Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།


   
   
   
   
   
   
   
   
   
   
   
དཔལ་ལྡན་བླ་མའི་དཀྱིལ་འཁོར་ལ་ཆོ་ག་ངེས་དོན་བྱིན་རླབས་ཆུ་རྒྱུན།


 
previousདཔལ་ལྡན་བླ་མའི་དཀྱིལ་འཁོར་ལ་ཆོ་ག་ངེས་དོན་བྱིན་རླབས་ཆུ་རྒྱུན།no next

དཔལ་ལྡན་བླ་མའི་དཀྱིལ་འཁོར་ལ་ཆོ་ག་ངེས་དོན་བྱིན་རླབས་ཆུ་རྒྱུན།


TR006_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་དཀྱིལ་འཁོར་ལ་ཆོ་ག་ངེས་དོན་བྱིན་རླབས་ཆུ་རྒྱུན་བཞུགས་སོ།


TR006_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨུཏྟ་རེ་བྷྱཿ གང་ཞིག་འཁོར་བའི་འཇིགས་དང་ཞི་བའི་གཡང་ས་ལས། །ལེགས་སྐྱོབས་ངེས་པ་ཁོ་ནར་ཚེ་གཅིག་བྱང་ཆེན་ལ། །འགོད་མཁས་བླ་མ་མཆོག་ཞབས་ཡང་དག་བཏུད་བྱས་ནས། །དེ་ཉིད་མཆོད་དང་སྒྲུབ་པའི་ལས་རིམ་འདིར་འགོད་བྱ། །མཁའ་མཉམ་ཕ་མ་དྲིན་ཅན་རྣམས། །གཏན་བདེར་འགོད་པའི་བློ་ལྡན་གྱི། །སྐལ་བཟང་དད་པ་བརྟན་པོ་གང་། །བླ་མེད་སྒྲུབ་ཅིང་མཆོད་འདོད་པས། །ཡིད་མཐུན་གནས་ཁང་བྱི་དོར་བྱས། །སྐུ་གཟུགས་ལ་སོགས་མཆོད་


TR006_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན། །བཀྲམ་པའི་དྲུང་དུ་སྟེགས་བཟང་སོགས། །མེ་ཏོག་ཚོམ་བུ་ལྔ་དགོད་ཅིང་། །བླ་མའི་གཏོར་མ་རྒྱན་ལྡན་དང་། །བདུད་རྩིས་བཀང་བའི་ཐོད་པ་བཞག །རྣམ་ལྔའི་མཆོད་པ་རྒྱ་ཆེན་པོ། །སེར་སྣས་མ་བཅིངས་བསོད་ནམས་དང་། ཆང་ངམ་ཆུ་ལ་བདུད་རྩི་རིལ་བུ་བཏབ་པ་རང་གཞན་ཚོགས་གཉིས་སྤེལ་ཕྱིར་འགོད། །མཆོད་པའི་མཎྜལ་རྡོར་དྲིལ་དང་། །ཌ་མ་རུ་སོགས་རོལ་མོའི་ཚོགས། །འཛོམ་བྱ་གལ་ཏེ་རྣལ་འབྱོར་པ། །སྤྲོས་བྲལ་ལ་ནི་མོས་བློས་རུང་། །འཇིག་རྟེན་བྱ་བྲེལ་ཀུན་སྤངས་ཏེ།


TR006_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་སྟན་འཁོད་སྐྱབས་ཡུལ་ལ། །གུས་པས་སྐྱབས་སེམས་བདུན་དག་བྱ། ན་མོ། དམིགས་མེད་སྤྲོས་བྲལ་སངས་རྒྱས་ཆོས་ཀྱི་སྐུ། །འགག་མེད་རང་གསལ་དམ་ཆོས་ལོངས་སྤྱོད་རྫོགས། །གཉིས་མེད་ཐུགས་རྗེའི་སྤྲུལ་སྐུ་དགེ་འདུན་བཅས། །དཀོན་མཆོག་སྐུ་གསུམ་བླ་མར་སྐྱབས་སུ་མཆིའོ། །ལན་གསུམ། འགྲོ་ཀུན་བདེར་གཤེགས་སྙིང་པོར་ལྷུན་གྲུབ་ཀྱང་། །མ་རིག་ལྷན་སྐྱེས་སྒྲིབ་པས་འཁོར་བར་འཁྱམས། །རང་རིག་སྨོན་འཇུག་དོན་དམ་ཚད་མེད་བཞི། །ཡོངས་རྫོགས་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱིའོ། །ལན་གསུམ། རང་སེམས་བླ་མར་རྟོགས་པས་གུས་ཕྱག་འཚལ་ལོ། །ཚོགས་དྲུག་ཞེན་པ་བྲལ་བའི་མཆོད་པ་འབུལ། །གཉིས་འཛིན་ཨ་འཐས་སྒྲིབ་ཚོགས་མཐོལ་ཞིང་བཤགས། །ཐུགས་རྗེ་རྒྱུན་ཆད་མེད་ལ་རྗེས་ཡི་རངས། །ཁྱབ་གདལ་ཡེ་ཤེས་ཆོས་འཁོར་བསྐོར་དུ་གསོལ། །མཆོག་ཏུ་མི་འགྱུར་ཆོས་སྐུར་བཞུགས་གསོལ་འདེབས། །མཁའ་ཁྱབ་འགྲོ་


TR006_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྐུ་གསུམ་ཐོབ་ཕྱིར་བསྔོ། །འཁོར་བ་དོང་སྤྲུག་འགྲོ་དོན་འགྲུབ་པར་ཤོག། ༈ །།སྐབས་འདིར་ཆོག་གཞུང་གཞན་ལྟར་གྱི། །བགེགས་བསྐྲོད་སྲུང་འཁོར་འདིར་མི་དགོས། །སྣང་སྲིད་བླ་མའི་དཀྱིལ་འཁོར་ལ། །བསྲུང་བྱ་སྲུང་བྱེད་མཚན་མས་དབེན། །དེ་ནས་རང་རྒྱུད་སྦྱོང་བྱེད་པའི། །ཡིག་བརྒྱའི་རྣལ་འབྱོར་སྒོམ་བཟླས་བྱ།། ༈ །།ཆོས་ཀུན་སེམས་ཀྱི་རོལ་པའི་རང་བཞིན་ལས། །སྐད་ཅིག་དྲན་རྫོགས་བདག་ཉིད་རྡོ་རྗེ་སེམས། །དཀར་མཛེས་རྡོར་དྲིལ་ཕྱག་རྒྱས་ལོངས་སྐུའི་ཚུལ། །ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར་བར་གྱུར། ཨོཾ་བཛྲ་སཏཱ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲི་དྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། པུ་པེ་ཥྱོ་བྷ་ཝ། ཨ་ནུ་རཀྟེ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙི༚ཏྟ་བྲཱི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ


TR006_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲི་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿ ལོང་སྐབས་དང་བསྟུན་ནས་བཟླ། འཁོར་བ་ཐོག་མཐའ་མེད་པའི་བག་ཆགས་དང་། །ལས་ཉོན་དམ་སྡོམ་ཉམ་ཆགས་ཉེས་ལྟུང་རིགས། །མ་ལུས་སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཡོངས་དག་འགྲོ་བ་ཀུན་ཀྱང་དེ་བཞིན་གྱུར།། ༈ །།དེ་ནས་ལྷ་ཡི་རྣལ་འབྱོར་གྱིས། །གནས་ཁང་ཡོ་བྱད་མཆོད་རྫས་སོགས། །སྔགས་དང་ཏིང་འཛིན་ཟུང་འཇུག་པས། །བྱིན་གྱིས་བརླབ་པ་འདི་ལྟར་བྱ། །བདག་ཉིད་རྡོར་སེམས་ཐུགས་ཀའི་ཧཱུྃ་ཡིག་ལས། །ཡེ་ཤེས་འོད་འཕྲོས་སྣོད་བཅུད་ཀུན་ལ་ཕོག །གནས་ཡུལ་གདོས་བཅས་མ་ཡིན་ཆོས་དབྱིངས་ཞིང་། །མཆོད་རྫས་ཡོ་བྱད་ཀུན་བཟང་སྨོན་ལམ་ལས། །ལེགས་གྲུབ་བློ་ལས་འདས་པའི་མཆོད་སྤྲིན་ཚོགས། །ཟག་མེད་རྒྱུན་མི་ཆད་ཅིང་རབ་འབྱམས་ཞིང་། །མ་ལུས་ཡོངས་སུ་ཁྱབ་པའི་སྒྱུ་འཕྲུལ་ཆེ། །ཕྱི་ནང་གསང་བ་དེ་བཞིན་ཉིད་རྫོགས་གྱུར། །ཨོཾ་ཨཱཿཧཱུྃ། བཛྲ་སརྦ་པཱུ་ཛ་མེ་གྷ་


TR006_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ།། ༈ །།དེ་ནས་སྒྲུབ་པའི་མཎྜལ་གྱི། །བླ་མའི་སྐྱེད་ཆོག་འདི་དག་ནི། །རང་སེམས་སྟོང་པའི་གསལ་མདངས་ལས། །ཤུགས་འབྱུང་རང་ཤར་ཉིད་དུ་བསྐྱེད། །མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔ་ལས། །གྲུབ་པའི་གཞལ་ཡས་བཀོད་པ་བསམ་ཡས་དབུས། །པད་སྡོང་འདབ་བཞི་གེ་སར་ཉི་ཟླའི་སྟེང་། །ཕྱོགས་དུས་རྒྱལ་བ་སྲས་བཅས་མ་ལུས་པའི། །ཁྱབ་བདག་འཁོར་ལོའི་དབང་ཕྱུག་དྲིན་ཅན་རྗེ། །རྩ་བའི་བླ་མའི་ངོ་བོ་འཛམ་གླིང་གྲགས། །དཀར་དམར་མདངས་ལྡན་ཞི་དུལ་དགེ་སློང་ཚུལ། །སྒོམ་ཞྭའི་ཅོད་པཎ་ཆོས་གོས་རྣམ་གསུམ་དང་། །ལེ་རྒན་བེར་ཟླུམ་པདྨ་སྤུངས་འདྲ་གསོལ། །སྐྱིལ་ཀྲུང་མཉམ་གཞག་ཏིང་འཛིན་གཡོ་མེད་ཀྱིས། །སྣང་སྲིད་ཟིལ་གནོན་བྱིན་རླབས་འོད་འབར་བཞུགས། །སྟེང་གི་ནམ་མཁར་པད་ཟླ་འཇའ་འོད་ཀློང་། །རིགས་བདག་རྒྱལ་བ་ཀུན་ཡབ་


TR006_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་། །འགྱུར་མེད་མཐིང་གསལ་ཐབས་ཤེས་རྡོར་དྲིལ་བསྣོལ། །ལོངས་སྐུའི་ཆ་བྱད་མཚན་རྫོགས་རྡོར་སྐྱིལ་བཞུགས། །རྩ་བའི་བླ་མའི་གཡས་ཀྱི་པད་འདབ་སྟེང་། །ཧེ་རུ་ཀ་དཔལ་ཏེ་ལོ་ཤེས་རབ་བཟང་། །སྔོ་སང་རུས་རྒྱན་ཐོར་ཚུག་གྲུབ་དབང་ཆས། །ཆོས་འཁོར་ཕྱག་རྒྱ་རྡོར་སྐྱིལ་ལྟ་སྟངས་བཞུགས། །གཡོན་གྱི་པད་སྟེང་མཁས་གྲུབ་ན་རོ་པ། །སྨུག་ནག་ཅང་ཏེལ་ཐོད་པ་ཁ་ཊྭཱྃ་བསྣམས། །འགྱིངས་བག་གཡས་བརྐྱངས་དཔའ་བོའི་རོལ་སྟངས་ཅན། སྟག་ཤམ་རུས་རྒྱན་ཐོར་ལྕོག་བརྗིད་ལྡན་བཞུགས། རྒྱབ་ཀྱི་པདྨར་མངའ་བདག་ལོ་ཙཱ་བ། །ཚོ་ཞིང་སྣུམ་བརྗིད་བག་གྲོ་ལྷུན་ཆགས་སྐུ། །དབུ་སྐྲ་ལྕང་ལེ་དར་དཀར་ཕུ་དུང་དང་། །ཟབ་ཆེན་བེར་གསོལ་ཕྱག་གཉིས་ས་གནོན་མཛད། །མདུན་གྱི་པད་སྟེང་དབང་ཕྱུག་མི་ལ་རྗེ། །སྔོ་དངས་རས་དཀར་ན་བཟའ་སྒོམ་ཐག་ཅན། །དབུ་སྐྲ་སིལ་


TR006_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆོས་འཆད་མཉམ་གཞག་གིས། །གཙོ་ལ་ཞལ་གཟིགས་སེམས་དཔའི་སྐྱིལ་ཀྲུང་བཞུགས། །དེ་དག་རྣམས་ཀྱི་ཕྱི་རོལ་མཐའ་སྐོར་དུ། །རྒྱུད་ལུང་མན་ངག་མཛོད་འཛིན་བླ་རྒྱུད་ཚོགས། །མདོ་སྔགས་གྲུབ་པའི་ཆ་བྱད་ངེས་མེད་དུ། །གང་འདུལ་སྤྲུལ་པའི་དཀྱིལ་འཁོར་ཡོངས་རྫོགས་བཞུགས། །ཐམས་ཅད་ཆོས་སྐུའི་ངང་ལས་གཟུགས་ཀྱི་སྐུ། །སྣང་ལ་རང་བཞིན་མ་གྲུབ་འོད་དུ་འབར། །ཞིང་རྣམས་སྐུས་ཁྱབ་སྐུ་ཉིད་ཡེ་ཤེས་དབྱིངས། །ཟུང་འཇུག་མི་ཟད་རྒྱན་གྱི་འཁོར་ལོའོ། །ཀུན་གྱི་སྤྱི་བོར་འཁོར་ལོ་ཨོཾ་གྱིས་མཚན། །མགྲིན་པར་པདྨ་དམར་པོ་ཨཱཿཡིག་དང་། །ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་མཚན་པའི། །འོད་ཀྱིས་རྒྱལ་ཀུན་ཐུགས་རྗེ་རྒྱུད་བསྐུལ་གྱུར།། ༈ །།དེ་ལྟར་བཟོད་ནས་ཆོས་སྐུ་ལ། །དམ་ཚིག་ཡེ་ཤེས་དབྱེར་མེད་ཀྱང་། །ཏིང་འཛིན་ཉམས་རྩལ་སྦྱོང་བའི་ཕྱིར། །ཐུགས་རྗེའི་མཐུ་ལྡན་བླ་མ་རྣམས། །ཡེ་ཤེས་སྤྱན་དྲངས་བྱིན་རླབས་མྱུར། །དད་གདུངས་མཆི་


TR006_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡོ་ནུས་པས། །རོལ་མོའི་སྒྲ་དང་སྤོས་ཀྱི་སྤྲིན། །སྙན་པའི་དབྱངས་ཀྱིས་སྤྱན་འདྲེན་བྱ། །ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་གདོད་ནས་དག་པ་འོག་མིན་ཞིང་། །ལྷུན་གྲུབ་ཡེ་ཤེས་རང་གསལ་ཕོ་བྲང་ནས། །སྐུ་གསུམ་ཡོངས་རྫོགས་བླ་མ་སྤྱན་འདྲེན་ནོ། །དད་གུས་དམ་ཚིག་གནས་འདིར་གཤེགས་སུ་གསོལ། །ཞིང་རྣམས་སྐུས་ཁྱབ་གཤེགས་བཞུགས་མི་དམིགས་ཀྱང་། །ཐུགས་རྗེའི་རྫུ་འཕྲུལ་ཅིར་ཡང་སྟོན་མཛད་ན། །གདུལ་བྱའི་ཡུལ་དང་མཐུན་པའི་བཀོད་ཡུལ་གྱིས། །ཟློས་གར་ཡང་དག་བསྒྱུར་བས་གཤེགས་སུ་གསོལ། །ཆོས་སྐུ་གཅིག་དང་དུ་མའི་སྤྲོས་བྲལ་ཡང་། །གཟུགས་སྐུ་ཡེ་ཤེས་རང་གདངས་འགག་མེད་ལས། །སྤྲུལ་སྐུ་གདུལ་བྱའི་གྲངས་མཉམ་དེ་སྲིད་ཀྱི། །རྣམ་འདྲེན་བླ་མའི་ཚོགས་རྣམས་གཤེགས་སུ་གསོལ། །ཁྱབ་བདག་རྡོར་འཆང་ཏེ་ལོ་ནཱ་རོ་དང་། །མངའ་བདག་ལོ་ཙ་རྗེ་བཙུན་རས་ཆེན་ཞབས།


TR006_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དྲིན་མཉམ་མེད་མགོན་པོ་འཛམ་གླིང་གྲགས། །རྩ་རྒྱུད་བླ་མའི་ཚོགས་བཅས་གཤེགས་སུ་གསོལ། །སྣང་གྲགས་བླ་མའི་ངོ་བོར་རོ་གཅིག་ཀྱང་། །གང་འདུལ་ཐུགས་རྗེའི་རྣམ་འགྱུར་སྣ་ཚོགས་པའི། །སངས་རྒྱས་སྲས་བཅས་ལྷ་དང་མཁའ་འགྲོའི་ཚོགས། །མ་ལུས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ། མ་ཧཱ་གུ་རུ་རཏྣ་ས་པ་རི་ཝཱ་ར་བཛྲ་ས་ལཱ་ཛཿ ཛཿཧཱུྃ་བྃ་ཧོ།། ༈ །།སྤྱན་དྲངས་ཙམ་གྱིས་ནམ་མཁའི་ཁམས། །ཀུན་ཁེངས་ཉི་ཟེར་རྡུལ་བཞིན་དུ། །འོད་ཟེར་འཁྲིག་བྱོན་བླ་མའི་ཚོགས། །དམ་ཚིག་པ་ལ་ཐིམ་པར་མོས།། ༈ །།ཆོས་དབྱིངས་ཡེ་ཤེས་སྒྱུ་མའི་སྐུར་སྣང་བའི། །བླ་མ་མཆོག་ལ་གཉིས་འཛིན་མི་དམིགས་ཀྱང་། །བདག་སོགས་འགྲོ་བའི་གཉིས་འཛིན་ཞི་སླད་དུ། །སྐུ་དང་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས། ཛྙཱ་ན་ཀཱ་ཡཱ་དྭཱ་ཏིཥྛ་བཛྲ་ཧཱུྃ། དེ་ནས་རང་ལས་སྤྲུལ་


TR006_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུས། །ཞིང་གི་རྡུལ་རྙེད་མཁའ་མཉམ་གྱི། །འགྲོ་ཀུན་ལྷན་ཅིག་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བྱ། །གང་སྐུ་མཚན་དཔེའི་ཆ་ཤས་གདུལ་བྱའི་མཁར། །འགྲིབ་མོད་རྟག་པར་གསལ་འོད་སྣང་གིས། །ཐར་ལམ་ངེས་ལེགས་སྟོན་པའི་སྒྲོན་མེ་མཆོག །ཕན་བདེའི་ཟླ་བ་ཁྱོད་ལ་ཕྱག་འཚལ་ལོ། །གང་གསུང་དགེ་བ་གསུམ་གྱི་བདུད་རྩིའི་ཆར། །ཉོན་མོངས་ཚ་གདུང་ཞི་མཛད་ཡེ་ཤེས་རྒྱུན། །བྱང་ཆུབ་མྱུ་གུ་བསྐྱེད་མཁས་ཐུགས་རྗེའི་བཅུད། །ཡིད་བཞིན་འདོད་འཇོ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཐུགས་ཟབ་ཞི་སྤྲོས་བྲལ་རྟོག་མེད་ལས། །གུས་ལྡན་ཡིད་ལ་ཇི་ལྟར་བསམ་པའི་དོན། །མཆོག་ཐུན་དངོས་གྲུབ་འབྱུང་གནས་ཟླ་མོད་པའི། །རིན་ཆེན་གཏེར་ཁྱོད་ལ་ཕྱག་འཚལ་ལོ།། ༈ །།དེ་ནས་ཕྱི་ནང་གསང་བ་དང་། །དེ་ཁོ་ན་ཉིད་མཆོད་པ་ཀུན། །མཆོད་ཡུལ་མཆོད་བྱ་རང་སེམས་ཀྱི། །རོལ་པ་ཆེན་པོའི་


TR006_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱིས་འབུལ། །ཞིང་ཁམས་རབ་འབྱམས་བྱེ་བ་ཕྲག་བརྒྱ་ཀུན། །མཆོད་ཡོན་བདུད་རྩི་ཡན་ལག་བརྒྱད་ལྡན་གྱིས། །ཡོངས་བཀངས་བླ་མ་མཆོག་ལ་འབུལ་ལགས་ཀྱི། །འགྲོ་ཀུན་བསམ་གཏན་རྒྱ་མཚོར་དབང་འབྱོར་ཤོག །བཛྲ་ཨརྒཾྷ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། འདབ་སྟོང་གེ་སར་རྒྱས་པའི་པདྨོའི་ཚོགས། དབང་པོའི་གཞུ་ལྟར་བཀྲ་བའི་མདངས་ཅན་གྱིས། །ནམ་མཁའ་ས་གཞི་ཀུན་བཀངས་འབུལ་ལགས་ན། །འགྲོ་ཀུན་བརྩོན་འགྲུས་མཆོག་ལ་སྦྱོར་བར་ཤོག །བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སྤོས་ཀྱི་ཕྱེ་ཕུར་རི་རབ་མཉམ་པ་དང་། ཡིད་འོངས་གསུངས་ཞིམ་བདུག་པའི་སྤྲིན་ཚོགས་བཅས། །དཔག་ཚད་བྱེ་བར་ཁྱབ་པའི་དྲི་བཟང་མཆོད། །ཕུལ་བས་འགྲོ་ཀུན་ཚུལ་ཁྲིམས་རྣམ་དག་ཤོག །བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། གང་གིས་མི་སྒྲིབས་རིན་ཆེན་སྣང་བའི་འོད། །ཉིན་མཚན་ཀུན་ཏུ་


TR006_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དང་ཅི་མཆོག་འབྲུའི། །སྒྲོན་མ་འཇིག་རྟེན་མཐའ་དག་སྣང་བྱེད་འོད། །ཕུལ་བས་འགྲོ་ཀུན་ཤེས་རབ་གསལ་བར་ཤོག །བཛྲ་ཨ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། འཁོར་བའི་ཚ་གདུང་ཀུན་སེལ་དྲི་ཡི་ཆབ། །མ་རིག་རྨོངས་པའི་ཐིབ་པོ་ཞི་བ་དང་། མངོན་མཐོ་ངེས་ལེགས་བདེ་ཆེན་བསྐྱེད་པའི་མཆོད། །ཕུལ་བས་འགྲོ་ཀུན་བཟོད་པའི་གོ་ལྡན་ཤོག །བཛྲ་གནྡྷེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ལྷ་ཡི་ཞལ་ཟས་རོ་བརྒྱའི་ཡོན་ཏན་གྱིས། །ཏིང་འཛིན་སྒོ་བརྒྱ་འབྱེད་ནུས་ཟས་མཆོག་བཤོས། །སྟོང་གསུམ་ཡོངས་བཀངས་བླ་མ་རྗེ་ལ་འབུལ། །འགྲོ་ཀུན་སྦྱིན་པའི་དཔལ་ལ་ལོངས་སྤྱོད་ཤོག །བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཟིན་དང་མ་ཟིན་རྣམ་པར་གྲག་པའི་སྒྲ། གཏི་མུག་གཉིད་སློང་ལོག་ལྟའི་སྡེ་ཚོགས་སྐྲག །ཆོས་སྒྲས་འཇིག་རྟེན་ཁྱབ་བྱེད་རོལ་མོའི་ཚོགས། །ཕུལ་བས་འགྲོ་ཀུན་ཆོས་དབྱངས་ཐོབ་པར་ཤོག །བཛྲ་ཤབྟ་


TR006_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱི་མཆོད་ཉེར་མཆོད་ཕུལ་བའི་རྗེས། །ནང་ལྟར་འདོད་ཡོན་ལྔས་མཆོད་དེ། །འཇིག་རྟེན་གཟུགས་ཀྱི་སྣང་བ་ཇི་སྙེད་པ། །མཛེས་དང་མི་མཛེས་བཏགས་པ་སེམས་ཀྱི་འཕྲུལ། །གང་སྣང་ངོ་བོ་སྟོང་པའི་མཆོད་འབུལ་བས། །འགྲོ་ཀུན་གཏི་མུག་རྣམ་སྣང་སྐུར་གྲོལ་ཤོག །བཛྲ་རཱུ་པ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཇི་ལྟར་གྲག་པའི་སྒྲ་རུ་གང་བཟུང་བ། །སྙན་དང་མི་སྙན་འཛིན་པས་ཕྱེད་པ་ཙམ། །ཐམས་ཅད་གྲགས་སྟོང་རང་གྲོལ་མཆོད་པར་འབུལ། །འགྲོ་ཀུན་ཞེ་སྡང་མི་སྐྱེད་སྐར་གྲོལ་ཤོག །བཛྲ་ཤབྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཚོར་བ་བཟུང་དང་ངན་པར་བཟུང་བའི་དྲི། གང་ཡང་རྣམ་པར་རྟོག་པས་བཏགས་པས་ན། །བློ་ཡིས་མ་བསླད་ཚོར་སྟོང་མཆོད་པ་ཡིས། འགྲོ་ཀུན་ང་རྒྱལ་རིན་འབྱུང་སྐུར་གྲོལ་ཤོག །བཛྲ་གྷནྡྷ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ།


TR006_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མེད་བག་ཆགས་མཐུ་བརྟས་ཞིམ་མངར་རོ། །གང་ལ་སྤོང་ལེན་འཁྲུལ་པའི་འཁོར་ལོ་ནི། །རྒྱུན་བཅད་མྱོང་སྟོང་རོ་མཉམ་མཆོད་ཕུལ་བས། །འགྲོ་ཀུན་འདོད་ཆགས་སྣང་མཐའི་སྐུར་གྲོལ་ཤོག །བཛྲ་ར་ས་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཅིར་སྣང་སྒྱུ་མར་མ་ཤེས་ཨ་འཐས་ཀྱིས། །རང་གཟུགས་རེག་བྱ་བཟང་ངན་དགག་སྒྲུབ་ཀུན། །ཆོས་ཉིད་ཀློང་དུ་ལ་ཟློའི་མཆོད་པ་ཡིས། །འགྲོ་ཀུན་ཕྲག་དོག་དོན་གྲུབ་སྐུར་གྲོལ་ཤོག །བཛྲ་སྤརྴེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། གསང་བ་བདེ་སྟོང་ལྷན་སྐྱེས་ཀྱི། །མཆོད་པ་བླ་ན་མེད་པས་མཆོད། །གང་ཞིག་འཁོར་བའི་གཞི་རྩ་ཆགས་སྡང་གིས། །རྒྱུ་རྐྱེན་འབྲས་བུས་ཉོན་མོངས་ཀུན་བསྐྱེད་པའི། །མཚན་ཉིད་ཇི་བཞིན་རིག་པ་ལྷན་སྐྱེས་ཀྱི། །དགའ་བ་བཅུ་དྲུག་མཆོད་པ་ཀུན་གྱི་རབ། །ཐབས་ཤེས་ཟུང་འཇུག་འགྱུར་བྲལ་བདེ་བའི་མཆོག །ཟག་མེད་


TR006_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་དབང་བསྒྱུར་བླ་མ་རྣམས། །བདེ་སྟོང་ཡེ་ཤེས་མཆོད་པའི་དགའ་སྟོན་ཆེར། །རོལ་ནས་སེམས་ཅན་སྡུག་བསྔལ་ཞི་བར་མཛོད། །གུ་ཧྱ་ཛྙཱ་ན་བ་ཧ་ཛ་མ་ཧཱ་པཱུ་ཛ་ཧོཿ ༈ །།དེ་ནས་མཆོད་པའི་ཡང་རབ་ནི། །དེ་ཁོ་ན་ཉིད་དོན་དམ་མཆོད།། ༈ །།ཆོས་རྣམས་ཀུན་གྱི་རང་བཞིན་མ་བཅོས་པ། །ཐོག་མཐའ་དབུས་མེད་འཁོར་དང་མྱང་འདས་བཞེས། །མཚན་མས་མ་བཅིངས་འཕོ་འགྱུར་བྲི་གང་བྲལ། །འདི་ནི་མཆོད་པའི་ནང་ནས་མཆོད་ཆེན་པོ། །མཆོད་ཡུལ་བླ་མ་གདོད་མའི་ཆོས་ཀྱི་སྐུ། །མཆོད་བྱེད་རང་གསལ་རང་རིག་རྣལ་འབྱོར་པ། །མཆོད་བྱའི་དངོས་ཀུན་རང་རྩལ་སྒྱུ་མའི་འཕྲུལ། །མཐའ་དག་བཟོད་ནས་ཡོངས་དག་མཆོད་པའོ། །སརྦ་དྷརྨཿ མ་ཧཱ་ཤུ་ནྱ་ཏ་པཱུ་ཛ་ཧོ།། ༈ །།དེ་ལྟར་ཀུན་རྫོབ་དོན་དམ་གྱི། །མཆོད་པའི་རིམ་པ་གྲུབ་


TR006_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས། །བླ་མའི་ཡོན་ཏན་དྲན་བྱའི་ཕྱིར། །བསྟོད་དབྱངས་ཚིག་དོན་མཐུན་པར་བྱ།། ༈ །།ཨེ་མའོ་ཡོན་ཏན་རྒྱ་མཚོའི་བླ་མ་ལ། །བདག་སོགས་ཚུར་མཐོང་སྐྱེ་བོས་བསྐལ་པ་བརྒྱར། །བསྔགས་ཀྱང་ཁྱོད་ཀྱི་བ་སྤུའི་ཁུངས་གཅིག་གི། །ཡོན་ཏན་ཆ་ཙམ་རྟོགས་པར་ནུས་མ་ལགས། །ཨེ་མའོ་གདོད་ནས་རབ་དག་སྤྲོས་པའི་ཚོགས། །ཉེར་ཞི་འདུས་མ་བྱས་པའི་ཆོས་ཀྱི་སྐུ། །ཆོས་རྣམས་ཀུན་གྱི་གནས་ལུགས་དེ་བཞིན་ཉིད། །གང་དེ་མགོན་པོ་ཁྱེད་ཀྱི་རང་བཞིན་ལགས། །ཨེ་མའོ་ཆོས་དབྱིངས་དག་པའི་ཞིང་ཁམས་ནས། །ངོ་མཚར་མཚན་རྫོགས་ཁ་སྦྱོར་ཡན་ལག་བདུན། །ལྷུན་གྲུབ་ངེས་པ་ལྔ་ལྡན་ཞིང་ཀུན་ཏུ། །ཡོངས་ཁྱབ་ལོངས་སྐུའི་དཀྱིལ་འཁོར་ཁྱེད་ཉིད་ལགས། །ཨེ་མའོ་ནམ་མཁའ་རབ་འབྱམས་མཐའ་ཀླས་པར། །འགྲོ་ཁམས་སྣ་ཚོགས་གང་ལ་གང་འདུལ་བའི། །ཐུགས་རྗེའི་བཀོད་སྤྲུལ་བགྲངས་ཡས་དུས་ཀུན་


TR006_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །རྒྱུན་ཆད་མེད་དེ་ཁྱེད་ཀྱི་མཚན་ཉིད་ལགས། །ཨེ་མའོ་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །ཞིང་ཁམས་ཇི་སྙེད་སྐྲ་རྩེའི་ཁྱོན་ཙམ་དུའང་། །ཁྱེད་ཀྱི་ཐུགས་རྗེའི་བཀོད་པས་མ་ཁྱབ་པ། །ནམ་ཡང་སྲིད་མིན་འགོག་མེད་རྫུ་འཕྲུལ་ལགས། །ཨེ་མའོ་ཁྱོད་ཀྱི་ཐུགས་རྗེའི་ནུས་སྟོབས་ནི། །སེ་གོལ་ཡུན་ལའང་ཁམས་གསུམ་སྒྲོལ་ནུས་པའི། །མྱུར་བའི་ཤུགས་དང་བསྒྲུན་བྲན་མཐུ་སྟོབས་དཔུངས། །བྲི་གང་མེད་དེ་ཁྱེད་ཀྱི་ཕྲིན་ལས་ལགས། །ཨེ་མའོ་ཤེས་བྱའི་ཆོས་ཚུལ་ཇི་སྙེད་ཀུན། །ཁྱེད་ཐུགས་ཟབ་མོའི་འཇིངས་ལས་བྱུང་བའི་ཕྱིར། །ཆ་ཤས་ཚིག་འབྲུ་ཙམ་གྱིས་གདུལ་བྱའི་རྒྱུད། །བདེ་བླག་གྲོལ་བ་ཁྱེད་ཀྱི་འགྲོ་དོན་ལགས། ཨེ་མའོ་རྒྱལ་བའི་དཀྱིལ་འཁོར་ཕྱོགས་བཅུའི་ཞིང་། །ཀུན་ཁྱབ་ཀུན་ཏུ་ཕན་བདེའི་མཛད་ཕྲིན་དག །ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་ཉག་གཅིག་ལས། །བྱུང་ཡང་འདུ་འགོད་སྤྲོས་པས་


TR006_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ལགས། །ཨེ་མའོ་དཀོན་མཆོག་མ་ལུས་ཁྱེད་ཁོ་ནར། །འདུས་ན་སྐྱབས་གནས་སུ་ཞིག་ཅི་ཕྱིར་འཚོལ། །བདག་སོགས་མེད་སྣང་འཁྲུལ་པའི་འཁོར་རྒྱུན་འདི། །མཆོད་དེ་སྲིད་ཁྱེད་ཀྱིས་སྐྱབས་མཛད་གསོལ།། ༈ །།སྐབས་འདིར་ཕྱི་ནང་གསང་བ་ཡི། །མཎྜལ་མཆོད་པ་འདི་བཞིན་འབུལ།། ༈ །།ཨོཾ་ཨཱཿཧཱུྃ། གླིང་བཞི་འཇིག་རྟེན་རབ་འབྱམས་རྒྱུད་མཚམས་སྦྱོར། །རབ་འབྱམས་རྒྱ་མཚོའི་ཞིང་གི་འབྱོར་པའི་ཚོགས། །མ་ལུས་བློ་ཡི་བླངས་ཏེ་འབུལ་ལགས་ན། །དེ་སྙེད་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བདག་ལུས་ལོངས་སྤྱོད་བདོག་པ་ཅི་མཆིས་དང་། །ཕུང་ཁམས་སྐྱེ་མཆེད་འཕྲལ་ཡུན་འདུན་མར་བཅས། །བདག་ཏུ་བཟུང་བའི་དངོས་པོར་གྱུར་ཚད་ཀུན། །འབུལ་གྱི་བདག་འཛིན་ཞི་བར་བྱིན་གྱིས་རློབས། །དངོས་དང་དངོས་མིན་མཐའ་ལས་ཡོངས་གྲོལ་ཞིང་། །སྐྱེ་འགག་གནས་དང་འགྲོ་འོང་རྟག་ཆད་ཀྱི། །


TR006_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མིང་མཚན་ལས་འདས་གནས་ལུགས་མཎྜལ་མཆོད། །ཕུལ་བས་བླ་མ་མཆོག་དང་དབྱེར་མེད་ཤོག །གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།། ༈ །།དེ་ནས་བླ་མའི་དཀྱིལ་འཁོར་དང་། རང་སེམས་གཤིས་གདངས་རྩལ་གསུམ་པོ། །ཡེ་ནས་དབྱེར་མེད་ཤེས་པའི་ངང་། འཛབ་བསྙན་འདི་ནི་ཅི་འགྲུབ་བཟླ། །ཨོཾ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། རིག་པ་མ་བཅོས་མ་ཡེངས་པས། །བཟླས་པ་བརྒྱ་སྟོང་ཁྲི་འབུམ་བཟླ། །བླ་མ་རྣམས་ཀྱི་གནས་སུ་འབྲུ། །གསུམ་ལས་འོད་ཟེར་དཀར་དམར་མཐིང་། །འབྱུང་སྟེ་རང་གི་གནས་གསུམ་ཐིམ། །སྒོ་གསུམ་ལས་ཉོན་སྒྲིབ་ཚོགས་དག །སྐུ་གསུང་ཐུགས་དབང་བྱིན་བརླབས་དང་། །དངོས་གྲུབ་ཡོངས་རྫོགས་ཐོབ་པར་དམིགས། །བསྙེན་སྒྲུབ་བྱེ་བ་ས་ཡ་ལས། །ཐ་མའི་གསོལ་འདེབས་ལན་གཅིག་གི། །ནུས་པ་འབུམ་ཕྲག་ཆར་མི་ཕོད།


TR006_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་བླ་མའི་དབང་ཐོབ་ན། །མྱུར་བ་ཉིད་དུ་མངོན་སངས་རྒྱ། །ཞེས་སོགས་རྒྱུད་ལུང་བརྗོད་མི་ལང་། །ཕན་ཡོན་ཉམས་ལེན་བརྩོན་ལ་རེག །ཐུན་མཚམས་གཏོར་མ་བདུད་རྩི་ཡི། །མཆོད་པ་འདིས་ཀྱང་ཚོགས་ཆེན་འཕེལ། །བདག་ཉིད་ལྷར་གསལ་ཐུགས་ཀའི་ཧཱུྃ་ཡིག་ལས། །ཨོཾ་ཨཱཿཧཱུྃ་འཕྲོས་བདུད་རྩི་གཏོར་མར་བཅས། །མ་དག་འབག་རྩོགས་སྐྱོན་སྦྱང་ཡེ་ཤེས་ཀྱི། བདུད་རྩིའི་རྒྱ་མཚོ་འདོད་ཡོན་ཕུན་ཚོགས་གྱུར། ཨོཾ་ཨཱཿཧཱུྃ། རང་བཞིན་གསལ་མདངས་ཐབས་མཆོག་གཏོར་མ་དང་། །ངོ་བོ་སྟོང་ཉིད་ཤེས་རབ་བདུད་རྩི་ཆེ། །གཉིས་མེད་ཏིང་འཛིན་མཐུ་ཡིས་བྱིན་རླབས་ནས། །རྗེ་བཙུན་བླ་མའི་ཚོགས་ལ་མཆོད་པར་འབུལ། །ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྲུང་རིགས། །མཆོད་འོས་ཀུན་ལ་མཆོད་པའི་སྤྲིན་ཕུལ་བས། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་གུ་རུ་


TR006_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིངྟ། ཨ་མྲྀ་ཏ་པཱུ་ཛ་ཁ་ཁཱ་ཧི་ཁཱ་ཧི།། ༈ །།དེ་ནས་སྐབས་འདིར་འདོད་དོན་གྱི། །གསོལ་གདབ་ཐུགས་རྗེའི་ཕྲིན་ལས་ལ། །བསྐུལ་བའི་ཚིག་འདི་དད་གུས་དང་། གདུང་བའི་ཤུགས་བསྐྱེད་ནན་ཏན་བྱའོ། །ཕྱོགས་དུས་རྒྱལ་བ་ཐུགས་རྗེའི་མངའ་བདག་ཀུན། །ཡོངས་ཟླུམ་བདག་སོགས་སྙིགས་དུས་གདུལ་བྱའི་ཚོགས། འདུལ་མཛད་རྗེ་བཙུན་བླ་མ་ཚར་དངར་རྣམས། །མཁྱེན་བརྩེ་ཡེ་ཤེས་གཟིགས་པ་སྒྲིབ་མེད་ལ། །བདག་སོགས་རྨོངས་པས་སྙན་བསྐུལ་མི་འཚལ་ཡང་། །ལྔ་བརྒྱ་ཐ་མའི་དུས་ཀྱི་ངང་ཚུལ་དང་། །རིན་ཆེན་བསྟན་པ་གཟུགས་བརྙན་ལ་སྤྱོད་པའི། །རྣམ་འགྱུར་མི་བཟད་ངན་པའི་སྣང་ཚུལ་འདི། །མཁྱེན་པའི་སྤྱན་ལྡན་རྣམས་ཀྱིས་གཟིགས་བཞིན་དུ། །ཐུགས་རྗེའི་ནུས་སྟོབས་བཏང་སྙོམས་མི་འཇོག་ཅིང་། །རྨུ་རྒོད་གདུལ་བྱ་ཡལ་བར་


TR006_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མ་དོར་བར། །གདུལ་དཀའ་འདུལ་བའི་ཕྲིན་ལས་དུས་ལ་བབས། །སྣོད་བཅུད་འབྱུང་འཁྲུག་འཕོ་འགྱུར་རྦ་ཀློང་གིས། །སྐྱེ་འགྲོ་བཟོད་དཀའི་སྡུག་བསྔལ་དུ་མས་གཟིར། །ནད་མུག་འཁྲུག་རྩོད་འབྱུང་པོའི་འཚེ་སོགས། །མ་ལུས་མྱུར་དུ་ཞི་བར་བྱིན་གྱིས་རློབས། །བསྟན་ལ་ཞུགས་རྣམས་ཆགས་སྡང་ཀུན་སློང་གིས། །རྒྱུད་ཀྲུག་སྡོམ་གསུམ་རིང་དོར་བག་མེད་ཀྱི། །སྤྱོད་པས་དུས་འདའ་ཐོས་བསམ་སྒོམ་མི་བརྩོན། །མཐའ་དག་ཆོས་བཞིན་སྤྱོད་པར་བྱིན་གྱིས་རློབས། །རྒྱུ་འབྲས་དམ་སྡོམ་རིམ་གཉིས་རྒྱང་བསྲིང་ཞིང་། ཁ་ན་མ་ཐོའི་ཟས་དང་སྤྱོད་པས་གཡེངས། །དུག་གསུམ་མེ་འབར་རང་གཞན་རྒྱུད་བསྲེག་པའི། །ཆོས་གཟུགས་ཆོས་ལ་བསྒྱུར་བར་བྱིན་གྱིས་རློབས། །སྒྲུབ་རྒྱུད་རྣལ་འབྱོར་སྤྱོད་པའི་གང་ཟག་རྣམས། །ཟག་བཅས་ལམ་དང་སྟོང་ལྟས་མི་བསླུ་བར། །བདེ་སྟོང་ཟུང་འཇུག་


TR006_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཕྱག་རྒྱ་ཆེ། །མ་ནོར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཡོན་ཏན་ལྟར་སྣང་ལམ་རྟགས་ཕྲ་མོ་ལ། །ཞེན་འདོད་ངར་འཛིན་ཁོང་སྲན་མི་ཞུགས་པར། །ས་ལམ་རྣལ་འབྱོར་བཞི་འབྲས་མཐའ་ཕྱིན་ཏེ། །སྐུ་བཞི་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདིའི་འདོད་དོན་དངོས་གྲུབ་ཕྲ་མོ་དང་། །ཆོས་བརྒྱད་ཁོང་དུ་བཅངས་པའི་འགྲོ་དོན་སོགས། །དོན་གཉིས་འདྲ་མིན་བདུད་ཀྱིས་མི་བསླུ་བར། །མཆོག་དངོས་ཡང་དག་འགྲུབ་པར་བྱིན་གྱིས་རློབས།། ༈ །།དེ་ནས་མཇུག་གི་ལས་རིམ་རྣམས། །བྱ་བའམ་གལ་ཏེ་དུས་བཟང་གི། །ཚོགས་མཆོད་བྱ་བར་སྤྲོ་འཛོམ་ན། །སྡིག་པས་བསྒྲུབ་པ་མ་ཡིན་པའི། །ཚོགས་ཀྱི་ལོངས་སྤྱོད་གང་འབྱོར་བཤམས། །ཐོད་པའི་བདུད་རྩི་འཐོར་བྱས་ལ། །བསངས་སྦྱངས་བྱིན་རླབས་འདི་བཞིན་བྱའོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བདག་ཉིད་ཐུགས་ཀའི་


TR006_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ལས་རྃ་ཡྃ་ཁྃ། འཕྲོས་པ་ལས་བྱུང་ཡེ་ཤེས་མེ་རླུང་ཆུས། །ཚོགས་ཀྱི་འབག་རྩོགས་དྲི་མ་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་འཕྲོས་སྦྱང་རྟོགས་སྦར་བ་ཡིས། །ཚོགས་རྫས་ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཟག་མེད་འདོད་པའི་ཡོན་ཏན་བསམ་ཡས་ཀྱིས། །སྐྱབས་མཆོག་བླ་མའི་ཚོགས་རྣམས་མཉེས་བྱེད་གྱུར། །ཨོཾ་ཨཱཿཧཱུྃ། དེ་ནས་ཚོགས་མཆོད་མགྲོན་གྱུར་རྣམས། །སྤྱན་དྲངས་ཕྱིར་དུ་དད་གུས་ཀྱིས། །སྤོས་བསྲེག་ཅང་ཏེལ་དྲིལ་བུ་དང་། དབྱངས་སྙན་མགྲིན་གཅིག་འདི་སྐད་གྱེར། ཧཱུྃ། གནས་རང་བཞིན་ལྷུན་གྲུབ་ཆོས་ཀྱིས་དབྱིངས། །ཡུལ་དངོས་འཛིན་བྲལ་བའི་ཞིང་ཁམས་ནས། །དོན་ཆོས་སྐུ་སྤྲོས་དང་བྲལ་བའི་གདངས། །རྗེ་ཡེ་ཤེས་སྒྱུ་འཕྲུལ་བླ་མ་རྣམས། །གནས་དམ་ཚིག་གཙང་མའི་ཚོགས་ཁང་འདིར། །དུས་ཁྱད་པར་ཅན་གྱི་དགེ་མཚན་ལ། །བུ་མོས་གུས་གདུང་བས་སྤྱན་འདྲེན་ན། །ཚོགས་


TR006_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་འདུ་བར་གཤེགས་སུ་གསོལ། །སྐུ་གསལ་སྟོང་འཇའ་འོད་ལམ་སེ་ལམ། །གསུང་རྡོ་རྗེའི་མགུར་དབྱངས་ཀྱུ་རུ་རུ། །ཐུགས་བདེ་སྟོང་ཏིང་འཛིན་ཆམས་སེ་ཆམ། །འདི་བྱིན་རླབས་འབེབ་ཅིང་གཤེགས་སུ་གསོལ། །གནས་གང་ཟག་མཆོད་རྫས་འཛོམ་པ་ཡིན། །དུས་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ། །རྗེ་བླ་མ་ཡི་དམ་མཁའ་འགྲོ་བཅས། །ཚོགས་མཆོད་པའི་མགྲོན་དུ་གཤེགས་སུ་གསོལ། གུ་རུ་དེ་ཝ་ཌཱ་ཀི་ནི་ས་མ་ཡ་ཨ་ཝེ་ཤ་ཡ་ཧྲིང་ཧྲིང་ཛཿ ༈ །།དེ་ནས་ཚོགས་ཀྱི་ཞལ་ཟས་ཀུན། །ཚན་པ་གསུམ་དུ་སྤྲོས་བཅས་ཏེ། །ཕུད་རྣམས་རིན་ཆེན་སྣོད་དུ་སྤུངས། །བླ་མའི་མཎྜལ་དྲུང་དུ་འབུལ། །བར་ས་རྣལ་འབྱོར་དཔོན་སློབ་རྣམས། །དངོས་གྲུབ་རྫས་སུ་རོལ་རྒྱུར་བཞག །ལྷག་རྣམས་ཐོད་པའི་སྣོད་དུ་སྤུངས། །ལྷག་མའི་མགོན་ལ་འབུལ་ཕྱིར་བཤམས། །ཐོད་པའི་བདུད་རྩིས་ཁྱབ་པར་བྲན།། ༈ །།ཧོཿ རྗེ་བཙུན་བླ་མ་མཆོག་


TR006_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲུལ་པའི་ལྷ། །ཡི་དམ་མཁའ་འགྲོ་ཆོས་སྲུང་བཅས་རྣམས་ལ། །འདོད་ཡོན་རྨད་བྱུང་ཚོགས་ཀྱི་མཆོད་པ་འབུལ། །ཟག་མེད་དགྱེས་པ་ཆེན་པོར་རོལ་བར་མཛོད། །རྩ་རྒྱུད་བླ་མའི་ཐུགས་དམ་སྐོངས་ནས་ཀྱང་། ཚེ་གཅིག་སངས་རྒྱས་དངོས་གྲུབ་སྩལ་དུ་གསོལ། །ཡི་དམ་ལྷ་ཚོགས་ཐུགས་དམ་སྐོངས་ནས་ཀྱང་། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དཔའ་བོ་མཁའ་འགྲོའི་ཐུགས་དམ་སྐོངས་ནས་ཀྱང་། །སྣམ་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབ་མཛད་གསོལ། །ཆོས་སྐྱོང་སྲུང་མའི་ཐུགས་དམ་སྐོངས་ནས་ཀྱང་། །བསྟན་ལ་གནོད་པའི་དགྲ་གེགས་སྒྲོལ་མཛད་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི།། ༈ །།བར་འདིར་སྒྲུབ་པ་པོ་རྣམས་ལ། །དངོས་གྲུབ་ཚོགས་ཀྱི་ལོངས་སྤྱོད་བཀྱེ། ཕུང་ཁམས་ལྷ་ཡི་དཀྱིལ་འཁོར་ལ། །མཆོད་པའི་འདུ་ཤེས་ལྡན་པར་རོལ། །ཚོགས་ཀྱི་དམ་ལས་མི་འདའ་ཞིང་། །བག་མེད་ཐ་མལ་སྤྱོད་པ་སྤངས། །རྡོ་རྗེའི་གླུ་སོགས་བྱ་བ་ཡང་། །རྡོ་རྗེའི་སྐུ་ནི་མི་ཕྱེད་པའམ།


TR006_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་དོན་ལ་འཇུག་པའི་ཕྱིར། །གྲུབ་ཐོབ་རྣམས་ཀྱི་རྡོ་རྗེའི་མགུར། ཏེ་ལོ་ཞབས་ཀྱི་གངྒ་མ། །ནཱ་རོའི་ལྟ་བུ་མདོར་བསྡུས་དང་། །ཆོས་དྲུག་དྲིལ་བའི་མགུར་སོགས་དང་། །མར་པའི་སྟོང་ཉིད་སྙིང་རྗེ་མ། །ནང་གི་ཡན་ལག་བདུན་པ་སོགས། །མི་ལའི་ཐིམ་པ་ཉེར་བརྒྱད་དང་། །སྟོན་པ་དབུས་བཞུད་ལ་སོགས་དང་། །སྒམ་པོའི་བདེ་ཆེན་ཆོས་ཉིད་མ། །གསོལ་འདེབས་གངས་དཀར་མ་ལ་སོགས། །གཞན་ཡང་རྡོ་ཧ་བརྒྱད་སྐོར་དང་། །དམ་པའི་གྲུབ་ཐོབ་ལྔ་བཅུའི་གླུ། །ལ་སོགས་ངེས་དོན་རྟོགས་མགུར་རིགས། །དབྱངས་དང་བཅས་པའམ་མེད་ན་ཡང་། །གསལ་དག་སྙན་པས་བསྒྲགས་པ་ན། །བྱིན་རླབས་ཕེབས་དང་མཁའ་འགྲོ་དགྱེས། །རྣལ་འབྱོར་ཉམས་རྟོགས་འཕེལ་བར་བཤད། །དེ་མ་ཡིན་པ་འཇིག་རྟེན་པའི། །གླུ་གར་ཀུ་ཅི་ཅོད་པ་དང་། ཆོས་མིན་བག་མེད་སྤྱོད་པའི་རིགས། །བྱས་ན་ཚོགས་ཀྱི་


TR006_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ཤིང་། །བཀའ་སྲུང་མཁའ་འགྲོ་ཁྲོས་པ་ཡི། །བཀའ་ཆད་འཕྲལ་དུ་འབྱུང་བར་གསུངས། །དེས་ན་ཚུལ་བཞིན་སྤྱོད་པ་གཅེས།། ༈ །།ཚོགས་ལ་རོལ་བའི་རྗེས་ཐོག་དེར། །ཚོགས་ལྷག་གྲལ་གྱི་མཐའ་ལོགས་སུ། །མན་ཛིའི་ཁར་བཞག་བདུད་རྩིས་བྲན། །འབྲུ་གསུམ་ལན་གསུམ་བརྗོད་པ་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ། སརྦ་དྷརྨཱ་ནཾ། ཨཱདྱ་ནུཏྤནྣ་ཏྭཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་རླབས་པས། ལྷག་མའི་མགྲོན་རིགས་མཆོག་དམན་ཀུན། །རང་རང་ཅི་འདོད་རྫས་གྱུར་དམིགས། ཧཱུྃ། སྔོན་ཚེ་རྒྱལ་བ་རིག་འཛིན་གྲུབ་མཆོག་གི། །སྤྱན་སྔར་ཁས་བླངས་དམ་ཚིག་གཉེར་བཞེངས་པའི། །གནས་ཡུལ་དུར་ཁྲོད་རྒྱུ་བའི་ཌཱ་ཀི་མ། །ཡེ་ཤེས་ལས་དང་འཇིག་རྟེན་སྣ་ཚོགས་ཀྱི། །མཁའ་འགྲོ་ཤུགས་འགྲོ་བྲན་དང་ཡང་གཡོག་བཅས། །གཞན་ཡང་འཇིག་རྟེན་ཁམས་སྐྱོང་མཐུ་བོ་ཆེ། །བསྟན་པ་བསྲུང་


TR006_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྣལ་འབྱོར་སྐྱོང་བའི་ཚོགས། །མ་ལུས་རྡོ་རྗེའི་ཕཾ་ཕབ་ཚོགས་ཀྱི་ལྷག །དམ་ཚིག་བདུད་རྩི་འདོད་ཡོན་ཕུན་ཚོགས་འདི། །བཞེས་ནས་སངས་རྒྱས་བསྟན་པ་དྲི་མེད་སྐྱོང་། །ཆོས་བཞིན་སྤྱོད་པའི་གང་ཟག་མཐུན་རྐྱེན་སྒྲུབས། །རྒྱལ་ཁམས་བདེ་ཞིང་སྦྱིན་བདག་བར་ཆད་ཞི། །བསྟན་ལ་གནོད་པའི་བདུད་སྡེ་ཐལ་བར་ལྷོགས། །རྣལ་འབྱོར་བདག་གི་ཇི་ལྟར་བཅོལ་བ་ཡི། །ཕྲིན་ལས་མ་གཡོལ་མྱུར་དུ་གྲུབ་མཛོད་ལ། །སྒྲུབ་རྒྱུད་བསྟན་པ་བསྲུང་ཞིང་སྐྱོང་མཛོད་ཅིག །བཛྲ་ཨ་ར་ལི་ཌ་ཀི་ནི་སརྦ་ས་མ་ཡ། །ཨུ་ཙིཊྚ་བ་ལིངྟ་ཁཱ་ཧི། ཞེས་བརྗོད་ལྷག་ལ་བཤལ་ཆུར་བཅས། གཙང་ཞིང་མཐོ་བའི་ཕྱོགས་སུ་འབུལ།། ༈ །།དེ་ནས་མཇུག་གི་ཆོ་ག་ལས། །དང་པོར་དངོས་གྲུབ་བླང་བ་ནི། བྱིན་རླབས་འབྱུང་གནས་རྩ་རྒྱུད་བླ་མའི་ཚོགས། །ཡེ་ཤེས་ཐུགས་རྗེ་རྒྱུན་ཆད་མ་མཆིས་ཀྱང་། །དེང་འདིར་མཆོད་ཅིང་


TR006_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་དོན་འབྲས་བུ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་ཆར་ཆེན་ཕོབ། །འཆི་མེད་ཚེ་དང་ཆོས་མཐུན་ལོངས་སྤྱོད་དང་། །ཏིང་འཛིན་ཉམས་རྟོགས་གོང་འཕེལ་ས་ལམ་བགྲོད། །མཆོག་གི་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། །ཀ་ཡ་ཝཀྩིཏྟ་སརྦ་སིདྡྷི་ཕ་ལ་ཧོ།། ༈ །།བླ་མའི་གཏོར་མ་བདུད་རྩི་བཅས། །དངོས་གྲུབ་རྫས་སུ་མྱང་བར་བྱའོ། །དེ་ནས་ཆོ་གའི་ཉེས་བྱས་བཤགས། །བདག་ཅག་མ་རིག་འཁྲུལ་པའི་བག་ཆགས་མཐུས། །བླ་མ་མཆོད་པའི་ལས་ལ་འགལ་འཁྲུལ་དང་། །སྒོ་གསུམ་ཉེས་དང་ཡོ་བྱད་མ་དག་སོགས། །ཅི་མཆིས་ཆོས་དབྱིངས་ཀློང་དུ་བཟོད་པར་གསོལ། །ཨོཾ་བཛྲ་སཏྭ་ས་མ་ཡ༴ དེ་ནས་དགེ་བའི་རྩ་བ་ནི། འགྲོ་ལ་བསྔོ་ཞིང་སྨོན་ལམ་གདབ། །བདག་གིས་དགེ་བ་ཀུན་ལས་མཆོག་རབ་ཕུལ། །དཔལ་ལྡན་བླ་མའི་གསང་གསུམ་དཀྱིལ་འཁོར་ཆེ། །བསྒྲུབས་ཅིང་མཆོད་པའི་དགེ་འབྲས་


TR006_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད། །འདི་དང་འཁོར་འདས་ལམ་གསུམ་རྣམ་དཀར་ཀུན། །གཅིག་བསྡོམ་ཆོས་མིན་བསམ་པས་མ་བསླད་པར། །མཁའ་ཁྱབ་འགྲོ་ཀུན་རྫོགས་བྱང་ཐོབ་ཕྱིར་བསྔོ། །ལྷག་བསམ་མཐུ་དང་བླ་མའི་བྱིན་རླབས་ཀྱིས། །ནམ་མཁས་གར་ཁྱབ་དྲིན་ཅན་ཕ་མའི་ཚོགས། །ལས་ཉོན་འཁྲུལ་འཁོར་སྡུག་བསྔལ་ཤུགས་དྲག་གི། །རྒྱུ་རྐྱེན་འབྲས་བུར་བཅས་པ་རྒྱུན་ཆོད་ནས། །སྐུ་བཞི་ཡེ་ཤེས་རྡོ་རྗེ་བླ་མ་ཡི། །གོ་འཕང་མྱུར་ཐོབ་སྲིད་ཞི་གཏན་སྒྲོལ་ཤོག། ༈ །།དེ་ནས་རྟེན་འབྲེལ་མེ་ཏོག་གི། །ཆར་བབས་བཀྲ་ཤེས་གླུ་དབྱངས་བྱ།། ༈ །།ཆོས་དབྱིངས་མི་འགྱུར་རྡོ་རྗེའི་དཀྱིལ་འཁོར་གྱི། །ཁྱབ་བདག་རིགས་མཆོག་རྡོ་རྗེ་འཆང་དབང་གི། །ཐུགས་རྗེ་ཡེ་ཤེས་རྡོ་རྗེ་ཀུན་ཁྱབ་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །།ཐོག་མེད་མཁྱེན་པའི་ཤེས་རབ་ཕུལ་བྱུང་གིས། །ཆོས་ཀུན་གནས་ལུགས་ཤེས་རབ་ཟག་མོས་


TR006_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །གྲུབ་དབང་ཏེ་ལོ་ཤེས་རབ་བཟང་པོ་ཡི། །བཀྲ་ཤིས་དེས་ཀྱང་དེང་། །ངེས་གསང་མཆོག་ཞུགས་ཡེ་ཤེས་མཁའ་འགྲོ་ཡིས། །ལུང་བསྟན་བླ་མས་ཡེ་ཤེས་མངོན་གྱུར་མཛད། མཁས་གྲུབ་ནཱ་རོ་ཡེ་ཤེས་དངོས་གྲུབ་ཀྱི། །བཀྲ་ཤིས་དེས་ཀྱང་། ཐེག་མཆོག་གསང་སྔགས་ཆོས་ཀྱི་བང་མཛོད་འཛིན། །རྒྱུད་ལུང་མན་ངག་ཆོས་ཀྱི་འཁོར་ལོ་བསྒྱུར། །སྒྲ་བསྒྱུར་མར་པ་ཆོས་ཀྱི་བློ་གྲོས་ཀྱི། །བཀྲ་ཤིས། སྒྲུབ་རྒྱུད་པད་ཚལ་བཞད་པའི་གངས་ཅན་ལྗོངས། །ཏིང་འཛིན་གེ་སར་གཞད་པའི་རྩེར་སོན་པ། །དབང་ཕྱུག་མི་ལ་གཞད་པ་རྡོ་རྗེའི་ཡི། བཀྲ་ཤིས་དེས། ཟས་གཙང་སྲས་པོ་འཛམ་གླིང་སྒྲོན་མཆོག་གི། །ངེས་དོན་བསྟན་པས་འཛམ་གླིང་ཁྱབ་མཛད་པའི། །ཕྲིན་ལས་མཉམ་མོ་འཛམ་གླིང་དྲགས་པ་ཡི། །བཀྲ་ཤིས་དེས། བཤད་སྒྲུབ་རྒྱུད་པའི་བླ་མ་ཐུགས་རྗེའི་གཏེར། །དྲིན་ཅན་རྩ་བའི་བླ་མ་ཡིད་བཞིན་ནོར། །དབྱེར་མེད་རང་རིག་


TR006_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མངོན་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ༈ །།དེ་ནས་བླ་མའི་དཀྱིལ་འཁོར་རྣམས་ཐམས་ཅད་གཙོ་བོ་ཉིད་ལ་ཐིམ། །དེ་ཉིད་སྐར་མདའ་རྒྱུགས་པ་བཞིན། །ཚུར་བྱོན་བདག་གི་སྤྱོ་བོར་ཐིམ། །དེ་རྗེས་རང་ཉིད་རྡོར་སེམས་ཀྱང་། མཐའ་ནས་རིམ་འདུས་ཧཱུྃ་ལ་བསྡུ། །ཧཱུྃ་ཡང་གྱེན་རྫོགས་ཐིག་ལེ་དང་། །དེ་ཡང་མཁའ་ལ་སྤྲིན་ཡལ་ལྟར། །གྱུར་པའི་ངང་ནས་དུས་གསུམ་གྱི། །རྟོག་ཚོགས་སྤྲིན་བྲལ་མཁའ་བཞིན་བཞག །བླ་མ་ཆོས་སྐུའི་རང་ཞལ་མཇལ། །སླར་ཡང་རྗེས་ཐོབ་རིག་གདངས་ལས། །སྒོ་གསུམ་ལྷ་དང་བླ་མ་ནི། དབྱེར་མེད་རང་རིག་ཡེངས་མེད་བསྐྱངས། །ཨ་འཐས་འཁྲུལ་ཕྱིར་མི་འབྲང་ཞིང་། །ཆོས་བརྒྱད་ཞེན་འཁྲིས་རྦད་ཀྱི་བཅད། །ཚེ་འདིའི་བྱ་བ་ལེངས་ཀྱི་བཏང་། །སྐྱིད་སྡུག་གང་བྱུང་། ཐུགས་རྗེར་བསམ། །མོས་


TR006_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གུས་རྒྱུན་ཆད་མེད་པ་ནི། །བླ་མ་སྒྲུབ་པའི་དམ་ཚིག་གོ། །དེ་ལྟར་རྒྱལ་བའི་བཀའ་གསང་རྒྱ་ཆའི་ཡང་སྙིང་བཅུད། །གསང་སྔགས་རྩ་བ་རྡོ་རྗེ་སློབ་དཔོན་ཉིད་སྒྲུབ་པའི། །ལས་རིམ་འདི་ནི་དཀྱིལ་འཁོར་རྒྱ་མཚོ་མ་ལུས་པའི། །མཆོག་དང་ཕུལ་གྱུར་ཡང་རབ་སྐལ་བཟང་སྤྱོད་ཡུལ་ལོ། །ཀྱེ་མ་དིང་སང་ཆོས་ཀུན་རི་མོའི་མར་མེ་ལྟར། །སྣང་ཡང་དོན་བྱེད་ནུས་པས་དབེན་ཏེ་གཟུགས་བརྙན་ཙམ། །ཁྱད་པར་སྔགས་ཀྱི་སྨིན་གྲོལ་ཕྱག་ལེན་བྲོ་པ་ཡི། །གླུ་གར་བཞིན་དུ་ཟང་ཟིང་མང་བྱེད་དོན་གྱིས་སྟོངས། །དེ་ཕྱིར་ཚིག་ཉུང་དོན་གཙོར་སྟོན་པ་གྱིས་ཤིག་ཅེས། །འགྲོ་བའི་མགོན་པོ་ཟླ་འོད་གཞོན་ནུ་སླར་ཡང་དེང་། སྙིགས་དུས་སྒྲུབ་རྒྱུད་བསྟན་པའི་དཔལ་དུ་མངོན་བྱོན་པའི། མཆོག་གི་སྤྲུལ་སྐུ་ཐུབ་བསྟན་རིན་ཆེན་བཟང་པོའི་དཔལ། །གང་གི་བཀའ་འཆིད་ཛམྦུའི་གསེར་གྱི་ཅོད་པན་ཉིད། །གཙུག་ཏུ་བཅིངས་


TR006_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒྲུབ་རྒྱུད་བསྟན་པའི་ཞབས་རྟོགས་སུ། །སྨོན་པ་བཟང་ལྡན་སྣ་ཚོགས་རང་གྲོལ་ཀུ་སཱ་ལིས། །པཀྵུའི་ཀླུང་འགྲམ་ཀུན་ཏུ་སྣང་བའི་རི་བོའི་སྤོར། །བཀོད་པའི་དགེ་བ་བྱང་སེམས་ཆ་ཤས་ཡོངས་རྫོགས་ཀྱི། །མཐུ་ནུས་མངོན་པར་གསལ་ངེས་ངེས་དོན་སྒྲུབ་རྒྱུད་བསྟན། །རབ་རྒྱས་ཡུན་གནས་དེ་འཛིན་སྐྱེས་བུ་ཏིང་འཛིན་འཕེལ། །སྐྱེ་དགུས་གཙུག་བསྟེན་ཀུན་ཀྱང་རྡོ་རྗེ་འཆང་འགྲུབ་ཤོག །མསྟུ་སརྦ་ཛ་ག་ཏམ། དྭི་ཤུདྡྷ་ཀྲྀཏྲ་ཤུ་བྷི། གཅིག་ཞུད།


previousདཔལ་ལྡན་བླ་མའི་དཀྱིལ་འཁོར་ལ་ཆོ་ག་ངེས་དོན་བྱིན་རླབས་ཆུ་རྒྱུན།no next