཚོགས་ཡོངས་སུ་བསྡུ་བར་བགྱིའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོངས་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱབས་འགྲོ་སེམས་བསྐྱེད་འདི་ཡན་ཆད་ལན་གསུམ་དུ་བྱའོ། །རྗེས་བསྔོ་བ་སྨོན་ལམ་ནི། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བ་འདི་དང་། །གཞན་ཡང་བདག་གིས་བསོད་ནམས་ཅུང་ཟད་བགྱིས་པ་དང་བགྱིས་པར་འགྱུར་བ་དེ་དག་ཐམས་ཅད། ཕ་མ་ལ་སོགས་པའི་སེམས་ཅན་ཐམས་ཅད་དང་བདག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །བདག་གི་བསོད་ནམས་འདིས་ཕ་མ་ལ་སོགས་པའི་སེམས་ཅན་མ་རྒལ་བ་རྣམས་བདག་གིས་བསྒྲལ་ལོ། །མ་གྲོལ་བ་རྣམས་བདག་གིས་འགྲོལ་ལོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་


TR006_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མྱ་ངན་ལས་བཟླའོ། མངོན་པར་རྫོགས་པར་འཚང་མ་རྒྱས་པ་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །སྐྱབས་མ་མཆིས་པ་དང་གནས་མ་མཆིས་པ་དང་དཔུང་གཉེན་མ་མཆིས་པའི་འཇིག་རྟེན་གྱི་སྐྱབས་དང་གནས་དང་དཔུང་གཉེན་དུ་གྱུར་ཅིག །དེ་ནས་བདག་སྦྱིན་པ་སྩོལ་བ་དང་ཚུལ་ཁྲིམས་བསྲུང་བ་དང་བཟོད་པ་སྒོམ་པ་དང་བརྩོན་འགྲུས་བརྩོམ་པ་དང་བསམ་གཏན་ལ་མཉམ་པར་བཞག་པ་དང་ཤེས་རབ་རྣམ་པར་སྤྱོད་པ་དང་ཐབས་མཁས་པ་ལ་བློས་པ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ས་ཆེན་པོ་ལ་ཡང་དག་པར་གནས་པ་རྣམས་ཀྱི་རྗེས་སུ་


TR006_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་འཇུག་གོ། །འཕགས་པ་དགབདག་བྱང་ཆུབ་སེམས་དཔའ་ལགས་ཀྱི། །བྱང་ཆུབ་སེམས་དཔའ་ལགས་པར་བཟུང་དུ་གསོལ། ས་དང་ཆུ་དང་མེ་དང་རླུང་། རྩི་དང་ནགས་ཀྱི་ཤིང་ལྟ་བུར། །རྟག་ཏུ་སྲོག་ཆགས་ཐམས་ཅད་ཀྱི། །འདོད་རྒུ་དཔག་མེད་སྤྱོད་པར་ཤོག །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པས་ཀྱང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བར་བགྱིད་གྱུར་ཅིག །དགེ་བ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་དགུའི་ཚོགས་རྣམས་བདག་གིས་སྒྲོལ་བར་ཤོག །ནམ་མཁའི་མཐར་ཐུག་གྱུར་པའི་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་པའི་མཐར། སེམས་བསྐྱེད་ཡུལ་སྐྱེད་བྱ་སྐྱེད་བྱེད་དུ་འཛིན་པ་མི་རྟོག་པ་སྒྱུ་མ་མཁན་གྱི་སྤྲུལ་


TR006_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་བརྙན་ལྟ་བུ་དེ་ཐམས་ཅད་རྦ་རླབས་ཆུར་ཞི་བའི་ཆུ་འཛིན་མཁའ་ལ་ཐིམ་པ་ལྟ་བུའི་ངང་ནས་ཟབ་ཞི་སྤྲོས་བྲལ་གྱི་ཀློང་དུ་མཉམ་པར་འཇོག་པ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཡང་དག་པ་ཉིད་དང་། སེམས་གསུམ་ཀུན་གྱི་མཐར་ཐུག་འདིར་འདུ་བ་ལ་རྒྱུན་ཆད་མེད་པར་བརྩོན་པའི་རང་མདངས་སྙིང་རྗེ་སྒྱུ་མའི་རོལ་པས་མཁའ་མཉམ་གྱི་ཕྲིན་ལས་རླབས་པོ་ཆེ་ཡོངས་སུ་སྤྲོའོ། །བྱང་ཆུབ་སེམས་གསུམ་གྱི་ཉམས་ལེན་སྒྲིགས་ཆགས་ཀྱི་ངག་འདོན་འདི་དག་མདོ་དང་བསྟན་བཅོས་རྩོད་མེད་ཀྱི་གཞུང་ལས་ཇི་ལྟར་བྱུང་བ་རྣམས་ལག་ཏུ་བླངས་བདེ་བའི་ཕྱིར་མཐར་ཆགས་སུ་བཀོད་པ་མ་གཏོགས། རང་བཟོ་དང་བཅོས་སླད་ཀྱིས་མ་ནོགས་པ་འདི་ཡང་རྒྱལ་མཆོག་བཟང་པོའི་བཀའ་ཇི་ལྟ་བར། བྱང་སེམས་ལ་མོས་པའི་བཙུན་པ་རང་གྲོལ་བས་ཡི་གེའི་ལམ་དུ་སྣང་བར་བགྱིས་པའི་དགེ་བས་


TR006_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་འགྲོ་ཀུན་བྱང་ཆུབ་མཆོག་ལ་འཁོད་པར་གྱུར་ཅིག །ཤུ་བྷཾ། གཅིག་ཞུས།


previousབྱང་སྡོམ་རྒྱུན་ཁྱེར་དུ་ཉམས་སུ་བླངས་བའི་ཆོ་ག་རིན་ཆེན་མྱུ་གུ།next