Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
བསུར་མཆོད་ཡེ་ཤེས་སྤྲིན་ཕུང་།
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousབསུར་མཆོད་ཡེ་ཤེས་སྤྲིན་ཕུང་།next

བསུར་མཆོད་ཡེ་ཤེས་སྤྲིན་ཕུང་།


TR007_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བསུར་མཆོད་ཡེ་ཤེས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །


TR007_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། ཡུམ་ཆེན་ན་བཟའ་དཀར་མོའི་མཁའ་དབྱིངས་ཀྱི་རྣམ་པར་འཕྲུལ་པའི་མེ་ཐབ་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། །ཡེ་ཤེས་ཀྱི་མེ་སྤུངས་དུད་སྤྲིན་འཇའ་ཚོན་སྣ་ལྔ་རབ་ཏུ་འཁྲིག་པའི་བསེབ་ནས། མཆོད་པའི་ལྷ་མོ་གཟུགས་རྡོ་རྗེ་མ་དང་། །སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་ལ་སོགས་པ་རེ་རེ་ལས་ཀྱང་སྤྲུལ་པའི་ལྷ་མོ་འདོད་ཡོན་གྱི་མཆོད་པ་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཕྱི་ནང་གསང་བའི་མཆོད་པ་རྨད་དུ་བྱུང་བ་ནམ་མཁའ་རབ་འབྱམས་


TR007_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐར་ཁྱབ་པ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་འཆད་པར་འབུལ་བར་གྱུར། ན་མསྶརྦ་ཏ་ཐཱ་ག་ཏེ་བྷེ་ཡ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་ཨརྒྷཾ། པཱ་ཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀི། གནྡྷེ། ནཻ་ཝི་དྱ། ཤསྟ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ས་མ་ཡེ་ཨཱཿཧཱུྃ། འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་མཆོད་པ་དམ་པ་འདི་ཉིད། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། །དཔལ་ལྡན་རྩ་བ་དང་རྒྱུད་པར་བཅས་པའི་བླ་མ། །ཡི་དམ་ཞི་ཁྲོ་རབ་འབྱམས་


TR007_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་དཔའ་བོ་དཔའ་མོ། །ཆོས་སྐྱོང་བསྲུང་མ་དམ་ཅན་རྒྱ་མཚོ། །ཡུལ་ལྷ་གཞི་བདག་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །བདག་ཅག་འཁོར་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་སྩོལ་ཞིང་བྱིན་གྱིས་རློབ་པ་དང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་མཛད་དུ་གསོལ་ལོ། །དེ་ལྟར་ཕུལ་བས་མཆོད་ཡུལ་ཐམས་ཅད་དགྱེས་ཤིང་ཚིམ་ནས་ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་མེ་དུད་འཇའ་འོད་ཀྱི་བསེབ་ཏུ་འཕྲོས་པ་ལས། སླར་ཡང་འདོད་ཡོན་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་ཟད་པ་མེད་པ་བྱུང་སྟེ། ཁམས་སུམ་རིས་དྲུག་སྐྱེ་བ་རྣམ་པ་བཞིས་བསྡུས་པའི་སྣང་ཞིང་སྲིད་པའི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་མཁོ་དགུའི་ཡོ་བྱད་བཟའ་བཏུང་གོས་རྒྱན་གནས་རྟེན་ཡུལ་མཁར་ན་བའི་གསོ་སྨན་སྐྱབས་མགོན་དཔུང་གཉེན་ལ་སོགས་པ་གང་ལ་གང་འདོད་དུ་གྱུར་སྟེ། སེམས་ཅན་ཐམས་ཅད་མངོན་མཐོ་ངེས་ལེགས་ཀྱི་ལམ་བཟང་བསྒྲུབ་པའི་མཐུན་རྐྱེན་དམ་པར་གྱུར་ཅིག །


TR007_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྦྱིན་པའི་དགེ་བ་ལ་བརྟེན་ནས་བདག་སོགས་སེམས་ཅན་ཐམས་ཅད་གནས་སྐབས་སུ་ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་མཐུན་རྐྱེན་ཐམས་ཅད་གོང་དུ་འཕེལ་ཞིང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕངས་དམ་པ་ཐོབ་པར་གྱུར་ཅིག །བྱང་ཆུབ་ལམ་གྱི་ཆ་རྐྱེན་དུ། །འདི་ལྟ་བུ་ཞིག་དགོས་ཞེས་པ། །ཀུན་བཟང་རིག་འཛིན་བསྐུལ་ངོར་རུ། །བྲིས་པའི་གཞན་ཕན་མཐའ་ཡས་ཤོག །བཀྲ་ཤིས། །གཅིག་ཞུད།


previousབསུར་མཆོད་ཡེ་ཤེས་སྤྲིན་ཕུང་།next