Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
དབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་རིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousདབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་རིས།next

དབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་རིས།


TR007_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་རིས་བཞུགས་སོ། །


TR007_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུྃ། གང་ཞིག་རྡོ་རྗེ་སློབ་དཔོན་སྐྱེད་རྫོགས་ཀྱི་ནུས་པ་མཐར་ཕྱིན་པ་དག་གིས། །དཀོན་མཆོག་སྤྱི་འདུས་དབང་དྲག་འབར་བའི་དབང་བསྐུར་བར་བྱ་བར་འདོད་ན། དེ་ཡང་གཏེར་སྟོན་ཉིད་ཀྱི་བཀའ་ལས་ནི་འདི་ཉིད་ཆོས་བཀའ་བསྡུས་པའི་གཤིས་ཀྱིས་གང་ཟག་སྤྲོས་པ་ལ་དགའ་བའི་རིགས་རྣམས་ཡིད་མ་ཚིམས་ན་གཏེར་ཁ་གཞན་གྱི་དྲག་སྒྲུབ་གང་འོས་ནས་ཁ་བཀང་བར་རུང་གསུངས་མོད་ཀྱང་། རེ་ཤིག་རང་གཞུང་སོར་བཞག་ལྟར་བྱེད་པའི་དབང་དུ་བགྱི་ན། །སྲེགས་བུའི་ཁར་མེ་ཏོག་ཚོམ་བུ་ལྔ་སོགས་ཅི་རིགས་བཀོད་ལ། །དབང་རྫས་ནི་དཀོན་མཆོག་སྤྱི་འདུས་ཞི་བའི་དབང་བཞི་ལྟར་རམ། ཡང་ན་གཏོར་དབང་བྱ་སྟེ།


TR007_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་ཟུར་གསུམ་ལ་མེ་རི་དང་ཞབས་སུ་པད་འདབ་ཅན་གཟི་བརྗིད་བག་དྲོ་བའི་རྒྱན་དང་ལྡན་པ་བཤམས་པའི་མཐའ་སྐོར་དུ་གཏོར་མཆོད་སྨན་རག་ཚོགས་ཀྱི་ཡོ་བྱད་སོགས་རྒྱ་ཆེན་བཀོད་ནས། འགུ་རུ་ཞི་དྲག་གི་ལས་གཞུང་བསྐང་གསོ་ཚོགས་གསོ་ཚོགས་མཆོད་རྣམས་རྒྱས་པར་བྱ་ཞིང་། འཛབ་བསྙེན་ཏིང་འཛིན་ནན་ཏན་དུ་སྒྲུབ་ནས་སློབ་དཔོན་ཉིད་ཏིང་ངེ་འཛིན་གྱི་དབང་བླང་བ་སོགས་སྔོན་དུ་བྱ་བའི་རིམ་པ་རྫོགས་པ་དང་། སློབ་མ་རྣམས་ལ་ཁྲུས་དང་བགེགས་སྐྲད་བསྲུང་འཁོར་མཎྜལ་དང་ཆོས་བཤད་ཀྱང་། གུ་རུ་ཞི་བའི་དབང་སྐབས་ཀྱི་དེ་ཀ་བཤད་པས་ཐུས་ལ། དངོས་གཞི་ཡེ་ཤེས་དབབ་པའི་དམིགས་པ་འདི་ལྟར་སྤྲད་དེ། །


TR007_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱསྭཱ་བྷ་ཝ་ཤུདྡྷོ྅ཧཾ། སྐད་ཅིག་གིས་ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐ་མལ་ཨ་འཐས་སུ་འཛིན་པའི་བག་ཆགས་སྦྱང་སྟོང་ཉིད་ཁྱབ་གདལ་ཆེན་པོར་གྱུར་པའི་ངང་ནས། དྲེགས་པ་པདྨ་ཟླ་བ་ཉི་མ་བརྩེགས་པའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རིགས་པའི་ངོ་བོ་ཡི་གེ་ཧཱུྃ་དམར་མེའི་མདོག་ཅན་ཞིག་ཏུ་གྱུར། དེ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་གྱི་སྒྲིབ་པ་སྦྱངས། གདོན་བགེགས་རྒྱལ་བསེན་འབྱུང་པོ་ལོག་འདྲེན་གདུག་པ་ཅན་ཐམས་ཅད་ཚར་བཅད། སླར་འོད་ཟེར་ཚུར་འདུས། ཧཱུྃ་ཡིག་ལ་ཐིམ་པ་ཙམ་གྱིས་གནས་འགྱུར་ཏེ། ཁྱེད་རང་རྣམས་དཔལ་ལེན་དབང་དྲག་འབར་བ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་


TR007_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་འཕྱར་བས་མེ་དང་མཚོན་ཆའི་ཚ་ཚ་འཕྲོ་བ། གཡོན་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་བཅོ་བརྒྱད་པ་འཇིགས་སུ་རུང་བའི་ལུས་ལས་རང་འདྲའི་སྤྲུལ་པ་གྲངས་མེད་འགྱེད་པ། །ཞལ་གནམ་ས་ཙམ་དུ་བསྒྲད་ཅིང་མཆེ་བ་གངས་རི་ལྟར་བཙིགས་པ། ལྗགས་གློག་དམར་ལྟར་འདྲིལ་ཞིང་སྤྱན་གསུམ་ཉི་ཟླ་ལྟར་འབར་བ། །དབུ་སྐྲ་རལ་པ་སྨུག་ནག་མུན་ལྟར་སྟིབས་པ་ལ་ཐོད་སྐམ་རིན་ཆེན་རྩེ་བྲན་དར་དཔྱང་གིས་བརྒྱན་པ། སྐུ་ལ་དུར་ཁྲོད་འབར་བའི་ཆས་བརྒྱད་དང་དཔལ་གྱིས་ཆས་བཅུ་ལ་སོགས་ཁྲོ་རྒྱལ་རྔམས་པའི་ཆ་ལུགས་ཡོངས་སུ་རྫོགས་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ཁྱེད་ཀྱི་འདོར་སྟབས་ཅན། སྐུ་རི་རབ་ལྷུན་པོ་ལྟར་བརྗིད་ཅིང་འགྱིང་བའི་བ་སྤུའི་བུ་ག་ཀུན་ནས་སྤྲུལ་པའི་ཁྲོ་ཆུང་གནམ་ས་ཁེངས་པ་ལྟར་འཕྲོ་བ། །ཡེ་ཤེས་ཀྱི་མེ་དཔུང་འབར་བའི་


TR007_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ན་གཟི་བརྗིད་ཉི་མ་འབུམ་ལྟར་གསལ་བའི་སྤྱི་བོར་ཨོཾ། །མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་རྣམས་ལས་འོད་ཟེར་དང་། བདག་མདུན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས། །ལྷོ་ནུབ་རྔ་ཡབ་གླིང་ན་ཁྲག་འཐུང་གི་རྒྱལ་པོ་དབང་དྲག་པདྨ་ཐོད་ཕྲེང་གི་ཐུགས་རྒྱུད་བསྐུལ་བས། སྐད་ཅིག་ལ་སྐུ་གཟི་བརྗིད་ཀྱི་ཕུང་པོ་དཔལ་དུ་འབར་ཞིང་། གཡས་ནས་དཔའ་བོ་འབུམ་གྱི་ཧཱུྃ་གི་གླུ་ལེན། །གཡོན་ནས་མཁའ་འགྲོ་འབུམ་རྡོ་རྗེའི་གར་བསྒྱུར། མདུན་དུ་བླ་མ་རིག་འཛིན་གྱི་ཚོགས་བཅས་སྤྲིན་ལྟར་ཐིབས་པས་བྱིན་རླབས་ཀྱི་ཆར་འབེབས། རྒྱབ་ནས་བཀའ་སྲུང་ཆོས་སྐྱོང་གི་དཔུང་ཚོགས་རི་ཉིལ་བ་ལྟ་བུས་ཅི་འདོད་ཀྱི་ཕྲིན་ལས་བསྒྲུབ་པའི་མཐུ་སྟོབས་དྲག་རྩལ་གློག་ལྟར་མྱུར་བ་དང་བཅས་ཏེ་བྱོན་ནས། ཁྱེད་རང་དམ་ཚིག་སེམས་དཔའ་རྣམས་ལ་མཚོ་ལ་ཁ་བ་འབབ་པ་བཞིན་གཉིས་མེད་དུ་ཐིམ་པའི་མོས་པ་སྐད་ཅིག་


TR007_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ཡེངས་པར་མཛོད་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སརྦ་ཐོད་ཕྲེང་རྩལ། བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ། ཨ་ཝེ་ཤ་ཡ་ཨཿཨཱཿ ཞེས་རོལ་མོ་དྲག་ཏུ་སྒྲོག་པ་སོགས་ཀྱི་ཡེ་ཤེས་བསྟིམ་ཞིང་། སུ་པྲ་ཏིཥྵ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར་བར་བསྟན་པར་རྒྱས་གདབ་བོ།། ༈ །།དེ་ནས་དབང་དངོས་ནི། དབང་རྫས་བུམ་པའམ། གཏོར་དབང་ཡིན་ན་ཐོག་མར་སློབ་མའི་སྤྱི་བོར་བཞག་པའི་སྐབས་ཀྱི་དམིགས་པ་དང་དག་སྦྱོར་རྣམས་བུམ་དབང་གི་སྐབས་བཞིན་བརྗོད་ཅིང་། བསྐུར་ཚིགས་ཀྱང་ཞི་བའི་དེ་ཀ་སོར་བཞག་ལས། ཁྱད་པར་ནི། པདྨ་འབྱུང་གནས་ཞེས་པའི་སྐབས་སུ། པདྨ་དྲག་པོ་སྐུ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུལ་ཞིང་། དེ་བཞིན་དུ་མགྲིན་པར་གསང་དབང་། སྙིང་གར་ཤེར་དབང་། གནས་ལྔའམ་སྤྱི་བོར་ཚིག་དབང་དང་བཅས་པ་རྣམས་བསྐུར་ཚུལ་དབང་ཚིག་དག་སྦྱོར་དམ་ཚིག་བསྲུང་ཚུལ་སོགས་ཞི་བའི་ཇི་ལྟ་བ་ལས། ཚིག་ཕྲད་དང་སྔགས་ཀྱི་ཁ་བསྒྱུར་གོང་ལྟར་བསྒྱུར་བར་བྱའོ། །འདི་སྐབས་དབང་བཞི་


TR007_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་མ་གཏོགས། པུསྟི་ལུང་དབང་དང་བཀའ་སྲུང་གཏོར་དབང་། ཚེ་དབང་སོགས་རྣམས་ནི་མི་དགོས་ཤིང་། གཞན་མཇུག་གི་ལས་རིམ་སོགས་ཐམས་ཅད་སྤྱི་ལྟར་ཤེས་པར་བྱའོ། །མདོར་ན་དྲག་སྒྲུབ་ཀྱི་དབང་གི་རིམ་པ་འདི་བཀའ་གཉན་ཞིང་འཚུབས་ཆ་ཆེ་བས་ན། སློབ་དཔོན་ཉིད་ཀྱང་བསྙེན་བསྒྲུབ་མཐར་ཕྱིན་ལྟ་སྒོམ་གདེང་ལྡན་དང་། སློབ་མ་ཡང་སྣོད་ལྡན་མ་གཏོགས་གང་བྱུང་བྱུང་གིས་ནི་རུང་བ་མ་ཡིན་ཞིང་། ཁྱད་པར་དིང་སང་གསང་སྔགས་འཆལ་ཏེ་ཟང་ཟིང་འབུལ་སྡུད་ཀྱི་ཟོང་རིན་དབང་བསྐུར་ལ་བྱེད་པ་དང་། གསང་སྔགས་ཁྲོམ་བཤད་བྱེད་པ་འདི་འདྲས་ནི་སློབ་དཔོན་གཉིས་ཀར་ཕན་པ་བས་གནོད་པ་བརྒྱ་འགྱུར་གྱིས་ཆེ་ཚུལ་རྣམས་ལེགས་པར་བསམ་དགོས་པར་གདའ་བ་ཕྱི་རབས་དཔྱོད་ལྡན་དག་གིས་དགོངས་འཚལ། ཞེས་སྤོང་བ་པ་སྣ་ཚོགས་རང་གྲོལ་གྱིས་སྙིང་ནས་གསོལ་བ་ལགས། གཅིག་ཞུད།


previousདབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་རིས།next