Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
བྲུལ་གཏོར་སྐབས་ཀྱི་དོགས་གཅོད་དྲི་ལན་གྱི་འཕྲོས་དོན་འགའ།
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousབྲུལ་གཏོར་སྐབས་ཀྱི་དོགས་གཅོད་དྲི་ལན་གྱི་འཕྲོས་དོན་འགའ།next

བྲུལ་གཏོར་སྐབས་ཀྱི་དོགས་གཅོད་དྲི་ལན་གྱི་འཕྲོས་དོན་འགའ།


TR007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བྲུལ་གཏོར་སྐབས་ཀྱི་དོགས་གཅོད་དྲི་ལན་གྱི་འཕྲོས་དོན་འགའ་བཞུགས་སོ།། ༈ །།བྲུལ་གཏོར་གྱི་སྐབས་སུ། །གཏོར་སྣོད་ཀྱི་ནང་དུ་ཇི་ལྟར་བཤམས་པའི་དངོས་པོ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་པ་ནི། །གཏོར་མ་གཞན་རྣམས་དང་འདྲ་བ་ལས། འདི་སྐབས་ཀྱི་ཁྱད་པར་ནི། རང་ཉིད་སྤྱན་རས་གཟིགས་སུ་མི་སྒོམ་པར་རང་ལུས་ཐ་མལ་པ་འདི་ཉིད་ལས་སླར་རང་ལུས་འདི་ཁོ་ན་འདྲ་བ་གཅིག་འཕྲོས་གཉིས་འཕྲོས། གྲངས་མེད་བསམ་གྱིས་མི་ཁྱབ་པ་ཟད་མེད་དུ་འཕྲོས་ནས་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དེའི་ནང་དུ་སོང་བར་བསམ་རྒྱུ་ཡིན་ཞིང་། །དེ་ཡང་བྲུལ་གཏོར་རིམ་པ་བཞིའི། །དང་པོ་དེ་ལ། གཏོར་རྫས་དང་རང་ལུས་དེར་སོང་ནས་ཞུ་ཞིང་འདྲེས་པ་དེ་ཐམས་ཅད་དཀར་གསུམ་མངར་གསུམ་ལ་སོགས་མཆོད་པའི་རིགས་སྣ་ཚོགས་སུ་གྱུར་པར་དམིགས་ཏེ་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ། །གཙང་རིགས་དཀར་མཆོག་


TR007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉེས་པའི་ལྷ་ཚོགས་ཐམས་ཅད་ལ་འབུལ་བར་དམིགས།། ༈ །།གཉིས་པ་དེ་ལ། གཏོར་མ་དེ་ཡང་ཐོད་པ་སྟོང་གསུམ་གྱི་རྒྱ་ཁྱོན་ཙམ་དུ་གྱུར་པའི་ནང་དུ་གཏོར་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པས་གང་བ་ལ། །རང་གི་ལུས་འདི་ལས་འདི་དང་འདྲ་བའི་ལུས་དཔག་ཏུ་མེད་པ་འཕྲོས་ནས་དེར་སོང་བས་བདུད་རྩི་དེ་ཉིད་སྨན་རག་གཏོར་ཚོགས་ལ་སོགས་གསང་སྔགས་ནང་གི་མཆོད་པ་དཔག་མེད་གྱུར་པར་བསམ་ནས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་སྔགས་ནང་པའི་ལྷ་ཚོགས་ཐམས་ཅད་ལ་འབུལ།། ༈ །།གསུམ་པ་དེ་ལ། གཏོར་སྣོད་རིན་ཆེན་རྒྱ་ཁྱོན་ཤིན་ཏུ་ཆེ་བ་སྟོང་གསུམ་དང་མཉམ་པ། །གཏོར་རྫས་ཀྱང་ངོ་བོ་བདུད་རྩིའི་རྒྱ་མཚོ་ཡིན་པ་ལ། །རྣམ་པ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་ལ་སོགས་འདོད་ཡོན་མ་ཚང་བ་མེད་པའི་ནང་དུ། བདག་ལུས་འདི་ལས་ལུས་མང་པོ་འཕྲོས་ནས་ཐིམ་པ་


TR007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སླར་ཡང་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་བསམ་ཏེ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན།། ༈ །།བཞི་པ་དེ་ལ། གཏོར་སྣོད་རྒྱ་ཁྱོན་རབ་ཏུ་ཆེ་བའི་ནང་དུ། །གཏོར་རྫས་རྣམས་ངོ་བོ་ཡེ་ཤེས་བདུད་རྩི་ལ་རྣམ་པ་བཟའ་བཏུང་དང་ཤ་ཁྲག་གློ་སྙིང་ནང་ཁྲོལ་དབང་པོ་ལྔ་སོགས་གདོན་བགེགས་རྣམས་སོ་སོའི་ཡིད་དང་མཐུན་པའི་དངོས་པོར་གྱུར་པའི་ནང་དུ། རང་ལུས་ལས་འདི་འདྲ་བ་གྲངས་མེད་འཕྲོས་ཤིང་དེར་ཐིམ་པ་དང་། གདོན་བགེགས་ལན་ཆགས་འབྱུང་པོ་གནོད་བྱེད་རྣམས་སོ་སོ་ཇི་ལྟར་འདོད་པའི་ལོངས་སྤྱོད་དུ་གྱུར་ནས་བསྔོས་པས། ལན་ཆགས་བགེགས་རིགས་མཐའ་དགེ་མགུ་ཞིང་ཚིམ་སྟེ་གཞན་ལ་གནོད་འཚེའི་བསམ་སྦྱོར་ཞི་ཞིང་བྱང་ཆུབ་ཀྱི་གོ་འཕང་ལ་འཁོད་པར་བསམ།། ༈ །།ལྔ་པ་ལ་ནི། རང་ལུས་ཞུ་བ་དེ་བྱེད་མི་དགོས་པར། །ཀླུ་རྒྱལ་འཁོར་བཅས་ཀྱི་ཐུགས་དང་མཐུན་པའི་མཆོད་རྫས་ཀླུ་སྨན་སོགས་ཅི་འདོད་ཀྱི་ལོངས་སྤྱོད་དུ་


TR007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ནས་ཕུལ་བ་ཡིན་ནོ། །མདོར་ན་བྲུལ་གཏོར་ཞེས་མིང་དུ་བཏགས་པའི་རྒྱུ་མཚན་ནི། རང་ལུས་མང་པོ་སྤྲོས་ནས་གཏོར་མའི་ནང་དུ་བྲུལ་བར་བསྒོམས་ལ་བྲུལ་གཏོར་དུ་མིང་བཏགས་པ་ཡིན་པར་སྣང་ལ། འདི་ཁོ་རང་གཅིག་པུ་གཏོང་ན་ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་དང་། མཇུག་ཏུ་བསྔོ་སྨོན་བཀྲ་ཤིས་གཤེགས་གསོལ་སོགས་དགོས་མོད་ཀྱང་། དིང་སང་གཏོར་མ་གཞུང་དངོས་དང་སྦྲེལ་ནས་གཏོང་བ་ཡིན་ཚེ། བརྒྱ་རྩ་ཚར་ནས། ལྷག་གཏོར་དང་ཆོས་སྦྱིན་གྱི་རྗེས་སུ་ཇི་ལྟར་བསྔོས་བཞིན་ཐོག་པ་མེད་པར་འབྱུང་གྱུར་ཅིག །ཅེས་པའི་སྐབས་དེར་བྲུལ་གཏོར་བཤམས་ནས་བཏང་། དེ་ཚར་བ་དང་ཡང་། བར་དོ་ཆ་བཞིའམ། འབྱུང་བཞི་སོགས་གང་གཏོང་བར་མོས་པ་རྣམས་དལ་ཁོམ་དང་བསྟུན་ནས་བཏང་བའི་རྗེས་ལ། གཏོར་ཆས་བསྡུ་བའི་སྐབས་སུ། ཡོ་བྱད་མ་འབྱོར་ཏིང་འཛིན་གཡེལ་


TR007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཞེས་སོགས་ཀྱི་གཤེགས་པ་དང་། གཤེགས་གསོལ། བསྔོ་བ། སྨོན་ལམ། བཀྲ་ཤིས་རྣམས་བྱ་བ་ཡིན་ནོ། ཡང་། གཏོར་མ་ཞིག་གཏོང་ཕྱིན་ཆད་བརྒྱ་རྩ་མ་བཏང་བའི་ཐབས་མེད་ཅིང་། བརྒྱ་རྩའི་ཁོགས་སུ་གཞན་ཐམས་ཅད་ཚང་ཞིང་འདུས་པའི་གནད་ཀྱིས་འདི་གཅིག་པུས་མི་ཆོག་རྒྱུ་མེད་པ་དང་། ཡང་། རྒྱས་པར་བྱེད་སྤྲོ་ན་དཀར་ཆ་བཞི། འཇམ་དཔལ། བྲུལ་གཏོར་བར་རོ། །འབྱུང་བཞི་ལ་སོགས་རྣམས་རེ་མོས་བྱས་ནས་བཏང་བས་ཡོང་བ་དང་། གཞན་གང་ཡང་མི་གཏོང་ན། །མཆོད་པའི་མཇུག་གི་ཆུ་སྦྱིན་དེ་ནི་ངེས་པར་དགོས་ཚེ། དེ་དང་བརྒྱ་རྩ་བཏང་ནས་མཇུག་གི་ལས་རིམ་རྣམས་བྱས་པས་འཐུས་པ་ཡིན་པས་དེ་ལྟར་ཐུགས་ལ་བཞུགས་མཛོད། །ཅེས་འཕྲལ་མར་མཚམས་མལ་ནས་དགེའོ། །གཅིག་ཞུས།


previousབྲུལ་གཏོར་སྐབས་ཀྱི་དོགས་གཅོད་དྲི་ལན་གྱི་འཕྲོས་དོན་འགའ།next