Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
ཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བཀོད་པ་ལྟས་ཆོག་བདུད་རྩིའི་འདོད་འཇོ།
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བཀོད་པ་ལྟས་ཆོག་བདུད་རྩིའི་འདོད་འཇོ། next

ཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བཀོད་པ་ལྟས་ཆོག་བདུད་རྩིའི་འདོད་འཇོ།


TR007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བཀོད་པ་ལྟས་ཆོག་བདུད་རྩིའི་འདོད་འཇོ་བཞུགས་སོ། །


TR007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སྲིད་ཞིའི་ཁྱབ་བདག་བླ་མ་ལ། །རྟག་ཏུ་མི་ཕྱེད་གུས་པས་རབ་ཏུ་ནས། །དམ་པའི་གཤེགས་ཤུལ་ཆུ་སྦྱིན་བགྱི་བའི་ཚུལ། །མདོར་བསྡུས་བལྟས་ཆོག་བདག་གིས་འདིར་བཀོད་བྱ། །དེ་ལ། འདིར་སྐྱེས་བུ་གང་ཞིག་ཚེ་འདིའི་ཟས་ནོར་སྙན་གྲགས་ལོ་འདོད་སོགས་ཆོས་བརྒྱད་ཀྱི་བསམ་པ་མ་ཡིན་པར། བླ་མེད་ཀྱི་བྱང་ཆུབ་དང་གཞན་ཕན་ཁོ་ན་དོན་དུ་གཉེར་བ་དག་གིས། གནས་གཙང་ཞིང་ཡིད་དང་མཐུན་པར། །ཆབ་གཙང་འབུ་སྲིན་དང་རྡལ་རྡུལ་མེད་པ་ཅི་འབྱོར་དང་། འབྲུ་ཟན་གྱི་རིལ་བུ་བརྒྱ་རྩ་བརྒྱད། མཆོད་པའི་ཞལ་ཟས། །ཛམླའི་གཏོར་མ་དང་བཅས་པའམ། ནས་དང་འབྲས་ཀྱི་འབྲུ་སོགས་ལའང་རུང་ཞིང་


TR007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་གཏོར་སྣོད་དང་མཆོད་པའི་ཡོ་བྱད་འཛོམས་པའི་ངང་ནས། སྙིང་རྗེ་བྱང་སེམས་ཀྱི་བསམ་པ་བརྟན་པོས་སྟན་བདེ་ལ་འདུག་སྟེ། ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་རྒྱས་པ་སྤྱི་མཐུན་ལྟར་བྱ་བའམ། །བསྡུས་པ་ལ་སྤྲོ་ན་འདི་ལྟར་ཚིག་དོན་མཐུན་པས། ན་མོ། ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཚོགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། །རྟག་པར་སྐྱབས་མཆི་འགྲོ་ཀུན་བདེ་ཐོབ་ཕྱིར། །རྒྱལ་སྲས་སྤྱོད་པ་བདག་གིས་སྤྱད་པར་བགྱི། །སྲས་བཅས་རྒྱལ་རྣམས་འདིར་གཤེགས་དགྱེས་པར་བཞུགས། །གུས་པས་ཕྱག་འཚལ་ཕྱི་ནང་མཆོད་ཚོགས་འབུལ། །སྡིག་


TR007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཐོལ་བཤགས་དགེ་ལ་ཡི་རང་ངོ། །ཆོས་འཁོར་རྒྱུན་མི་ཆད་མཛད་རྟག་བཞུགས་གསོལ། །དགེ་ཀུན་འཁོར་བ་དོང་སྤྲུག་ཕྱིར་བསྔོའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཛྭ་ལ་ཧྲི་ད་ཡ། གརྦེ་ཛྭ་ལ་དུ་རུ་དུ་རུ་ནི་སྭཱ་ཧཱ། དེ་ནས་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ། འདི་ནི་དགེ་སྦྱོར་གང་བྱེད་བརྒྱ་འགྱུར་དུ་འཕེལ་བར་བྱེད་པའི་གཟུངས་སོ། །ཝ་ཤུདྡྷོ྅ཧཾ། ཕྱི་ནང་སྣོད་བཅུད་སྟོང་ཞིང་བདག་མེད་དང་། །རང་ཉིད་སྐད་ཅིག་འཕགས་མཆོག་ཐུགས་རྗེའི་སྐུ། །དཀར་གསལ་ཞི་འཛུམ་དར་དང་རིན་ཆེན་རྒྱན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་པད་དཀར་འཛིན། །པད་ཟླའི་སྟེང་བཞུགས་འོད་འབར་ལྷམ་མེ་བའི། །ཐུགས་ཀར་ཧྲཱིཿམཐར་ཡིག་དྲུག་བསྐོར་བ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །རིགས་ལྔས་དབང་བསྐུར་སྣང་མཐས་དབུ་རྒྱན་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ས་གཞི་དང་གནས་ཁང་བྱིན་གྱིས་བརླབས་པ་ནི། ས་གཞི་གནས་ཁང་ཕྱི་


TR007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྟེང་འོག་ཀུན། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་གྲུབ་པའི། །བཀོད་པའི་བྱེ་བྲག་ཡིད་འོངས་མཐའ་ཡས་པ། །རྒྱལ་བའི་ཞིང་མཆོག་ཡོན་ཏན་ཀུན་ལྡན་གྱུར། །མཆོད་རྫས་བྱིན་བརླབ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷཱ་ཝ་ཤུདྡྷ༴ སྟོང་གསུམ་དང་མཉམ་རིན་ཆེན་སྣོད་དག་ཏུ། །སྔགས་དང་ཏིང་འཛིན་འདུ་འཕྲོ་ལས་བྱུང་བའི། །མཆོད་པའི་ཡོ་བྱད་སྣ་ཚོགས་དཔག་མེད་པ། །རབ་འབྱམས་རྒྱལ་བ་མཉེས་བྱེད་མཆོག་ཏུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧེྞ་དཾ་བཱ་ལྱ་དི་སྭཱ་ཧཱཿ གཏོར་མགྲོན་རྣམས་སྤྱན་དྲངས་པ་ནི། བདག་ཉིད་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་དང་། །རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་སོགས། །མགྲོན་རྣམས་སྤྱན་དྲངས་སོ་སོའི་གདན་བཞུགས་གྱུར། བཛྲ་ས་མ་ཛཿ


TR007_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཀ་མ་ལ་ཡེ་སྟྭཾ། རྒྱལ་བའི་སྐུ་ལ་ཉེས་སྒྲིབ་སྐྱོན་བྲལ་ཡང་། །བདག་སོགས་བསོད་ནམས་ཚོགས་རྫོགས་སྒྲིབ་སྦྱང་ཕྱིར། །ཡན་ལག་བརྒྱད་ལྡན་བདུད་རྩིས་ཁྲུས་གསོལ་བས། །འགྲོ་བའི་ལས་ཉོན་སྒྲིབ་ཚོགས་དག་གྱུར་ཅིག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག །མཐའ་ཡས་མཆོད་ཚོགས་རྒྱ་མཚོ་བདག་འབུལ་གྱི། །བཞེས་ནས་འགྲོ་ཀུན་ཐུགས་རྗེས་སྐྱབས་ཏུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་བི་དྱཱ། ཤབྟ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་ལྟར་ཡུལ་གོང་མ་སྤྱི་ལ་མཆོད་པའི་རིམ་པ་སྔོན་དུ་བཏང་ནས། མཆོད་པ་རྣམས་གཤེགས་ཅིང་། བཤལ་ཆུ་ནི་གཏོར་ཆུ་དང་མི་བསྲེ་བར་ཕྱི་རོལ་དུ་དབོ་བར་བྱའོ། །དེ་ནས་བར་འདིར་ཆུ་སྦྱིན་ནི། གཏོར་སྣོད་ལྔ་པོ་བཤམས་ཏེ་ཆུ་གཙང་སྦྲེང་བའི་དང་པོ་དེ་ལ། བདག་ཉིད་བཅོམ་


TR007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཐུགས་རྗེ་ཆེན་པོ་ཡི། །ཕྱག་གི་སོར་མོ་རྩེ་ནས་བདུད་རྩིའི་རྒྱུན། །རབ་ཏུ་བབས་པས་ཡི་དྭགས་ཚོགས་རྣམས་ཀུན། །ཚིམ་པས་ལོངས་སྤྱད་དགའ་བདེས་རྒྱུད་གང་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅེས་པས་སྣོད་མ་ཁེངས་ཀྱི་བར་དུ་སྦྲེང་། སྣོད་གཉིས་པ་དེ་ལ་ལག་གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་པས་ཁེངས་པར་སྦྲེང་། སྣོད་གསུམ་པར་ཆུ་ཐིག་བཅད་ཅིང་བླུག་ལ་སེ་གོལ་དང་བཅས་པས། ཨོཾ་ཛ་ལ་ཨི་དམ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། སྣོད་བཞི་པར་སྦྲེང་ལ། །འཕགས་མཆོག་རྒྱལ་བའི་ཕྱག་ནས་ལེགས་བབས་པའི། །ཡིད་འོངས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ། །ཡི་དྭགས་གངྒཱའི་ཀླུང་གི་བྱེ་སྙེད་ཀུན། ཁྲུས་བྱས་གདུང་བ་ཀུན་བྲལ་བདེ་ཐོབ་ཤོག །སྣོད་ལྔ་པར་སྦྲེང་ཞིང་། མགོན་པོ་མི་འཁྲུག་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ན་ིཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་


TR007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པཱ་རྃ་པ་རཱ་ཎི་མི་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། སྔགས་དང་ཏིང་འཛིན་བདེན་པའི་བྱིན་རླབས་ཀྱིས། །ཚེ་འདས་བར་དོར་འཁྱམས་པའི་འགྲོ་བ་དག །བདུད་རྩིའི་ཆུ་འདིས་ངོམ་ཞིང་ཚིམ་ནས་ཀྱང་། །སྡུག་བསྔལ་ཀུན་བྲལ་བྱང་ཆུབ་མཆོག་ཐོབ་ཤོག །དེ་ནས་ཛམླཱའི་ཆུ་སྦྱིན་བྱེད་ན། གཏོར་སྣོད་མཐའ་མ་གཉིས་སུ་ཛཾ་སེར་ནག་གཉིས་ཀྱི་ཆུ་སྦྱིན་འབུལ་བའི་སྣོད་བྱ་ཞིང་། །བར་མ་གཉིས་གཏོར་མའམ་རིལ་བུའི་སྣོད་དང་། །དབུས་མ་མཆོད་ཡོན་དུ་བྱ་ཕྱིར་བཤམས་ལ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བགེགས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སོགས། གཏོར་མའི་ཉེས་སྐྱོན་འབག་རྩོགས་ཀུན་སྦྱངས་ཤིང་། །རིན་ཆེན་སྣོད་དུ་འབྲུ་གསུམ་འདུ་འཕྲོ་ཡིས། །དམ་ཚིག་ཡེ་ཤེས་དབྱེར་མེད་བདུད་རྩིའི་མཆོག །དངས་ཤིང་ཐོགས་མེད་མི་ཟད་དབྱིངས་ཁྱབ་གྱུར། ན་མཿ སརྦ་


TR007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། ཨོཾ་ཨཱཿཧཱུྃ། གིས་གཏོར་མ་བདུད་རྩི་བྱིན་གྱིས་བརླབས། ཛམླ་བསྐྱེད་པ་ནི། །པད་ཟླར་ཛཾ་སེར་ཡོངས་གྱུར་ནོར་གྱི་ལྷ། །གསེར་མདོག་ཕྱག་གཉིས་ཤིང་ཏོག་ནེའུ་ལེ་འཛིན། །རིན་ཆེན་རྒྱན་ཅན་གནས་གསུམ་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་གྱུར། །བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལ་ཡེ་སྟཾྭ། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་སྒྲིབ་དག་རིན་འབྱུང་དབུ་བརྒྱན་ཅིང་། །བདག་གི་ལག་མཐིལ་ཟླ་དཀྱིལ་ཡིག་འབྲུ་ལྔ། །ཞུ་བ་ལས་བྱུང་བདུད་རྩིས་མཉེས་པར་གྱུར། །ཆུ་སྦྱིན་གྱི་སྣོད་གཅིག་ཏུ་ཆུ་སྦྲེང་བ་དང་བཅས་པས། བྷྲུྃ་ཨཾ་ཛི༚་ཁཾ་ཧཱུྃ། ཅེས་ལན་གཅིག་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པ་བརྒྱའམ་ཉེར་གཅིག་བདུན་སོགས་དང་། མཆོད་ཡོན་སྦྲེང་ཞིང་། ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ།


TR007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པཱདྱཾ། པུཥྤཱེ། དྷུ་པེ། ཨཱ་ལོ་ཀེ། གནྡ་དྷོ། ནཻ་ཝི་རྒྱ། ཤབྟ་པྲ་ཏཱིཙྪ་ཨཱཿཧཱུྃ། གཏོར་མའི་སྣོད་དུ་ཆུ་སྦྲེང་ཞིང་། ཛམྦྷ་ལ་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། །མགོན་པོ་ནོར་གྱི་བདག་པོ་འཁོར་བཅས་ལ། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་འབུལ་བས། །མཉེས་ཤིང་ཚིམ་ནས་ཆོས་མཐུན་ལོངས་སྤྱོད་ཀྱིས། །བདག་སོགས་འགྲོ་བའི་དབུལ་བ་བསེལ་བར་མཛོད། སིདྡྷི་ཕ་ལ་ཧོ། ཆུ་ཐིག་གཅིག་དངོས་གྲུབ་དུ་མྱང་ལ། བཛྲ་མཱུཾ། ཞེས་པས་གཤེགས་གསོལ་བྱ། ཛཾ་ནག་གི་གཏོར་མཆོད་ལ་ཡང་སྔར་ལྟར། ཨོཾ་བཛྲ་ཨ་མྲྀ་ཏ། སོགས་ནས། སམྦྷ་ར་དང་། ཨོཾ་ཨཱཿཧཱུྃ་གིས་བར་གྱིས་བྱིན་གྱིས་བརླབ་ལ། པད་ཉིའི་གདན་སྟེང་ཧཱུྃ་མཐིང་ཡོངས་གྱུར་ལས། །ཛཾ་ནག་ཁྲོ་ཚུལ་ཐོད་ཁྲག་ནེའུ་ལེ་བསྣམས། །སྦྲུལ་བརྒྱན་དོར་སྟབས་བཞེངས་པའི་གནས་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །སླར་ཡང་དབང་ལྷ་སྤྱན་དྲངས་དབང་བསྐུར་བས།


TR007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་སྐུ་གང་མི་བསྐྱོད་དབུ་བརྒྱན་གྱུར། རང་གི་ལག་མཐིལ་གྱི་ཡིག་འབྲུ་ལྔ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་མཉེས་པར་བསམ་པས་ཆུ་སྦྲེང་ཞིང་། ཨོཾ་ཨིནྡྲ་ནི་མུ་ཁམ་བྷྲ་མ་རི་སྭཱ་ཧཱ། ཨོཾ་ཛམླུཾ་སྭཱ་ཧཱ། བརྒྱའམ་ཉེར་གཅིག་བདུན་སོགས་དང་། མཆོད་ཡོན་སྦྲེང་ཞིང་། ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མོ་མ་ཎི་བྷ་དྲ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏཱ་ཡེ། ཏདྱཐཱ། ཨོཾ་ཛམྦྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ། ཛམྦྷ་ལ་ཨརྒྷཾ། པཱདྱཾ། པུཥྤེ༴ གཏོར་མའི་སྣོད་དུ་ཆུ་སྦྲེང་ཞིང་། ཛམྦྷ་ལ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏོར་མ་ཟག་མེད་བདུད་རྩིའི་རང་བཞིན་འདི། །ནོར་བདག་ཁྱེད་ལ་ཕུལ་ཞིང་བསྟོད་བགྱིས་པས། །བསམ་པའི་དོན་ཀུན་ཆོས་ལྡན་འགྲུབ་པ་དང་། །དངོས་གྲུབ་མ་ལུས་མྱུར་དུ་སྩལ་དུ་གསོལ། །བཛྲ་མུཾ། ཞེས་པས་རང་གནས་སུ་གཤེགས་ཤིང་། མཆོད་གཏོར་བཤགས་པར་བྱའོ། །དེ་ནས་བརྒྱ་རྩ་དངོས་ནི། གཏོར་སྣོད་ལྔའམ་གཅིག་གིས་ཀྱང་རུང་བར་སྣོད་རེ་རེ་ལ་རིལ་


TR007_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བཅུ་བཅུ་ཆུ་དང་བཅས་པ་བཤམས་ལ། སོ་སོ་ལ་བསངས་སྦྱང་བྱིན་བརླབས་ནི། གོང་གི་ཛམ་སེར་གྱི་སྐབས་སུ་བྱུང་བ་ལྟར། བཛྲ་ཨ་མྲྀ་ཏ། སོགས་ནས། སམྦྷ་ར། བཅུ་རེ་དང་། ཨོཾ་ཨཱཿཧཱུྃ་གི་བར་གྱིས་བྱིན་གྱིས་བརླབས་ལ་རིམ་པས་འབུལ་ཞིང་བཅུ་ཚན་བཞི་པ་ཡན་ཆད་རྣམས་ལ་ ཨརྒྷཾ་ སོགས་ཀྱིས་ཀྱང་མཆོད་ཅིང་། ལྔ་པ་མན་ཆད་མ་ནི། དེ་བཞིན་གཤེགས་པ་བཞིའི་མཚན་བསྒྲགས་པ་དང་། ཆོས་ཀྱི་སྦྱིན་པ་ཡང་རྒྱས་བསྡུས་སྐབས་དང་སྦྱར་ལ་བྱའོ། །ཐོག་མར་བཅུ་ཚན་དང་པོ་ནི། བྱིན་བརླབས་སྔོན་དུ་འགྲོ་བས། རྩ་རྒྱུད་བླ་མ་རྒྱལ་བ་སྲས་བཅས་ཚོགས། །འཕགས་མཆོག་རྣམས་ལ་གཏོར་མཆོད་རྒྱ་མཚོའི་སྤྲིན། །གུས་པས་ཕུལ་བས་བདག་སོགས་འགྲོ་ཀུན་ལ། །བརྩེ་བས་སྐྱབས་ཅིང་བྱིན་གྱིས་བརླབ་ཏུ་གསོལ། །བཅུ་ཚན་གཉིས་པ་ལ། སྔར་ལྟར་བྱིན་རླབས་གཟུངས་སྔགས་དང་། ཨརྒྷཾ། སོགས་ཀྱི་མཐར། ཡི་དམ་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་དང་། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ལ། །ཟག་མེད་བདུད་རྩིའི་གཏོར་མ་འདི་འབུལ་བས།


TR007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀུན་སྩོལ་བར་ཆད་བསལ་དུ་གསོལ། གསུམ་པ་ཡང་སྔར་བཞིན་བྱིན་རླབས་མཆོད་པ་སོགས་ཀྱི་མཐར། །ལྷ་མིའི་དྲང་སྲོང་བདེན་པའི་ཚིག་གྲུབ་ཅིང་། །རིགས་སྔགས་འཆང་བ་མཐུ་བརྙེས་ཀུན་ལ་ཡང་། །ཞལ་ཟས་བདུད་རྩིའི་གཏོར་མ་འདི་འབུལ་གྱི། །སྐྱེ་འགྲོ་བདེ་བའི་སྨོན་ལམ་མཛད་དུ་གསོལ། །བཞི་པ་ཡང་བྱིན་རླབས་མཆོད་སོགས་སྔར་བཞིན་བྱས་ལ། །ལྷན་སྐྱེས་ལྷ་དང་ཡེ་ཤེས་ནོར་ལྷའི་ཚོགས། །སྟོན་པའི་དམ་ཆོས་སྐྱོང་བའི་རིགས་རྣམས་ལ། །འདོད་ཡོན་ཕུན་ཚོགས་མཆོད་གཏོར་འདི་ཕུལ་བས། །རྒྱལ་བསྟན་ཡུན་རིང་གནས་པར་མཛད་དུ་གསོལ། །འདི་མན་ཆད་རྣམས་ལ་གཟུངས་སྔགས་བྱིན་རླབས་རྣམས་གོང་བཞིན་ལས། །ཁྱད་པར་ ཨརྒྷཾ་ སོགས་ཀྱི་དོན་དུ་དེ་བཞིན་གཤེགས་པ་བཞིའི་མཚན་བསྒྲགས་ཏེ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ། །དེ་བཞིན་གཤེགས་པ་


TR007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་མེ་རླུང་ལྷ། །སྲིད་ན་ཆེ་བར་རབ་གྲགས་མགྲོན་ཀུན་ལ། །མཆོད་སྦྱིན་བདུད་རྩིའི་གཏོར་མ་འདི་འབུལ་གྱི། །བཞེས་ནས་འཇིག་རྟེན་བདེ་བར་མཛད་དུ་གསོལ། །དྲུག་པ་ནི་གོང་ལྟར་གཟུངས་དང་མཚན་རྣམས་ཀྱི་མཐར། །འཛམ་གླིང་སྤྱི་དང་ཁྱད་པར་བོད་ཁམས་ཀྱི། །དགེ་བསྙེན་བསྟན་སྐྱོང་དཀར་ཕྱོགས་གཞི་བདག་ཚོགས། །མཆོད་སྦྱིན་གཏོར་མ་ཕུལ་བས་དགྱེས་མཛོད་ལ། །ཆོས་དང་མཐུན་པའི་གདོང་གྲོགས་མཛད་དུ་གསོལ། །བདུན་པ་ཡང་གོང་བཞིན་ལས། འཇིག་རྟེན་ལྷ་སྲིན་དྲེགས་པའི་ཚོགས་རྣམས་དང་། །ལོག་འདྲེན་གདོན་ཚོགས་མ་ལུས་ཐམས་ཅད་ལ། །ཇི་ལྟར་འདོད་པའི་ལོངས་སྤྱོད་འདི་སྦྱིན་པས། །གནོད་ཅིང་འཚེ་བའི་བསམ་སྦྱོར་བྲལ་བར་མཛོད། བརྒྱད་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར་དག་ཏུ། །དྲིན་ཅན་ཕ་མར་གྱུར་པའི་འགྲོ་དྲུག་ཀུན། །ཟག་མེད་སྦྱིན་པ་རྒྱ་ཆེན་འདིས་ཚིམ་


TR007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །དགུ་པ་ནི། བཟོད་དཀའི་སྡུག་བསྔལ་གྱིས་གདུང་ཡི་དྭགས་རིགས། །ཕྱི་ནང་སྒོ་འཁྱུད་སྒྲིབ་པ་ཅན་ཀུན་ལ། །མི་ཟད་བདུད་རྩིའི་ཆར་ཆེན་འདི་ཕབས་པས། །འདོད་ཡོན་ལོངས་སྤྱོད་དཔལ་ལ་སྤྱོད་པར་ཤོག །བཅུ་པ་ནི། །ཚེ་རབས་འདི་དང་སྐྱེ་གཞན་ཐམས་ཅད་ཀྱི། །སྲོག་ལུས་ལོོངས་སྤྱོད་བུ་ལོན་ཤ་ཁོན་ཅན། །ལན་ཆགས་རེ་ལྟོས་གྱུར་པ་ཐམས་ཅད་ཀྱང་། །མཆོད་སྦྱིན་འདིས་ཁོར་བྱང་ཆུབ་རྒྱུར་གྱུར་ཅིག །དེ་ནས་གཏོར་སྣོད་གཅིག་ཏུ་རེལ་བུ་བརྒྱད་ཆུ་དང་བཅས་པ་བཤམས་ལ། །གཟུངས་དང་བྱིན་རླབས་མཚན་བསྒྲགས་སོགས་ཀྱི་མཐར། །བློ་བུར་ལྷག་པའི་མགྲོན་རིགས་ཉམས་ཆུང་ཞིང་། ཁས་ཉེན་དབང་ཆུང་སྙིང་རྗེའི་ཡུལ་གྱུར་ལ། །སྦྱིན་པ་འདི་བསྔོས་ཅི་འདོད་ཚིམ་ནས་ཀྱང་། །རྫོགས་སངས་རྒྱས་ཀྱི་གོ་འཕང་ཐོབ་གྱུར་ཅིག །དེ་ནས་ཆོས་ཀྱི་སྦྱིན་པ་ནི། དེ་ཡང་གོང་གི་བཅུ་ཚན་ལྔ་པ་མན་ཆད་ལ་རེ་རེ་བཞིན་སོ་སོའི་མཇུག་ཏུ་སྦྱར་བའམ། །ཡང་ན་ཐམས་ཅད་ཀྱི་མཇུག་


TR007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱ་བ་སྟེ། འདི་ཉིད་ཀྱང་རྒྱས་པར་ནི། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་དང་། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། སོགས་ཀྱི་སྤྱི་ལྟར་རམ། བསྡུས་པ་ལ་སྤྲོ་ན། ཆོས་རྣམས་ངོ་བོར་ཡེ་སྟོང་རྩ་བྲལ་ཡང་། །ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཚུལ། །རྒྱལ་བའི་གསུང་བཞིན་བླང་དོར་ཤེས་ཀྱིས་དང་། །གཏན་བདེའི་བྱང་ཆུབ་དམ་པ་མྱུར་ཐོབ་འགྱུར། །ཀུན་གྱི་མཐུན་མོངས་དུ་བདེན་པ་བརྗོད་པ་ནི། །སངས་རྒྱས་བྱང་སེམས་བདེན་པའི་བྱིན་རླབས་དང་། །དྲང་སྲོང་རིག་འཛིན་རྣམས་ཀྱི་མཐུ་ནུས་དང་། །བདག་གི་བསམ་པ་རྣམ་དག་བདེན་པའི་མཐུས། །ཇི་ལྟར་བསྔོས་བཞིན་ཐོགས་མེད་འབྱུང་གྱུར་ཅིག །བཟོད་གསོལ་ནི། ཡོ་བྱད་མ་འབྱོར་ཏིང་འཛིན་གཡེལ་བ་དང་། །གསང་སྔགས་མ་དག་ནོར་འཁྲུལ་འབག་རྩོགས་སོགས། །ལྷག་ཆད་ཉེས་སྐྱོན་སྒྲིབ་ཚོགས་ཅི་མཆིས་པ། །མགྲོན་རྣམས་ཀུན་གྱིས་བཟོད་པར་བཞེས་སུ་གསོལ། །ཡིག་བརྒྱས་ལྷག་ཆད་ཁ་བསྐངས་བའང་རུང་ངོ་། །གཤེགས་གསོལ་ནི། དེ་ལྟར་མཆོད་སྦྱིན་བགྱིས་པས་ཀུན་ཚིམ་ནས།


TR007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་རྣམས་རང་བཞིན་གནས་སུ་གཤེགས། །ལྷ་སྲིན་སྡེ་བརྒྱད་འབྱུང་ཚོགས་མ་ལུས་ཀྱང་། །གནོད་བྲལ་རང་རང་གནས་སུ་མྱུར་དུ་དེངས། བཛྲ་མུཾ། སརྦ་བྷཱུ་ཏ་གཙྪ། བསྔོ་བ་ནི། སྦྱིན་པ་འདིས་མཚོན་ཚེ་རབས་ཐམས་ཅད་ཀྱི། །དགེ་ཚོགས་མཐའ་དག་གཅིག་ཏུ་ལེགས་བསྡོམ་སྟེ། །མ་རྒན་འགྲོ་རྣམས་སངས་རྒྱས་མྱུར་ཐོབ་པའི། །རྒྱུ་ཉིད་ཁོ་ནར་ཡོངས་སུ་བསྔོ་བར་བགྱི། །སྨོན་ལམ་ནི། ཚེ་རབས་ཀུན་ཏུ་བདག་ནི་གར་སྐྱེས་ཀྱང་། །རྒྱལ་སྲས་བྱང་སེམས་སྤྱོད་པ་རྨད་བྱུང་གིས། །འགྲོ་ལ་ཕན་བདེ་འབའ་ཞིག་སྒྲུབ་བྱེད་པའི། །དེད་དཔོན་དམ་པ་ཉིད་དུ་འགྱུར་བར་ཤོག །བཀྲ་ཤིས་ནི། ཕྱོགས་དུས་རྒྱལ་བ་སྲས་བཅས་བྱང་སེམས་དང་། །དགོངས་བརྡའ་སྙན་རྒྱུད་བཀའ་གཏེར་བཤད་བསྒྲུབ་སོགས། །སྐྱབས་གནས་རྩ་བླ་མའི་ཚོགས་རྣམས་ཀྱི། །བྱིན་རླབས་སྤྲིན་ཕུངས་འཁྲིག་པའི་བཀྲ་ཤིས་ཤོག །གསལ་སྟོང་དབྱིངས་ལས་འགགས་མེད་རང་སྣང་འོད། །


TR007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་དུ་མས་འགྲོ་བའི་རེ་འདོད་སྐོང་། །ཡི་དམ་ཞི་ཁྲོ་དཀྱིལ་འཁོར་ཡོངས་རྫོགས་ལྷ། །དངོས་གྲུབ་ཆར་རྒྱུན་འབེབས་པའི་བཀྲ་ཤིས་ཤོག །ཐུགས་རྗེའི་ཀློང་ལས་རང་རྩལ་གར་གྱི་བདག །ལོག་འདྲེན་ཚར་གཅོད་བསྟན་དང་བསྟན་འཛིན་སྐྱོང་། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ཚོགས། །མཐུ་སྟོབས་གློག་སྟོང་འགྱུ་བའི་བཀྲ་ཤིས་ཤོག །སངས་རྒྱས་བསྟན་དར་སེམས་ཅན་བདེ་ཞིང་སྐྱིད། །རྣལ་འབྱོར་ཆོས་འཕེལ་འགལ་རྐྱེན་བར་ཆད་ཞི། །རང་དོན་མཐར་ཕྱིན་གཞན་དོན་ལྷུན་གྲུབ་པས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །དེ་ལྟར་ཆུ་གཏོར་གྱི་རིམ་པ་འདི་ནི་གཞུང་གཞན་ནས་ཁ་བསྐང་མི་དགོས་པར་སྦྱོར་དངོས་རྗེས་གསུམ་ཚང་ཞིང་བལྟས་ཆོག་ཏུ་བྱས་པ་ཞིག་དགོས་བཞེས། །རིག་པ་འཛིན་པ་ཚུལ་ཁྲིམས་བཟང་པོ་སོགས་དོན་གཉེར་མང་པོས་ཡང་ཡང་བསྐུལ་བའི་ངོར། གནས་ཆེན་ཆུ་བོ་གཡས་འཁྱིལ་དུ་བཀོད་པ་འདིས་ཀྱང་འགྲོ་བ་རྣམས་ཕན་བདེའི་གོ་འཕངས་འགོ་འཕངས་འགོད་པའི་རྐྱེན་དུ་གྱུར་ཅིག །མངྒ་ལཾ། །གཅིག་ཞུད། །


previousཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བཀོད་པ་ལྟས་ཆོག་བདུད་རྩིའི་འདོད་འཇོ། next