Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of ཇི་ཙམ་ཡོད་པ་
[Clear Hits]


  
  
 
ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆ་རྐྱེན་དུ་གྱུར་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོག
  
  
  
  
  
  
  
  


1 occurrence of ཇི་ཙམ་ཡོད་པ་
[Clear Hits]

 
previousཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆ་རྐྱེན་དུ་གྱུར་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོགnext

ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆ་རྐྱེན་དུ་གྱུར་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོག


TR006_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆ་རྐྱེན་དུ་གྱུར་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོག་བཞུགས་སོ།


TR006_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ས་མཱ་དཱ་ན་ཡེ། །དམིགས་མེད་སྤྲོས་བྲལ་ཀུན་བཟང་ནམ་མཁའ་ཆེར། །འགག་མེད་གཟུགས་སྐུ་ཆེ་མཆོག་ཉི་འོད་རྒྱས། །རོལ་རྩལ་བདུན་བརྒྱ་ཉེར་ལྔའི་འོད་ཟེར་ཚོགས། །སྤྲོ་མཁས་པདྨ་ཐོད་ཕྲེང་ལ་གཏུད་དེ། །སྒྲུབ་པ་བཀའ་བརྒྱད་འོ་མཚོ་བསུབ་པའི་བཅུད། །དངོས་གྲུབ་སྙིང་པོ་བདུད་རྩིའི་ཡང་ཞུན་གྱིས། །སྐལ་བཟང་སྣོད་ལྡན་འདོད་པ་འཇོ་བའི་དབང་། །ཇི་ལྟར་བྱ་ཐབས་གསལ་བར་འདིར་བཤད་ཉོན།། ༈ །།དེ་ལ་གསུམ་སྟེ། དང་པོར་དཀྱིལ་འཁོར་དབང་རྫས་ཀྱི་བཀོད་པ་གང་ལྟར་བྱ་བ། བར་དུ་སྙེན་སྒྲུབ་གཞུང་སྲོང་གིས་བྱིན་རླབས་ནུས་ལྡན་དུ་སྒྲུབ་པ། ཐ་མར་སློབ་མ་རྗེས་འཛིན་གྱི་དབང་བསྐུར་ཇི་ལྟར་བྱ་ཚུལ་དང་གསུམ་གྱི་དང་པོ་ནི། མདོ་རྒྱུད་མན་ངག་ལ་མཁས་ཤིང་ལྟ་དགོངས་ཏིང་འཛིན་དམ་ཚིག་སྡོམ་


TR006_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་བླ་མ་སྒྲུབ་པ་བཀའ་བརྒྱད་ལ་ནུས་པ་ཐོབ་པ་གང་དེར། དད་ལྡན་གཏོང་ཕོད་བརྩོན་འགྲུས་ངེས་འབྱུང་གི་བློ་དང་ལྡན་པའི་སློབ་མ་ཐེག་མཆོག་བླ་མེད་ཀྱི་སྣོད་རུང་གིས་སྙིང་ཐག་པ་ནས་གསོལ་བ་བཏབ་པའི་དུས་བཟང་པོ་ཉིད་ལ། འགལ་རྐྱེན་གྱིས་དབེན་ཞིང་མཐུན་རྐྱེན་ཚང་ལ་ཡིད་དང་མཐུན་པའི་གནས་སུ། སའི་ཆོ་ག་དང་སྟེགས་བུ་བཞེངས་པ་ཐིག་ཚོན་བྱིན་རླབས་སོགས་ཀྱི་ལས་རིམ་རྒྱས་པར་སྤྲོ་ན་སྒྲུབ་པ་བཀའ་བརྒྱད་གཏེར་སྙིང་གཞན་ནས་བླངས་ཀྱང་རུང་ལ། །གཏེར་ཁ་འདི་ཉིད་ལྟར་ན་ཞི་ཁྲོ་ངེས་དོན་སྙིང་པོའི་སྒྲུབ་ཁོག་ཆེན་མོ་ནས་གསུངས་པ་བཞིན་བྱ་ཞིང་། རྡུལ་ཚོན་དང་རས་བྲིས་ལྟ་བུ་ལ་ནི་འགྲུབ་ན་དཀྱིལ་འཁོར་ལིང་ཚེ་དགུ་རེ་རེ་ལའང་རྟ་བབས་ཡོངས་སུ་རྫོགས་པའི་ཕོ་བྲང་ཉི་མ་དགུ་ཤར་དུ་གྲགས་པ་ཉིད་དང་


TR006_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མ་གྲུབ་ན་ཕྱི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལྟེ་བར་ལིང་ཚེ་དགུ་ཐིག་བཏབ་པའི་ནང་སོ་སོར་གསེར་གྱི་འཁོར་ལོ་རྩིབ་བཞི་པའི་ལྟེ་བ་མཐིང་ནག །མུ་ཁྱུད་ནང་མ་དམར་པོ་ཕྱི་མ་སྔོན་པོ་རྩིབ་མཁན་ལྗང་ཁུ། མཆན། རེ་མིག་དགུའི་བར་བཅད་རྣམས་སྟེང་གི་རྡོ་རྗེའི་གདུང་མིག་མང་རིས་ཀྱིས་དབྱིབས་ཅན། བར་འཁྱམས་དང་སྒོ་བཞི་ཕྱོགས་མདོག་སོགས་རེ་གཞན་ཐམས་ཅད་སྤྱི་མཐུན་ལས་ཕྱོགས་བཞིར་རྟ་བབས་ཀྱི་རྩེར་བུམ་གདན་བུམ་པ་བྲེ་ཆོས་འཁོར་ཆར་ཁེབས་ཉི་ཟླ་ཏོག་དང་བཅས་པ་མཆོད་རྟེན་གྱི་ལྟར་ཡོད་པ་དང་། ཕྱིའི་འཁོར་ཡུག་ལའང་དུར་ཁྲོད་ཀྱི་ཕྱི་རིམ་ལ་ཁྱད་པར་དུ་སྟེང་ནས་འཁོར་ལོ་རྩིབས་སྟོང་ཕུབ་ཅིང་། འོག་ནས་པདྨ་འདབ་སྟོང་བརྡལ་བ། མཐའ་སྐོར་རྡོ་རྗེའི་བྲག་གི་བཏམས་པ་དང་བཅས་པའི་མཚོན་བྱེད་རྣམས་ནི་སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་གྱི་ཁྱད་ཆོས་ཡིན་པ་དང་། ཕྱི་མཐར་ཡེ་ཤེས་ལྔ་ལྡན་གྱི་མེའི་ར་བ་དང་བཅས་ཏེ། མདོར་ན་བཀའ་བརྒྱད་ཀྱི་ཐིག་རྩ་ཚུལ་བཞིན་ཤེས་པའི་ཕྱག་བཞེས་མཐོང་རྒྱུད་ལྟར་བྲིའོ། །དབུས་ཀྱི་ལྟེ་བར་ཡང་ཟླ་གམ་དམར་པོ་སྒོ་གཅིག་པའི་དཀྱིལ་དུ་ཆོས་སྐུ་འགྱུར་མེད་ཀྱི་ཨེ་གྲུ་གསུམ་མཐིང་ནག་གིས་མཚན་པ་དང་བཅས་པ་བྱ་ལ། ཡང་། རྡུལ་ཚོན་སོགས་མ་གྲུབ་


TR006_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། སྤྲོས་པ་ཉེར་བསྡུའི་དཀྱིལ་འཁོར་བྱེད་ན། དྲི་བཟང་བདུད་རྩི་ཛཱ་གད་ཀྱིས་སྦགས་པའི་འབྲུའི་ཚོམ་བུ་དགུ་བཀོད་པས་ཀྱང་རུང་བ་ཉིད་དོ། །དབང་རྫས་ནི་དཀྱིལ་འཁོར་གྱི་ཁར་ཁྲི་རྐང་ངམ་མན་ལྗིའི་སྟེང་དུ་བཟངས་གཞོང་ཆེན་མོ་འབྲུ་མིས་བཀང་བའམ་ཡང་ན་ལྕོགས་རྩེ་སོགས་ཅི་རིགས་ཀྱི་སྟེང་དུ། བུམ་པ་མཚན་མགུལ་འཆིངས་མཐིང་ག་ཅན་ཁ་རྒྱན་གཟུངས་ཐག་རྡོ་རྗེ་སོགས་དང་ལྡན་པའི་ནང་དུ། ལྔ་ཚན་ལྔ་ཆུ་གཙང་འོ་མ་དང་བཅས་པས་བུམ་པའི་གསུམ་གཉིས་གང་བར་བྱས་པ་དབུས་སུ་བཞག་མཐའ་སྐོར་རྣམས་སུ་ཆེ་མཆོག་དཔལ་དགུ་ཁྱུང་ཆེན་དཀར་ནག་དང་བཅས་པའི་སྐུ་རྟེན་ཙཀྐ་ལི་དང་། རིགས་ལྔའི་དབུ་རྒྱན། རྡོ་རྗེ་དྲིལ་བུ། རཀྟའམ་ཐོད་པའི་ཕྲེང་བ། ལྕགས་ཕུར། གསང་དབང་གི་ཐོད་པ་བདུད་རྩིས་མངར་གསུམ་ཆོས་སྨན་རྣམས་སྦྱར་བ། ཤེར་དབང་གི་དམིགས་རྟེན་གཟུངས་མའི་གཟུགས་སམ་རྡོ་རྗེ་ཕག་མོ་ཡུམ་ཆེན་གནམ་ཞལ་གྱི་བྲིས་སྐུ་གང་རིགས། ཚིག་དབང་གི་མེ་ལོང་ཤེལ་རྡོ་དང་བཅས་པ་རྣམས་དགོད། གཞན་ཡང་ཁྲོ་བོའི་རྒྱན་ཆས་སྟག་ཤམ་ཀོ་རློན་གཡང་གཞི་ཐོད་ཕྲེང་སྦྲུལ་ཆུན་ཐལ་ཞག་ཁྲག་གསུམ་གྱི་བྱུག་རྫས་རྣམས་ཀྱང་དངོས་སམ་གཟུགས་


TR006_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཇི་ལྟར་འབྱོར་པ་ཡང་བཤམ། དཀྱིལ་འཁོར་མཐའ་སྐོར་དུ་སྨན་རག་དཔལ་དགུའི་གཏོར་མ་དང་བླ་མ་མཁའ་འགྲོ་ཆོས་སྲུང་གཞི་བདག་སོགས་ཀྱི་གཏོར་མ་ཡང་ཅི་འབྱོར་པ་ཚོགས་ཀྱིས་ལོངས་སྤྱོད་དང་། ཐུན་མོངས་གིས་མཆོད་པ་གྱ་ནོམ་པ་སྤྱན་གཟིགས་བཀོད་པའི་ཁྱད་པར་སྣ་ཚོགས་ཀྱིས་མཛེས་ཤིང་བྱིན་ཆགས་པར་བཤམ་པ་ནི་དང་པོར་བྱ་བའི་ལས་རིམ་མོ།། ༈ །།གཉིས་པ་ནི་སློབ་དཔོན་འཁོར་བཅས་བདེ་བའི་སྟན་ལ་འཁོད་ནས། ནམ་མཁའ་མཉམ་པའི་སེམས་ཅན་གྱི་དོན་འབའ་ཤིག་པའི་སེམས་སྐྱེད་དང་ལྡན་པས་ཐུན་མོང་གི་སྐྱབས་སེམས་ཚོགས་བསགས་ཀྱི་རིམ་པ་སྤྱི་ལྟར་རམ། གཏེར་ཆོས་འདི་ཉིད་ཀྱི།།།ཆོས་སྤྱོད་ཆེན་མོ་ལྟར་བྱ། དེ་ནས་བཀའ་བརྒྱད་འདི་གའི་ལས་གཞུང་གི་ལྟ་བའི་མཚམས་གཅོད་ནས་བཟུངས་སྟེ་འཛབ་ཀྱི་རིམ་པ་ལ་ཐུགས་གི་བར་དུ་གྱེར་སྒོམ་ཟུང་འཇུག་ཏུ་བྱས་ལ། བདག་མདུན་དུས་གཅིག་ཏུ་གསལ་གདབ་པའི་ལྷ་ཚོགས་གཙོ་བོ་དཔལ་ཆེན་དགུ་ལ་རང་རང་གི་འཁོར་རྣམས་ཉི་མ་དང་འོད་གཉིས་མི་འབྲལ་བའི་ངང་ཚུལ་ལྟར་མོས་པས་བསྐྱེད། བུམ་པའི་ནང་དུའང་དཀྱིལ་འཁོར་ལིང་ཚེ་དགུ་པར་ལྷ་ཚོགས་མ་ཚང་བ་མེད་པར་མེ་ལོང་དུ་གཟུགས་བརྙན་ཤར་བ་བཞིན་གསལ་ནས་རང་


TR006_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྤྱན་འདྲེན་མཆོད་བསྟོད་ཐམས་ཅད་བདག་མདུན་བུམ་པའི་དཀྱིལ་འཁོར་གསུམ་ཁར་སྟབ་གཅིག་ཏུ་བྱ།། ༈ །།འཛབ་ཀྱི་སྐབས་ལ་བབས་ཚེ། ལྷ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སོ་སོའི་སྐུ་མདོག་དང་མཐུན་པའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ཤིང་ལས་བྱང་ནས་འབྱུང་བ་ལྟར་གྱི་དཔལ་དགུའི་སྙིང་པོ་དང་། མཐར་སྤྱི་དྲིལ་གྱི་འཛབ་བཟླས་པ་ནི་བསྙེན་པ། དེ་ལྟར་བཟླས་ཚེ་ཐུགས་སྲོག་ས་བོན་དང་སྔགས་འཕྲེང་ལས་འོད་ཟེར་དཔག་མེད་འཕྲོས་པས་རྒྱལ་བ་རབ་འབྱམས་ལ་མཆོད་པ་ཕུལ་ཞིང་། ཁམས་གསུམ་སེམས་ཅན་གྱི་ལས་སྒྲིབ་སྦྱང་ཏེ་ཐམས་ཅད་དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས་འབའ་ཤིག་ཏུ་གྱུར་ནས་སྟོང་ཁམས་ཐམས་ཅད་སྔགས་ཀྱི་རང་སྒྲས་འུར་དིར་དུ་གྱུར་པར་བསམ་པ་ནི་དབུགས་ཕྱིན་རྒྱུ་བ་དང་སྤྲད། ཡང་དབུགས་ནང་དུ་འཇུག་ཚེ་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི་བྱིན་རླབས་དབང་དང་དངོས་གྲུབ་གཟི་བྱིན་ནུས་མཐུ་མཐའ་དག་འོད་ཟེར་གྱི་རྣམ་པ་འབྲུ་གསུམ་ཚེའི་ཚུལ་དུ་ཚུར་བྱུང་ནས་བདག་མདུན་བུམ་པའི་ལྷའི་གནས་གསུམ་དུ་ཐིམ་པར་མོས་པ་ཏེ། དེ་ལྟར་སྤྲོ་བསྡུའི་བཟླས་པ་བྱེད་པ་ནི་སྒྲུབ་པ། དེ་ལྟ་བུའི་བདག་མདུན་གྱི་


TR006_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་བཟླས་སྤྲོ་བསྡུ་སོགས་དེ་དག་ཐམས་ཅད་ཀྱང་དོན་དམ་པར་བྱ་བྱེད་ལས་གསུམ་དབྱེར་མེད་ཀུན་བཟང་ཆེ་མཆོག་གི་དགོངས་ཀློང་རྣམ་པར་དག་པ་ཁོ་ནའི་རོལ་པ་ཉིད་ལས་གཞན་དུ་མ་ཡིན་པར་ཐག་ཆོད་པས། གདོད་ནས་མ་བཅིངས་མ་གྲོལ་བའི་ཏིང་འཛིན་ལྷུན་འབྱམས་ཀྱི་ངང་ནས་ལྷ་སྔགས་སེམས་གསུམ་ཐ་དད་མེད་པར་འཇོག་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་བསྙེན་དང་སྒྲུབ་པ་སྒྲུབ་ཆེན་གསུམ་གཅིག་དྲིལ་གྱི་ཉམས་སུ་ལེན་ཚུལ་འདི་ནི་བཀའ་བརྒྱད་ཉིད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་སྐབས་དོན་ཡིན་ལ། གསང་སྔགས་ཀྱི་གཞུང་ལུགས་སྤྱི་དང་བྱེ་བྲག་པའི་བསྙེན་སྒྲུབ་ཡན་ལག་བཞིའི་འཆད་ཚུལ་འདི་དང་མི་འདྲ་བ་མཐའ་ཡས་པ་ཡོད་ཚེ། ཐེ་ཚོམ་གྱི་མགོ་འཁོར་མི་ལྡང་བར་བྱའོ། །དེ་ལྟར་འཛབ་བསྙེན་སྟོང་ཕྲག་ཙམ་གྱིས་བར་བར་དུ་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ་ཞིང་། གཞན་ཡང་ཚོགས་མཆོད་བསྒྲལ་སྟབས་བསྐང་བ་སོགས་རྒྱས་པར་བྱས་ནས་སྒྲུབ་སྟེ། མཐར་མདུན་བསྐྱེད་ལྷ་ཚོགས་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་པའི་འོད་ཟེར་བདག་ཉིད་ཀྱི་གནས་གསུམ་དུ་བསྟིམ་པས་དབང་གཞི་བླངས་ཞིང་བདག་ཉིད་ལྷ་དང་དབྱེར་མེད་པའི་ངེས་ཤེས་


TR006_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་དོ། །འདི་དག་ནི་བར་དུ་བྱིན་རླབས་ནུས་ལྡན་དུ་བྱ་བའི་ལས་རིམ་མོ།། ༈ །།གསུམ་པ་སློབ་མ་རྗེས་འཛིན་དངོས་གྱི་ལས་རིམ་ནི། སློབ་མ་ ཇིཙམཡོད ་དག་སྒོ་དྲུང་ནས་ལས་སློབ་ཀྱིས་ཡིག་བརྒྱའི་གཟུངས་ཆུས་ཁྲུས་བྱར་གཞུག་ལ་ནང་དུ་ཕྱག་བྱས་ནས་གྲལ་དུ་འཁོད་དེ་མཎྜལ་རྒྱས་པར་ཕུལ་བའི་མཇུག་ཏུ་སློབ་དཔོན་གྱིས་ཡིད་ཆེས་བསྐྱེད་པའི་ལོ་རྒྱུས་འཆད་པ་ནི།། ༈ །།ང་ནི་རྡོ་རྗེའི་རྫོང་ཆེན་ཏེ། །འཁོར་བའི་གཡུལ་ཆེན་དམག་དཔུངས་ལས། །འགྲོ་བའི་འཁྲས་པར་དམ་བཅས་ཀྱི། །གང་ཞིག་མཐར་འདོད་ལམ་འདིར་ཤོག །འཁོར་བའི་སྙིང་པོ་སྦྱང་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བསྟན་པར་བྱ། །དེའི་ཕྱིར་ནམ་མཁའ་རབ་འབྱམས་ཀྱི་མཐར་ཁྱབ་པའི་འགྲོ་བ་རྣམ་པ་སྣ་ཚོགས་པ་མཐའ་དག་བླ་མེད་རྫོགས་པའི་བྱང་ཆུབ་ལ་མྱུར་དུ་འཁོད་པར་བྱ་ཕྱིར། བདེར་གཤེགས་སྒྲུབ་པ་བཀའ་


TR006_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་དབང་བསྐུར་ཟབ་མོ་ཞུ་བར་བགྱི་སྙམ་པའི་ཐུགས་སྐྱེད་དང་ལྡན་པས་རྟོག་པ་གཞན་དུ་ཡེངས་པ་སོགས་ཆོས་ཉན་པའི་མི་མཐུན་ཕྱོགས་ཀུན་སྤངས་ཏེ་གསན་འཚལ། དེ་ཡང་རང་གཞན་གྱི་དོན་ཆེན་ཚེ་གཅིག་སངས་རྒྱས་སྒྲུབ་པ་ལ་ཐེག་ཆེན་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་སྨིན་གྲོལ་གཉིས་ལ་མ་བརྟེན་པར་ཐབས་གཞན་གྱིས་ཐོབ་པར་མི་འགྱུར་ཞིང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ནི་ཇི་ལྟར་ཨུ་དུམ་ཝ་རའི་མེ་ཏོག་དང་མཚུངས་པ་ཤིན་ཏུ་བཀོན་ཞིང་རྙེད་པར་དཀའ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་རྣམས་སུ་ཡང་རྒྱུའི་ཐེག་པ་སྡེ་སྣོད་གསུམ་གྱིས་གདུལ་བྱ་འདུལ་བ་འབའ་ཞིག་ལས། འབྲས་བུའི་ཐེག་པ་དར་བའི་ཞིང་ནི་འགའ་ཙམ་ལས་མ་མཆིས་ཏེ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་


TR006_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གདུལ་བྱ་ལ་ཉེ་རིང་ཕྱོགས་ཆའམ་ཆོས་ལ་སྦ་སྲི་དང་དཔེ་འཁྱུད་དུ་མཛད་པ་མ་ཡིན་མོད་ཀྱང་། སེམས་ཅན་རྣམས་བསོད་ནམས་དང་སྐལ་བ་བཟང་པོ་ཐེག་མཆོག་ཟབ་མོའི་སྣོད་དུ་གྱུར་པ་ཤིན་ཏུ་དཀོན་པའི་དབང་ལས་སོ། །དེ་བས་ན་འོ་སྐོལ་མི་འཇེད་ཀྱི་ཞིང་དང་དེ་ལས་ཁྱད་པར་འཛམ་གླིང་འདི་ཁོ་ན་གསང་སྔགས་ཀྱི་ཆོས་འབྱུང་བའི་སྐལ་བ་ཅན་འདིར་སྐྱེས་པ་དང་། འདས་མ་འོངས་ཀྱི་སངས་རྒྱས་རྣམ་འཕྲུལ་རྒྱ་མཚོ་རྒྱུད་མར་བྱོན་པ་རྣམས་ཀྱིས་མ་གསུངས་མ་གྲགས་པའི་ཟབ་མོ་རྡོ་རྗེ་ཐེག་པའི་ཡང་བཅུད་བཅོམ་ལྡན་འདས་ཤཀྱཱའི་དབང་པོ་ཁོ་ནའི་བསྟན་པ་འདི་ལ་བྱུང་ཞིང་རང་ཅག་གིས་སྤྱོད་དུ་ཡོད་པ་འདི་ནི་དབུལ་པོས་ཡིད་བཞིན་གྱི་ནོར་བུ་བརྙེད་པ་ཡིས་ཀྱང་འགྲན་དུ་ག་ལ་བཟོད་ཅིང་དཔེ་དང་རྒྱུའི་ཆར་ཡང་མི་ཕོད་ལ། འདི་ལྟ་བུ་དང་མཇལ་བའི་སྐལ་


TR006_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དང་བསོད་ནམས་ཡོད་བཞིན་དུ་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས་ལ་བརྩོན་ཞིང་འབད་པར་མི་བྱེད་ན་ནི། རྒྱ་མཚོའི་ཚོང་པ་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་པར་ལོག་པ་ལས་ཆེས་ཆེར་བླུན་པར་འགྱུར་བས་ན། ད་ལྟ་ཕུན་ཚོགས་སྣོད་བཅུད་འཛོམ་དུས་གཞི་དད་པ་བརྟན་པོའི་རྨང་བཏིང་། གྲོགས་བརྩོན་འགྲུས་དྲག་པོས་རྒྱུད་བསྐུལ། རྐྱེན་བླ་མ་མཚན་ལྡན་གྱིས་སྣ་དྲངས། ལམ་ཉམ་ལེན་ཟབ་མོའི་གཞུང་ཚུགས། ཐབས་སྨིན་གྲོལ་གནད་ཀྱི་ཁ་བསྒྱུར། རྒྱུད་དམ་ཚིག་གཙང་མས་མཚམས་སྦྱར་ཏེ། འཁོར་བ་དང་གཏན་དགྱེས་ཀྱི་འདུན་མ་ཞིག་ད་རེས་སྒྲུབ་དགོས་པ་ལགས། དེ་ལྟ་བུ་སྒྲུབ་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་བཀའ་རྒྱ་ཆེ། ལུང་གྲངས་མང་། མན་ངག་གཏིང་མཐའ་མེད་པ་གཅིག་མཆིས་མོད་ཀྱང་མདོར་བསྡུ་ན། རྒྱུའི་ཐེག་པ་ལས་སྡེ་སྣོད་གསུམ་དང་འབྲས་བུའི་ཐེག་པ་ལ་རྒྱུད་སྡེ་བཞིའམ་དྲུག་གི་རིམ་པར་འདུས་


TR006_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། དེ་ཐམས་ཅད་ཀྱི་སྙིང་པོ་ནི་སྐྱེད་རྫོགས་སྒྲུབ་པ་བཀའ་བརྒྱད་ལ་མ་འདུས་པ་ནི་གང་ཡང་མ་མཆིས་པ་དང་། དེ་རྣམས་ཀྱི་དོན་ཇི་ལྟར་འདུས་ཞེ་ན། ཆོས་འདི་ལྟ་བུས་གང་ཟག་གི་ངར་འཛིན་གྱི་རྟོག་པ་འདུལ་བས་ན་འདུལ་བ་ཡང་ཡིན་ལ། གདམས་པའི་ཟབ་གནད་མདོར་བསྡུས་པས་ན་མདོ་སྡེ་དང་། བདེན་གཉིས་དབྱེར་མེད་རང་བྱུང་ཡེ་ཤེས་མངོན་དུ་བྱེད་པས་ན་མངོན་པ་སྟེ་རྒྱུའི་ཐེག་པ་སྡེ་སྣོད་གསུམ་པོ་འདིར་དོན་གྱིས་ཚང་བ་དང་། འབྲས་བུའི་ཐེག་པའི་རྒྱུད་སྡེ་བཞི་ཡང་ཚང་སྟེ། འཁོར་འདས་སྐུ་གསུམ་གྱི་རོལ་པར་འཆར་བར་བྱེད་པས་བྱ་བ་རིགས་གསུམ་གྱི་རྒྱུད་དང་། བདེན་གཉིས་སྐྱེད་རྫོགས་ཀྱི་ལམ་དུ་འཁྱེར་བས་སྤྱོད་རྒྱུད་གཉིས་ལྡན་དང་། གསལ་སྟོང་ཟུང་འཇུག་ཏུ་སྦྱོར་བས་ཡོ་ག་རྣལ་འབྱོར་གྱི་རྒྱུད་དང་། ཆོས་ཉིད་ཇི་བཞིན་པའི་དོན་ལ་བདེ་བླག་ཏུ་སྦྱོར་བས་རྣལ་འབྱོར་བླ་མེད་ཀྱི་


TR006_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་མཆོག་རབ་ཀྱང་ཡིན་ནོ། །རྒྱུད་ལུང་མན་ངག་གསུམ་གྱི་དོན་ཡང་འདིར་འདུ་སྟེ། སྦྱང་གཞི་གཙོ་བོར་སྟོན་པའི་སྐོར་ནི་རྒྱུད་མ་ཧཱ་ཡོ་ག །སྦྱང་ཐབས་གཙོ་ཆེར་སྟོན་པ་རྣམས་ནི་ལུང་ཨ་ནུ་ཡོ་ག །སྦྱོང་བྱེད་གཙོ་བོར་སྟོན་པའི་སྐོར་ནི་མན་ངག་ཨ་ཏི་ཡོ་ག་སྟེ། དེ་ཐམས་ཅད་ཀྱི་དགོངས་པའི་གནད་དོན་མ་ལུས་འདིར་འདུས་ཤིང་ཚང་བ་ཡིན་པས་ན་གཞན་ལས་ཁྱད་དུ་འཕགས་པ་ལགས།། ༈ །།དེ་ལྟ་བུ་གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་འདི་ཉིད་བྱུང་ཚུལ་ལོ་རྒྱུས་ཀྱི་དབང་དུ་བགྱི་ན། བརྒྱུད་པའི་བབས་ཚུལ་ལྔའི་སྒོ་ནས་སྟོན་ཏེ། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་བརྡ་ཡི་རྒྱུད་པ། མཁའ་འགྲོ་གཏད་བརྒྱའི་བརྒྱུད། གང་ཟག་སྙན་ཁུང་གི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་རྒྱུད་པ་དང་ལྔ་ལས། དང་པོ་རྒྱལ་བ་དགོངས་བརྒྱུད་ནི། འཁོར་འདས་གང་དུ་ཡང་མ་གྲུབ་པའི་


TR006_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་རོལ་ནས་རང་བྱུང་གདོད་མའི་མགོན་པོ་ཡེ་ཐོག་དང་པོའི་སངས་རྒྱས་འཁོར་འདས་ཀུན་གྱི་བྱེད་པོའམ་འབྱུང་གནས་སུ་གྱུར་པ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི་སྤྲུལ་གཞིའམ་ཁྱབ་བདག་དམ་པ་དཔལ་ཀུན་ཏུ་བཟང་པོ་དེ་ཉིད་ཆོས་ཀྱི་དབྱིངས་མཁའ་ཀློང་རྣམ་པར་དག་པའི་ཕོ་བྲང་ཆེན་པོ་ཁ་དོག་དབྱིབས་ཀྱི་དངོས་པོ་ལས་འདས་པ་རང་སྣང་རྣམ་པར་དག་པའི་གཞལ་ཡས་སུ་དུས་བཞི་འཕོ་འགྱུར་མེད་པར་བཞུགས་པའི་ངང་ནས། གདུལ་བྱ་དང་འདུལ་བྱེད་ཐ་དད་དུ་འཛིན་པའི་རྟོག་པ་མི་མངའ་ཡང་། ཡེ་ཤེས་རང་བྱུང་གི་ཐུགས་རྗེ་དང་འགྲོ་བའི་སྨོན་ལམ་མོས་པ་རྒྱ་མཚོ་གཞི་མཐུན་པའི་རྟེན་འབྲེལ་ལས་གདུལ་བྱའི་ཆགས་སྡང་གི་བློ་རྟོག་གཞོམ་ཕྱིར་གཟུགས་སྐུ་ཞི་ཁྲོ་གཉིས་ཀྱི་སྒྱུ་འཕྲུལ་ཡེ་ཤེས་ཀྱི་སྐུའི་དཀྱིལ་འཁོར་མངོན་པར་སྣང་བ་ནི། ཞི་ཚུལ་གྱིས་འདུལ་བ་ལ་རིགས་ལྔའི་སངས་རྒྱས་ཡབ་ཡུམ་དང་དྲུག་


TR006_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་དང་། ཁྲོ་བོའི་རྣམ་འགྱུར་གྱིས་འདུལ་བ་ལ་དཔལ་ཆེན་པོ་ཧེ་རུ་ཀ་འཁོར་ལོ་བདེ་བའི་མཆོག་གི་དྲ་བ་སྡོམ་པ་ཅེས་ཀྱང་བྱ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགྱེས་མཛད་རྡོ་རྗེ་ཞེས་ཀྱང་བྱ། གསང་བའི་བདག་ཉིད་ཐམས་ཅད་འདུས་པའི་ཧེ་རུ་ཀ་ཅེས་ཀྱང་བྱ། བླ་མེད་གསང་བ་མཆོག་གི་རྡོ་རྗེ་ཆེ་མཆོག་དབང་གི་རྒྱལ་པོ་ཀུན་བཟང་ཧེ་རུ་ཀ་ཅེས་ཀྱང་བྱ་བ་སྟེ། དབུ་དང་ཕྱག་ཞབས་མཐའ་ཡས་ཤིང་སྤྲུལ་པའི་རོལ་གར་བསམ་མི་ཁྱབ་པའི་རྫུ་འཕྲུལ་ལས་ཉིད་ལས་མི་གཞན་པའི་འཁོར་གྱི་དཀྱིལ་འཁོར་ཏིལ་གྱི་གང་བུ་ཁ་ཕྱེ་བ་བཞིན་སྤྲུལ་པ་དག་ལ། ཆོས་ཐམས་ཅད་ཀྱི་སྙིང་པོ་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལུང་མན་ངག་རྣམས། བརྗོད་པ་སྒྲ་ཚིག་ངག་གི་བྱ་རྩོལ་མ་མིན་པར་རང་བྱུང་རང་གསལ་རང་གྲོལ་གྱི་དགོངས་པ་གཙོ་འཁོར་མཉམ་པ་ཉིད་ཀྱི་ངང་ནས་ཟབ་


TR006_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་དུས་གསུམ་དུས་མེད་དུ་བཞུགས་པས་ན་རྒྱལ་བ་དགོངས་པའི་རྒྱུད་པ་ཅེས་བྱ་སྟེ་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་གྱི་མཚན་ཉིད་ཡིན་ནོ།། ༈ །།གཉིས་པ་རིག་འཛིན་བརྡའི་རྒྱུད་པ་ནི། སྟོན་པའི་སྟོན་པ་ཆོས་ཀྱི་སྐུ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཉིད་ཀྱི་ཐུགས་རྗེའི་རང་རྩལ་ལས་བཀའི་སྡུད་པོ་བྱང་སེམས་རིག་འཛིན་གྱི་ཚོགས་མངོན་པར་སྤྲུལ་ཏེ། །དེ་ཡང་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ས་ལ་གནས་པའི་རིག་འཛིན་ལ་སོགས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་འཛིན་དཔག་ཏུ་མེད་པ་རྣམས་ཀྱིས་སྟོན་པའི་ཐུགས་རང་བྱུང་གི་ཡེ་ཤེས་ཀྱི་ཀློང་ནས་ཏིང་ངེ་འཛིན་གྱི་གཟིགས་སྟངས་དང་འོད་ཟེར་དང་ཕྱག་རྒྱ་སོགས་བརྡ་ཙམ་བསྟན་མ་


TR006_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་དོན་གྱི་དགོངས་གསང་མ་ལུས་པ་ཇི་ལྟ་བ་རྟོགས་ཤིང་མངོན་དུ་མཛད་པ་ལས་སྒྲ་ཚིག་མཚན་མའི་སྤྲོས་པ་ལ་ལྟོས་མི་དགོས་པ་ནི་སྟོན་འཁོར་ངོ་བོ་གཅིག་པའི་དོན་གྱི་ན་དགོངས་པ་ལ་ཁྱད་པར་མེད་ཅིང་། བཀའི་བསྡུ་བ་མཛད་པ་རྣམས་ལ་མ་གཏོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་སྐྱོན་གྱི་དྲི་མ་རྡུལ་ཆ་ཕྲ་མོ་ཙམ་གྱིས་ཀྱང་དགོས་པ་མེད་པ་ཡིན་ལ། དེ་ལྟ་བུ་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱི་ནང་ནས་ཀྱང་གཙོ་བོ་ལྟ་བུར་གྱུར་པ་མཚན་གྱི་རྣམ་གྲངས་སུ་རྡོ་རྗེ་ཆོས་དང་། རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་ཐོད་པ་རྩལ་དང་། ལག་ན་རྡོ་རྗེ་འཆང་བ་དང་། རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ཞེས་ཀྱང་བྱ་བ་ཞིག་སྟོན་པ་ཉིད་ཀྱི་ཐུགས་ལས་སྤྲུལ་ཏེ་གསང་སྔགས་རྒྱུད་སྡེ་རབ་འབྱམས་ཀུན་གྱི་བདག་པོར་དབང་བསྐུར་བར་མཛད་པ་འདི་ནི་ཡོངས་གྲགས་ཀྱི་མཚན་དོན་དུ་དཔལ་གསང་བའི་བདག་པོ་ཕྱག་ན་


TR006_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཉིད་ཡིན་ཏེ། དེས་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་ཆོས་བཀའ་རྩ་བ་དང་ཡན་ལག་གི་རྒྱུད་སྡེ་ཟབ་ཅིང་རྒྱ་ཆེ་བ་བཅུད་ཀྱི་སྙིང་པོའི་ཡང་ཞུན་དུ་གྱུར་པ་རྣམས་གསེར་གྱི་གླེགས་བུ་ལ་བཻ་ཌཱུརྱ་ཞུན་མས་ཡི་གེར་བཏབ་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་བུར་བཅུག་ནས་རྒྱས་བཏབ་ཏེ་གསང་བའི་མཛོད་འཛིན་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་གཏེར་དུ་གདམས་པར་མཛད་པ་ནི་རིག་འཛིན་བརྡའི་བརྒྱུད་པ་ཅེས་བྱའོ། །གསུམ་པ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ནི། དེ་ལྟར་རིག་འཛིན་གྱི་གཙོ་མཆོག་རྡོ་རྗེ་ཆོས་ཀྱིས་གསང་བ་ཟབ་མོའི་རྒྱུད་སྡེ་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྤྱི་དང་ཁྱད་པར་མཁའ་འགྲོ་ཀུན་གྱི་གཙོ་མོ་རྡོ་རྗེ་ཕག་མོའམ་བདག་མེད་ལྷ་མོའམ་ཉི་ཟླ་ཐོད་ཕྲེང་མའམ་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ཞེས་མཚན་གྱི་རྣམ་གྲངས་དུ་མར་གྲགས་པ་ལ་ཆེད་དུ་གདམས་སྟེ། ཀྱེ། མཁའ་འགྲོ་མ་གསང་


TR006_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཛོད་འཆང་བ་ཁྱོད་རྣམས་ཀྱི་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལས་ལྷག་པའི་རྒྱུད་སྡེ་རིན་པོ་ཆེ་འདི་དག་ད་ལྟ་སྤེལ་བའི་སྣོད་དང་ཡུལ་དུ་གྱུར་པ་མ་མཆིས་པས་ཟབ་མོའི་གཏེར་དུ་སྡོམས་ལ། མ་འོངས་བསྐལ་པ་རྩོད་ལྡན་གྱི་དུས་སུ་འདི་དག་འཛམ་གླིང་མི་ཡུལ་དུ་སྣང་བར་བྱེད་པའི་རིག་པ་འཛིན་པ་འགའ་ཞིག་བདག་གི་ཐུགས་རྗེའི་འོད་ཟེར་ལས་སྤྲུལ་ནས་ཡུལ་གྲུ་ཐ་དད་པའི་འགྲོ་བའི་འདྲེན་པར་འབྱུང་བ་རྣམས་ལ་རང་རང་གི་རིག་དང་མཐུན་པའི་ཆོས་བཀའ་རྣམས་སོ་སོར་གཏོད་ཅིག །ཅེས་བཀའ་སྩལ་བ་བཞིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལུས་ཀྱི་དབང་ཆེན་ལ་སོགས་པས་རྒྱུད་སྡེ་རྣམས་སྡེ་ཚན་སོ་སོར་ཕྱེས་ཏེ་རིན་པོ་ཆེའི་ཁ་དོག་རིག་དང་མཐུན་པའི་སྒྲོམ་བུར་སྩལ་བ་ལ་རྒྱ་རིམ་པ་དགུ་ཡིས་བཏབ་ནས། འཛམ་གླིང་གི་ལྟེ་བ་རྡོ་རྗེ་གདན་དང་ཉེ་བ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་


TR006_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་གནས་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ལམ་རོ་མྱག་འདམ་བུའི་ཚལ་ཞེས་བྱ་བ་དེའི་དབུས་སུ་རང་བྱུང་གི་མཆོད་རྟེན་བདེ་བྱེད་རྩེགས་པའི་ནང་དུ་གཏེར་དུ་བཞུགས་སུ་གསོལ་ཏེ། དེ་ཡང་། མཆོད་རྟེན་གྱི་རྨང་ལ་ཟུག་པ་རྩ་བའི་ཚུལ་དུ་སྒྱུ་འཕྲུལ་ཞི་ཁྲོའི་རྩ་བ་དང་ཡན་ལག་གི་རྒྱུད་སྡེ་རྣམས་དང་། བང་རིམ་ལ་གྱེས་བ་མལ་གའི་ཚུལ་དུ་སྒྲུབ་པ་བཀའ་བརྒྱད་བྱེ་བྲག་པའི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པའི་བཞུགས་པའི་སྒྲོམ་བུ་བརྒྱད་པོ་ཕྱོགས་མཚམས་བརྒྱད་དུ་སྦས། བུམ་པར་བརྒྱད་པ་ལོ་འདབ་ཀྱི་ཚུལ་དུ་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་སྤྱི་རྒྱུད་ཚང་བར་རིན་ཆེན་སྣ་ལྔའི་སྦྲོམ་བུར་སྦས། བྲེ་ལ་གསལ་བ་མེ་ཏོག་གི་ཚུལ་དུ་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ཆེན་ནི་རིན་ཆེན་ཤེལ་གྱི་བུམ་པར་སྦས། འཁོར་ལོ་ལ་སྨིན་པ་འབྲས་བུའི་ཚུལ་དུ་རང་བྱུང་རང་ཤར་རྩ་


TR006_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡན་ལག་གི་རྒྱུད་རྣམས་བཻ་ཌཱིརྱའི་བུམ་པར་སྦས། ཏོག་ལ་བཅུད་ཀྱི་སྙིང་པོའི་ཚུལ་དུ་ཨ་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་དང་། ཀུན་ཏུ་བཟང་པོའི་དགོངས་པ་ཟངས་ཐལ་དུ་སྟོན་པ་ལ་སོགས་ཟབ་དོན་སྙིང་པོའི་སྐོར་རྣམས་ནོར་བུ་རིན་པོ་ཆེ་འོད་ཀྱི་སྙིང་པོའི་གའུར་སྦས་ཤིང་། དེ་ལྟ་བུའི་མཆོད་རྟེན་ཆེན་པོ་དེ་ལ་ཡེ་ཤེས་དང་ལས་ལ་གྲུབ་པའི་དཔའ་བོ་མཁའ་འགྲོའི་ཚོགས་དང་འཇིག་རྟེན་ཁམས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཀུན་གྱི་ཉིན་མཚན་དུ་ཕྱག་སྐོར་མཆོད་པ་བཀུར་སྟི་བྱེད་པས་དུས་འདའ་བར་འགྱུར་ཏོ། །དེ་ནས་ཐུབ་པ་ཆེན་པོ་མྱ་ངན་ལས་འདས་ནས་མི་ལོ་ལྔ་བརྒྱར་ཉེ་བ་ན། གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས་ཀྱི་སྤྲུལ་པ་བཀྱེ་བའི་དུས་ལ་བབས་པར་གཟིགས་ནས། ཐུགས་ཆོས་དབྱིངས་རྣམ་པར་དག་པའི་རོལ་རྩལ་ཡེ་ཤེས་དགུ་ལས་རིག་འཛིན་རྣམ་པ་དགུར་སྤྲུལ་པར་མཛད་དེ། ཡེ་ཤེས་དགུ་གང་ཞེ་ན། ཆོས་


TR006_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོགས། བྱ་གྲུབ་ཏེ་ཡེ་ཤེས་ལྔ་དང་། སྟོང་ཉིད་ཡེ་ཤེས། འདའ་བཀའ་ཡེ་ཤེས། དབྱིངས་སྒྲོལ་ཡེ་ཤེས། ཀློང་གྱུར་ཡེ་ཤེས་ཏེ། ཡེ་ཤེས་དགུའི་སྒྱུ་འཕྲུལ་གྱི་སྐུ་རིག་འཛིན་རྣམ་པ་དགུར་བྱོན་ཞིང་། སོ་སོ་ནས་ཐོས་བསམ་སྒོམ་པའི་འབྲས་བུ་མཐར་སོན་ནས་གྲུབ་པ་མཆོག་གི་ས་ལ་བཞུགས་བཞིན་པས་མངོན་པར་མཁྱེན་པའི་གཟིགས་པ་གཅིག་ཏུ་མཐུན་པར་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་དུ་གསང་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་གཏེར་ཇི་ལྟར་བཞུགས་པ་དང་། དེ་དག་མི་ཡུལ་གྱི་གདུལ་བྱ་ལ་སྤེལ་བའི་དུས་ལ་ཉེ་བར་བབས་པ་ཡང་དགོངས་པ་གཅིག་ཏུ་གཞོལ་སྟེ། རིག་འཛིན་ཆེན་པོ་དགུ་རྣམས་དུས་གཅིག་ཏུ་མཆོད་རྟེན་གྱི་དྲུང་དུ་ཞལ་འཛོམ་ཞིང་ཚོགས་འཁོར་རྒྱ་ཆེར་བཤམས་ཏེ་གསོལ་བ་མགྲིན་གཅིག་ཏུ་བཏབ་པས། རྡོ་རྗེ་ཕག་མོ་ལས་ཀྱི་དབང་


TR006_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཆེ་འཁོར་དང་བཅས་པས་ཟབ་མོའི་ཆོས་གཏེར་གྱི་རྒྱ་དཀྲོལ་ནས། རིག་འཛིན་དགུ་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་རྒྱུད་ལུང་མན་ངག་གི་དགོངས་པ་མངོན་དུ་གྱུར་པར་མཛད་པའི་མཐར་སོ་སོའི་རིགས་དང་མཐུན་པའི་སྒྲུབ་པ་བཀའ་བརྒྱད་བྱེ་བྲག་པའི་རྒྱུད་ཀྱི་གཏེར་སྒྲོམ་རྣམས་གཏད་དེ། དེ་ཡང་། འཇམ་དཔལ་སྐུའི་རྒྱུད་ལེའུ་ཁྲི་དྲུག་སྟོང་པ་དང་། ཟླ་གསང་ནག་པོ་ལེའུ་འབུམ་པ་དང་། གཞོན་ནུ་གདོང་དྲུག །མེ་ལྕེ་ཕྲེང་བ། རྡོ་རྗེ་ཐོག་འབེབས། མེ་རླུང་སྐྱིན་ཐང་འཁྲུག་པ་ལ་སོགས་མདོར་ན་འཇམ་དཔལ་ཞི་ཁྲོ་སྤྱི་དང་བྱེ་བྲག་གི་རྒྱུད་སྡེ་རྣམས་བསེ་སྒྲོམ་སྨུག་པོའི་ནང་དུ་བཞུགས་པ་དེ་ཉིད། སྐུའི་རིག་འཛིན་འཇམ་དཔལ་བཤེས་གཉེན་ལ་བཀའ་བབ་པ་ལ་བརྟེན་ནས། རྒྱལ་བའི་དགོངས་དོན་མ་ལུས་འཇམ་དཔལ་གཤིན་རྗེ་འཁོར་ལོ་རྣམ་པ་བཞིར་བསྡུས་ཏེ། གདུལ་བྱ་


TR006_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་བཞིན་དུ། པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་པ། རྔོག་མ་ལེབ་རྒན། དབང་ཆེན་འདུས་པ། སྤུ་གྲི་གསང་བ། དྲེགས་པ་ཚར་གཅོད། ཡང་གསང་ཁྲོས་པ། ནཱ་ག་ཀླུ་འདུས་སོགས་རྟ་མགྲིན་དབང་གི་རྒྱུད་དཔག་ཏུ་མེད་པ་ཟངས་ཀྱི་སྒྲོམ་བུར་བཞུགས་པ་དེ་གསུང་གི་རིག་འཛིན་ཀླུ་སྒྲུབ་སྙིང་པོ་ལ་བཀའ་བབས་པས་གསང་སྔགས་ཀྱི་དགོངས་དོན་ཐམས་ཅད་ཀྱི་དབང་ཆེན་རྟ་སྐད་ཐང་གསུམ་གྱི་དགོངས་པར་བསྡུས་ནས་གདུལ་བྱ་འདུལ་བར་མཛད། ཡང་དག་ཐུགས་ཀྱི་རྒྱུད་ཁྲག་འཐུང་འདུས་པ་ཆེ་ཆུང་། གལ་པོ་ཆེ་ཆུང་། འཇིག་རྟེན་འདས་མདོ། སངས་རྒྱ་མཉམ་སྦྱོར། ཟླ་གསང་ཐིག་ལེ། གསང་བ་འདུས་པ། ཡེ་ཤེས་རྔམས་པ་གློག་གི་འཁོར་ལོ་སོགས་མདོ་བཞི་དོམ་ལྔ་ལ་སོགས་པའི་རྒྱུད་སྡེ་མཐའ་ཡས་པ་རྣམས་དངུལ་གྱི་སྒྲོམ་


TR006_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བཞུགས་པ་ནི་ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར་ལ་བབས་པས། ཆོས་ཐམས་ཅད་རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པར་བསྡུས་ནས་སེམས་ཅན་གྱི་དོན་མཛད། བདུད་རྩི་ཡོན་ཏན་གྱི་བདུད་རྩི་བམ་པོ་བརྒྱད་པ། བདུད་རྩི་འཁོར་ལོ་འབར་བ། བདུད་རྩི་ཕྲེང་བ། བདུད་རྩིའི་བུམ་པ། བདུད་རྩི་རོལ་བ་ཆེ་ཆུང་། རྣམ་དག་དྲི་མེད། དངོས་གྲུབ་གཏེར་མཛོད། བདུད་རྩི་ཐིག་པ། དངོས་གྲུབ་ཉེ་བའི་སྙིང་པོ། བདུད་རྩི་ལས་རྒྱ་མཚོ་ལ་སོགས་བདུད་རྩི་སྨན་གྱི་རྒྱུད་སྡེ་གྲངས་མེད་པ་རིན་ཆེན་གསེར་གྱི་སྒྲོམ་བུར་བཞུགས་པ་ནི་ཆེ་མཆོག་ཡོན་ཏན་གྱི་རིག་འཛིན་བི་མ་མི་དྲའི་ཕྱག་ཏུ་བབས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་བདུད་རྩི་རྣམ་དག་གི་དགོངས་པར་གཏན་ལ་ཕེབས་ནས་སྐལ་ལྡན་སྨིན་གྲོལ་དུ་མཛད། ཕུར་པ་ཕྲིན་ལས་ཀྱི་རྒྱུད་བི་ཏོ་ཏ་མཱ་ལ་འབུམ་སྡེ་ལས། རྡོ་རྗེ་རྩེ་མོ། ཡེ་ཤེས་རྩེ་མོ། སངས་རྒྱས་རྩེ་མོ། མྱང་འདས་ཆེ་ཆུང་། གསང་བའི་


TR006_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་རྒྱུད། དམ་པ་གསང་ཆེན། ཀཱི་ལ་ཡ་བཅུ་གཉིས་འབྱུང་བ་ལ་སོགས་ཕུར་པ་རྩ་བའི་རྒྱུད་དྲུག །ཡན་ལག་གི་རྒྱུད་ཉེར་བདུན། གཙོ་བོ་ལྷ་བུའི་རྒྱུད་ལྔ། ཡལ་གའི་རྒྱུད་བཅུ། ལོ་མའི་རྒྱུད་བཞི། མེ་ཏོག་གི་རྒྱུད་བཅུ། འབྲས་བུའི་རྒྱུད་བཞི། སྙིང་པོའི་རྒྱུད་གསུམ། ཁ་སྐོང་གི་རྒྱུད་བདུན་དང་། ཕྲ་མོའི་རྒྱུད་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ལྕགས་ཀྱི་སྒྲོམ་བུར་བཞུགས་པ་ནི་ཕྲིན་ལས་ཀྱི་རིག་འཛིན་པྲ་བྷ་ཧསྟི་ལ་བཀའ་བབས་པས། ཆོས་ཐམས་ཅད་དུག་གསུམ་སྐུ་གསུམ་དུ་སྒྲོལ་བར་བྱེད་པ་ཕུར་བུ་ཐལ་འབྱིན་གྱི་དགོངས་པས་འགྲོ་བ་འདུལ་བར་མཛད། སྲིད་པ་མ་མོའི་རྒྱུད་ལ། མ་མོ་འབུམ་ཏིག་རྩ་བའི་རྒྱུད་ལ་ལེའུ་བརྒྱ་རྩ་བརྒྱད་དང་། དེའི་རྒྱུད་ཕྱི་མ་དང་བཅས་པའི་མ་མོ་སྲིད་པའི་བེམས་ཆེན་དང་གསང་བ་གཏན་ཚིག་ལེའུ་འབུམ་པ་སོགས་


TR006_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་རྒྱུད་དང་། བྱེ་བྲག་ཏུ། སྐུ་རྒྱུད་འབུམ་ཏིག་ཡང་སྙིང་། གསུང་རྒྱུད་ལམ་རྒྱུད་དང་ལས་རྒྱུད། ཐུགས་རྒྱུད་མ་མོ་གསང་མཛོད་དང་། སྒོ་རྒྱུད་ལ་དཀར་མོ་སྐུའི་རྒྱུད་དགུ། སྨུག་པོ་གསུང་གི་རྒྱུད་ལྔ། ནག་མོ་ཐུགས་ཀྱི་རྒྱུད་བདུན་དང་། སེར་མོ་ཡོན་ཏན་དང་ལྗང་མོ་ཕྲིན་ལས་ཀྱི་རྒྱུད་སོགས་དཔག་ཏུ་མེད་པ་རྣམས་མུ་མེན་གྱི་སྒྲོམ་བུར་བཞུགས་པ་ནི། དབྱིངས་ཀྱི་རིག་འཛིན་དྷ་ན་སཾ་སྐྲྀ་ལ་བཀའ་བབས་པ། གསང་སྔགས་ཀྱི་ལམ་མཐའ་དག་རྩ་རླུང་རྣམ་དག་གི་དགོངས་པར་བསྡུས་ནས་སྐལ་ལྡན་བྱང་གྲོལ་ལ་འགོད་པར་མཛད།། ༈ །།འཇིག་རྟེན་དྲེགས་བྱེད་འདུལ་བའི་རྒྱུད་ཀྱི་སྐོར་ལ། དྲེགས་པ་འདུས་པ་སྐུའི་རྒྱུད། ངན་སྔགས་ནག་པོ་གསུང་གི་རྒྱུད། སྲོག་ཏིག་ནག་པོ་ཐུགས་ཀྱི་རྒྱུད། ཡོན་ཏན་དྲེགས་པའི་གཏེར་རྒྱུད། ཕྲིན་ལས་དྲེགས་པའི་ལས་རྒྱུད་སོགས་སྤྱིའི་


TR006_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང་། བྱེ་བྲག་ཏུ་དྲེགས་བྱེད་སྡེ་དཔོན་སུམ་ཅུ་སོ་སོའི་སྒོས་རྒྱུད་གྲངས་མེད་པ་དང་བཅས་པ་རྣམས་རིན་ཆེན་མཆོག་གི་སྒྲོམ་བུར་བཞུགས་པ་ནི། དྲེགས་པ་ཀུན་འདུལ་གྱི་སློབ་དཔོན་དེ་ཝ་ཙནྡྲའི་ཕྱག་ཏུ་བབས་པས། འཁོར་འདས་ཐམས་ཅད་ལྟ་བའི་རྫོང་དང་སྒོམ་པའི་འཕྲང་གཉིས་ལ་བསྡུས་ཏེ་གཏན་ལ་ཕབ་པར་མཛད་དོ།། ༈ །།མོད་པ་དྲག་སྔགས་ཀྱི་སྐོར་ལ་ཤེལ་འཕྲེང་དཀར་པོ་སྐུའི་རྒྱུད། དྲག་སྔགས་འདུས་པ་གསུང་གི་རྒྱུད། །ཙིཏྟ་དམར་འབྱིན་ཐུགས་ཀྱི་རྒྱུད། གཏེར་མཛོད་ཆེན་པོ་ཡོན་གྱི་རྒྱུད། ལས་མཐའ་སྣ་ཚོགས་སྟོན་པ་ཕྲིན་ལས་ཀྱི་རྒྱུད་སོགས་དྲག་སྔགས་སྤྱིའི་རྒྱུད། །སྔགས་བདག་དྲེགས་པ་བཅོ་བརྒྱད་སོ་སོའི་སྒོས་རྒྱུད་མཐའ་ཡས་པ་དང་བཅས་པ་རྣམས་ཕྲ་མེན་གཟིའི་སྒྲོམ་བུར་བཞུགས་པ་ནི་དྲག་སྔགས་ཀྱི་རིག་འཛིན་ཤིནྟཾ་གརྦྷ་ལ་བཀའ་


TR006_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པས། བསྟན་སྲུང་གི་དྲག་ལས་ཐམས་ཅད་ཀྱི་སྙིང་པོའི་གནད་ནི་དྲེགས་པའི་སྲོག་སྙིང་དང་ཕྲ་དོག་ཐབས་གནད་ཀྱི་མན་ངག་གཉིས་ལ་བསྡུས་ནས་འགལ་བྱེད་ཆམ་ལ་དབབ་པའི་ཕྲིན་ལས་ལ་མངའ་བརྙེས། དེ་ལྟ་བུ་སྒྲུབ་པ་བཀའ་བརྒྱད་པོ་ཐམས་ཅད་ཀྱི་སྤྱི་རྒྱུད་སྡེ་ལྔ་ཁ་སྐོང་གི་ལུང་ཆེན་ལྔ། བྱེ་བྲག་གིས་སྒོས་རྒྱུད་བཅུ་ལ་སོགས་པ་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་སྡེ་རྣམས་དང་། གཞན་ལས། ཞི་ཁྲོ་སྒྱུ་འཕྲུལ་གྱི་སྐོར་དང་། ཡོངས་རྫོགས་གསང་འདུས། རང་བྱུང་རང་ཤར། མཉམ་སྦྱོར་མ་བུ། དགོངས་པ་ཟངས་ཐལ་སོགས་ཚེས་གཅིག་སངས་རྒྱས་ཀྱི་ཟབ་དོན་མཐར་ཐུག་པའི་རྒྱུད་སྡེའི་སྙིང་པོ་ཐམས་ཅད་ནི་ཀུན་འདུས་ཀྱི་རིག་འཛིན་པདྨ་སམྦྷ་ཝ་ཉིད་ལ་བཀའ་བབས་ཤིང་། ཆོས་ཐམས་ཅད་དགོངས་པའི་ཀློང་ནས་རང་ཤར་ཡང་གདུལ་བྱའི་སྣང་ངོར་སྒྲུབ་པ་སྡེ་བརྒྱད་ཀྱི་རིག་འཛིན་


TR006_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་དང་ཡང་གདམས་པ་གསན་རེས་དང་མན་ངག་གི་དགོངས་ཉམས་བདུར་བའི་ཚུལ་གྱི་སྒྲོ་འདོགས་གཏིང་ཆོད་དུ་མཛད། སློབ་དཔོན་བརྒྱད་པོ་དེ་དག་སོ་སོས་ཀྱང་རང་རང་ལ་ཇི་ལྟར་བཀའ་བབས་པའི་རྒྱུད་སྡེ་རྣམས་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་ཡོངས་སུ་བརྙེས་ཤིང་རྒྱུད་རྣམས་ཀྱི་དགོངས་པ་འགྲོལ་བའི་བསྟན་བཅོས་འགྲེལ་ཊིཀ་སྒྲུབ་ཐབས་ལག་ལེན་མན་ངག་ལས་ཚོགས་སོགས་རྒྱ་ཆེར་མཛད་ནས་གདུལ་བྱའི་སྐལ་བ་དང་མཚམས་པའི་ཆོས་ཀྱི་ཕྲིན་ལས་མཐའ་ཡས་པ་ཇི་ལྟར་སྤེལ་བའི་ལོ་རྒྱུས་ནི་བརྗོད་ཀྱི་མི་ལང་མོད་ནའང་འདི་སྐབས་ཀྱི་བརྗོད་བྱའི་སྙིང་པོ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་བོད་ཡུལ་མཐའ་ཁོབ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་སྦར་བར་མཛད་པའི་སླད་དུ་བྱོན་པ་ཡན་ཆད་


TR006_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐོར་གོང་དུ་སྨོས་པ་འདི་དག་ནི་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཅེས་བྱ་བ་ཡིན་ནོ།། ༈ །།བཞི་པ་གང་ཟག་སྙན་ཁུང་གི་རྒྱུད་ཚུལ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་རིག་འཛིན་གྲུབ་ཐོབ་མ་ལུས་པའི་གཙོ་བོར་གྱུར་པའི་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་དེ་ཉིད་ཀྱིས། བསམ་ཡས་མཆིམས་ཕུ་བྲག་དམར་སྐེ་ཚང་གི་སྒྲུབ་གནས་སུ་བདེ་བར་གཤེགས་པ་ཐམས་ཅད་སྒྲུབ་པ་སྡེ་དགུ་ལ་ཡོངས་སུ་འདུས་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས། སྐལ་ལྡན་རྗེ་འབངས་སྙིང་གི་བུ་དགུ་ལ་དབང་བསྐུར་བའི་དུས་སུ། རང་རང་གི་ཚེ་རབས་ཀྱི་ལྷ་སྐལ་ལ་མེ་ཏོག་ཅོད་པཎ་ཇི་ལྟར་བབས་པ་དང་མཐུན་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཞལ་མཐོང་ཞིང་དངོས་གྲུབ་ཀྱི་མཚན་མ་གང་ལྟར་བརྙེས་པ་ནི། རྗེ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་མེ་ཏོག་དབུས་ཀྱི་གཙོ་བོ་ལ་བབས་པས། དཀྱིལ་འཁོར་ཆེན་པོ་གཅིག་གི་སྟེང་དུ་སྒྲུབ་པ་


TR006_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཚང་ལ་མ་འདྲེས་ཡོངས་སུ་རྫོགས་པ་དང་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བཀྲ་ལམ་མེར་མཐོང་ཞིང་། དེ་ཐམས་ཅད་རང་སེམས་ཐིག་ལེ་ཉག་གཅིག་གི་ངང་དུ་དབྱེར་མེད་པར་རྟོགས་པར་བྱུང་ལ། འོན་ཀྱང་རྒྱལ་པོ་འཇིག་རྟེན་གྱི་གཡེང་བ་ཆེ་བས་ཚེ་དེར་མཆོག་གི་གྲུབ་པ་མ་ཐོབ་ཀྱང་སྐྱེ་བའི་རིམ་པ་བཅུ་གསུམ་པར་སྒྲུབ་པ་བཀའ་བརྒྱད་ཀྱི་གཏེར་གྱི་བདག་པོར་གྱུར་ནས་རང་གཞན་དོན་གཉིས་འགྲུབ་པར་ལུང་བསྟན་ཞིང་བྱིན་གྱིས་བརླབས། སློབ་མ་གཞན་བདུན་གྱིས་ནི་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མཐའ་དག་རང་རང་གི་མེ་ཏོག་ཕོག་པའི་དཀྱིལ་འཁོར་ལྷ་ཚོགས་དེའི་རང་བཞིན་དུ་རྫོགས་པའི་ཞལ་མཐོང་ཞིང་ངེས་ཤེས་ཐོབ་ལ། ཇོ་མོ་མཚོ་རྒྱལ་གྱིས་ནི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་བླ་མ་རྡོ་རྗེ་སློབ་དཔོན་ཉིད་ལ་དབྱེར་མེད་དུ་རྫོགས་


TR006_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཐོང་བས་བྱིན་རླབས་ཞུགས་ཚུལ་ནན་ཏར་བཟང་བར་བྱུང་ཞིང་། ནམ་མཁའི་སྙིང་པོའི་མེ་ཏོག་ཤར་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ལ་བབས་པས་གྲུབ་རྟགས་ནམ་མཁའ་ལ་འཕུར་ཞིང་ཉི་ཟེར་རྟ་རུ་གཞོན་ནུས་པ་དང་། གནུབས་བན་སངས་རྒྱས་ཡེ་ཤེས་ནི་ལྷོ་འཇམ་དཔལ་སྐུའི་དཀྱིལ་འཁོར་ལ་བབས་པས། བྲག་ལ་ཕུར་པ་བཏབ་པ་དང་ཉི་ཟླའི་སྟེང་དུ་གཤེགས་བཞུད་མཛད། རྒྱལ་བ་མཆོག་དབྱངས་ཀྱི་པདྨ་གསུང་གི་དཀྱིལ་འཁོར་འགྲུབ་པས་རྟ་མགྲིན་གྱི་སྐུར་དངོས་སུ་སྟོན་ཞིང་རྟ་སྐད་ཀྱི་འཛམ་གླིང་ཁྱབ་པར་བསྒྲགས། མཚོ་རྒྱལ་གྱི་མེ་ཏོག་བྱང་གི་ཕུར་པ་ཕྲིན་ལས་ལ་བབས་པ་དེ་སླར་ཡར་ནས་ལྷོ་ནུབ་རིག་འཛིན་གྱི་དཀྱིལ་འཁོར་ལ་བབས་པའི་རྟེན་འབྲེལ་གྱིས་བསད་གསོའི་སྟ་སྟངས་གྲུབ་ཅིང་ཚེའི་རིག་འཛིན་ཀྱང་ཐོབ། འབྲོག་མི་དཔལ་གྱི་ཡེ་ཤེས་ཤར་ལྷོ་བླ་མེད་ཧེ་རུ་ཀ་ལ་བབས་པས་ཏིང་འཛིན་


TR006_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་ཉིན་ཞག་མང་པོར་འདའ་ཞིང་སྣང་སྲིད་ཀྱི་མ་མོ་ཐམས་ཅད་བྲན་དུ་འཁོལ་ནུས་རླངས་དཔལ་གྱི་སེངེྒས་ནུབ་བྱང་དྲེག་ཀུན་འདུལ་ལ་བབས་པས་འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་ལས་ལ་འགྱེད་པ་དང་ཐུན་མོང་གི་དངོས་གྲུབ་ཅི་འདོད་ཀྱི་བཟའ་བཏུང་དང་རིན་ཆེན་གྱི་ཆར་འབེབ་ནུས་པ་བྱུང་། བཻ་རོ་ཙ་ན་བྱང་ཤར་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་ལ་བབས་པས། མཆོག་གི་དངོས་གྲུབ་ཟག་མེད་འོད་ལུས་འགྲུབ་ཅིང་། ཐུན་མོང་གི་ངག་གི་བདེན་ཚིག་གྲུབ། གཉགས་ཛྙཱ་ན་ཀུ་མཱ་ར་ནི་ཆེ་མཆོག་ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་ལ་བབས་པས་སྐུའི་བཀོད་པ་གཅིག་ལས་མང་པོར་སྤྲུལ་ཞིང་བསྡུ་བ་དང་མི་སྣང་བའི་སྤྲུལ་བསྒྱུར་སོགས་ལ་དབང་ཐོབ་ཅིང་། བྲག་སྐམ་ལ་ཕྱག་མཛུབ་བཙུགས་ནས་བདུད་རྩིའི་ཆུ་དབྱུང་བ་སོགས་འབྱུང་བ་ལྔ་ལ་དབང་བསྒྱུར་བ་སྟེ། དེ་ལྟར་བོད་ཀྱི་བཀའ་


TR006_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བབས་དགུ་ལ་སློབ་དཔོན་རིན་པོ་ཆེས་སྒྲུབ་པ་བཀའ་བརྒྱད་ཟབ་མོའི་དབང་བསྐུར། རྒྱུད་བཤད། མན་ངག་གནང་ནས་རྒྱུད་སྨིན་གྲོལ་དུ་གྱུར་པ་ལ་གང་ཟག་སྙན་ཁུང་གི་རྒྱུད་པ་ཅེས་བྱའོ། །ལྔ་པ་སྨོན་ལམ་དབང་བསྐུར་གཏེར་ཆོས་ཀྱི་རྒྱུད་ཚུལ་ནི། སྙིགས་དུས་འགྲོ་བའི་སྐྱབས་སུ་མཆོག་པདྨ་འབྱུང་གནས་ཀྱི་སྐལ་པ་རྩོད་ལྡན་ཐ་མར་སྐྱེས་པའི་སེམས་ཅན་ལས་ཉོན་རྒྱུ་འབྲས་ལ་སྤྱོད་པ་རྣམས་ལ་ཐུགས་རྗེ་བརྩེ་བས་དགོངས་ཏེ་དེ་ལས་སྐྱོབ་ཕྱིར་བདེ་གཤེགས་ཐམས་ཅད་འདུས་པའི་རྒྱུད་ལུང་རྣམས་ཀྱི་དགོངས་པའི་སྙིང་པོ་སྒྲུབ་ཐབས་མན་ངག་སྐྱེད་རྫོགས་སྨིན་གྲོལ་ལག་ལེན་དུ་གཏན་ལ་ཕབ་པར་མཛད་པའི་བཀའ་བརྒྱད་ཀྱི་ཆོས་སྐོར་ལ། བདེར་གཤེགས་འདུས་པ། གསང་བ་ཡོངས་རྫོགས། རང་བྱུང་རང་ཤར། ཐུགས་ཀྱི་མེ་ལོང་བླ་མེད་ཀུན་འདུས། དགོས་འདོད་ཀུན་འབྱུང་། རྡོ་རྗེ་རྭ་སྦག །དྲེགས་པ་ཡོངས་འདུལ་


TR006_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་འདུས་པ། ཡང་གསང་བླ་མེད། ཁྲོ་མཁར་མ་དང་རྫོང་ཕྲེང་ལ་སོགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་རྒྱས་བསྡུས་མཐའ་ཡས་པ་ཞིག་གཏེར་ཤོག་ལ་བཀོད་ཅིང་བྱིན་རླབས་རབ་གནས་བཀའ་གཏད་སྨོན་ལམ་གྱིས་མཚམས་སྦྱར་ནས་གཏེར་གནས་སོ་སོར་སྦས་པ་རྣམས་བཀའ་བབས་གང་ཡིན་གྱི་གཏེར་སྟོན་སྤྲུལ་སྐུ་རིམ་པར་བྱོན་པ་རྣམས་ཀྱི་གཏེར་ནས་གདན་དྲངས་ཤིང་འགྲོ་བའི་དོན་རྒྱ་ཆེར་མཛད་ཚུལ་མངོན་སུམ་ཚད་མར་གྱུར་པ་འདི་ལགས་མོད་ཀྱི།། ༈ །།ད་ལམ་གྱི་སྐབས་ལ་བབས་པའི་སྒྲུབ་པ་བཀའ་བརྒྱད་ཡང་དྲིལ་དངོས་གྲུབ་སྙིང་པོ་འདི་ཉིད་ནི་གུ་རུ་རིན་པོ་ཆེས་རྫོགས་ཆེན་གྱི་རྣལ་འབྱོར་མྱང་བན་ཏིང་འཛིན་བཟང་པོ་ལ་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ཟབ་ཆོས་གནང་བའི་སྐབས་སུ། དཔེར་ན། འཇིག་རྟེན་ན་ཚོང་


TR006_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནོར་ཆེ་ཡང་ནོར་ལ་དགྲ་སྡང་བས་དགྲ་འཇིགས་སྐྱོབ་པའི་སྐྱེལ་མ་གལ་ཆེ་བའི་དཔེ་ལྟར། ཚེའི་སྒྲུབ་པ་དངོས་གྲུབ་ཆེ་ཡང་བར་ཆད་སེལ་བའི་ཆ་རྐྱེན་ལ་དགོངས་ཏེ་གནང་ནས་ཉང་ལུང་ལྗོན་པའི་གནས་སྒོར་གཏེར་དུ་སྦས་པ་ལས། མྱང་བན་གྱི་སྤྲུལ་པ་གཏེར་སྟོན་ཆེན་པོ་འཇའ་ཚོན་སྙིང་པོས་གདན་དྲངས་པའི་བྱིན་རླབས་ཀྱི་ངད་མ་ཡལ་བ་འདི་ལྟ་བུ་ནི་གཏེར་ཆོས་སྨོན་ལམ་དབང་བསྐུར་གྱི་རྒྱུད་པ་ཅེས་བྱ་སྟེ། གུ་རུ་རིན་པོ་ཆེས་གཏེར་སྟོན་དེ་ཉིད་ལ་དང་པོར་མྱང་བན་ལ་བཀའ་གཏད། ལུང་བསྟན། སྨོན་ལམ་བཏབ་པ་ལ་བརྟེན་ནས་སྐུ་ཚེ་འདི་ལ་ཟབ་གཏེར་དང་མཇལ་ཞིང་དངོས་ཉམས་མནལ་ལམ་ཐམས་ཅད་ལ་ཡང་པདྨ་འོད་ཀྱི་གཞལ་ཡས་སུ་གུ་རུ་ཉིད་དང་མཇལ་ཞིང་བྱིན་གྱིས་རློབ་པར་མཛད་པས་ན་བླ་བརྒྱུད་ཀྱི་ཕྲེང་བ་མང་པོ་འདྲེན་མི་དགོས་ཤིང་དམ་སེལ་བརྒྱུད་པས་བར་མ་


TR006_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པའི་ཡིད་ཆེས་ཁུངས་བཙུན་གྱི་གཏན་ཚིག་དེ་ལྟར་ལགས་པས་དད་མོས་ངེས་ཤེས་ཀྱི་གདུང་ཤུགས་བསྐྱེད་དེ་གསོལ་བ་གདབ་པའི་ཚིག་འདིའི་རྗེས་ཟློས་མཛད་པར་ཞུ། ཧོཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། བདེར་གཤེགས་རྒྱལ་བའི་དཀྱིལ་འཁོར་འདིར། །བདག་ཅག་དད་པས་འཇུག་པར་འཚལ། །ཐུགས་རྗེས་དཀྱིལ་འཁོར་དུ་བཞུགས་གསོལ། །ཞེས་གསོལ་བ་གདབ་པའི་མཇུག་ཏུ། འབྲུའི་མེ་ཏོག་སིལ་མ་ལག་ཏུ་གཏད་ནས། དེ་ལྟར་ལྷ་དང་བླ་མ་དབྱེར་མེད་རྡོ་རྗེའི་སློབ་དཔོན་ལ་གསོལ་བ་བཏབ་པ་སྔོན་དུ་སོང་ནས་སློབ་དཔོན་གྱིས་ཀྱང་ཐུགས་རྗེའི་དགོངས་པས་རྗེས་སུ་གནང་བ་ཡིན་པས་ན། དཀྱིལ་འཁོར་གྱི་ལྷ་ལ་རིག་པའི་མེ་ཏོག་ཕུལ་བའི་མཚོན་བྱེད་དུ་མེ་ཏོག་སིལ་མ་འདི་ཉིད་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས། རང་རང་གི་ཚེ་རབ་མང་པོའི་གོང་ནས་བསྙེན་ཅིང་སྒྲུབ་པའི་ལས་འཕྲོ་གང་ལ་མཆིས་


TR006_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོ་ནར་མེ་ཏོག་འབུལ་བའི་འདུན་པས་ཚིག་འདི་རྗེས་ཟློས་མཛད་པའི་མཐར་མེ་ཏོག་དཀྱིལ་འཁོར་ལ་འཐོར་བར་མཛོད་ཅིག རྣལ་འབྱོར་རིག་པའི་མེ་ཏོག་འདི། །དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་བབས་པར་ཤོག །དེ་ཝ་ཨཱ་བེ་ཤཱ་ཡ་ཨཿ ཅེས་མེ་ཏོག་འཐོར་ལ། འོ། དེ་ལྟར་མེ་ཏོག་ཕུལ་བ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་ཐུགས་ཀར་བབས་པ་ཡིན་ཏེ། ཅིའི་ཕྱིར་ན། འཁོར་གྱི་དཀྱིལ་འཁོར་ཡེ་ཤེས་རྣམ་པ་དགུའི་རང་འོད་ལས་གྲུབ་པའི་ཚོམ་བུ་དགུའི་ལྷ་ཚོགས་མ་ལུས་པ་རྣམས་གཙོ་མཆོག་ཉིད་ཀྱི་རང་མདངས་ལས་གཞན་མ་ཡིན་ཏེ། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི་འོད་སྟོང་ཕྱོགས་བཅུར་འཕྲོ་བ་ཐམས་ཅད་ཉི་མ་ཁོ་ནའི་རང་འོད་ལས་གཞན་གང་ཡང་མ་ཡིན་པ་བཞིན་ཏེ། ཅིའི་ཕྱིར་ཁྱེད་


TR006_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་ཀྱི་ཡི་དམ་ལྷའི་སྐལ་པར་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཉིད་བསྙེན་ཅིང་བསྒྲུབ་པར་བྱོས་ལ། ལྷ་དང་མི་འབྲལ་བའི་རྟགས་སུ་གནས་གསུམ་དུ་ཡིག་འབྲུ་གསུམ་གྱི་མཚན་མ་བཏབ་ཅིང་། གསང་བའི་མཚན་གདགས་པ་འདི་ནི་དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྫས་བྱུགས་པ་ཙམ་གྱིས་ལྕགས་ཉིད་གསེར་གྱི་དངོས་པོར་འགྱུར་བ་ལྟར། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡི་དམ་ལྷའི་ངོ་བོར་གནས་བསྒྱུར་བའི་ཐབས་ཀྱི་བྱེ་བྲག་ལགས་པས་དེ་ལྟར་ངེས་པར་གྱིས་ལ། གསང་བའི་མཚན་ཡང་རྡོ་རྗེ་ཆེ་མཆོག་འདུས་པ་རྩལ་ཞེས་མ་བརྗེད་པར་འཛིན་འཚལ། ཞེས། རི་བཟང་གི་ཆུའམ་བདུད་རྩི་སྨན་གྱི་ཀ་པཱ་ལ་ནས་བླངས་པ་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་སློབ་མའི་དཔྲལ་མགྲིན་སྙིང་གར་ཐིག་ལེ་བྱའོ། །དེ་ནས་ཡེ་ཤེས་འབེབས་པའི་ཡོ་བྱད་སྤོས་དང་རོལ་མོ་སོགས་སྟ་གོན་བྱས་ནས།། ༈ །།དེ་ནས་ཁྱེད་


TR006_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་ལ་དབང་གི་དངོས་གཞི་ཡེ་ཤེས་ཀྱི་ལྷ་དབབ་པའི་ཕྱིར། ལུས་གནད་སྐྱིལ་ཀྲུང་མཉམ་གཞག་ལྟ་སྟངས་དང་ལྡན་པའི་ངང་ནས་སྔར་ནས་རླུང་སྦྱོར་གོམས་ན་ཁ་སྦྱོར་བུམ་པ་ཅན་འཛིན་པ་དང་། དེ་ལྟར་མི་ཤེས་ན་དབུག་རང་སོར་བཞག་ནས་སེམས་ཀྱི་རྟོགས་པ་གཞན་དུ་སྐད་ཅིག་ཀྱང་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམ་པར་ཞུ། དེ་ཡང་ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ནམ་མཁའ་ལ་འཇའ་ཤར་བ་བཞིན་དུ་དཔལ་ཆེན་ཧེ་རུ་ཀ་རིགས་འདུས་ཕྱག་རྒྱ་མཆོག་གི་སྐུར་གྱུར་ཏེ། དེ་ཡང་སྐུ་མདོག་མཐིང་ལ་སྨུག་པའི་མདངས་ཀྱིས་བརྗིད་པ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པས་གཡོན་ཐོད་པ་ཁྲག་གིས་བཀང་བ་དཀྲུག་པའི་ཚུལ་དུ་བསྣམས་པ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག་པའི་སྨིན་མ།


TR006_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨ་ར་མེ་ལྕེ་འབར་བ། དབུ་སྐྲ་ཁམ་ནག་ནམ་མཁར་འཕྱོ་ཞིང་ཐོད་སྐམ་རིགས་ལྔ་རྩེ་བྲན་འོད་ཟེར་འབར་བས་བརྒྱན་པ། སྙན་ཆ་མགུར་ཆུ་ཕྱག་ཞབས་ཀྱི་རྒྱན་དུ་རིན་པོ་ཆེ་དང་རུས་རྒྱན་སྦྲུལ་གྱི་ཆུན་བུས་སྤྲས་པ། སྐུ་ལ་གླང་ཆེན་ཀོ་རློན་མི་པགས་གཡང་གཞི་སྟག་ལྤགས་ཤམ་ཐབས་ཏེ་བགོད་བའི་གོ་གསུམ་དང་། ཐོད་པ་སྐམ་རློན་རྙེད་པའི་འཕྲེང་བ་ཚར་གསུམ་དང་། ཐལ་ཆེན་རཀྟ་ཞག་གི་ཟོ་རིས་ཏེ་བྱུགས་པའི་རྫས་གསུམ་དང་། རྡོ་རྗེའི་གཤོག་པ་དང་ཡེ་ཤེས་ཀྱི་མེ་དཔུངས་སྟེ་དཔའ་བའི་རྟགས་གཉིས་དང་བཅས་ཏེ་དཔལ་གྱི་ཆས་རྣམས་སྐུ་ལ་རྫོགས་པར་བརྒྱན་ཞིང་། ཞབས་གཡས་བསྐུམ་གཡོན་བརྐྱང་གི་དོར་སྟབས་ཀྱིས་པད་ཉིའི་གདན་ལ་བཞེངས་ཤིང་འགྱིངས་པ། ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ་མཐིང་ག་ཆ་ལུགས་ཡབ་དང་མཚུངས་པའི་ཕྱག་གཡས་ཡབ་ཀྱི་


TR006_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་ནས་མཁྱུད་ཅིང་གཡོན་པས་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབས་པ། ཞབས་གཡས་པ་ཡབ་དང་མཉམ་པར་བཤིབ་ཅིང་གཡོན་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་སྣང་ལ་རང་བཞིན་མེད་པ་གར་གུའི་ཉམས་ལྡན་གཟི་བརྗིད་གཏུམ་བརྔམས་ཀྱི་དཔལ་དུ་འབར་བར་གསལ་བའི་ཐུགས་ཀར་པདྨ་སྔོན་པོ་འདབ་བརྒྱད་ཀྱི་གདན་ལ་ཉི་མའི་སྟེང་དུ་ཐུགས་སྲོག་ཧཱུྃ་མཐིང་ནག་གི་མཐའ་སྐོར་དུ་ཡང་ཧཱུྃ་མཐིང་བརྒྱད་ཀྱིས་བསྐོར་བར་གསལ། སྤྱི་བོའི་སྟེང་གི་ནམ་མཁར་པད་ཟླའི་གདན་ལ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་འཁོར་དུ་རྒྱུད་པ་ལྔ་ལྡན་གྱི་བླ་མ་རིག་འཛིན་གྲུབ་ཐོབ་རྒྱུད་པ་ཐམས་ཅད་འཇའ་འོད་ཐིབས་སེ་བཞུགས་པ་མོས་པ་མཛོད་ཅིག །དེ་ནས་བདག་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཁའི་འོད་ཟེར་དང་། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བླ་མ་སྐུ་གསུམ་རྒྱ་བོད་ཀྱི་གྲུབ་ཐོབ་རིག་འཛིན་སོགས་རྩ་རྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་


TR006_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་བླ་མ་རྣམས་ལ་ཐིམ། དེ་དག་ཐམས་ཅད་ཀྱང་འོད་ཀྱི་གོང་བུར་གྱུར་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ཏུ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །ཅེས་དམིགས་པ་སྤྲད་པ་ལྟར་སློབ་དཔོན་གྱིས་ཀྱང་ཏིང་འཛིན་གཏད་ཅིང་གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་མཐར། ཨོཾ་གུ་རུ་སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ། ཨ་བྷི་ཥཱིཉྩ་ཨཿཨཿཨཿ ཞེས་རོལ་མོ་དང་བཅས་ཏེ་བསྟིམ་མོ། དེ་ནས་ཁྱེད་རང་རྣམས་ཀྱི་འོད་ཟེར་ཕྱོགས་བཅུ་མཐའ་མེད་དུ་འཕྲོས་པས། དུས་གསུམ་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཡིད་དམ་ཞི་བ་དམ་པ་རིག་བརྒྱ། སངས་རྒྱས་ཞི་བཅུ་རྩ་གཉིས། དེ་ཉིད་རིགས་ལྔ། གསང་ཆེན་རིགས་གཅིག་ལ་སོགས་པའི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་གཉིས་མེད་དུ་ཐིམ་པའི་མོས་པ་མཛོད་ཅིག །ཨོཾ་སརྦ་ཏཱ་ག་ཏ་དེ་ཝ་ཤིནྟཾ་ཀ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨཿཨཿ ཞེས་ནན་ཏན་དུ་


TR006_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ། དེ་ནས་ཡང་ཐུགས་ཀའི་ཧཱུྃ་ཡིག་དགུ་ལས་འོད་འཕྲོས། རྒྱུད་སྡེ་བཞི་དྲུག་གི་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་ཆོས་སྲུང་དམ་ཅན་རྒྱ་མཚོར་བཅས་པ་རྣམས་དང་ཁྱད་པར་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་དྲག་ཆར་རླུང་གིས་སྐྱོད་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ཡིག་དགུ་ལ་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་པཱ་རི་ཝ་ར། ཨཱ་བེ་ཤ་ཡ་དུ་ཏི་ཏེ། བཛྲ་ག་མ་ཨ་ནུརྟ་རཾ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཏེ་པཱ་ཡ་ཏེ་པཱ་ཡ། ར་ར་ཙ་ལ་ཧ་ཛ་ཧཱུྃ་ཨཱཿཧཱ་ཛྷཱེ༚་སྭཱ་ཧཱ། ཞེས་རོལ་མོ་དྲག་པོ་དང་བཅས་པས་བསྟིམ་ཞིང་། གལ་ཆེ་ཞིང་འཛོམ་ན་ཡེ་ཤེས་འབེབས་པའི་རྫས་སྦྱོར་གྱི་དུ་བས་བདུག་པ་སོགས་ཀྱང་བྱ་


TR006_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས་ལ། མཐར། མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་བཞག་ནས་ཏིཥྛ་བཛྲ་གྱི་སྔགས་དང་བཅས་པས་བརྟན་པར་བྱའོ། །དེ་ལྟར་ཡེ་ཤེས་དབབ་པ་འདི་གསང་སྔགས་ཀྱི་དབང་ལ་གལ་པོ་ཆེར་གསུངས་ཀྱང་། གཞུང་གི་དབང་ཆོག་ཏུ་བརྡ་ཙམ་ལས་མ་བསྟན་པར་སྣང་བས་འདིར་བཀའ་བརྒྱད་གཏེར་རྙིང་དག་ནས་ཁ་བཀངས་ལགས་སོ། །དེ་ནས་སློབ་དཔོན་གྱིས་དབང་བུམ་གདན་དྲངས་ལ། དེ་ལྟར་སྐལ་ལྡན་གྱི་བུ་རྣམས་ལ་དབང་གིས་ཡེ་ཤེས་དབབ་ཅིང་བསྟིམ་ནས། ད་ནི་སླར་ཡང་དེ་ལས་མི་འདའ་ཞིང་མི་འབྲལ་བའི་རྒྱས་གདབ་པའི་དབང་རྣམས་རིམ་ཅན་དུ་བསྐུར་བ་ཡིན་པས། དེས་ན་ཁྱེད་རང་རྣམས་སྔར་བཞིན་དཔལ་ཆེན་པོའི་སྐུར་གསལ་བཞིན་པའི་ངང་ནས། དབང་རྫས་ཀྱི་བུམ་པ་འདིའི་ནང་གཞལ་ཡས་ཁང་དགུ་རྫོགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་དངོས་སུ་བཞུགས་པ་ཁྱེད་ཀྱི་གཙུག་ཏུ་བཞག་པའི་ཚེ། ལྷ་རྣམས་འོད་དུ་ཞུ་བའི་བདུད་རྩིའི་


TR006_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྒྱུན་ནར་གྱི་བྱུང་སྟེ་སྤྱི་གཙུག་ཚངས་བུག་ཏུ་ཞུགས། ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་མེར་གྱིས་གང་ནས། ཚེ་རབས་ཐོག་མེད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ཅིང་། ཡི་དམ་ལྷ་དང་གཉིས་སུ་མེད་པའི་གོ་འཕངས་ཐོབ་པར་མོས་པ་མཛད་འཚལ་ལོ། །ཧཱུྃ། བཀྲ་ཤིས་བུམ་པ་རིན་ཆེན་རྒྱན། །བདེར་གཤེགས་ཞི་ཁྲོ་འོད་དུ་ཞུ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྒོ་གསུམ་བག་ཆགས་སྒྲིབ་བྱང་ཤོག །ཨོཾ་སརྦ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་སྤྱི་བོར་དབང་བསྐུར་ཞིང་བུམ་ཆུ་ཐིག་པ་སྤྱི་གཙུག་ཏུ་བཏིག་ཅིང་ཁ་ཡར་བླུད་དོ། །དེ་ནས་རིགས་ལྔའི་དབུ་རྒྱན་འཐོགས་ནས། དེ་ལྟར་བུམ་པས་དབང་བསྐུར་བས་བདུད་རྩིའི་ཆུས་ལུས་ཁེངས་ཤིང་ཆུ་ལྷག་གྱེན་དུ་ལུད་པ་ལས་རིགས་ཀྱི་བདག་པོ་རྒྱལ་བ་རྣམ་པ་ལྔས་དབུ་རྒྱན་པའི་མོས་པ་མཛོད། ཧཱུྃ། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ། །སྐུ་ལྔ་ཡེ་ཤེས་དུག་ལྔ་འཇོམས། །དབུ་


TR006_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་རིགས་ལྔས་དབང་བསྐུར་བས། །ཉོན་མོངས་བག་ཆགས་དག་པར་ཤོག །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་སྤྱི་བོར་བསྐུར་རོ། །དེ་ནས་ཕྱག་མཚན་རྡོར་དྲིལ་འཐོགས་ལ། དེ་ལྟར་ཁྱོད་རྣམས་ལ་ཕུང་ཁམས་ལྟར་བྱིན་རླབས་ཤིང་རིགས་བདག་གི་རྒྱས་བཏབས་པ་ནི་རྒྱལ་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཁྲུས་གསོལ་ཞིང་ཅོད་པན་བཅིངས་པ་དང་ཆེས་མཚུངས་ལ། ད་ནི་བཀའ་རྟགས་ཀྱི་ཕྱག་རྒྱ་གཏད་པ་དང་མཚུངས་པར་རྡོར་དྲིལ་ལག་ཏུ་གཏད་པས་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་འགྲོ་བའི་དོན་ལ་སྤྱོད་ནུས་པར་གྱུར་པའི་མོས་པ་མཛོད། ཧཱུྃ། ཡེ་ཤེས་ལྔ་ལྡན་རྡོ་རྗེ་དང་། གསུང་དབྱངས་གྲགས་སྟོང་དྲིལ་བུ་གཉིས། །ཐབས་ཤེས་ཟུང་འཇུག་དབང་བསྐུར་བས། །མཉམ་ཉིད་དབྱེར་མེད་དབང་ཐོབ་ཤོག །ཛྙཱ་ན་བཛྲ་གྷཎྜེ་ཨ་བྷི་ཥཱིཉྩ་ཧཱུྃ་ཨཱཿ ཞེས་གཡས་གཡོན་དུ་གཏད་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་དུ་


TR006_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་གོ། །དེ་ནས་མཆོད་པ་རྣམ་ལྔ་སྨན་དཀ་གཏོར་མ་རྣམས་མཁར་གཞོང་ལྟ་བུའི་སྣོད་ཆེ་བ་གཅིག་ཏུ་བཅུག་ནས་ལག་ཏུ་གཏད་ཅིང་། དེ་ནས་ཕྱི་ནང་གི་མཆོད་རྫས་ཡོངས་རྫོགས་གཏད་པས་ནི་རྒྱལ་སྲིད་ཀྱི་མངའ་ཐང་ལོངས་སྤྱོད་ཐམས་ཅད་འབོགས་པ་དང་ཆོས་མཚུངས་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་པའི་མོས་པ་མཛོད། ཧཱུྃ། སྨན་རཀ་གཏོར་མ་མཆོད་པའི་རྫས། །དམ་རྫས་ཡོངས་རྫོགས་དབང་བསྐུར་བས། །ལྷ་དང་དམ་རྫས་བསྟེན་མཆོད་དང་། །སྒོམ་སྒྲུབ་འཆད་ཉན་དབང་ཐོབ་ཤོག །ས་མ་ཡ་ཨ་བྷི་ཥཱིཉྩ་ཧཱུྃ། དེ་ནས་དུར་ཁྲོད་ཆས་བརྒྱད་རྣམས་གཏད་ཅིང་། དེ་ལྟར་རྒྱས་པར་དབང་བསྐུར་ནས་རྒྱལ་པོའི་ཆ་བྱད་དང་དཔལ་བརྗིད་ཀྱི་གོས་རྒྱན་རྣམས་གྱོན་པར་དབང་ལྟར། དཔལ་ཆེན་ཁྲོ་རྒྱལ་འབར་བའི་རྒྱན་ཆས་རྟགས་ཀྱི་རྫས་རྣམས་གཏད་ཅིང་བཀོན་པས། མ་མོ་མཁའ་འགྲོ་རྣམས་ཀྱིས་རྗེ་དང་གཙོ་བོར་བསྐུར་བ་དང་། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་འདུ་ཞིང་ཟིལ་གྱིས་གནོན་ནུས་


TR006_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པའི་ངེས་ཤེས་མཛོད་ཅིག །ཧཱུྃ། དེ་རིང་སྐལ་ལྡན་བུ་ཁྱོད་ལ། །ཀོ་རློན་ཞིང་སོགས་ཐོད་ཕྲེང་དང་། །སྦྲུལ་ཆུན་སྟག་ཤམ་ལ་སོགས་ལ། །དཔལ་གྱི་ཆས་དབང་བསྐུར་ཐོབ་ཤོག །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥཱིཉྩ་ས་མ་ཡ་ཤྲཱི་་ཡེ་ཧཱུྃ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོ། དེ་ལྟ་བུ་ཕྱི་ཐུན་མོང་རྫས་ཀྱི་དབང་རྣམས་རིམ་པར་བསྐུར་ནས། འཁོར་ལོ་བསྒྱུར་བའི་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་ཇི་ལྟ་བས་ཁྱེད་རྣམས་ཆོས་ཀྱི་རྒྱལ་སྲིད་ལ་བཀོད་ཅིང་མངའ་གསོལ་བའི་བྱིན་རླབས་མཐུ་འབྲས་ཀྱིས། དམ་པ་ཆོས་ཀྱི་རྒྱལ་ཁབ་སུ་མངོན་པར་སངས་རྒྱས་པའི་གོ་འཕངས་ཐོབ་ནས་ནམ་མཁའ་མཉམ་པའི་འགྲོ་བའི་དེད་དཔོན་ཆེན་པོར་འགྱུར་བའི་རྟེན་འབྲེལ་གྱི་ས་བོན་རྒྱུད་ལ་བཞག་པ་ཡིན་པས་དེ་ལྟར་ཐུགས་ལ་ངེས་མཛོད། ཅེས་བརྗོད་ཅིང་ཤིས་བརྗོད་མདོར་བསྡུས་ཀྱང་བྱའོ། །དེ་ལྟར་ཕྱི་དབང་རྣམས་ལེགས་པར་ཐོབ་ནས། ད་ནི་གསང་སྔགས་


TR006_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དབང་ཟབ་མོ་བསྐུར་བ་ལ་སྟེ། ཡི་དམ་ལྷའི་དབང་གི་སྐུ་མི་ཟད་རྒྱན་གྱི་འཁོར་ལོར་བྱིན་གྱིས་རློབས་པ་དང་། བཟླས་ལུང་གསང་བའི་དབང་གིས་གསུང་མི་ཟད་རྒྱན་འཁོར་དུ་བྱ་བ་དང་། ཤེས་རབ་བརྡའི་དབང་གིས་ཐུགས་མི་ཟད་རྒྱན་འཁོར་དུ་རྟོགས་པར་བྱེད་པ་རྣམས་ཀྱི་དང་པོར་ཕྱག་རྒྱ་ལྷའི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ་བའི་རྗེས་ལ་སློབ་དཔོན་གྱིས་གཙོ་མཆོག་སྐུ་གདན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་གདོས་བཅས་གཟུགས་ཀྱི་ཕུང་པོ་མ་དག་མཚན་འཛིན་གྱི་བག་ཆགས་སྦྱངས་ཤིང་ཡི་དམ་ལྷའི་སྐུར་གསལ་བཏབས། བྱིན་གྱིས་རླབས། དབང་བསྐུར། རྒྱས་གདབ་པ་སོགས་བགྱིས་པའི་དོན་རྣམས་དྲན་པར་བྱོས་ལ། སླར་ཡང་ལྷ་ལ་ལྷ་བསྟིམ་པ་ནན་ཏན་དུ་བགྱི་བ་ཡིན་པས། དེ་ཡང་མདུན་གྱི་དཀྱིལ་འཁོར་འདི་ཉིད་འདུས་བྱས་ཀུན་རྫོབ་རྫས་ཀྱི་དངོས་པོ་ཙམ་དུ་མ་འཛིན་པར་ཡེ་ཤེས་རང་བྱུང་སྤྲུལ་པའི་གཞལ་


TR006_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་ཆོས་ཉིད་རོལ་པ་ཆེན་པོའི་ཕོ་བྲང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་ཀྱི་དཀྱིལ་འཁོར་སྙིང་པོའི་གཙོ་མཆོག་འཁོར་འདས་མ་ལུས་པའི་ཁྱབ་བདག་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་སྐུ་ལས་རང་འདྲའི་སྐུའི་སྒྱུ་འཕྲུལ་གར་དགུའི་ཉམས་ཀྱི་རོལ་པ་ཉི་མ་འབུམ་གྱི་གཟི་མདངས་ལྟར་འབར་བ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ཏུ་ཐིམ་པའི་མོས་གུས་རྩེ་གཅིག་མཛོད། ཧཱུྃ། དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་ཆེ་བའི་མཆོག །བཅོམ་ལྡན་དཔལ་ཆེན་ཀུན་བཟང་ཧེ་རུ་ཀ །ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས། །སྐལ་ལྡན་བུ་ལ་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་མཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཛཿཧཱུྃ་བྃ་ཧོ་ཨ་བྷི་ཥཱིཉྩ་ཨཿ ཞེས་རོལ་མོ་བསྒྲག་ཅིང་དཔོན་སློབ་གཉིས་ཀས་ཏིང་འཛིན་དང་ལྡན་པས་སྤྱི་གཙུག་ཏུ་དབང་བསྐུར་ཞིང་བསྟིམ་མོ། །དེ་ལྟར་གཙོ་བོ་གཞན་ཐམས་ཅད་ལ་རིག་འགྲེ་སྟེ། དེ་ནས་ལྷོ་ཕྱོགས་


TR006_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་ཆེན་པོའི་གཙོ་བོ་འཇམ་དཔལ་གཤིན་རྗེའི་གཤེད་ལས་རང་འདྲའི་སྐུ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བའི་གནས་སུ་ཐིམ་པའི་མོས་པ་མཛོད། ཧཱུྃ། དཀྱིལ་འཁོར་ཡོངས་ཀྱི་སྐུ་མཆོག་གཤིན་རྗེའི་གཤེད། ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས། སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ལྔ་དང་ལྡན། །སྐལ་ལྡན་བུ་ལ་སྐུ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨ་ཀྲོ་ཏེ་ཡ་མཱནྟ་ཀ་ཧཱུྃ་ཕཊཿ ཛཿཧཱུྃ་བྃ་ཧོ། ཨ་བྷི་ཥཱིཉྩ་ཨཿ ཞེས་དཔྲལ་བར་བསྐུར་རོ། །དེ་ནས་ནུབ་ཕྱོགས་ཀྱི་དཀྱིལ་འཁོར་དབུས་ནས་དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་ལས་རང་འདྲའི་སྐུ་བྱོན་ཏེ། ཁྱོད་ཀྱི་མགྲིན་པའི་གནས་སུ་ཐིམ་པའི་མོས་པ་མཛོད། ཧཱུྃ། དཀྱིལ་འཁོར་ཡོངས་ཀྱི་གསུང་མཆོག་དབང་ཆེན་སྐུ། །ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས། །འགག་མེད་གསུང་དབྱངས་འགྲོ་ཀུན་དབང་དུ་བསྡུད། །སྐལ་ལྡན་བུ་ལ་གསུང་གི་དངོས་གྲུབ་སྩོལ། །


TR006_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་པདྨ་ཏ་ཀྲྀ་ད་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཛཿཧཱུྃ་བྃ་ཧོ་ཨ་བྷི་ཥཱིཉྩ་ཧཱུྃ། མགྲིན་པར་བསྐུར་རོ། །དེ་ནས་ཡང་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་དཔོན་བཛྲ་ཧེ་རུ་ཀ་འཕྲོས་ཏེ་ཁྱེད་ཀྱི་སྙིང་གར་ཐིམ་པར་སྒོམ་མཛོད་ཅིག །ཧཱུྃ། དཀྱིལ་འཁོར་ཡོངས་ཀྱི་ཐུགས་མཆོག་བཛྲ་སྐུ། །ཡབ་ཡུམ་སྲས་དང་༴ །གསལ་སྟོང་མཐའ་བྲལ་ཟུང་འཇུག་རྡོ་རྗེའི་ཐུགས། སྐལ་ལྡན་བུ་ལ་ཐུགས་ཀྱི༴ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཛཿཧཱུྃ་བྃ་ཧོ་ཨ་བྷི༴ ཞེས་སྙིང་ཁར་བསྐུར་རོ། །ཡང་། བྱང་ཕྱོགས་དཀྱིལ་འཁོར་གྱི་གཙོ་བོ་ཕྲིན་ལས་རྡོ་རྗེ་གཞོན་ནུ་ལས་རང་འདྲའི་སྐུ་འཕྲོས་ནས་ལྟེ་བར་ཐིམ་པར་སྒོམ་མཛོད། ཧཱུྃ། དཀྱིལ་འཁོར་ཡོངས་ཀྱི་ཕྲིན་ལས་ཕུར་པའི་སྐུ། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་དང་བཅས། །བྱིན་རླབས་ཐོག་མེད་ནུས་མཐུའི་དབང་བསྐུར་བས། །སྐལ་ལྡན་བུ་ལ་ཕྲིན་ལས་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷན་བཾ་ཧཱུྃ་ཕཊཿ


TR006_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བྃ་ཧོ་ཨ་བྷི༴ ཞེས་ལྟེ་བར་བསྐུར་རོ། །དེ་ནས་ཤར་ལྷོའི་དཀྱིལ་འཁོར་གྱི་གཙོ་བོ་བླ་མེད་ཧེ་རུ་ཀ་འཕྲོས་ནས་གསང་བའི་གནས་སུ་ཐིམ་པར་སྒོམ་མཛོད། ཧཱུྃ། དཀྱིལ་འཁོར་ཡོངས་རྫོགས་བླ་མེད་ཧེ་ཏུ་ཀ །མ་མོ་རྦོད་གཏོང་ཚོགས་ཀྱི་དབུས་ན་བཞུགས། །ལྷ་མོ་མོ་རྒྱུད་མཁའ་འགྲོ་ཀུན་འདུས་དབང་། །སྐལ་ལྡན་བུ་ལ་མཁའ་འགྲོས་དངོས། །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ ཀྲོ་དྷེ་ཤྭ་རི་སྟཾྭ་མ་མ་ཡོ་གི་ནཱི་ཧཱུྃ་ཕཊ། ཛཿཧཱུྃ་བྃ་ཧོ་ཨ་བྷི༴ ཞེས་པས་གསང་བར་བསྐུར་རོ། །ཡང་། ལྷོ་ནུབ་ཀྱི་དཀྱིལ་འཁོར་ནས་རིག་འཛིན་སློབ་དཔོན་གྱི་སྤྲུལ་པ་འཕྲོས་ནས་སྤྱི་གཙུག་ཏུ་ཐིམ་པའི་མོས་པ་མཛོད། ཧཱུྃ། དཀྱིལ་འཁོར་ཡོངས་ཀྱི་བླ་མ་ཐོད་ཕྲེང་རྩལ། རྒྱ་བོད་གྲུབ་ཐོབ་རྩ་རྒྱུད་གུ་རུ་རྣམས། །ཡབ་ཡུམ་སྲས་བཅས་ཐུགས་རྗེའི་བྱིན་རླབས་དབང་། སྐལ་ལྡན་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ། །ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊཿ ཛཿཧཱུྃ་བྃ་ཧོ་ཨ་ཞེས་སྤྱི་གཙུག་ཏུ་བསྐུར་རོ། །


TR006_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་གི་དྲེགས་པའི་སྡེ་དཔོན་སུམ་ཅུའི་དཀྱིལ་འཁོར་གྱི་མངའ་བདག་དཔལ་དྲེགས་པ་ཀུན་འདུལ་ལས། རང་འདྲའི་སྤྲུལ་པ་འཕྲོས་ཏེ་ཁྱེད་ཀྱི་སྤུས་མོ་གཡས་སུ་ཐིམ་པར་སྒོམ་མཛོད་ཅིག །ཧཱུྃ། དཔལ་ཆེན་ཁྲོ་རྒྱལ་དྲེགས་པ་ཀུན་འདུལ་ནི། ཡབ་ཡུམ་སྲས་དང་འཁོར་ཚོགས་ཐམས་ཅད་ཀྱིས། ཆོས་སྐྱོངས་སྲུང་མ་ལས་ལ་འཁོལ་བ་དང་། སྐལ་ལྡན་བུ་ལ་མཐུ་རྩལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཧཱུྃ་ཕཊཿ ཛཿཧཱུྃ་བྃ་ཧོ་ཨ་བྷི༴ ཞེས་པུས་མོ་གཡས་སུ་བསྐུར་རོ། །དཀྱིལ་འཁོར་བྱང་ཤར་གྱི་གཙོ་བོ་དཔོན་སྟོབས་ལྡན་ནག་པོ་ལས་རང་འདྲའི་སྤྲུལ་པ་འཕྲོས་པ་སྤུས་མོ་གཡོན་པར་ཐིམ་པའི་མོས་པ་མཛོད། ཧཱུྃ། དཔལ་ཆེན་ཁྲོ་རྒྱལ་སྟོབས་ནག་པོ་ནི། ཡབ་ཡུམ་སྲས་དང་འཁོར་བཅས་མ་ལུས་པས། །འཇིག་རྟེན་དྲེགས་པ་འདུལ་བའི་དངོས་གྲུབ་ནི། །སྐལ་ལྡན་བུ་


TR006_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྐུར་བྱིན་གྱིས་རློབས། །ཨོཾ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊཿ ཛཿཧཱུྃ་བྃ་ཧོ་ཨ་བྷི་ཥཱིཉྩ་ཨཿ ཞེས་པུས་མོ་གཡོན་དུ་བསྐུར་རོ། །དེ་ནས་ཡང་གཙོ་མཆོག་གི་སྐུ་དཔུང་གཡས་གཡོན་གྱི་སྤྲུལ་པའི་ཁྱུང་ཆེན་དཀར་ནག་གཉིས་ལས་རང་འདྲའི་སྤྲུལ་པ་རེ་འཕྲོས་ནས་ཁྱེད་ཀྱི་དཔུང་པ་གཉིས་ལ་ཐིམ་པར་སྒོམ་མཛོད། །ཧཱུྃ་ཁྲོཾ། བྱ་ཁྱུང་རྒྱལ་པོ་དཀར་ནག་གཉིས། རྡོ་རྗེའི་མཆུ་ལ་རལ་གྲིའི་སྤུར་ལྕགས་ཀྱུའི་སྡེར་མོ་གནམ་ལྕགས་ར། ས་བདག་ཀླུ་འདུལ་དབང་ཐོབ་ཤོག །ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊཿ ཛཿཧཱུྃ་བྃ་ཧོ་ཨ་བྷི་ཥཱིཉྩ་ཨཱཿ ཞེས་དཔུང་པ་གཡས་གཡོན་ལ་བསྐུར་ཞིང་ཐིམ་མོ། །དེ་ནས་སླར་ཡང་དཀྱིལ་འཁོར་དགུའི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ཐམས་ཅད་མ་ལུས་པའི་སྐུ་སོ་སོ་ལས་མར་མེ་གཅིག་ལས་གཉིས་སུ་ཆེད་པའམ། ནམ་མཁའི་ཟླ་བ་མཚོ་རྫིང་གི་ནང་དུ་སྣང་བ་ལྟར་རྫུ་འཕྲུལ་སྐུའི་སྣང་བརྙན་རེ་རེ་ཁྱེད་


TR006_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་སོ་སོ་ལ་ཐིམ་པས་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གཟོད་ནས་ལྷུན་གྱིས་གྲུབ་བཞིན་པ་ལ་སླར་ཡང་གསལ་ཐེབས་ཤིང་བྱིན་རླབས་ཀྱི་ནུས་སྟོབས་ཆེས་ཆེར་འཕེལ་བར་གྱུར་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་དྲག་སྔགས་སྤྱི་དྲིལ་ཆེན་མོ་ཚར་གཅིག་བརྗོད་ཅིང་རོལ་མོ་བསྒྲག །མེ་ཏོག་འཐོར་རོ། །དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་གིས་ལུས་སྤྲུལ་པ་སྐུར་བྱིན་གྱིས་རླབས་ནས། གཉིས་པ་བཟླས་ལུང་གསང་བའི་དབང་གིས་ངག་སྨིན་པར་བྱེད་པ་ལ། དཀྱིལ་འཁོར་དགུའི་ལྷ་རྣམས་ཀྱི་ཐུགས་ཁར་ཉི་མའི་སྟེང་དུ་ཧཱུྃ་དང་སྔགས་ཕྲེང་སྐུ་མདོག་དང་མཚུངས་པར་འཁོར་བ་རྣམས་གྱེན་དུ་ནར་གྱི་བྱུང་བས་ཞལ་གྱི་སྒོ་ནས་འཐོན་པ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཏེ་ལྗགས་ཀྱི་སྟེང་པད་ཟླ་ལ་སྔགས་ཀྱི་འཁོར་ལོ་ལུ་གུ་རྒྱུད་དུ་འཁོར་བར་བསྒོམ་ཞིང་སྔགས་ཀྱི་རྗེས་ཟློས་ཀྱང་


TR006_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་འཚལ། ཞེས། འཕྲེང་བའི་སྣ་རེ་ནས་དཔོན་སློབ་གཉིས་ཀས་བཟུང་ལ། རྒྱས་པར་ལས་གཞུང་གི་འཛབ་ལྟར་དཔལ་དགུ་སོ་སོའི་སྙིང་པོ་བཟླས་ལུང་འབོག་པའམ། མདོར་བསྡུ་ན། ཨོཾ་བཛྲ་མ་ཧཱ་ཀྲོ་རྡ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱ་ཡཀྴ་ཀ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊཿ ཅེས་ཚར་གསུམ་རྗེས་ཟློས་སློབ་མས་ཡེ་ཤེས་ན་དཔོན་སློབ་མགྲིན་གཅིག་ཏུ་ལན་བདུན་བཟླ་ཡང་རུང་ངོ་། གསང་དབང་དངོས་ནི། ཀཱ་པ་ལ་བདུད་རྩི་ཨ་མྲྀ་ཏ་ཛ་གད་མངར་གསུམ་སྦྱར་བས་གང་བ་འཐོགས་ཏེ།། ༈ །།དེ་ནས་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་དགོངས་བརྡ་སྙན་རྒྱུད་ཀྱི་བླ་མ་ཐམས་ཅད་དྲིན་ཅན་རྩ་བའི་བླ་མར་རོ་གཅིག་པ་ཉིད་དཔལ་ཆེན་པོ་ཆེ་མཆོག་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་མ་ཆགས་ཐབས་ཀྱི་རོལ་པ་མ་མཉམ་སྦྱོར་བདེ་ཆེན་གྱིས་ལོངས་སྤྱོད་མཛད་པའི་དངོས་གྲུབ་བྱང་སེམས་ཀྱི་བདུད་རྩི་འདི་སྐལ་ལྡན་བུ་ལ་བྱིན་པས་


TR006_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཐ་མལ་གྱི་བག་ཆགས་ལས་སྒྲིབ་ཉེས་ཚོགས་ཐམས་ཅད་དག་ཅིང་། རྩ་རླུང་ཐིག་ལེ་བདེ་བ་ཆེན་པོར་བྱིན་གྱིས་བརླབས་པའི་ངེས་ཤེས་བསྐྱེད་མཛོད་ཅིག །ཧཱུྃ། བླ་མ་བདེར་གཤེགས་ཡབ་ཡུམ་རྣམས། །གཉིས་མེད་སྦྱོར་བའི་བྱང་སེམས་འདིས། །སྐལ་ལྡན་ངག་ལ་དབང་བསྐུར་བས། །གསང་བའི་དབང་མཆོག་ཐོབ་པར་ཤོག །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ། མ་ཧཱ་སུ་ཁ་ཨ་ཝེ་ཤ་ཡ་ཨཱཿཨཿ ཞེས། མགྲིན་པར་དབང་བསྐུར་ཞིང་བདུད་རྩི་བླུད་དོ། །དེ་ནས་ཡེ་ཤེས་ཀྱི་རིགས་མའི་སྐུ་གཟུགས་འཐོགས་ལ། དེ་ལྟར་གསང་དབང་ངག་ལ་བསྐུར་བས་ངག་ལོངས་སྤྱོད་རྫོགས་སྐུར་བྱིན་རླབས་ནས། གསུམ་པ་ཤེས་རབ་ཡེ་ཤེས་དབང་གིས་ཡིད་སྨིན་པར་བྱ་བ་ལ། གང་ཟག་གི་རྒྱུད་རིགས་ནུས་པ་སོགས་ཀྱི་རིམ་པ་དང་འཚམས་པའི་བསྐུར་ཐབས་ཀྱི་ཕྱག་བཞེས་ཀྱང་རྒྱས་བསྡུས་ཇི་སྙེད་གཅིག་མཆིས་ནའང་། སྐབས་


TR006_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བབས་པ་ནི་བརྡ་དང་མཚོན་བྱེད་ལ་བརྟེན་ནས་དོན་གྱི་སྐལ་བ་ཅན་དུ་སྒྲུབ་པའི་ཐབས་ཡིན་ཏེ། དེས་ན་ཁྱེད་ཅག་རྣམས་དཀྱིལ་འཁོར་གྱི་བདག་པོ་གཙོ་མཆོག་ཧེ་རུ་ཀ་དངོས་ཀྱི་འདུ་ཤེས་དང་མ་བྲལ་བར་མཛད་པའི་ངང་ནས། རྒྱལ་བ་ཐམས་ཅད་ཀྱི་ཡུམ་གྱུར་ཆོས་ཐམས་ཅད་ཀྱི་འབྱུང་གནས་བདེ་བའི་ཡེ་ཤེས་མཆོག་གི་གསང་མཛོད་དུ་གྱུར་པ་ཡུམ་ཆེན་མོ་གནམ་ཞལ་དབྱིངས་ཕྱུག་མའི་སྐུའི་ཟློས་གར་མཚན་དཔེའི་རི་མོར་ཤར་བའི་དེ་ཉིད་གཏད་པ་ལ་བརྟེན་ནས། བླ་ན་མེད་པའི་མྱུར་ལམ་ཟབ་མོའི་སྣོད་ལྡན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ། མཚན་ལྡན་ཡིད་འོང་གྲོགས་མཆོག་འདི། །བསྟེན་པས་བདེ་སྟོང་རྒྱུད་ལ་སྐྱེ། །ཐིག་ལེ་དབབ་བཟུང་འདྲེན་འགྲམ་གྱིས། །བདེ་ཆེན་ལྷན་སྐྱེས་རྟོགས་པར་ཤོག །ཨ་ཧོ་སུ་ཁ་ཧེ། ཞེས་གཏད་ལ། ཧཱུྃ། ཡབ་ཡུམ་གཉིས་ཀ་སྣང་སྟོང་ལྷ།


TR006_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་པདྨ་བྱིན་རླབས་ཏེ། །དབབ་འཛིན་འདྲེན་བཀྲམ་འཕྲུལ་འཁོར་གྱིས། །བདེ་སྟོང་རང་ངོ་ཤེས་པར་བྱོས། ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཏྨ་ཀོ྅ཧཾ། དེ་ཡང་ཁམས་གསུམ་གྱི་སེམས་ཅན་སྤྱི་དང་ཁྱད་པར་འདོད་ཁམས་ཀྱི་འགྲོ་བ་ཐམས་ཅད་རྒྱུ་དུག་གསུམ་ཆགས་སྣང་ལ་བརྟེན་ཞིང་། རྐྱེན་ཕ་མའི་མཚམས་སྦྱོར་གྱི་མཐུ་ལས་འབྲས་བུ་སྐྱེ་འགྲོ་ཕོ་མོར་སྣང་བ་ནི་བརྡ་དང་སྦྱང་གཞི་ཡིན་ལ། དེ་ལ་ཆགས་སྡང་གི་རྟོག་པ་སྦྱང་ཕྱིར་དུ། ལྷ་ཡབ་དང་ཡུམ། ཆོས་ཐབས་དང་ཤེས་རབ། རྫས་རྡོ་རྗེ་དང་དྲིལ་བུ་ལ་སོགས་ཀྱི་བྱེ་བྲག་ཐམས་ཅད་ནི་མཚོན་བྱེད་ཀྱི་རྟགས་དང་སྦྱོང་བྱེད་ཡིན་ཞིང་། དེ་དག་ལ་བརྟེན་པའི་ཉམས་ལེན་གནད་དུ་བསྣུན་པས་ནི་སྤང་བྱ་དང་གཉེན་པོ་དབྱེར་མེད་དུ་འདྲེས་པས་ཆགས་སྡང་གི་རྩ་བ་ཟད། བདེ་བ་དང་སྡུག་བསྔལ་སེམས་ཐོག་ཏུ་རོ་མཉམ་


TR006_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགག་སྒྲུབ་ཀྱི་འཛིན་པ་ཞིག །ཕོ་མོ། བདག་གཞན། ཡབ་ཡུམ། སྣང་སྟོང་སོགས་ཀྱི་དབྱེ་གཞི་དང་དབྱེ་མཁན་གདོད་ནས་མ་གྲུབ་པའི་དབྱིངས་དང་ཡེ་ཤེས་ལྷན་སྐྱེས་ཟུང་དུ་འཇུག་པའི་རང་ངོ་ཡེ་ཇི་བཞིན་པའི་གནས་ལུགས་མཐོང་བ་ནི་མཚོན་བྱའི་དོན་དང་སྦྱང་འབྲས་ཀྱི་སྙིང་པོ་ཡིན་ཚེ། དེ་ལྟར་རྟོགས་པའི་ཐབས་དང་རྟེན་འབྲེལ་རྒྱུད་ལ་བཞག་པ་ཡིན་པས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །ཞེས། ཤེར་དབང་གི་དོན་གྱི་ཡེ་ཤེས་ངོ་སྤྲོད་པའི་ས་བཅད་མ་སྟོངས་ཙམ་གྱིས་བསྐུར་བ་ལས། དཔེའི་ཡེ་ཤེས་ལ་བརྟེན་ནས་དགའ་བཞི་ལུགས་འབྱུང་ལུགས་ལྡོག་སོགས་ཀྱི་ངོ་སྤྲོད་རྒྱས་བཤད་མང་པོ་ཞིག་གསུམ་པའི་དབང་ཆོག་རྣམས་སུ་འབྱུང་མོད་ཀྱང་། ད་ལྟའི་གང་ཟག་ཕལ་མོ་ཆེའི་སྐལ་བར་མ་བབས་པས་འདི་ཙམ་གྱིས་ཆོག་པར་དགེའོ།། ༈ །།དེ་ནས་སླར་ཡང་དབང་ཐམས་ཅད་ཀྱི་མཐར་ཐུགས་བཞི་པ་ཚིག་དབང་རིན་པོ་ཆེའི་བརྡའ་ཚོན་བྱེད་མེ་ལོང་


TR006_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་རྡོ་ལྷན་ཅིག་འཐོགས་ཏེ། ཧཱུྃ། སེམས་ཉིད་ཀ་དག་ལྷུན་གྲུབ་དོན། །སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ། །གདོད་ནས་ཡོངས་དག་གཉུག་མའི་གཤིས། །ཡང་དག་ངེས་དོན་རྟོགས་པར་ཤོག །ཛྙཱ་ན་པཉྩ་ཀཱ་ཡ་ཨ་བྷི་ཥཱིཉྩ་ཨཿཨཿཨཿ ཞེས་སྙིང་གར་དབང་བསྐུར་ཞིང་། སླར་ཡང་དབང་དོན་བཤད་དེ། དེ་ལྟར་ཆོས་སྐུར་གྲོལ་བར་བྱེད་པ་ཤེས་རབ་ཡེ་ཤེས་དང་བཞི་པ་ཚིག་དབང་རིན་པོ་ཆེ་བརྡ་དང་མཚོན་བྱེད་ཙམ་དུ་བསྐུར་ཡང་དོན་གྱི་དངོས་གཞི་ངོ་མ་འཕྲོད་ན་དབང་གི་གཟུགས་བརྙན་ཙམ་དུ་གྱུར་ནས་དགོས་པ་མི་འབྱུང་ཕྱིར། བརྡ་ཉིད་དོན་ལ་འབྱོར་བས་གལ་ཆེ་བས་ན། དེ་ཡང་མེ་ལོང་དང་ཤེལ་རྡོའི་དཔེ་ལ་ལྟོས་དང་། མེད་བཞིན་སྣང་བའི་གཟུགས་བརྙན་ཁ་དོག་དུ་མར་གསལ་བ་ཤར་ཡང་། ཤར་བ་ཉིད་དངོས་པོར་མ་གྲུབ་པའི་སྟོང་པར་འདུག་པ་དཔེ་འདི་ཇི་ལྟ་བར་རང་གི་སེམས་ཉིད་ཡེ་


TR006_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དངོས་པོ་དང་མཚན་མར་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་ལ། མེད་པའི་རང་གདངས་འགགས་མེད་ཀྱི་གསལ་སྣང་སྣ་ཚོགས་སུ་ཤར། གང་ལྟར་འཆར་ཡང་དོན་ལ་བདེན་པས་དབེན་པ་འདི་ནི་སེམས་ཉིད་ཀྱི་གནས་ལུགས་སམ་ཆོས་ཉིད་ཡིན་པ་དང་། དེ་ཡང་སངས་རྒྱས་སྐུ་གསུམ་གྱི་ངོ་བོ་རང་བཞིན་ཐུགས་རྗེ་ཉིད་དུ་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པ་ཡིན་ཏེ། དེ་གང་ཡིན་ན། སེམས་ཀྱི་ངོ་བོ་སྟོང་པ་སྤྲོས་མཚན་ལས་འདས། འདས་པའི་དབྱིངས་ནི་ཆོས་སྐུ། དེའི་རང་མདངས་ཡེ་ཤེས་འགག་མེད་གསལ་རིག་ཏུ་སྣང་བ་ནི་ལོངས་སྐུ་གསལ་སྟོང་དབྱེར་མེད་ཀྱི་རྩལ་ལས་འཁོར་འདས་ཀྱི་རྟོགས་ཚོགས་ཅིར་ཡང་འཆར་བ་ནི་སྤྲུལ་སྐུ་སྟེ། དེ་གསུམ་ཡང་ཐ་དད་མ་ཡིན་པར་ད་ལྟའི་ཐ་མལ་ཤེས་པ་བཟོ་བཅོས་མ་བྱས་རྐྱེན་གྱིས་མ་བསྒྱུར་འཛིན་པས་མ་བསླད་པའི་རང་ངོ་ཧྲིག་གེ། ཡེར་རེ། རྗེན་ནེ་བ་འདི་ཀ་ལས་གཞན་


TR006_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་ཡོད་པ་མ་ཡིན་པས། འདི་ནི་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཡང་ཡིན་ལ། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཡང་འདི་ཡིན་ནོ། །འདི་ལས་འཁོར་འདས་ཐམས་ཅད་འབྱུང་བས་ན་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ཡང་འདིར་འདུས་སོ། །འདི་ཉིད་རང་ངོ་རང་གིས་ཤེས་ན་དབང་ཐམས་ཅད་ཀྱི་སྙིང་པོ་ཚིག་དབང་རིན་པོ་ཆེའམ་རིག་པ་རྩལ་གྱི་དབང་དམ་པ་ཐོབ་པ་ཡིན་ནོ། །དེ་ཐོབ་པས་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་མ་ལུས་པ་ལ་དབང་བསྒྱུར་བ་ཡིན་ཕྱིར་ཆོས་ཉིད་དོན་གྱི་དབང་ཡང་དག་པ་ཐོབ་པ་ཡིན་པས་དེ་ལྟར་ཤེས་པར་མཛོད་ཅིག །དེ་ནས་རྗེས་གནང་མཐའ་རྟེན་ཕྲིན་ལས་ལས་སྦྱོར་དྲག་པོ་སྒྲོལ་དབང་གི་མཚོན་བྱེད་ཙམ་དུ། ལྕགས་ཕུར་ལག་ཏུ་གཏད་ཅིང་། དེ་ལྟར་དཔལ་ཆེན་བཀའ་བརྒྱད་འདུས་པའི་དབང་བཞི་ཡོངས་རྫོགས་སུ་ཐོབ་པའི་མཐའ་རྟེན་ཕྲིན་ལས་


TR006_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་གདུག་པ་འདུལ་བྱེད་ཕུར་པས་དབང་བསྐུར་བ་ཡིན་པས། ལྕགས་ཕུར་འདི་ཉིད་ངོ་བོ་དཔལ་ཆེན་པོ་ཆེ་མཆོག་ལྷ་དགུ་ལ་རྣམ་པ་ལས་བྱེད་སྤྲུལ་པའི་སྲས་མཆོག་བཛྲ་ཀཱི་ལ་ཡ་སྐུ་སྟོད་ཁྲོ་བོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་ཕུར་བུ་འདྲིལ་བ་ལ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མས་ནས་དྲངས་མ་ཐག་ལྟར་མེའི་ཚ་ཚ་འཕྲོ་བ་ཅན་དུ་གསལ་བ་འདི་ཁྱེད་ཀྱི་ལག་ཏུ་གཏད་ཅིང་དྲིལ་བ་ཙམ་གྱིས། མ་རུངས་གདུག་པའི་དགྲ་གེགས་ཚར་གཅོད་པའི་ནུས་པ་ཐོབ་པར་སྒོམ་མཛོད་ཅིག །ཧཱུྃ། ཕྲིན་ལས་མ་ལུས་སྒྲུབ་པའི་རྫས། །དྲག་པོའི་ལྕགས་ཕུར་ལྷར་གསལ་ནས། དྲག་སྔགས་བཟླ་ཞིང་དྲིལ་བར་བྱ། །ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷན་བཾ་ཧཱུྃ་ཕཊཿ མཱ་ར་ཡ་ཧཱུྃ་ཕཊཿ ཧཱུྃ་ཀ་ར་ཧཱུྃ་ཨཿ འདི་སྐབས་བཀའ་བརྒྱད་ཀྱི་དབང་རྒྱས་པ་རྣམས་སུ་ལིང་ཆེན་ལ་དགུག་གཞུག་


TR006_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་ལས་རྒྱས་པར་བྱས་པའི་མཐར་གཙོ་བོ་དགུ་དང་ལས་ཕུར་བརྒྱ་རྩ་བརྒྱད་རྣམས་ཀྱིས་ཕུར་སྐོར་དང་བཅས་ཏེ་དྲག་པོ་སྒྲོལ་དབང་བསྐུར་བ་ཡིན་མོད་ཀྱང་། འདིར་ནི་སྤྲོས་པ་ཉེར་བསྡུའི་སྐབས་ཡིན་ཚེ་རི་ཙམ་གྱི་ཆོག་པའོ། །དེ་ཡང་བསྒྲལ་ལས་ཐམས་ཅད་ཀྱི་རྩ་བ་ནི་རྟོགས་པས་བསྒྲལ་བ་དང་ཐུགས་རྗེས་གཞན་བསྒྲལ་བ་གཉིས་ཡིན་ལ། སྒྲོལ་བའི་ཐབས་ཀྱང་དོན་ཆོས་ཉིད་ཀྱིས་བསྒྲལ་བ་དང་རྟགས་ཆོ་གས་བསྒྲལ་བ་གཉིས་དང་ལྡན་དགོངས་པ་ལས། དེ་ལ་དང་པོར་རྟོགས་པས་བདག་བསྒྲལ་བ་ནི། རང་རྒྱུད་ཀྱི་མ་རིག་པ་ངའམ་བདག་ཏུ་འཛིན་པ་འདི་ཁམས་གསུམ་འཁོར་བའི་རྩ་བ་ཡིན་ཞིང་བྱང་ཆུབ་ཏུ་མི་སྟེར་བའི་གནོད་བྱེད་ནི་འདི་ཁོ་ན་ཡིན་ཕྱིར། འདི་ཉིད་རང་རིག་པ་བྱང་ཆུབ་སེམས་ཀྱི་ཕུར་པ་སྐུ་གསུམ་དབྱེར་མེད་ཀྱི་དབལ་དང་ལྡན་པས་ཆོས་ཉིད་གནས་ལུགས་ཀྱི་ཧོམ་ཁུངས་སུ་མ་བཅོས་མཉམ་ཉིད་ཀྱི་ཏིང་འཛིན་གྱིས་བསྒྲལ་


TR006_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་དོན་ཆོས་ཉིད་ཀྱིས་བསྒྲལ་ཚུལ་ཡིན་པས་བསྒྲལ་ལས་ཀུན་གྱི་ཐོག་མར་འདི་ཉིད་གནད་དུ་ཐེབས་དགོས་པ་དང་། དེ་ལ་རང་དབང་ཐོབ་ནས་ཐུགས་རྗེས་གཞན་སྒྲོལ་བ་ནི། སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན། སྒོས་སུ་ལོག་རྟོགས་གདུག་པ་ཅན་གྱི་གདུལ་བྱ་རྣམས་ལ། ཞེ་སྡང་ཁོང་ཁྲོ་གནོད་སེམས་ཀྱིས་མ་ཡིན་པར་བླ་མེད་བྱང་ཆུབ་ལ་བགོད་སླད་འབའ་ཤིག་པའི་བློས་ཀུན་ནས་བསླང་སྟེ། ལྟ་བའི་རྫོང་ལ་གཞི་བཅའ། སྒོམ་པའི་ཕྲང་གི་གནད་བཟུང་། སྤྱོད་པའི་སྲོག་གི་མན་ངག་གཏན་ལ་ཕབ་ནས་ལོག་སྤྱོད་ཀྱི་སྐྱེ་འགྲོ་རྣམས་ཀྱི་ལས་ངན་གྱི་ས་བོན་རྒྱུན་བཅད་ཅིང་ཚོགས་གཉིས་ཀྱི་ཤིང་རྟ་ཐར་གླིང་དུ་བསྐྱོད་པའི་ཐབས་ཀྱི་ཆོ་གས་གདུལ་བྱ་བྱང་ཆེན་ལ་འགོད་པ་ལ་ཐུགས་རྗེས་གཞན་སྒྲོལ་བ་ཞེས་བྱ་བ་སྟེ། དེ་ལྟ་བུའི་གནད་དོན་རྒྱུད་ལ་སྦྱོར་འཚལ་ལོ།། ༈ །།དེ་ལྟར་བདེ་གཤེགས་


TR006_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་སྒྲུབ་པ་བཀའ་བརྒྱད་དངོས་གྲུབ་ཀྱི་སྙིང་པོའི་དབང་བསྐུར་ཟབ་པའི་མཐར་ཐུག་པ་འདི་ལྟ་བུ་ལེགས་པར་ཐོབ་པ་ཡིན་པས་ན། དབང་ཐོབ་པ་གཅིག་པུས་མི་ཆོག་སྟེ། དབང་སྲོག་དམ་ཚིག་ལ་རག་ལས་ཕྱིར་དམ་ཚིག་ཚུལ་བཞིན་བསྲུང་དགོས། དབང་ཐོབ་ནས་དམ་ཚིག་མ་བསྲུངས་ན་སྨན་མ་ཞུ་བ་དུག་ཏུ་གྱུར་པ་བཞིན་ཕན་པ་བས་གནོད་པ་ཆེ་བས་དམ་ཚིག་གི་ཆད་པས་ཚེ་འདིར་ཡང་མི་རུང་བ་སྣ་ཚོགས་པ་དང་ཕྱི་མ་རྡོ་རྗེའི་དམྱལ་བ་ཆེན་པོ་ནས་ཐར་བའི་དུས་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། དམ་ཚིག་ཚུལ་བཞིན་བསྲུངས་ན་གནས་སྐབས་དང་མཐར་ཐུག་གི་དོན་ཀུན་འབད་མེད་དུ་འབྱུང་ཞིང་མྱུར་དུ་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་པས་དེ་ལྟ་བུའི་ཁེ་ཉེན་ལ་བསམ་ནས་སྤང་བླང་ཚུལ་བཞིན་བསྒྲུབ་འཚལ་སྟེ། དམ་ཚིག་ཇི་ལྟར་


TR006_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བའི་རིམ་པ་ལ་རྒྱས་པར་ནི་བསམ་གྱིས་མི་ཁྱབ་མོད་ཀྱང་སྙིང་པོ་འགག་དྲིལ་དུ། སྐུའི་དམ་ཚིག་ཏུ་ལུས་ཀྱི་མི་དགེ་བ་སྤངས་ནས་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་བརྩོན་པ་དང་། གསུང་གི་དམ་ཚིག་ཏུ་ངག་སྒྲིབ་མི་གསོག་ཅིང་བསྙེན་སྒྲུབ་པ་འབད་པ་དང་། ཐུགས་ཀྱི་དམ་ཚིག་ཏུ་ཡིད་ཀྱི་མི་དགེ་བ་མཐའ་དག་དང་ཁྱད་པར་གསང་སྔགས་ཀྱི་ཆོས་ལ་ལོག་ལྟ་སྤང་ཞིང་སྐྱེད་རྫོགས་ཟུང་འཇུག་བསྒོམ། རྡོ་རྗེ་སློབ་དཔོན་ལ་སངས་རྒྱས་སུ་ཐག་ཆོད་པའི་དད་གུས་ཀྱིས་གང་གསུང་གི་བཀའ་སྒྲུབ། ཁམས་གསུམ་སེམས་ཅན་ལ་ཕ་མའི་འདུ་ཤེས་ཀྱི་གནོད་ཚེ་སྤང་ཞིང་ཅི་ནུས་ཀྱི་ཕན་འདོགས་བྱ། རྒྱལ་བའི་བསྟན་པ་ལ་ཞུགས་པ་སྤྱི་དང་ཁྱད་པར་བླ་མ་དང་དཀྱིལ་འཁོར་གཅིག་པའི་མཆེད་ལྕམ་ལ་དག་སྣང་སྙིང་ནས་སྦྱངས་ཏེ་འཐབ་རྩོད་དང་ལོག་ལྟ་སྤང་བ་རྣམས་ནི་སྤྱིར་གཅེས་པའི་དམ་ཚིག་ཡིན་ལ། སྒོས་སུ་དབང་བཞིའི་དམིགས་


TR006_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དུ་ནི། བུམ་དབང་ཐོབ་ནས་སྣོད་བཅུད་ཐ་མལ་དུ་མི་འཛིན་པར་ལྷའི་དཀྱིལ་འཁོར་དུ་ལྟ། གསང་དབང་ཐོབ་ནས་སྒྲ་སྐད་བརྗོད་ཚིག་དབུག་གི་འབྱུང་རྔུབ་མཐའ་དག་སྔགས་སུ་ཤེས་པར་བྱ། ཤེར་དབང་ཐོབ་ནས་བདེ་སྡུག་བཟང་ངན་གྱི་ཚོར་རྟོགས་ཐམས་ཅད་ཆོས་དབྱིངས་ལྷན་སྐྱེས་སུ་འཁྱེར་ཞིང་། ཤེས་རབ་མོ་རིགས་སུ་གྱུར་ཚད་ལ་ལོག་ལྟ་དང་ཆགས་སེམས་སྤང་། ཚིག་དབང་ཐོབ་ནས་ནི་སྒོ་གསུམ་ཐ་མལ་ཞེན་འཛིན་འཁྲུལ་ཕྱིར་མི་འབྲེང་བར་ཅིར་སྣང་ཆོས་ཉིད་དུ་འཁྱེར་བ་རྣམས་ཡིན་པས་དམ་ཚིག་འདི་དག་ལས་སྐད་ཅིག་ཀྱང་མི་འདའ་བར་བསྲུང་ན་སྨིན་གྲོལ་ཉམ་ལེན་གྱི་གནད་དོན་མ་ལུས་འདིར་གཞོལ་བ་ཡིན་པས་དེ་ལྟར་རྒྱུད་ལ་འདྲེ་བར་མཛོད་ཅིག །ཅེས་བརྗོད། དེ་ནས་དབང་བརྟན་པར་བྱེད་པའི་བཀྲ་ཤིས་ཀྱིས་ཚིགས་སུ་


TR006_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དབྱངས་དང་བཅས་པས་རྒྱས་པར་བརྗོད་ཅིང་རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་ཕབ། ཚོགས་འཁོར་གྱི་དགའ་སྟོན་དང་བཏང་རག་གི་མཆོད་བསྟོད། རྗེས་ཀྱི་ལས་རིམ་མཐའ་དག་ནི་སྤྱི་གཞུང་ལྟར་བྱས་པས་འགྲུབ་པའོ། །དེ་ལྟར་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་བར་ཆད་སེལ་བྱེད་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོག་སྒྲིག་ཆགས་སུ་བགྱིས་པ་འདི་ཡང་། སྐྱབས་མཆོག་སྤྲུལ་པའི་ཟླ་སྣང་འགྱུར་མེད་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོའི་མཚན་གྱིས་བཀའ་སྩལ་སྤྱི་བོས་བླངས་ནས་སྣ་ཚོགས་རང་གྲོལ་གྱིས་ཡི་གེར་བཀོད་པ་སརྦ་མངྒ་ལཾ། གཅིག་ཞུས་ཁུལ་ལགས།


previousཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆ་རྐྱེན་དུ་གྱུར་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོགnext