Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
བསངས་བསུར་བསྔོ་བའི་ཆོ་ག་རྒྱས་པ་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་སྤྲིན་ཕུང་།
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousབསངས་བསུར་བསྔོ་བའི་ཆོ་ག་རྒྱས་པ་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་སྤྲིན་ཕུང་།next

བསངས་བསུར་བསྔོ་བའི་ཆོ་ག་རྒྱས་པ་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་སྤྲིན་ཕུང་།


TR007_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་བསུར་བསྔོ་བའི་ཆོ་ག་རྒྱས་པ་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་སྤྲིན་ཕུང་བཞུགས་སོ། །


TR007_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམས། །བདག་སོགས་གུས་པས་སྐྱབས་སུ་མཆི། །བདག་གིས་མཆོད་སྦྱིན་བགྱིས་པའི་དགེ། །འགྲོ་ལ་ཕན་པ་མཆོག་འགྲུབ་ཤོག། ༈ །།ཨེ་རྃ། བདག་གི་ཕུང་ཁམས་སྐྱེ་མཆེད་འདིས། །འཕགས་མཆོག་སྤྱན་རས་གཟིགས་སུ་གསལ། །ཐུགས་ཀའི་ཧྲཱིཿལས་རྃ་འཕྲོས་པས། །ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །མེ་ཐབ་ཡེ་ཤེས་མེ་དཔུང་འབར། །དུད་སྤྲིན་འཇའ་འོད་འཁྲུག་པ་ཡིས། །ནམ་མཁའ་བར་སྣང་ས་གཞི་ཁེངས། །དུད་པའི་སེབ་ནས་སྤྲུལ་པ་


TR007_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །མཆོད་པའི་ལྷ་མོ་དཔག་མེད་འཕྲོས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །སྤྲིན་ལྟར་གཏིབས་པས་མཆོག་དམན་མགྲོན། །ཐམས་ཅད་དགྱེས་པ་སྐོངས་བྱེད་གྱུར། ཨོཾ་ཨཱཿཧཱུྃ། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཉན་རང་ཚོགས། །དཔའ་བོ་དཔའ་མོ་ཆོས་སྐྱོང་དང་། །ཡུལ་ལྷ་གཞི་བདག་ལྷ་སྲིན་ཀུན། །མཁའ་མཉམ་འགྲོ་བ་མ་ལུས་བཅས། །ཐམས་ཅད་མཆོད་སྦྱིན་མགྲོན་དུ་གཤེགས། །རང་རང་དགྱེས་པའི་གདན་ལ་བཞུགས། །ཕྱག་འཚལ་མཆོད་འབུལ་མཉེས་བྱས་བཤགས། །


TR007_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །མྱ་ངན་མི་གདའ་གསོལ་འདེབས་ཤིང་། །དགེ་འབྲས་བྱང་ཆུབ་རྒྱུར་བསྔོའོ། །ན་མཿ སརྦ་ཏ་ཐཱ་ག་ཏེ། བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུདྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཏིང་འཛིན་འཕྲུལ། །འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན། །གང་ལ་གང་འདོད་ཚིམ་བྱེད་པའི། །བསངས་དང་བསུར་གྱི་མཆོད་པ་འདི། །དགོངས་བརྡའ་སྙན་བརྒྱུད་བཀའ་གཏེར་དང་། །བཤད་སྒྲུབ་གསང་སྔགས་གསར་རྙིང་གི། །རྩ་བ་བརྒྱུད་པའི་བླ་མ་དང་། །ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་ཀྱི། །སངས་རྒྱས་སྲས་དང་སྤྲུལ་པའི་འཁོར། །བྱང་སེམས་ཉན་ཐོས་རང་རྒྱལ་སོགས། །སྐྱབས་གནས་དཀོན་མཆོག་རྣམས་ལ་འབུལ། །དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །བརྩེ་ཆེན་ཐུགས་རྗེས་སྐྱོབས་པ་དང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ།།


TR007_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ཐག་པ་ཕྱི་ནང་མདོ་རྒྱུད་ལུང་། །གསང་སྔགས་སྨིན་གྲོལ་ཆོས་ཀུན་གྱི། །དཀྱིལ་འཁོར་བསམ་ཡས་གྲངས་མེད་པའི། །ལྷ་ཚོགས་ཡི་དམ་ཞི་དང་ཁྲོ། །ཡབ་ཡུམ་འཁོར་དང་ཡང་འཁོར་བཅས། །རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ། །བསངས་དང་བསུར་མཆོད་འདི་འབུལ་གྱི། །ཟག་མེད་མཆོད་པས་མཉེས་གྱུར་ནས། །བདག་སོགས་མོས་པའི་བུ་རྣམས་ཀྱི། །ལས་ཉོན་སྒྲིབ་ཚོགས་ཀུན་བྱང་ཞིང་། །ཉམས་ཆགས་འགལ་འཁྲུལ་གསོར་ཆུད་དོ། །མཆོག་དང་མཐུན་མོངས་དངོས་གྲུབ་རྣམས། །མྱུར་དུ་སྩོལ་བར་མཛད་དུ་གསོལ། །དག་པ་མཁའ་སྤྱོད་སྤྲུལ་པའི་ཞིང་། །གནས་ཡུལ་དུར་ཁྲོད་ཀུན་མྱུལ་ཞིང་། །ཕྲིན་ལས་བསྒྲུབ་པའི་མཁའ་འགྲོ་མ། །ཡེ་ཤེས་ལས་ལས་གྲུབ་པའི་ཚོགས། །དཔའ་བོ་དཔའ་མོའི་རིགས་རྣམས་དང་། །བསྟན་པ་བསྲུང་བའི་མཐུ་སྟོབས་ཅན། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རིགས། །


TR007_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་དམ་ལས་གནས་པ་ཡི། །སྲུང་མ་དམ་ཅན་རྒྱ་མཚོར་བཅས། །བསངས་དང་བསུར་མཆོད་འདི་བཞེས་ལ། །ཆོས་བྱེད་སྐྱོང་ཞིང་དམ་ཉམས་སྒྲོལ། །ཕྲིན་ལས་ཐོགས་མེད་སྒྲུབ་མཛད་གསོལ།། ༈ །།སྟོང་གསུམ་འཇིག་རྟེན་མངའ་དབང་བསྒྱུར། །ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་ཀྱི། །དཔལ་མགོན་བདུན་ཅུ་རྩ་ལྔ་དང་། །དེ་དག་འཁོར་དུ་གཏོགས་པ་ཡི། །ཕྱི་ནང་གསང་བའི་ལྷ་མ་སྲིན། །སྟེང་གི་ཉི་ཟླ་གཟའ་སྐར་ནས། །འོག་གི་ས་བདག་ལྟོ་ཕྱེའི་བར། །སྣང་ཞིང་སྲིད་པའི་ལྷ་ཀླུ་ཀུན། །བསངས་དང་བསུར་མཆོད་འདི་ཞེས་ལ། །འཇིག་རྟེན་ཁམས་ཀུན་བདེ་བ་དང་། །ཆར་ཆུ་དུས་འབབས་ལོ་ཕྱུག་ལེགས། །ནད་མུག་འཁྲུག་རྩོད་ཞི་བར་མཛོད།། ༈ །།དཀར་ཕྱོགས་སྐྱོང་བའི་གཞི་བདག་རིགས། །ཡུལ་བདག་གནས་བདག་གཏོར་བདག་དང་། །གཙུག་ལག་དབེན་གནས་ཡུལ་དགོན་གྱི། །དཀོར་བསྲུང་


TR007_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བདག་གཉན་དགུའི་ཚོགས། །གཡའ་གངས་ནགས་རི་སྐྱེད་མོའི་ཚལ། །མཚོ་རྫིང་ཆུ་མིག་ཤིང་དང་བྲག །སོ་སོའི་རྟེན་གནས་ཇི་སྙེད་ན། །ཆགས་ཅིང་གནས་པའི་གཞི་བདག་དང་། །འགོ་བའི་ལྷ་དང་སྐྱོབ་པའི་མགོན། །ཀུན་ལ་བསངས་དང་བསུར་མཆོད་འབུལ། །བདག་སོགས་གཞི་བྱེད་གར་གནས་ཀྱང་། །ཉེས་ལས་སྐྱོབ་དང་ལེགས་ཚོགས་སྤེལ། །ཅི་བསམ་འགྲུབ་པའི་གདོང་གྲོགས་མཛོད། །གང་དག་ནག་པོའི་ཕྱོགས་ཀྱི་རིགས། །ས་སྟེང་ས་འོག་ས་བླ་རུ། །རྒྱུ་ཞིང་གཞན་ལ་གནོད་བྱེད་པའི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གདོན་རིགས་གསུམ་བརྒྱ་དྲུག་ཅུ་སོགས། །ནད་ཡཾ་རིམས་ཀྱི་བདག་པོ་དང་། །སྲོག་གཅོད་དབུགས་ལེན་མདངས་འཕྲོག་པའི། །གནོད་བྱེད་མ་རུངས་གདུག་རྩུབ་ཅན། །ཀུན་ཀྱང་བསངས་དང་བསུར་མཆོད་འདིས། །དགའ་ཞིང་མགུ་དང་ཚིམ་གྱིས་ལ། །སྐྱེ་འགྲོ་ཀུན་དང་


TR007_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ། །བདག་ཅག་མི་ནོར་འཁོར་བཅས་ལ། །གནོད་འཚེའི་བསམ་སྦྱོར་ཞི་བར་མཛོད།། ༈ །།གཞན་ཡང་ཁམས་གསུམ་འཇིག་རྟེན་ཀྱི། །འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི། །སེམས་ཅན་མ་ལུས་མཐའ་དག་དང་། །ཁྱད་པར་བར་དོའི་སེམས་ཅན་རིགས། །དྲི་བསུར་འཚོལ་ཞིང་ཀུན་ཏུ་འཁྱམས། །འཇིགས་སྐྲག་འཁྲུལ་སྣང་སྡུག་བསྔལ་གྱིས། །རྟག་ཏུ་གདུང་ཞིང་ཉམ་ཐག་པའི། །སྐྱབས་མེད་སྙིང་རྗེའི་ཡུལ་གྱུར་པ། །ཀུན་ལ་བསུར་མཆོད་འདི་བསྔོས་པས། །ཅི་འདོད་ལོངས་སྤྱོད་ཐོབ་ནས་ཀྱང་། །རིས་དྲུག་སོ་སོའི་སྡུག་བསྔལ་དང་། །བར་དོའི་འཇིགས་སྐྲག་ཀུན་ཞི་ནས། །འགྲོ་ཀུན་ཐར་ལམ་འཁོད་གྱུར་ཅིག། ༈ །།དེ་ལྟར་བདག་གི་ལྷག་བསམ་གྱིས། །བསངས་བསུར་འདོད་ཡོན་ཕུན་ཚོགས་པའི། །མཆོད་པ་དམ་པ་འདི་ཕུལ་བས། །མཆོག་དམན་མགྲོན་རིགས་ཀུན་མཉེས་ཤིང་། །ཡེ་ཤེས་པ་རྣམས་ཐུགས་དམ་བསྐོངས། །མཆོག་མཐུན་དངོས་གྲུབ་སྩལ་


TR007_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །འཇིག་རྟེན་པ་རྣམས་དགྱེས་ཤིང་ཚིམ། །འགལ་རྐྱེན་བར་ཆད་བསལ་དུ་གསོལ། །འགོ་བའི་ལྷ་རྣམས་མཉེས་ནས་ཀྱང་། །ཕྲིན་ལས་རྣམ་བཞི་གྲུབ་པར་མཛོད། །གནོད་པའི་བགེགས་རྣམས་ཚིམ་ནས་ཀྱང་། །ལན་ཆགས་བུ་ལོན་ཁོར་གྱུར་ཅིག །འགྲོ་ལ་འདོད་དགུའི་ཆར་བབས་ཏེ། །ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག །ཆོས་ཉིད་བདེན་པའི་མཐུ་སྟོབས་དང་། །སྔགས་དང་ཏིང་འཛིན་བྱིན་རླབས་དང་། །ལྷག་བསམ་རྣམ་དག་བདེན་པ་ཡིས། །ཇི་ལྟར་བསྔོས་བཞིན་འབྱུང་གྱུར་ཅིག །འདི་ལྟར་བགྱིས་པའི་དགེ་བའི་མཐུས། །བསྟན་པ་དར་ཞིང་སེམས་ཅན་བདེ། །བདག་སོགས་གནས་སྐབས་མཐར་ཐུག་ཀུན། །བདེ་ལེགས་ཕུན་ཚོགས་འབྱུང་བ་དང་། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕྱོགས་སུ་གནས་སྐབས་ཐམས་ཅད་དུ། །བཀྲ་ཤིས་ཆར་ཆེན་རྒྱུན་མི་ཆད། །རྒྱ་ཆེར་བབས་པའི་བྱིན་རླབས་ནི། །ནམ་མཁའ་


TR007_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་འབྱུང་བར་ཤོག །མགྲོན་རྣམས་ཐམས་ཅད་སོ་སོ་རང་རང་གི་གནས་སུ་གཤེགས་པར་གྱུར། །བསུར་མཆོད་ཀྱི་རིམ་པ་རྒྱས་པར་བཀོད་པ་འདི་ནི། ཟློ་ཡུལ་བྷཱུང་གྷལ་ཞེས་བྱ་བའི་ས་ཕྱོགས་ཀྱི་དཔོན་པོ་པདྨའི་མིང་ཅན་གང་གིས་བསྐུལ་ངོར་བྲིས་པ་དགེའོ། །བཀྲ་ཤིས། གཅིག་ཞུད།


previousབསངས་བསུར་བསྔོ་བའི་ཆོ་ག་རྒྱས་པ་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་སྤྲིན་ཕུང་།next