Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
ཆུ་གཏོར་ཤིན་ཏུ་བསྡུས་པ་ཉམས་སུ་བླང་བའི་ཐབས་ཡིད་བཞིན་སྙིང་པོ།
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousཆུ་གཏོར་ཤིན་ཏུ་བསྡུས་པ་ཉམས་སུ་བླང་བའི་ཐབས་ཡིད་བཞིན་སྙིང་པོ།next

ཆུ་གཏོར་ཤིན་ཏུ་བསྡུས་པ་ཉམས་སུ་བླང་བའི་ཐབས་ཡིད་བཞིན་སྙིང་པོ།


TR007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏོར་ཤིན་ཏུ་བསྡུས་པ་ཉམས་སུ་བླང་བའི་ཐབས་ཡིད་བཞིན་སྙིང་པོ་ཅེས་བྱ་བ་བཞུགས་སོ། །


TR007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཆུ་གཏོར་གྱི་རིམ་པ་ཤིན་ཏུ་བསྡུས་པ་ལ་སྤྲོ་ན། གཏོར་རྫས་རྣམས་ལེགས་པར་བཤམས་ལ་དང་པོ་སྐྱབས་སེམས་ཡན་ལག་བདུན་པ་ནི། ན་མོ། སངས་རྒྱས་ཀུན་གཙོ་བླ་མ་ལ། །བདག་སོགས་རྟག་པར་སྐྱབས་སུ་མཆི། །མཁའ་ཁྱབ་འགྲོ་ལ་ཕན་ཕྱིར་དུ། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་བཤགས་དགེ་ལ་ཡི་རང་ངོ་། །མྱ་ངན་མི་འདའ་ཆོས་འཁོར་བསྐུལ། །དགེ་ཀུན་བྱང་ཆུབ་ཕྱིར་བསྔོའོ། །གནས་དང་བདག་དང་མཆོད་རྫས་བྱིན་གྱིས་བརླབས་པ་ནི།


TR007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿ སྭ་བྷཱ་ཝཱ་ཤུདྡྷ྅ཧཾ། ས་གཞི་གནས་ཁང་རིན་ཆེན་གྱི། །བསྐྱེད་ཚལ་གཞལ་ཡས་ཉམས་དགའ་བར། །བདག་ཉིད་འཕགས་མཆོག་མཛེས་འཛུམ་དཀར། །མཆོད་སྦྱིན་མེ་ཏོག་ལོངས་སྐུའི་ཚུལ། །རིགས་བདག་སྣང་མཐའི་དབུ་རྒྱན་ཅིང་། །སྟོང་གསལ་འཇའ་འོད་སྐུར་བཞུགས་གྱུར། །ཨོཾ་མ་ི་པདྨེ་ཧཱུྃ། རྃ་ཡྃ་ཁྃ་ཨོཾ་ཨཱཿཧཱུྃ། ཏིང་འཛིན་སྨོན་ལམ་ལས་གྲུབ་པའི། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་རབ་འབྱམས་ཡོངས་ཁྱབ་ཅིང་། །


TR007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་རྒྱལ་བ་མཉེས་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ། བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུདྒ་ཏེ། སྥ་ར་་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེེྞ་དཾ་བ་ལྱཱ་དི་སྭཱ་ཧཱ། མགྲོན་སྤྱན་དྲངས་ཤིང་ཁྲུས་གསོལ་མཆོད་འབུལ་ནི། བདག་གི་ཐུགས་ཀའི་འོད་ཟེར་གྱིས། །དཀོན་མཆོག་སྲི་ཞུ་ཡོན་ཏན་དང་། །རིས་དྲུག་བགེགས་རིགས་ལན་ཆགས་སོགས། །མགྲོན་ཀུན་སྤྱན་དྲངས་བཞུགས་པར་གྱུར། །བཛྲ་ས་མཱ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། །ཡེ་ཤེས་བདུད་རྩི་དག་པའི་ཆུས། །རྒྱལ་བའི་སྐུ་ལ་ཁྲུས་གསོལ་ཞིང་། །དྲི་མེད་མཆོད་ཚོགས་རྒྱ་མཚོ་ཡིས། །རབ་འབྱམས་རྒྱལ་བ་མཉེས་པར་གྱུར། །ས་པ་རི་ཝ་ར་བཛྲ་ཨརྒྷཾ། པཱ་ཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀི། གནྡྷེ། ནཻ་ཝི་དྱ། ཤསྟ་པྲ་ཏཱིཙྪ་ཨཱཿཧཱུྃ། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། ཅེས་སོགས་ན། སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །ཅེས་པའི་བར་བྱའོ།། ༈ །།དེ་ནས་གཏོར་མ་བརྒྱ་རྩ་བཤམས་ལ། རིམ་པ་ལྟར་རེ་རེ་བཞིན་དུ་བྱིན་བརླབས་དང་གཟུངས་སྔགས་བཟླ་ཞིང་།


TR007_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཚན་བཞི་པ་ལ་ཨརྒྷཾ། སོགས་ཀྱི་ཀྱང་མཆོད། །ལྔ་པ་མན་ལ་དེ་བཞིན་གཤེགས་པ་བཞིའི་མཚན་བསྒྲགས་པར་བྱའོ། །དང་པོ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་ཝ༴ རིན་ཆེན་གཏོར་སྣོད་རྒྱ་ཆེན་དུ། །གཏོར་རྫས་ཡེ་ཤེས་བདུད་རྩིའི་མཆོག །ཅི་འདོད་དགྱེས་པ་སྐོངས་བྱེད་པའི། །འདོད་འབྱུང་ལོངས་སྤྱོད་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ཅེས་ལན་གཅིག་དང་། ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་ཧཱུྃ། ལན་བཅུ་རེ་བཟླས། བཅུ་ཚན་དང་པོ་ལ། རྩ་རྒྱུད་བླ་མ་རྒྱལ་བའི་ཚོགས། །སྤྲུལ་འཁོར་བཅས་ལ་མཆོད་བགྱིས་པས། །བདག་སོགས་འགྲོ་བ་མ་ལུས་ལ། །ཐུགས་རྗེས་བྱིན་གྱིས་བརླབ་དུ་གསོལ། གཉིས་པ་ལ། ཡི་དམ་ཞི་ཁྲོ་ཌཀྐིའི་ཚོགས། །ཆོས་སྐྱོངས་བསྲུང་མར་བཅས་ལ་འབུལ། །མཆོག་མཐུན་དངོས་གྲུབ་ཀུན་སྩོལ་ཞིང་། །རྣམ་བཞིའི་ཕྲིན་ལས་གྲུབ་པར་མཛོད། །གསུམ་པ་ནི། །ལྷ་མིའི་དྲང་སྲོང་རིགས་སྔགས་འཆང་། །བདེན་


TR007_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གྲུབ་པ་རྣམས་ལ་འབུལ། །འཇིག་རྟེན་ཁམས་ཀུན་བདེ་ལེགས་ཀྱི། །ཡོན་ཏན་འབྱུང་བར་མཛད་དུ་གསོལ། །བཞི་པ་ནི། །ནོར་སྐྱོང་དངོས་གྲུབ་སྟེར་བའི་ལྷ། །།།རིགས་སོགས་ཀུན་ལ་འབུལ། །ཆོས་དང་མཐུན་པའི་འདོད་དགུ་ཡིས། །བདག་སོགས་རེ་བ་སྐོང་བར་མཛོད། ལྔ་པ་ནི། །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ། །དེ་བཞིན་གཤེགས་པ་སྐུ་འཇམ་ཀླས་ལ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་ལེགས་སྐྱོང་ཞིང་། །སྟོན་པའི་དམ་ཆོས་བསྲུང་བ་ཡི། །ལྷ་ཀླུ་མཐུ་ལྡན་རྣམས་ལ་འབུལ། །བསྟན་པ་སྐྱོང་བར་མཛད་དུ་གསོལ། །དྲུག་པ་ནི། །སྟོང་གསུམ་འཇིག་རྟེན་བོད་ཁམས་ལ། །དབང་བསྒྱུར་དཀར་ཕྱོགས་སྐྱོང་བའི་རིགས། །གཞི་བདག་གནས་བདག་ཀུན་ལ་འབུལ། །ཆོས་ལྡན་གདོང་གྲོགས་མཛད་དུ་གསོལ། །བདུན་པ་ནི། །སྡེ་བརྒྱད་འབྱུང་པོ་དྲེག་པའི་རིགས། །ནད་བདག་གདོན་བགེགས་མ་ལུས་ཀུན། །གཏོར་མ་བདུད་རྩིས་


TR007_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་བྱོས་ལ། །གཞན་ལ་གནོད་དང་འཚེ་བ་སྤོང་། བརྒྱད་པ་ནི། འཁོར་བ་ཐོག་མཐའ་མེད་པ་ཡི། །དྲིན་ཅན་རིས་དྲུག་ཕ་མ་ཀུན། །མཆོད་སྦྱིན་ཅི་འདོད་ལོངས་སྤྱོད་ཀྱིས། །ཚིམ་ཞིང་བྱང་ཆུབ་མྱུར་ཐོབ་ཤོག །དགུ་པ་ནི། མ་དག་སེར་སྣའི་ལམ་སྒྲིབ་ཅན།། །བཀྲེས་སྐོམ་ཡི་དྭགས་འགྲོ་བ་ཀུན། །ཅི་འདོད་བཟའ་བཏུང་ལོངས་སྤྱད་ཅིང་། །སྒྲིབ་བྲལ་བདེ་ཆེན་ཐོབ་པར་ཤོག །བཅུ་པ་ནི། ཚེ་རབས་ཀུན་གྱི་ལན་ཆགས་དང་། བུ་ལོན་དཀོར་གྱི་སྒྲིབ་པ་སོགས། །ཅི་མཆིས་སྦྱིན་པ་འདིས་ཁོར་ཏེ། །མ་ལུས་རྫོགས་པའི་བྱང་ཆུབ་ཤོག །དེ་ནས་ལྷག་གཏོར་བཤམས་ལ། བྱིན་གྱིས་བརླབས་ཅིང་། གཟུངས་ཚར་བརྒྱད་དང་མཚན་བསྒྲག་ལ། །བློ་བུར་ལྷགས་དང་ཉམས་ཆུང་གི། །མགྲོན་རིགས་ལྷག་ལ་དབང་བ་རྣམས། །བཤལ་ཆུའི་གཏོར་མ་འདིས་ཚིམ་ནས། །བླ་མེད་གོ་འཕངས་ཐོབ་གྱུར་ཅིག །དེ་ནས་ཆུ་སྦྱིན་ནི། གཏོར་སྣོད་ལྔའམ་གཅིག་རུ་ཆུ་གཙང་སྦྲེངས་ལ་དང་པོར། །འཕགས་པ་


TR007_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་དབང་གི། །ཕྱག་ནས་འབེབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །གཉིས་པ་ནི། ཨོཾ་མ་ི་པདྨེ་ཧཱུྃ། གསུམ་པར། ཨོཾ་ཨཱཿཧྲཱི་ཧཱུྃ། བཞི་པར། ཨོཾ་ཛ་ལ་མི་དཾ་སརྦ་པྲེ་ཏ་བྷྱ་སྭཱ་ཧཱ། ལྔ་པར། རང་ཉིད་མི་འཁྲུག་པ་རུ་གྱུར། ན་མོ་རཏྣ་ཏྲཱ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པཱ་རོ་ས་རཱ་ི་མེ། སརྦ་སཏྭ་ནཉྩ་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དག་དང་། ཅེས་སོགས་བདེན་ཚིག་བརྗོད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་ཀྱི་ཆོས་སྦྱིན་བྱའོ།། ༈ །།དེ་ནས་བཟོད་གསོལ་དང་གཤེགས་གསོལ་བསྔོ་སྨོན་ཤིས་བརྗོད་ནི། །སྔགས་དང་ཏིང་འཛིན་ཡོ་བྱད་ཀྱི། །ལྷག་ཆད་ནོར་འཁྲུལ་ཅི་མཆིས་རྣམས། །མཐོལ་བཤགས་བཟོད་པར་བཞེས་ནས་ཀྱང་། །མགྲོན་རྣམས་རང་རང་གནས་སུ་གཤེགས། །བཛྲ་མུཿསརྦ་བྷཱུ་ཏ་གྷཙྪ། དགེ་བ་འདིས་མཚོན་ཚེ་རབས་ཀྱི། །དགེ་ཀུན་གཅིག་


TR007_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྡོམས་ནས་ནི། །འགྲོ་ཀུན་རྣམ་མཁྱེན་རྒྱུར་བསྔོ་བའི། །སྨོན་ལམ་ཅི་བཏབ་འགྲུབ་གྱུར་ཅིག །བླ་མ་རྒྱལ་བ་སྲས་བཅས་ལ། །མཁའ་འགྲོ་ཆོས་སྲུང་བྱིན་རླབས་ཀྱིས། །བཀྲ་ཤིས་དགེ་ལེགས་ཆར་ཆེན་རྒྱུས། །ཕྱོགས་དུས་ཀུན་དུ་འབབ་པར་ཤོག །ཅེས་པ་འདི་ནི། །གང་ཟག་ཤིན་ཏུ་སྤྲོས་པ་ཆུང་བ་རྣམས་ལ་ཕན་ཕྱིར། །སྣ་ཚོགས་རང་གྲོལ་གྱིས་མཁའ་འགྲོའི་གནས་ཆེན་དཔལ་གྱི་རྒོད་ཚངས་ཕུག་ཏུ་བཀོད་པ་དགེའོ། །བཀྲ་ཤེས་སྩོལ། གཅིག་ཞུད།


previousཆུ་གཏོར་ཤིན་ཏུ་བསྡུས་པ་ཉམས་སུ་བླང་བའི་ཐབས་ཡིད་བཞིན་སྙིང་པོ།next