Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
གཏོར་མའི་ལྷན་ཐབས་ཀྱི་རིགས་ཉེ་བར་མཁོ་བ་འགའ་ཞིག
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousགཏོར་མའི་ལྷན་ཐབས་ཀྱི་རིགས་ཉེ་བར་མཁོ་བ་འགའ་ཞིགnext

གཏོར་མའི་ལྷན་ཐབས་ཀྱི་རིགས་ཉེ་བར་མཁོ་བ་འགའ་ཞིག


TR007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་ལྷན་ཐབས་ཀྱི་རིགས་ཉེ་བར་མཁོ་བ་འགའ་ཞིག་བཞུགས་སོ། །


TR007_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཆུ་གཏོར་གྱི་ལས་རིམ་གཞན་རྣམས་གོང་དུ་བསྟན་ནས། འདིར་ཉེ་བར་མཁོ་བའི་ཆ་ལག་འགའ་ཞིག་སྟོན་ཏེ། དེ་ཡང་སྔོན་དུས། བཀའ་གདམས་རིན་པོ་ཆེའི་སྐྱེས་ཆེན་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པའི་དཀར་ཆ་བཞིའམ་ཆ་ལྔར་གྲགས་པའི་རིམ་པ་རྣམས་གཏོང་བར་སྤྲོ་ན། །གཏོར་སྣོད་རྣམས་སུ་རིམ་བུ་བདུན་བདུན་རེའམ་འབྲུ་འབྲས་སོགས་ཅི་རིགས་ཆུ་དང་བཅས་པ་བཤམས་པའི་དང་པོ་དེ་ལ། བསངས་སྦྱངས་བྱིན་བརླབས་རྣམས་འཛམ་སེར་གྱི་སྐབས་ནས་བྱུང་བ་ལྟར། འབྲུ་གསུམ་གྱིས་བྱིན་རླབས་ཡན་ཆད་གྲུབ་རྗེས། བདག་ཉིད་འཕགས་པའི་ཐུགས་ཀའི་ཧྲཱིཿཡིག་ལས། །འོད་འཕྲོས་རྗེ་བཙུན་མི་གཡོ་སྐུ་མདོག་ལྗང་། །


TR007_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ཞགས་པ་འཛིན་པ་སྤྱན་དྲངས་ནས། །མདུན་དུ་པད་ཉིའི་གདན་ལ་བཞུགས་པར་གྱུར། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཧཱུྃ་ཕཊཿ ཅེས་སྔགས་ལན་བདུན་དང་། ཨཱརྱ་ཨ་ཙ་ལ་ས་པཱ་རི་ཝ་ར་ཨི་དམ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་ཨརྒྷཾ། པུཥེྤ། སོགས་ཀྱིས་མཆོད་ཅིང་ཆུ་སྦྲེང་ལ། མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་འབུལ་ཞིང་། །མགོན་པོ་ཁྱོད་ལ་གུས་པས་བསྟོད་ལགས་ན། །ཉོན་མོངས་བདུད་བཞིའི་དཔུང་ལས་རྣམ་རྒྱལ་ཞིང་། །མཆོག་མཐུན་དངོས་གྲུབ་དེང་འདིར་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ་ཞིང་རང་


TR007_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གཤེགས་པར་བསམ། གཉིས་པ་ནི། སླར་ཡང་བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས། །རྗེ་བཙུན་འཕགས་མ་སྔོ་ལྗང་རབ་ཏུ་མཛེས། །མཆོག་སྦྱིན་ཨུཏྤལ་བསྣམས་པ་སྤྱན་དྲངས་ནས། །མདུན་དུ་པད་ཟླར་དགྱེས་པས་བཞུགས་པར་གྱུར། མཆོད་གཏོར་བྱིན་གྱིས་བརླབས་པ་འབུལ་བར་བསམ་ལ་ཆུ་སྦྲེང་ཞིང་། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནམ། ཨ་པྲ་ཏི་ཧ་ཏ་ཤ་ས་ནཱ་ནམ། ཧེ་ཧེ་བྷ་ག་ཝ་ཏི་མ་ཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ཀི་ཏེ། མཱ་བི་ལཾ་བ། མཱ་བི་ལཾ་བ། ཨི་དམ་བ་ལིངྟ་གྲྀ་ཧྞ་པ་ཡ། གྲྀ་ཧྞ་པ་ཡ། སརྦ་བི་པཉྩ་རེ་སྭཱ་ཧཱ། ཨརྒྷཾ། པུཥྤེ༴ བདག་གིས་གུས་པས་ཕུལ་བའི་མཆོད་གཏོར་འདི། །བཞེས་ནས་བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །ངན་སོང་འཁོར་བའི་འཇིགས་པ་ཆེན་པོ་ལས། །སྒྲོལ་མཛད་འཕགས་མ་ཁྱེད་ཀྱིས་སྐྱབས་དུ་གསོལ། །ཞེས་གསོལ་བ་གདབ་ཅིང་ལྷ་གཤེགས་པར་མོས། ཀླུ་གཏོར་ལ་ཡང་། བྱིན་རླབས་སོགས་གོང་མ་རྣམས་བལྟར་ལས། །ཁྱད་པར་འབྲུ་གསུམ་གྱིས་མཇུག་ཏུ། ཨོཾ་ཨཱ་ཀ་རོ་


TR007_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁཾ་སརྦ་དྷརྨ་ཎཾ། ཨཱ་དྱ་ནུཏྤནྣ་ཏྭཏཱ། ཨོཾ་ཨཱཿཧཱུྃ་ཕཊཿསྭཱ་ཧཱཿཞེས་པས་ཀྱང་བྱིན་གྱིས་བརླབས་ལ། ཀླུ་རིགས་རྣམས་སྤྱན་དྲངས་པ་ནི། །ཨོཾ་བ་ཏ་ལི། །བ་ཏ་ལི། མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛ་ཛ་སྭཱ་ཧཱ། སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཆོས་ཐོས་པའི། །རྒྱལ་རིགས་བྲམ་ཟེ་རྗེ་དང་དམངས་རིགས་གདོལ། །སོ་སོའི་གཡོག་འཁོར་དཔག་མེད་ཚོགས་དང་བཅས། །མཆོད་པའི་གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨ་གཙྪ་མ་ཧཱ་ན་ག་ཨ་དྷི་པ་ཏ་ཡེ། བྷུརྦྷུ་ཝ་ཕྲུཾ་ཁྲུཾ་སྭཱ་ཧཱ། པདྨ་ཀ་མ་ལ་ཡེ་སྟཾ། ཞེས་པས་སྤྱན་དྲངས་ཤིང་བཞུགས་གསོལ་ལ། ཆུ་སྦྲེང་ཞིང་། ཨོཾ་ན་ག་ཨ་དྷི་པ་ཏ་ཡེ། གྲྀཧྞེ་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ། པུཥྤེ༴ ཨོཾ་ཧི་ལི་ཧི་ལི། མ་ཧཱ་ཧི་ལི་ཕྲུཾ་ཕུཿསྭཱ་ཧཱ། ཨོཾ་བྷཀྵ་ཡ། བྷཀྵ་ཡ། ས་མ་ཡ་ཏིཥྛ་ཛུཾ་ཕྲུཾ་སྭཱ་ཧཱ། ཅེས་པ་རྣམས་ཀྱིས། སེ་གོལ་བཅས་པས་ཆུ་སྦྱིན། མཐར་ཆོས་


TR007_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱིན་པ་ཡང་བྱ་ཞིང་། འདོད་དོན་གསོལ་བ་ནི། །ཀླུ་རྒྱལ་འཁོར་དང་བཅས་པ་ཐམས་ཅད་ཀུན། །གཙང་སྦྱར་མཆོད་སྦྱིན་མཆོག་འདིས་ཚིམ་བྱོས་ལ། །རུ་ང་ཕྲག་དོག་གནོད་འཚེ་གཏན་སྤངས་ཤིང་། །ཆར་ཆུ་དུས་འབེབས་རྒྱལ་ཁམས་བདེ་བར་མཛོད། །ཞེས་བརྗོད་ལ། ཨོཾ་ནཱ་ག་ཨ་དྷི་པ་ཏི་ས་པཱ་རི་ཝ་ར་གཙྪ། ཨོཾ་ག་རུ་ཌ། ཧཾ་ས་ཧི། ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་པས་རང་གནས་སུ་བསྒྲད་དོ། །སུ་རཱུ་པ་ནི། བྱིན་རླབས་གཞན་རྣམས་ལྟར་དང་ཨཱ་ཀཱ་རོ་སོགས་ཀྱིས་ཀྱང་བྱིན་བརླབས་ལ། རང་ཉིད་བཅོམ་ལྡན་རིན་ཆེན་གཟུགས་མཛེས་ཀྱི། །བྱམས་པའི་ཐུགས་རྗེས་ཡི་དྭགས་ཀུན་སྐྱབས་ཤིང་། །འདོད་ཡོན་བཟའ་བཏུང་ལོངས་སྤྱོད་ཕུན་ཚོགས་པས། །ཅི་འདོད་རེ་བ་བསྐངས་ཤིང་ཚིམ་པར་གྱུར། །ན་མཿསུ་རཱུ་པ་ཡ་ཏ་ཐཱ་ག་ཏཱ་ཡ། །ཨརྷ་ཏེ། སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱཐཱ། ཨོཾ་སུ་རུ་སུ་རུ། པྲ་སུ་རུ། པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སནྟར་


TR007_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡ། སནྟར་པ་ཡ། སརྦ་པྲེ་ཏ་ནཱཾ་སྭཱ་ཧཱ། ཞེས་ལན་བདུན་གསུམ་སོགས་བརྗོད་པས་སེ་གོལ་དང་བཅས་ཏེ་ཆུ་སྦྱིན་ཅིང་། ཨ་པ་ས་རནྟུ། ཨ་ཝ་ཏཱ་ར་པྲེ་ཀྵི་ཎེ། ད་ད་མྱ་ནཾ། སརྦ་ལོ་ཀཱ་དྷཱ་ཏུ་བྷཱ་སི་ནཱཾ། པྲེ་ཏ་ནཱ་མ་ཧཱ་ཌཾ། འཕགས་མཆོག་རིན་ཆེན་གཟུགས་མཛེས་ཐུགས་རྗེ་དང་། །སྔགས་དང་ཏིང་འཛིན་བདེན་པའི་གཟི་བྱིན་གྱིས། །གནས་ངན་ཡི་དྭགས་འགྲོ་བའི་རིགས་གྱུར་ཀུན། །བདེ་ལྡན་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །དེ་དག་གིས་དཀར་ཆ་བཞིའི་རིམ་པ་རྣམས་གྲུབ་ནས། ཆ་ལྔ་པ་ལྟར་ན་གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས་ལ་བསྔོ་བ་ཡིན་ཀྱང་། དེ་ནི་གོང་གི་བརྒྱ་རྩའི། འཛམ་གླིང་སྤྱི་དང་ཁྱད་པར་བོད་ཁམས་ཀྱི་ཞེས་སོགས་འབྱུང་བ་དེ་ཀས་ཐུས་ཕྱིར། འདིར་ཆ་བཞི་པ་ཁོ་ནར་བྱས་པའོ། །དཀར་ཆ་བཞི་འདི་དག་ནི་བརྒྱ་རྩའི་སྔ་ཕྱི་གང་དུ་སྦྱར་ཡང་རུང་མོད་ཀྱང་། དེང་སང་ཕལ་ཆེ་བའི་ལག་ལེན་དུ་འདི་དག་སྔོན་ལ་གྲུབ་རྗེས། དེ་ནས་བརྒྱ་རྩ་དང་། དེ་ནས་ཚེ་འདས་སོགས་ལ་དམིགས་ན་བར་དོ་ཆ་བཞི་དང་། དེ་ནས་འབྱུང་བཞིའམ། ཆ་གསུམ་སོགས་གང་འོས་སྐབས་དང་སྦྱོར། །མཛད་པ་ཉིད་


TR007_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་མང་ངོ་། །དེ་ལ་བར་དོ་ཆ་བཞི་ནི། བརྒྱ་རྩའི་ནང་དུ་མ་ཐུས་པ་ཞིག་ཡིད་མོད་ཀྱང་། གཤིན་པོའི་ཆེད་དུ་རྒྱས་པར་སྤྲོ་ན། གཏོར་སྣོད་བཞིར་རིལ་བུ་བདུན་བདུན་ནམ་ཉེར་གཅིག་སོགས་གང་འབྱོར་ཆུ་དང་བཅས་པ་བཤམས་ལ། །བསངས་སྦྱངས་བྱིན་རླབས་སྤྱི་ལྟར་དང་། །སམྦྷ་རའི་གཟུངས་ཅི་མང་བརྗོད་ཅིང་། ཆ་དང་པོ་ནི། ཨརྒྷཾ་སོགས་ཀྱི་མཆོད་ལ། བརྩེ་ལྡན་ཕྱོགས་བཅུའི་རྒྱལ་བ་མ་ལུས་དང་། །སྐྱབས་གནས་བླ་མ་ཡི་དམ་ལྷ་ཚོགས་རྣམས། །མཆོད་གཏོར་འདི་བཞེས་བར་དོའི་སེམས་ཅན་ལ། །ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། །གཉིས་པ་ཡང་བྱིན་རླབས་མཆོད་སོགས་གོང་ལྟར་ལས། །ཡེ་ཤེས་ལས་གྲུབ་གནས་གསུམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོ་བཀའ་སྲུང་ཚོགས་བཅས་ཀྱང་། །ཐུགས་དམ་སྐོངས་ནས་ཉམ་ཐག་སེམས་ཅན་གྱི། །སྐྱབས་མགོན་དཔུང་གཉེན་དམ་པ་མཛད་དུ་གསོལ། གསུམ་པ་ལ་བྱིན་རླབས་སྔར་བཞིན་ལས། དེ་བཞིན་གཤེགས་པ་བཞིའི་མཚན་བསྒྲག་ཅིང་། །ཚེ་འདས་རྣམས་ལ་གནོད་ཅིང་འཚེ་བྱེད་ཅིང་། །ལན་ཆགས་ཤི་གཤེད་བགེགས་རིགས་ཐམས་ཅད་ཀྱང་། །མཆོད་སྦྱིན་འདི་ཡིས་མགུ་


TR007_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཚིམ་གྱིས་ལ། །ཐར་པའི་ལམ་གྱི་གེགས་དང་འཚེ་བ་སྤོང་། བཞི་པ་ཡང་མཚན་སོགས་གོང་ལྟར ་དང་། སྔ་ལུས་བོར་ནས་ཕྱི་ལུས་མ་བླངས་པའི། །བར་དོའི་འགྲོ་ཀུན་སྦྱིན་པ་འདིས་ཚིམ་ཞིང་། །འཁྲུལ་སྣང་འཇིགས་སྐྲག་སྡུག་བསྔལ་ཀུན་བྲལ་ནས། །དག་པའི་ཞིང་དུ་བརྫུས་ཏེ་སྐྱེ་བར་ཤོག །རྒྱས་པར་སྤྲོ་ན་མི་འཁྲུག་པའི་ཆུ་སྦྱིན་ཡང་འདིར་བྱ་ཞིང་། །སངས་རྒྱས་བྱང་སེམས་བདེན་པའི་བྱིན་རླབས་དང་། །ཅེས་སོགས་ཀྱི་བསྔོ་ཞིང་སྨོན་ལམ་ཅི་རིགས་ཀྱང་གདབ་པར་བྱའོ།། ༈ །།རྗེ་བཙུན་དམ་པ་རྒྱ་གར་བའི་ལུགས་ཀྱི་འབྱུང་བཞིའི་གཏོར་མ་བྱེད་པར་འདོད་ན་འབྱུང་བ་བཞི་མཚོན་བྱེད་ཀྱི་གཏོར་མ་ཟླ་གམ། གྲུམ། ཟླུམ་པོ། གྲུ་བཞི་རྣམས་དང་། ངར་གླུད་འཆང་བུ་དང་བཅས་པ་བཤམས་ལ། བཛྲ་ཨ་མྲྀ་ཏ་སོགས་ནས། སྭཱ་བྷ་ཝའི་མཐར། རིན་ཆེན་སྣོད་དུ་ཡེ་ཤེས་བདུད་རྩི་ཡི། །ངོ་བོ་ཉིད་ལ་རྣམ་པ་འབྱུང་བཞིའི་ཚུལ། །དབང་པོ་དྲུག་གི་སྤྱོད་ཡུལ་ཕུན་ཚོགས་པའི། །འདོད་ཡོན་ཕུང་པོ་ནམ་མཁའ་མཉམ་པར་གྱུར། ཡྃ་རྃ་ཝྃ་ལྃ་ཨོཾ་


TR007_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། །བདག་ཉིད་རྗེ་བཙུན་དམ་པ་སངས་རྒྱས་སྐུ། །སྨུག་ནག་ཌ་མ་རུ་དང་དྲིལ་བུ་འཁྲོལ། །སྣང་སྲིད་ཐམས་ཅད་རྟེན་འབྲེལ་སྒྱུ་མར་ཤར། །བྱིན་རླབས་གཟི་འོད་འབར་བ་གཅིག་ཏུ་གྱུར། ཡྃ། ཨི་ཨཱི། ཙ་ཚ་ཛ་ཛྷ་ཉ། ལན་བདུན་ནམ་ཉེར་གཅིག་བཟླ་ཞིང་། ཨརྒྷཾ། པུཥྤེ། སོགས་བརྗོད་པས་ཆུ་སྦྲེང་། འདོད་དོན་གསོལ་བ་གདབ་པ་ནི། །དཔལ་ལྡན་བླ་མ་མི་འགྱུར་རྡོ་རྗེའི་རིགས། །སྤྲུལ་འཁོར་བཅས་ལ་རླུང་རྫས་མཆོད་པའི་སྤྲིན། །ཕུལ་བས་ཞེ་སྡང་རླུང་ནད་དྲི་ཟའི་གདོན། །བར་ཆད་མ་ལུས་ཞི་བར་མཛད་དུ་གསོལ། རྃ། རྀ་རྀ། ཊ་ཋ་ཌ་ཌྷ་ཎ། བདུན་སོགས་བཟླ་ཞིང་། ཨརྒྷཾ་སོགས་ཀྱི་མཆོད་ལ་དཔལ་ལྡན་བླ་མ་འོད་འབྱུང་རིན་ཆེན་རིགས། །སྤྲུལ་འཁོར་བཅས་ལ་མེ་རྫས་མཆོད་པའི་སྤྲིན། །ཕུལ་བས་ང་རྒྱལ་ཚད་ནད་གཤིན་རྗེའི་གདོན། །ཞིང་ཞིང་ཚེ་དཔལ་ལོངས་སྤྱོད་རྒྱས་པར་མཛོད། ཝྃ། ཨུ་ཨཱུ། པ་ཕ་བ་བྷ་མ། བདུན་བཟླས། མཆོད་པས་མཆོད་ཅིང་། །དཔལ་ལྡན་བླ་མ་ཆགས་མེད་པདྨའི་


TR007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །སྤྲུལ་འཁོར་བཅས་ལ་ཆུ་རྫས་མཆོད་པའི་སྤྲིན། །ཕུལ་བས་འདོད་ཆགས་གྲགས་ནད་ཀླུ་གདོན་ཚོགས། །ཞི་ཞིང་སྣང་སྲིད་དབང་དུ་འདུ་བར་མཛོད། ལྃ། ལྀ་ལཱྀ། ཏ་ཐ་ད་དྷ་ན། བདུན་དང་། མཆོད་ཅིང་། །དཔལ་ལྡན་བླ་མ་ཐོགས་མེད་ལས་ཀྱི་རིགས། །སྤྲུལ་འཁོར་བཅས་ལ་ས་རྫས་མཆོད་པའི་སྤྲིན། །ཕུལ་བས་ཕྲག་དོག་བད་ཀན་འགོང་པོའི་གདོན། །ཞི་ཞིང་གནོད་བྱེད་རྡུལ་དུ་རླག་པར་མཛོད། །དེ་ནས་ངར་གླུད་ལ་འབྲུ་གསུམ་དང་། སམྦྷཱ་རའི་སྔགས་དང་། ཨ་ཀཱ་རོས་བྱིན་གྱིས་བརླབ་ཅིང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །འབྱུང་བ་ས་ཆུ་མེ་རླུང་བྲག་དང་ཤིང་། །ནམ་མཁའ་ལ་བརྟེན་ལྷ་སྲིན་འབྱུང་པོའི་རིགས། །སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་ལ་བསྔོ། །ཤ་ཁྲག་དྲོད་དབུགས་རྩ་རྒྱུས་ལྤགས་པ་དང་། །ལུས་ངག་ཡིད་ཀུན་གླུད་དུ་འདི་ཁྱེར་ལ། །བུ་ལོན་ལན་ཆགས་གནོད་འཚེ་ཀུན་


TR007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ནས། །རང་གཞན་བདེ་ལེགས་ལམ་ལ་འཁོད་གྱུར་ཅིག །དཀོན་མཆོག་བླ་མའི་བྱིན་རླབས་ནུས་སྟོབས་དང་། །བདག་གི་ལྷག་བསམ་མཆོད་སྦྱིན་དགེ་འབྲས་མཐུས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་ཚོགས་འགྲུབ། །བདེ་ལེགས་ཡིད་བཞིན་འབྱུང་བའི་བཀྲ་ཤིས་ཤོག །གཞན་ཡང་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་ཀྱང་རྒྱས་བསྡུས་སྐབས་དང་སྦྱར་ལ་བྱའོ། །དེ་ལྟར་ཆུ་གཏོར་གྱི་ཉེ་བར་མཁོ་བ་འགའ་ཙམ་མདོར་བསྡུས་ནས་བཀོད་པ་ཡིན་ཞིང་། འདིར་མ་འཐུས་པ། །བྲུལ་གཏོར་ཆ་ལྔ་དང་དབྱུག་གུ་དྲུག་ཅུ་པ། །ཀླུ་གཏོར་བ་སུ་ཉེ། མི་གཡོ་དྲུག་ཅུ་པ་སོགས་ནི་སོ་སོའི་གཞུང་རྣམས་ལས་ཤེས་པར་བྱ་ཞིང་། ཆ་གསུམ་སོགས་ཀྱང་བཀའ་གསར་རྙིང་མཐའ་དག་མཐུན་པར་འདུག་ཚེ་འདིར་དགོས་སུ་མ་བྲིས་སོ། །འདི་བཀོད་དགེ་བས་འགྲོ་བ་རྣམས་དགེ་ལེགས་ཀྱི་ལམ་ལ་འཁོད་པར་གྱུར་ཅིག །ཤུ་བྷཾ། གཅིག་ཞུད། །


previousགཏོར་མའི་ལྷན་ཐབས་ཀྱི་རིགས་ཉེ་བར་མཁོ་བ་འགའ་ཞིགnext