Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
བྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་བའི་ཚུལ།
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousབྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་བའི་ཚུལ།next

བྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་བའི་ཚུལ།


TR007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་བའི་ཚུལ་བཞུགས་སོ། །


TR007_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡ། དེ་ཡང་གྲུབ་ཐོབ་ཤངས་པ་བཀའ་བརྒྱུད་ལས་ཐོན་པའི་སྐྱེས་ཆེན་དམ་པ་དབོན་སྟོན་རིན་པོ་ཆེ་སྐྱེར་སྒང་པ་ཆེན་པོ་འདི་ཉིད་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་པའི་སྐབས་ཤིག་ཏུ་སྦྱིན་བདག་གིས་ནན་གྱིས་གདན་དྲངས་ཤིང་བླ་མས་ཀྱང་བཀའ་ནན་བསྩལ་བའི་ངོར་ཡོན་བདག་གིས་སར་ཞག་ཤས་བྱོན་པས། དེར་ཞབས་ཏོག་ཀྱི་རྒྱུ་རྣམས་གསུངས་རབས་གཙོངས་པའི་སྐུ་གླུད་ཡིན་པར་སྣང་བ་དེ་དག་བཞེས་པའི་དཀོར་གྱི་ཉེས་པའི་མཐུས། སྔར་ནས་ཐུགས་དམ་གྱི་ཡོན་ཏན་དཔག་མེད་ཡོད་པ་ཐམས་ཅད་འགྲིག་ཅིང་། སྐུ་ལུས་ལ་ཡང་མི་བདེ་བའི་རྣམ་པ་དུ་མ་དང་། མནལ་ལམ་སོགས་ཀྱང་མི་ཟད་འཇིག་རུང་གི་སྣང་བ་འབའ་ཞིག་བྱུང་བ་ལ་ཕན་ཐབས་ཀྱི་རིགས་


TR007_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བྱས་ཀྱང་གསོར་མ་ཆུད་པས། འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ཚེ། འཕགས་པས་དཀོར་གྱི་ཉེས་པ་སྦྱོངས་བའི་ཐབས་བྲུལ་གཏོར་གྱི་གདམས་པ་འདི་དངོས་སུ་གནང་བ་བཞིན་མཛད་པས། བར་ཆད་དེ་ཐམས་ཅད་ཞི་ཞིང་ཐུགས་དམ་གྱི་ཡོན་ཏན་རྣམས་གོང་འཕེལ་དུ་གྱུར་པ་བྱུང་བ་སྟེ། དེས་ན་འདི་ནི་ལྷག་པར་དིང་སང་གི་ཆོས་པ་རྣམས་ལ་མེད་ཁ་མེད་ལྟ་བུར་སྣང་བས་བརྩོན་འཚལ་ཏེ། དེ་ལ། གཏོར་སྣོད་ལྔའི་དང་པོ་གཉིས་སུ་རིལ་བུ་ཉེར་གཅིག་རེ་དང་། འོག་མ་གསུམ་དུ་རིལ་བུ་བདུན་རེ་ཆུ་དང་བཅས་པ་ཚུལ་བཞིན་བཤམས་ནས། གཏོར་མ་གཞན་དང་མི་འབྲེལ་ན་སྐྱབས་སེམས་ཡན་ལག་བདུན་སོགས་སྔོན་འགྲོ་རྣམས་ཀྱང་སྤྱི་ལྟར་བྱས་ལ། དངོས་གཞི་ནི་གཏོར་སྣོད་དང་པོ་


TR007_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ། བཛྲ་ཨ་མྲྀ་ཏའི་སྔགས་ཀྱིས་བསངས། སྭཱ་བྷཱ་ཝས་སྟོང་པ་ཉིད་དུ་སྦྱངས་ཏེ། བྱིན་བརླབས་ནི། རིན་ཆེན་གཏོར་སྣོད་མཆོག་ཏུ་ཡངས་པ་རུ། །གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོར་བསྐྱིལ། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །བདུད་རྩིའི་ནང་སོང་དཀར་གསུམ་མངར་གསུམ་སོགས། །མཆོད་རྫས་ཀུན་བཟང་རྣམ་འཕྲུལ་རྒྱ་ཆེར་གྱུར། ཨོཾ་ཨཱཿཧཱུྃ། །དཀོན་མཆོག་རྣམ་གསུམ་ཉན་རང་བྱང་སེམས་དང་། །གཙང་རིས་ཆོས་སྐྱོང་དཀར་ཕྱོགས་དགེ་གཉེན་སོགས། །དཀར་མཆོད་ལ་དགྱེས་གཏོར་མགྲོན་མ་ལུས་ཀུན། །མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་བཞུགས་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཅེས་པའི་སྔགས་ལན་ཉེར་གཅིག་བརྗོད་ནས། ཡིག་དྲུག་ཚར་ཉེར་གཅིག་བརྗོད་པ་དང་ལྷན་གཅིག་ཏུ་ཆུ་ཐིག་རེ་དང་སེ་གོལ་རེ་སྦྲག་ནས་འབུལ་ཞིང་། མཐར་ཨརྒྷཾསོགས་ཀྱིས་ཀྱང་མཆོད་ལ། བདག་ལུས་ཞུ་བའི་མཆོད་སྤྲིན་འདི་ཕུལ་བས། །སྐུ་གསུང་ཐུགས་རྟེན་དཀོར་བླུད་ཟོས་པ་


TR007_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཤད་སྒྲུབ་དགེ་འདུན་རྫས་ལ་འབགས་པའི་སྒྲིབ། །མཁན་སློབ་དགེ་འདུན་བཀའ་བཅགས་ཐུགས་ཀྲུག་སོགས། །ཉེས་སྒྲིབ་མཐའ་དག་འདི་ཡིས་བྱང་གྱུར་ཅིག །སངས་རྒྱས་སྐུ་གསུམ་མཉེས་པའི་བྱིན་རླབས་དང་། །ཅེས་སོགས་ཀྱི་བདེན་ཚིག་ཀྱང་བརྗོད་པར་བྱའོ། །གཏོར་སྣོད་གཉིས་པ་ལ་བསངས་སྦྱངས་གང་བཞིན་བྱས་ལ། །རིན་ཆེན་བདུད་རྩིའི་སྣོད་བཟང་འབར་བ་རུ། །གཏོར་མ་ཤ་ལྔ་བདུད་རྩི་རྣམ་ལྔས་གང་། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །བདུད་རྩིའི་ནང་སོང་སྨན་རག་གཏོར་ཚོགས་ཀྱི། །མཆོད་རྫས་བླ་མེད་ཡོན་ཏན་ཀུན་ལྡན་གྱུར། །ཨོཾ་ཨཱཿཧཱུྃ། རྩ་རྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་དང་། །ཕོ་ཉ་ལས་མཁན་སྔགས་བསྲུངས་སྤྲུལ་འཁོར་བཅས། །མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་བཞུགས་གྱུར། །གོང་གི་སམྦྷ་རའི་སྔགས་ཚན་ཉེར་གཅིག་དང་ཡིག་དྲུག་ཆུ་ཐིག་སེ་གོལ་ཉེར་གཅིག །ཨརྒྷཾ་སོགས་ཀྱི་མཆོད་ནས། བདག་ལུས་ཞུ་བའི་དམ་རྫས་འདི་ཕུལ་


TR007_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བས། །བླ་མའི་དཀོར་དང་དཀྱིལ་འཁོར་གཏོར་ཚོགས་རྒྱུའི། །དཀོར་ལ་འབགས་དང་ཟབ་མོའི་དབང་ཆོས་སོགས། །ནོར་ཕྱིར་བཙོངས་དང་བླ་མ་མཆེད་ལྕམ་ལ། །དམ་ཚིག་ཉེས་ལྟུང་ཅི་བསགས་བྱང་གྱུར་ཅིག །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་དུ་མི་འགྱུར་བདག་བཀོད་དེ། །མི་དམིགས་བཏང་སྙོམས་དང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །སོགས་ཀྱིས་བཤགས་པ་བྱའོ།། ༈ །།སྣོད་གསུམ་པར་བསངས་སྦྱངས་གོང་ལྟར་བྱས་ལ། །སྟོང་གསུམ་མཉམ་པའི་རིན་ཆེན་སྣོད་ནང་དུ། །གཏོར་རྫས་གཟུགས་སྒྲ་དྲི་རོ་རེག་བྱ་ལྡན། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟར། །འདོད་ཡོན་ཟད་མེད་ལྷུན་གྲུབ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ཁམས་གསུམ་སྲིད་པ་བསྡུས་པའི་སྐྱེ་འགྲོའི་རིགས། །ཐོག་མར་ད་བར་ཕ་མར་གྱུར་པ་ཡི། །དྲིན་ཅན་སྙིང་རྗེའི་མགྲོན་ཚོགས་མ་ལུས་ཀུན། །མདུན་དུ་ས་གཞི་ཁྱབ་པ་འདུས་པར་


TR007_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཚར་བདུན་དང་། ཡིག་དྲུག་ཆུ་ཐིག་སེ་གོལ་བདུན་གྱི་མཐར་དེ་བཞིན་གཤེགས་པ་བཞིའི་མཚན་ཀྱང་བསྒྲག་ཅིང་། །བདག་ལུས་ཞུ་བའི་འདོད་ཡོན་འདི་བྱིན་པས། །སོ་སོར་ཅི་འདོད་ཕུན་སུམ་ཚོགས་ཐོབ་ཅིང་། །དད་རྫས་གཤིན་དཀོར་སྒྲིབ་པ་ཀུན་བྱང་ནས། །ཕ་མའི་དྲིན་ལན་ཆོས་ཀྱི་འཁོར་གྱུར་ཅིག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །སོགས་ཀྱང་བརྗོད་དོ།། ༈ །།སྣོད་བཞི་པར་གོང་བཞིན་བསངས་སྦྱངས་ལ། གཏོར་སྣོད་རྒྱ་ཆེན་ནམ་མཁའ་མཉམ་པ་རུ། །གཏོར་མ་བདུད་རྩི་འདོད་ཡོན་སྣ་ཚོགས་བཀང་། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །བདུད་རྩིའི་ནང་སོང་ཅི་འདོད་ལོངས་སྤྱོད་ཀྱིས། །གནོད་བྱེད་བགེགས་ཚོགས་རེ་བསྐོང་རྫས་སུ་གྱུར། །ཨོཾ་ཨཱཿཧཱུྃ། དུག་གསུམ་ལས་དང་མ་རིག་འཁྲུལ་རྟོགས་ཀྱི། །རྒྱུ་འབྲས་ལས་སྒྲུབ་གནོད་བྱེད་གདོན་བགེགས་རིགས། །སྣང་སྲིད་ཀུན་ནས་གར་གནས་


TR007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདོད་ཀུན། །སྐད་ཅིག་ཙམ་ལ་བདག་དྲུང་ཚོགས་པར་གྱུར། །སམྦྷ་ར་དང་ཡིག་དྲུག་ཆུ་ཐིག་སེ་གོལ་བདུན་དང་། མཚན་བཞི་ཡང་བརྗོད་ནས། །བདག་ལུས་ཞུ་བའི་སྦྱིན་པའི་མཆོག་རབ་འདི། །ལན་ཆགས་བགེགས་རིགས་ཀུན་ལ་བསྔོས་པའི་མཐུས། །དགའ་མགུ་ཚིམ་ནས་གཞན་ལ་གནོད་འཚེའི་སེམས། །ཞི་ཞིང་ལན་ཆགས་ཀུན་འཁོར་བྱང་ཆུབ་ཤོག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏེ། །སོགས་བརྗོད་དོ།། ༈ །།གཏོར་སྣོད་ལྔ་པ་ནི་ཀླུ་རྒྱལ་ཝ་རུ་ཎའི་གཏོར་མ་སྟེ། །ཀླུ་གཏོར་རྒྱས་པ་གཞན་བྱེད་ན་འདི་ཉིད་མ་བྱས་ཀྱང་རུང་མོད་ཀྱི། འདི་ནི་སྤྱན་རས་གཟིགས་དང་། དབོན་སྟོན་རིན་པོ་ཆེའི་གཉིས་ཀའི་སྤྱན་སྔར་དམ་བཅས་པའི་ཆོས་སྲུང་ཡིན་ཕྱིར་བྲུལ་གཏོར་གྱི་སྐབས་འདིར་གཏོང་བའི་ཕྱག་སྲོལ་དུ་སྣང་ཚེ། འདིར་ཡང་བཀོད་པ་ཡིན་ཏེ། བསངས་སྦྱངས་སོགས་སྔ་མ་ལྟར་ལས་ལུས་ཞུ་བ་དེ་འདི་མི་དགོས་ཤིང་བྱིན་བརླབ་ནི། །རིན་ཆེན་གཏོར་གཞེང་གཙང་མཛེས་རྒྱ་ཆེན་དུ། །གཏོར་རྫས་ལྷ་ཡི་བདུད་རྩི་རྒྱ་མཚོས་གཏམས། །དཀར་ཕྱོགས་ཀླུ་རིགས་མཉེས་


TR007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོ་བྱད་དང་། མཆོད་པའི་རིགས་ཚོགས་དཔག་མེད་རབ་ལྡན་གྱུར། །ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷཱརྨཱ་ཎཾ། ཨཱ་དྱ་ནུཏྤནྣ་ཏྭཱཏྲ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། རང་ཉིད་འཕགས་མཆོག་ཐུགས་རྗེའི་སྐུར་གསལ་བའི། །མདུན་དུ་པད་ཟླར་ཝཾ་ཡིག་ཡོངས་གྱུར་ལས། །ཆུ་བདག་ཀུན་གྱི་གཙོ་བོ་ཝ་རུ་ཎ། །དཀར་མཛེས་རིན་ཆེན་བརྒྱན་ལྡན་སྦྲུལ་མཇུག་ཅན། །ཕྱག་བཞིའི་དང་པོར་ཐལ་སྦྱར་གཡས་འོག་གིས། །རིན་ཆེན་སྙེད་མ་གཡོན་འོག་དབྱུག་ཏོ་དང་། །ཞགས་པ་བསྣམས་ཞིང་ཀླུ་འཁོར་གྲངས་མེད་བཅས། །བདག་གི་མདུན་དུ་གུས་པས་འཁོར་པར་གྱུར། ཨོཾ་ཝ་རུ་ཎ། ས་པཱ་རི་ཝ་ར་བཛྲ་ས་མཱ་ཡ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། སམྦྷ་ར་དང་ཡིག་དྲུག་སེ་གོལ་ཆུ་ཐིག་བདུན། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། །མཚན་བཞི་པོ་ཡང་བསྒྲག་པར་རུང་ངོ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་ལེགས་ལྡན་པའི། །མཆོད་


TR007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་འདོད་ཡོན་ཕུན་ཚོགས་འདི་བཞེས་ལ། །སངས་རྒྱས་བསྟན་དར་ཆོས་སྤྱོད་བསམ་དགུ་འགྲུབ། །ཆར་ཆུ་དུས་འབབ་སྐྱེ་འགྲོ་བདེ་བར་མཛོད། །ཅེས་བསྔོ་ཞིང་། །བདག་གིས་བསམ་པའི་སྟོབས་སོགས་དང་། །ཆོས་ཀྱི་སྦྱིན་པ་ཡང་བྱ་ཞིང་། །གཏོར་མགྲོན་རྣམས་རང་གནས་སུ་གཤེགས་སུ་གསོལ་བ་དང་། །བསྔོ་བ་སྨོན་ལམ་སོགས་རྗེས་ཆོག་རྣམས་ནི་གཞན་དང་མཐུན་ནོ། བྲུལ་གཏོར་གྱི་རིམ་པ་འདི་ཡང་སྨན་སྒོམ་ཚུལ་ཁྲིམས་བཟང་པོས་བཞེང་པ་ལྟར། །སྣ་ཚོགས་རང་གྲོལ་གྱིས་དཔལ་རི་གངས་ཀྱི་འདབ་ཞོལ་དུ་བྲིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག །བཀྲ་ཤིས། གཅིག་ཞུད།


previousབྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་བའི་ཚུལ།next