Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
གསང་སྔགས་གང་གཏོར་གྱི་ངག་འདོན་བདུད་རྩིའི་རླབས་ཕྲེང་།
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousགསང་སྔགས་གང་གཏོར་གྱི་ངག་འདོན་བདུད་རྩིའི་རླབས་ཕྲེང་།next

གསང་སྔགས་གང་གཏོར་གྱི་ངག་འདོན་བདུད་རྩིའི་རླབས་ཕྲེང་།


TR007_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་གང་གཏོར་གྱི་ངག་འདོན་བདུད་རྩིའི་རླབས་ཕྲེང་ཞེས་བྱ་བ་བཞུགས་སོ། །


TR007_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། །མཁའ་དང་མཉམ་པའི་གཏོར་སྣོད་རྒྱ་ཆེ་བར། །གཏོར་མའི་ངོ་བོ་བདུད་རྩིའི་རྒྱ་མཚོ་ཆེ། །ཕྱི་ནང་ཉེར་མཆོད་ལྔ་དང་སྒེག་སོགས་བརྒྱད། །རྒྱལ་སྲིད་རིན་ཆེན་བདུན་དང་བཀྲ་ཤིས་རྫས། །ཤ་ལྔ་བདུད་རྩི་ལྔ་དང་འདོད་ཡོན་ལྔ། །སྨན་རག་གཏོར་ཚོགས་ཕྱི་ནང་གསང་མཆོད་སོགས། །མདོར་ན་སྣང་ཞིང་སྲིད་པའི་མཆོད་པའི་རིགས། །དངོས་འབྱོར་བཤམས་དང་ཡིད་སྤྲུལ་དཔག་མེད་པ། །སོ་སོར་གང་ལ་ཅི་འདོད་ཚིམ་བྱེད་པའི། །ཟག་མེད་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། །མཆོད་འོས་སྐྱབས་ཀྱི་དམ་


TR007_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀོན་མཆོག་གསུམ། །རྒྱལ་བ་དགོངས་རྒྱུད་རིག་འཛིན་བརྡའ་ཡི་རྒྱུད། །གང་ཟག་སྙན་རྒྱུད་བཀའ་གཏེར་བཤད་སྒྲུབ་རྒྱུད། །དཔལ་ལྡན་རྩ་རྒྱུད་བླ་མའི་ཚོགས་རྣམས་ལ། །སྨན་རག་གཏོར་ཚོགས་མཆོད་པ་འདི་འབུལ་གྱི། །བཞེས་ནས་བདག་ཅག་སྐལ་ལྡན་སྒྲུབ་མཆོག་ལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ནས་ཀྱང་། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛོད། །དངོས་གྲུབ་སྩོལ་མཛད་ཡི་དམ་ཞི་ཁྲོའི་ཚོགས། །ཕ་རྒྱུད་མ་རྒྱུད་གཉིས་མེད་ཟུང་འཇུག་རྒྱུད། །བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེའི་ལྷ། །སྤྱི་དང་བྱེ་བྲག་དཀྱིལ་འཁོར་ལྷ་ཚོགས་ལ། །


TR007_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རག་གཏོར་ཚོགས་མཆོད་པ་འདི་འབུལ་གྱི། །བཞེས་ནས་བདག་སོགས་མོས་པའི་བུ་རྣམས་ལ། །མཆོག་དང་མཐུན་མོངས་དངོས་གྲུབ་སྩོལ་བ་དང་། །རྣམ་བཞིའི་ཕྲིན་ལས་རྩོལ་མེད་འགྲུབ་པར་མཛོད། །བར་ཆད་སེལ་མཛད་མ་སྲིང་མཁའ་འགྲོའི་ཚོགས། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །ཕྱི་ནང་གནས་ཡུལ་དུར་ཁྲོད་ལ་གནས་པའི། །ལས་དང་ཡེ་ཤེས་ཌཱ་ཀིའི་ཚོགས་རྣམས་ལ། །སྨན་རག་གཏོར་ཚོགས་མཆོད་པ་འདི་འབུལ་གྱི། །བཞེས་ནས་རྣལ་འབྱོར་བསྒྲུབ་མཆོག་བདག་ཅག་གི། །མི་མཐུན་ཉེར་འཚེ་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་འདོད་དགུ་འབྱུང་བར་མཛད་དུ་གསོལ། །བསྟན་པ་བསྲུང་མཛད་ཆོས་སྐྱོང་དམ་ཅན་ཚོགས། །རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་ཤིང་། །དྲག་ཤུལ་སྟོབས་ཀྱིས་གདུག་པའི་དགྲ་བགེགས་སྒྲོལ། །སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །སྨན་རག་གཏོར་ཚོགས་མཆོད་པ་འདི་འབུལ་གྱི། །བཞེས་ནས་རྣལ་འབྱོར་བདག་


TR007_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་འཁོར་བཅས་ཀྱིས། །བཅོལ་བའི་ལས་རྣམས་ཐོགས་མེད་བསྒྲུབ་པ་དང་། །བསྟན་ལ་སྡང་བའི་དགྲ་གེགས་བསྒྲལ་དུ་གསོལ། །གཞན་ཡང་རྒྱལ་དབང་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་ཅིང་བཀའ་བསྒོ་གཉེར་གཏད་པའི། །བསྟན་མ་བཅུ་གཉིས་དགེ་གཉེན་ཉེར་གཅིག་སོགས། །གནས་བསྲུང་གཏེར་བསྲུང་ཡུལ་ལྷ་གཞི་བདག་ལ། །སྨན་རག་གཏོར་ཚོགས། །བཞེས་ནས་བདག་ཅག་གཞི་བྱོས་གར་གནས་ཀྱང་། །རུ་ང་ཕྲག་དོག་གདུག་རྩུབ་ཀུན་ཞི་ནས། །ཆོས་མཐུན་ལས་ཀྱི་གདོང་གྲོགས་མཛད་དུ་གསོལ། །སྲིད་པའི་རྩེ་ནས་དམྱལ་ཁམས་ཡན་ཆད་ཀྱི། །སྣང་ཞིང་སྲིད་པའི་སྐྱེ་འགྲོ་ཕོ་མོའི་ཚོགས། །རིས་དྲུག་ཕ་མ་བགེགས་རིགས་ལན་ཆགས་སོགས། །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ཐམས་ཅད་ལ། །འདོད་ཡོན་ལོངས་སྤྱོད་མཆོད་སྦྱིན་རྒྱ་ཆེན་འདིས། །ཇི་ལྟར་འདོད་པའི་རེ་བ་སྐོངས་ནས་ཀྱང་། །


TR007_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་ལས་ཀྱི་སྡུག་བསྔལ་ཀུན་ཞི་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །དེ་ལྟར་མཆོད་སྦྱིན་རྒྱ་ཆེན་འདི་བགྱིས་མཐུས། །འཇིག་རྟེན་ཁམས་ཀུན་བདེ་སྐྱིད་ཕུན་ཚོགས་ཤིང་། །མཚོན་འཁྲུག་ནད་ཡམས་མུ་གེ་ཀུན་ཞི་ནས། །འགྲོ་ཀུན་འདོད་དགུ་ཀུན་འབྱུང་ཆོས་ལྡན་ཤོག །བྱེ་བྲག་ཏུ་ཡང་རྒྱལ་བསྟན་རིན་པོ་ཆེ། །མི་ནུབ་ཕྱོགས་མཐར་ཁྱབ་ཅིང་རྒྱས་པ་དང་། །སྡེ་འཛིན་སྐྱེས་བུ་སྐུ་ཚེ་ཕྲིན་ལས་འཕེལ། །བསྟན་འགྲོའི་དོན་བཟང་རླབས་ཆེན་འབྱུང་བར་ཤོག །ཁྱད་པར་བདག་སོགས་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་བར་ཆད་དགྲ་འདྲེ་ཀུན་ཞི་ཞིང་། །མཐུན་རྐྱེན་ཆོས་ལྡན་ཡིད་བཞིན་འགྲུབ་ནས་ཀྱང་། །མཐར་ཐུག་ཧེ་རུ་ཀ་དཔལ་སར་ཕྱིན་ཤོག །གཞན་ཡང་བསྔོ་སྨོན་འདོད་གསོལ་ཅི་རིགས་བྱས་ཀྱང་རུང་ངོ་།། ༈ །།ཚོགས་རྫོགས་སྒྲིབ་གཉིས་མ་ལུས་བྱང་བ་དང་། །གནས་སྐབས་མཐར་ཐུག་བར་ཆད་ཞི་བའི་ཕྱིར། །གསང་སྔགས་ནང་གཏོར་ཉུང་


TR007_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་བསྡུས་པ་ཞིག །དགོས་ཞེས་དད་ལྡན་འགའ་ཡིས་བསྐུལ་བའི་ངོར། །མཁས་མཆོག་པདྨ་ལེགས་གྲུབ་རྩལ་གྱིས་སྦྱར། །དགེ་བས་མཁའ་མཉམ་འགྲོ་བའི་ཚོགས་རྣམས་ཀུན། །རིམ་གཉིས་ཟབ་མོའི་དོན་ལ་གནས་བྱང་ཤིང་། །ཚོགས་གཉིས་རབ་རྫོགས་སྒྲིབ་གཉིས་བྱང་ནས་ནི། །དོན་གཉིས་མྱུར་འགྲུབ་སྐུ་གཉིས་མངོན་གྱུར་ཤོག །སརྦ་མངྒ་ལཾ། །གཅིག་ཞུད།


previousགསང་སྔགས་གང་གཏོར་གྱི་ངག་འདོན་བདུད་རྩིའི་རླབས་ཕྲེང་།next