Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏོར་བསྔོས།
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousབླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏོར་བསྔོས།next

བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏོར་བསྔོས།


TR007_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏོར་བསྔོས་བཞུགས་སོ། །


TR007_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། དམ་རྫས་བདུད་རྩིའི་གཏོར་མ་དམ་པ་འདི། །སྔགས་དང་ཕྱག་རྒྱ་ཏིང་འཛིན་ནུས་སྟོབས་ཀྱིས། །ཇི་ལྟར་འདོད་དགུ་འབྱུང་བའི་ལོངས་སྤྱོད་མཆོག །རྒྱ་ཆེ་རྒྱུན་མི་ཆད་དུ་བྱིན་བརླབས་ཏེ། །རྒྱལ་བ་རབ་འབྱམས་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་མཁའ་འགྲོ་དཔའ་བོ་གིང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །དགྱེས་པར་བཞེས་ཤིང་ཐུགས་དམ་སྐོངས་གྱུར་ཅིག །ཁྱད་པར་རྒྱལ་བ་སྨན་བླ་རིགས་ལྔ་དང་། །རྒྱུད་པའི་བླ་མ་དྲང་སྲོང་རིག་འཛིན་ཚོགས། །ཡི་དམ་རྟ་མགྲིན་ཡུམ་ཆེན་ཕག་


TR007_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མོར་བཅས། །ཡེ་ཤེས་མཁའ་འགྲོ་སྡེ་བཞི་འཁོར་ཚོགས་འབུམ། །བཀའ་བསྲུང་ཆེན་པོ་རྡོ་རྗེ་བདུད་འདུལ་དང་། །ཨེ་ཀ་ཛཱ་ཊི་གཟའ་མཆོག་རཱ་ཧུ་ལ། །མཁའ་འགྲོ་ལྕེ་སྤྱང་གནོད་སྦྱིན་བཤན་པ་དམར། །དམ་ཅན་ཆེན་པོ་སྲིན་པོ་དགྲ་དུར་དང་། །བདུད་མོ་ཤཱན་ཏིང་སྲོག་བདག་ཧོབ་ལེ་ནག །སྲུང་མ་དམ་ཅན་སྡེ་དགུ་སྤྲུལ་འཁོར་བཅས། །སྨན་སྐྱོང་ལྷ་མོ་དཀར་ཕྱོགས་གཞི་བདག་རིགས། །གཙང་རིས་དཔལ་མགོན་བདུན་ཅུའི་བཀའ་འཁོར་གྱི། །ཆོས་ཀྱི་གཏེར་རྫས་སྨན་གྱི་ཕྲིན་ལས་བདག །


TR007_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡུལ་གཞི་བདག་མ་ལུས་ཐམས་ཅད་ལ། །ཟག་མེད་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ། །ནམ་མཁའ་རབ་འབྱམས་ཁྱབ་པར་འབུལ་ལགས་ཀྱི། །སོ་སོའི་ཐུགས་དམ་གཉན་པོ་བསྐོངས་ནས་ཀྱང་། །སངས་རྒྱས་བསྟན་པ་ཕྱོགས་མཐར་དར་ཞིང་རྒྱས། །བསྟན་འཛིན་ཆོས་མཐུན་སྐུ་ཚེ་ཕྲིན་ལས་འཕེལ། །ཐོས་བསམ་སྒོམ་པའི་འབྲས་བུ་མཐར་ཕྱིན་མཛོད། །རྒྱལ་ཁམས་འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ནད་མུག་མཚོན་འཁྲུགས་སད་སེར་ཕྱུགས་ནད་དང་། །འབྱུང་བའི་གཡོ་འཁྲུགས་ལྟས་ངན་ཀུན་ཞི་ཞིང་། །འགྲོ་ཀུན་བདེ་འབྱོར་དམ་ཆོས་སྤྱོད་པར་མཛོད། །ཁྱད་པར་བདག་ཅག་དཔོན་སློབ་སྦྱིན་བདག་བཅས། །འགལ་རྐྱེན་ཉེར་འཚེ་ཀུན་ཞི་མཐུན་རྐྱེན་འཕེལ། །ཇི་ལྟར་བསམ་དགུ་ཆོས་དང་མཐུན་པར་འགྲུབ། །འགྲོ་ལ་ཕན་བདེ་རྒྱ་ཆེན་འབྱུང་བར་མཛོད། །སྐྱབས་གནས་བླ་མ་ལྷ་དང་མཁའ་འགྲོ་མ། །


TR007_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྲུང་གཞི་བདག་མཆོད་པས་མཉེས་གྱུར་ནས། །བདག་སོགས་མཁའ་མཉམ་ཚོགས་རྫོགས་སྒྲིབ་བྱང་སྟེ། །ཚེ་གཅིག་བྱང་ཆུབ་མཆོག་གི་དངོས་གྲུབ་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནི། སརྦ་དྷརྨ་པཱ་ལ་ཨི་དཾ་བ་ལིངྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་ཕ་ལ་པྲ་ཡཙྪ་ཀུ་རུ་ཧཱུྃ་སྭཱ་ཧཱ། རྒྱལ་བ་སྨན་གྱི་བླ་མ་སྤྲུལ་འཁོར་དང་བཅས་ལ་གཏོར་འབུལ་འདོད་གསོལ་རྒྱུན་ཁྱེར་ངག་འདོན་དུ་བགྱི་ཐབས་མདོར་བསྡུས་འདི་ནི། །གསོ་རིག་འཛིན་པ་བླ་མ་ཀརྨ་དར་རྒྱས་ཀྱི་བཞེད་པ་ལྟར་བཀོད་པ་དགེ་ལེགས་འཕེལ། །གཅིག་ཞུད།༈ །།མཆིམས་ཡུལ་གྱི་ལྷ་གཉན་ཆེན་པོ་གངས་ལྷ་རྒྱལ་པོའི་གསོལ་ཁ་མཆོད་གཏོར་གྱི་ལས་རིམ་བཞུགས་སོ། ཁམས་གསུམ་ཟིལ་གནོན་པདྨ་འབྱུང་། །ཞབས་པད་སྤྱི་བོས་བཏུད་བྱས་ནས། །གནས་བདག་དགེ་གཉེན་འཁོར་བཅས་ཀྱི། །མཆོད་གཏོར་ལས་རིམ་མདོར་བསྡུས་བྲི། །འདིར་དགེ་བསྙེན་


TR007_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གངས་ལྷ་རྒྱལ་པོའི་གསོལ་མཆོད་ཀྱི་ལས་རིམ་ཇི་ལྟར་བྱ་བ་ནི། གཙང་མའི་གནས་སུ་ཡོ་བྱད་འཛོམས་པར་བྱས་ལ། ཕྱེད་ཕུད་གཙང་མ་ལ་དགེ་བསྙེན་ཆེན་པོའི་གཏོར་མ་བཤོས་བུ་ཟླུམ་པོ་ཆེ་བ་ཞིག་གི་མཐའ་སྐོར་དུ་བཤོས་ཕྲན་བརྒྱད་ཀྱིས་བསྐོར་བའི་མཐར། ཏིང་ལོ་མར་མེ་དགུ་དང་མཐེབ་དཀྱུས་མཚན་པ་དཀར་བརྒྱན་གྱིས་མཛེས་པར་བྱ། དེའི་གཡོན་དུ་ཡུམ་མཆོག་ཀོང་བཙུན་དེ་མོའི་གཏོར་མ་སྨན་བཤོས་ཆེ་བ་གཅིག་ལ་དེ་དང་མཚུངས་པའི་བཤོས་ཆུང་བཅུ་གཅིག་གཙོ་བོ་དང་བཅུ་གཉིས་ནི་བསྟན་མ་བཅུ་གཉིས་ཏེ། ཤ་མར་སྙིང་དང་ཟས་སྣ་འོ་མ་ཆང་ཕུད་ཀྱིས་བྲན་ཞིང་མཐེབ་ཀྱུ་ཡང་བཅུ་གཉིས་ཀྱི་བསྐོར། གཡས་ཕྱོགས་སུ་ལས་མཁན་ཞར་བ་སྟག་ལོང་གི་བདུད་བཤོས་ཟུར་གསུམ་པ་ལ་མཐེབ་ཀྱུ་བཞི་དང་འཆངས་བུ་བཞིས་བསྐོར་ཤིང་ཤ་ཁྲག་གིས་བརྒྱན་པ་བཤམས། གཞན་ཡང་། གཙོ་འཁོར་དེ་དག་དང་ཆོས་སྐྱོངས་སྲུང་མ་ཡུལ་ལྷ་གཞི་བདག་སྤྱི་དང་བྱེ་བྲག་ཐམས་ཅད་ཀྱི་ཐུགས་དམ་བསྐངས་བའི་དམ་རྫས་སྨན་རཀ་གཏོར་ཚོགས་ཕྱི་ནང་གི་མཆོད་པ་ལྔ་དང་། ཕྱེ་མར་ཆང་ཕུད་འབྲུ་སྣ་ཟས་སྣ་སོགས་ཇི་ལྟར་འབྱོར་པའི་ལོངས་སྤྱོད་དང་


TR007_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་གཡག་ར་ལུག་བྱ་ཁྱི་དཀར་པོ་འབའ་ཤིག་པའི་རྟེན་འཛུགས། མདུང་དར་དཀར་པོ་མདའ་དར་ལྔ་ལྡན་ལ་སོགས་ཀྱི་སྤྱན་གཟིགས་དང་། བསངས་བསུར་སྤོས་སྣའི་དུད་པ། རྔ་དུང་རོལ་མོ་ལ་སོགས་གཟི་བརྗིད་བག་དྲོ་བྱིན་ཆགས་པའི་བཤམ་བཀོད་ཚུལ་ལྡན་བྱས་ལ། ཐོག་མར་བདག་བསྐྱེད་ནི། བསངས་དང་བསྐང་གསོ་ལ་སོགས་ཆོ་ག་རྒྱས་པ་གཞན་དང་འབྲེལ་ན་བདག་བསྐྱེད་ཀྱང་དེ་ནས་འབྱུང་མོད་ནའང་། དེ་ལྟ་བུ་དང་མི་འབྲེལ་བར་འདིའི་སྒེར་གསོལ་ལྟ་བུ་བྱེད་པའི་ཚེ་ན། བདག་ཉིད་ལྷའི་ང་རྒྱལ་དང་། མི་ལྡན་ན་ལྷ་སྲིན་དེ་ལ་མི་ལུ་བས། རང་ཉིད་སྐད་ཅིག་དྲན་རྫོགས་སུ་དཔལ་ཆེན་རྟ་མགྲིན་དམར་པོ་དབྱུག་ཏོ་སྡིག་མཛུབ་ཅན། །ཁྲོ་གཏུམ་གཟི་བརྗིད་རྔམས་པའི་ཆ་བྱད་ཡོངས་སུ་རྫོགས་པ་རི་རབ་ཙམ་གྱི་སྐུར་ལམ་གྱིས་དམོས་པས་བསྐྱེད་ལ། ཧྲཱིཿཆོས་དབྱིངས་སྐྱེ་མེད་སྤྲོས་དང་བྲལ་བ་ལས། །འགག་མེད་གསལ་མདངས་དབང་ཆེན་སྐུ་རུ་ཤར། །མེ་དཔུངས་ཀློང་ན་གར་དགུའི་ཉམས་ཀྱིས་རོལ། །སྲིད་གསུམ་དྲེགས་པ་འདུལ་བའི་གཉེན་པོའོ། ཨོཾ་བཛྲ་ཀྲོ་


TR007_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ཧ་ཡ་གྲྀ་ཝཱ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ བདག་བསྐྱེད་ཀྱི་ཐུགས་ཀ་ནས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་ཆུ་རླུང་གསུམ་གྱིས་མཆོད་གཏོར་གྱི་འབག་རྩོགས་ཐམས་ཅད་སྦྱངས། ཨོཾ་ཨཱཿཧཱུྃ། གསུམ་འཕྲོས་པའི་འོད་ཟེར་གྱིས་འདོད་ཡོན་ལྔའི་ལོངས་སྤྱོད་མགྲོན་རིགས་སོ་སོའི་ཐུགས་དང་མཐུན་པའི་དམ་རྫས་ཟག་མེད་བདེ་བ་བསྐྱེད་ཅིང་། རྒྱ་ཆེ་ལ་རྒྱུན་མི་ཆད་པའི་དངོས་པོར་བྱིན་གྱིས་བརླབས་པའི་མོས་པ་བྱའོ། །དེ་ནས་ཡང་བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་པས་དགེ་བསྙེན་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་མོས་ལ། ཀྱཻ། རང་བཞིན་གྲུབ་པའི་གནས་མཆོག་དམ་པ་ནས། །ལྷ་མཆོག་དགེ་བསྙེན་ཆེན་པོ་གངས་ལྷ་རྒྱལ། །བཙུན་མོ་བོད་ཁམས་སྐྱོང་མཛད་བསྟན་མའི་ཚོགས། །བཀའ་སློབ་ཞར་བ་སྟག་ལོང་བདུད་ཀྱི་རྗེ། །སྤྲུལ་པའི་དགེ་བསྙེན་ཉེར་ལྔ་བཀའ་འཁོར་གྱི། །ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་ཚོགས། །བཀའ་ཡི་བསྟན་སྲུང་དཔལ་མགོན་བདུན་ཅུར་བཅས། །རྣལ་འབྱོར་དད་གདུངས་དབྱངས་ཀྱི་


TR007_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་ན། །དམ་ཚིག་གཉན་པོར་དགོངས་ཏེ་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿཙིཏྟ་ཧྲིང་ཧྲིང་ཛཿཛཿཞེས་པས། གཞི་བདག་འཁོར་བཅས་སྤྲིན་འཐིབས་པ་བཞིན་བྱོན་པར་བསམས་ལ། བཞུགས་སུ་གསོལ་བ་ནི། ཧཱུྃ། རིན་ཆེན་གཞལ་ཡས་འདོད་ཡོན་ཕུན་ཚོགས་ནས། །པདྨ་ཉི་ཟླ་དར་ཟབ་བམ་ཆེན་སོགས། །སོ་སོའི་ཐུགས་དང་མཐུན་པའི་གདན་ཁྲི་ལ། །དགྱེས་པར་བཞུགས་ནས་དམ་ལ་གནས་པར་མཛོད། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། །དོན་དམ་ཡེ་ཤེས་དབྱིངས་སུ་རོ་གཅིག་ཀྱང་། སྣང་ཚུལ་རྒྱལ་བའི་བཀའ་དང་བསྟན་སྐྱོང་ཕྱིར། །ལྷ་སྲིན་དྲེགས་པའི་ཚུལ་དུ་སྤྲུལ་མཛད་པའི། །གནས་བདག་འཁོར་དང་བཅས་ལ་ཕྱག་བགྱིའོ། །ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ མཆོད་པ་འབུལ་བ་ནི། ཧཱུྃཿ །དགེ་བསྙེན་ཆེན་པོ་ཡབ་ཡུམ་འཁོར་བཅས་ལ། །ཐུགས་དམ་སྐོང་བའི་དམ་རྫས་རྨད་བྱུང་ནི། །རྣམ་ལྔའི་མཆོད་པ་སྨན་རཀ་གཏོར་མ་དང་། །


TR007_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ལོངས་སྤྱོད་བལྟའ་བཏུང་དཀར་མངར་ཕུད། །ཤ་ཁྲག་རུས་པ་དོན་རྙིང་ནང་ཁྲོལ་རྫས། །སྤྱན་གཟིགས་རྟེན་རྫས་འདོད་ཡོན་མ་ཚང་མེད། །རང་རང་ཐུགས་བཞེད་ཇི་བཞིན་འབུལ་ལགས་ན། །བཞེས་ནས་མཉེས་ཚིམ་ཕྲིན་ལས་སྒྲུབ་མཛད་གསོལ། །མ་ཧཱ་སརྦ་པཱུ་ཛ་ཀཱ་མ་གུ་ཎ་པྲ་ཏིཙྪ་ཧཱུྃ། དེ་ནས་སླར་ཡང་མཆོད་གསོལ་བསྟོད་པས་མངའ་གསོལ་བ་ནི། དེ་ཡང་ཀུན་རྫོབ་འཇིག་རྟེན་བཏགས་ཆགས་ཀྱི་ལྷ་འདྲེའི་རིགས་འདི་རྣམས་བསངས་བསུར་ཀྱི་དུད་པ་དང་དབྱངས་དང་རོལ་མོའི་སྒྲ་ལ་ཡིད་ཆགས་པ་ཡིན་ཕྱིར་དེ་དག་གང་འཛོམ་དང་བཅས་པས་འདི་ལྟར་གསོལ་བར་བྱ་སྟེ། ཀྱཻ། མངའ་གསོལ་ལ་དགེ་བསྙེན་མཐུ་སྟོབས་ཅན། །འདིར་གཤེགས་ཅིག་ལྷ་མཆོག་འཁོར་དང་བཅས། །ཐུགས་མཉེས་པའི་འདོད་ཡོན་ཕུན་སུམ་ཚོགས་ཀྱིས། །ལྷ་ཆེན་པོ་འཁོར་བཅས་མངའ་གསོལ་ལོ། །ལྷོ་འཛམ་གླིང་བྱང་ཕྱོགས་གངས་ཅན་གྱིས། །ཤར་ཀོང་ཡུལ་ལྗོན་པའི་སྐྱེད་ཚལ་དབུས། །མཆིམས་མ་པང་གནས་


TR007_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ཁམས་སུ། །རི་མཐོ་གཉན་གངས་ལྷའི་རྩེ་མོ་རུ། །འཇའ་ན་བུན་སྤྲིན་ཕུང་འཁྲིགས་པའི་ཀློང་། །མཁར་རིན་ཆེན་བདག་གམ་ལྕོག་གིས་མཛེས། །གནས་ཕོ་བྲང་ལྷ་ཡི་གཞལ་ཡས་ན། །ཡབ་གངས་ལྷ་བཟང་པོ་ལྷ་ཡི་རྒྱལ། །ཡུམ་ཀོང་བཙུན་རྡོ་རྗེ་བོད་ཁམས་སྐྱོང་། །འབངས་ཞར་བ་སྟག་ལོང་བདུད་ཀྱི་རྗེ། །འཁོར་དགེ་བསྙེན་ཚོགས་དང་སྡེ་བརྒྱད་སོགས། །གནས་ཡུལ་ལྷ་གཞི་བདག་སྤྲུལ་འཁོར་རྣམས། །དེ་རིང་མཆོད་པའི་མགྲོན་དུ་གཉེར་ལགས་ཀྱི། །འཚུབས་ཆོ་འཕྲུལ་རྣམ་འགྱུར་མ་སྟོན་པར། །ཐུགས་སྤྲོ་དགའ་འདིར་གཤེགས་དགྱེས་པར་བཞུགས། །རྫས་བཤམས་པའི་མཆོད་པ་བཞེས་སུ་གསོལ། །གནས་གཙང་ཞིང་དངས་སྤྲོ་ཡིད་མཐུན་འདིར། །མགྲོན་མཉེས་བྱེད་མཆོད་པ་བཀོད་མཛེས་བཤམས། །སྤོས་ཤིང་སྣའི་བསངས་དུད་སྤྲིན་ལྟར་བསྟིབས། །


TR007_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་འབྲུ་བཅུད་གསེར་སྐྱེམས་མཚོ་ལྟར་བསྐྱིལ། །ཚོགས་གཏོར་མ་ལྷ་བཤོས་རི་ལྟར་སྤུངས། །སྨན་རིན་ཆེན་འབྲུ་སྣ་ཐང་ལྟར་བརྡལ། །ཟས་དཀར་མངར་ཤ་ཁྲག་རྫ་ལྟར་ཉིལ། །ལྷ་དགེ་བསྙེན་འཁོར་བཅས་དགྱེས་པར་རོལ། །རྟ་ངང་དཀར་ཅང་ཤེས་རླུང་གཤོག་ཅན། །རྒྱན་རིན་ཆེན་སྒ་སྲབ་སིལ་ལི་ལི། །གཡག་དཀར་པོ་གངས་རི་འགུལ་ཤེས་འདྲ། །རྭ་འགྱིང་ཆེན་རྔ་རྒྱས་ལང་མ་ལིང་། །ཁྱི་དུང་མདོག་སེང་གེ་མཆོངས་ལྟར་བརྔམས། །མགུལ་གཡེར་ཁའི་རྒྱན་ཆ་ཁྲོ་ལོ་ལོ། །བྱ་དཀར་མཛེས་དར་གྱི་ཕོད་བཟང་ལྷ། །སྐད་སྙན་པོའི་སྒྲ་དབྱངས་ཙེ་རེ་རེ། །ལུག་གཡང་དཀར་བལ་གྱི་འདབ་ཞོལ་ཅན། །བརྗིད་ཆགས་པའི་དུང་རུ་གཡས་འཁྱིལ་མཛེས། །ནོར་རྐང་བཞི་གཅེས་དགུའི་རྟེན་བཙུགས་པ། །ལྷ་དགེ་བསྙེན་འཁོར་དང་བཅས་ལ་འབུལ། །འཕན་དར་དཀར་ལྕེ་དམར་རྔ་ཕོད་ཅན། །མདའ་རྒོད་


TR007_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་དར་སྣ་མེ་ལོང་བཏགས། །དབྱངས་སྙན་པའི་རོལ་མོ་འབྲུག་ལྟར་ལྡིར། །ལྷ་གཞི་བདག་ཚོགས་རྣམས་དགྱེས་པར་མཛོད། །ཁྱེད་འདོད་ཡོན་འབྱོར་པས་མ་ཕོངས་ཀྱང་། །བདག་དངོས་གྲུབ་འདོད་དགུ་འབྱུང་བའི་ཕྱིར། །དེང་མཆོད་གསོལ་འདི་ལྟར་བགྱིས་པའི་མཐུས། །དོན་ཕྲིན་ལས་རྣམ་བཞི་གྲུབ་པར་མཛོད། །ཀྱཻ། གནས་བདག་ཆེན་པོ་གངས་ལྷ་བཟང་། །མཐུ་སྟོབས་ནུས་སྩལ་བསམ་མི་ཁྱབ། །སྟོང་ཁམས་ཀུན་ལ་དབང་བསྒྱུར་བ། །རྫུ་འཕྲུལ་ཅན་ལ་བདག་བསྟོད་དོ། །སྐུ་མདོག་དཀར་མཛེས་འཛུམ་མདངས་ཅན། །དར་དཀར་ན་བཟའ་ཞྭ་དཀར་གསོལ། །རུ་དར་དཀར་འཛིན་རྟ་དཀར་ཆིབས། །ལྷ་འཁོར་འབུམ་དང་བཅས་ལྟོད། །རེས་འགའ་གནོད་སྦྱིན་ཆ་ལུགས་སྤྲུལ། །གསེར་མདོག་དར་ཟབ་རིན་ཆེན་བརྒྱན། །གཏེར་བུམ་བསྣམས་ཤིང་དངོས་གྲུབ་སྩོལ། །ནོར་ལྷ་


TR007_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་བསྐོར་ལ་བསྟོད། །རེས་འགའ་ཀླུ་བཙན་ཆ་བྱད་མཛད། །མི་དམར་རྟ་དམར་མདུང་དམར་འཐོགས། །བསེ་ཁྲབ་རྨོག་གསོལ་འཁོར་གསུམ་བཅས། །བཙན་འཁོར་འབུམ་ལྡན་ཁྱོད་ལྟོད། །རེས་འགའ་བདུད་ཀྱི་རྒྱལ་པོའི་ཚུལ། །ཁྲོ་གཏུམ་མི་ནག་རྟ་ནག་ཞོན། །རུ་མཚོན་འཕྱར་ཞིང་དགྲ་གེགས་སྒྲོལ། །བདུད་དམག་འབུམ་གྱི་གཙོ་ལ་བསྟོད། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན། །སྒྲུབ་ཕྱིར་རྣམ་འགྱུར་སོ་སོར་སྟོན། །བསྟན་པ་བསྲུང་ཞིང་བསྟན་འཛིན་སྐྱོང་། །ཆོས་སྲུང་ཆེན་པོ་ཁྱོད་ལ་བསྟོད། །བྷྱོཿ ཡུམ་མཆོག་ཀོང་བཙུན་དེ་མོ་ཡང་། །ཕྱི་ལྟར་རྡོ་རྗེ་བོད་ཁམས་སྐྱོང་། །ཁྲོ་ཚུལ་རལ་གྲི་ནད་རྐྱལ་འཛིན། །དྲེལ་ནག་ཆིབས་མཛད་ཁྱོད་ལ་བསྟོད། །ནང་ལྟར་ཉི་མའི་འོད་འགྱེད་ལ། །གཞོན་མཛེས་དར་དང་རིན་ཆེན་བརྒྱན། །ཡིད་བཞིན་ནོར་བུ་བསམ་འཕེལ་བསྣམས། །ཀོང་རྟ་གྲོ་ཞུར་ཆིབས་ལ་བསྟོད། །


TR007_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བར་མཁའ་འགྲོ་དཔལ་འབར་མ། །དམར་མོ་རིན་ཆེན་རུས་རྒྱན་སྤྲས། །མེ་ལོང་བསྣམས་ཞིང་བྱ་ནག་ཆིབས། །བསྟན་མའི་འཁོར་དང་བཅས་ལ་བསྟོད། ཧཱུྃ། །ལྷ་རྒྱལ་ཡབ་ཡུམ་བཀའ་ཉན་ནི། །ལས་མཁན་ཞར་བ་སྟག་ལོང་ཆེ། །སྨུག་ནག་དཔའ་བོ་སྟག་ཆས་ཅན། །མིག་གཅིག་དམར་འཁྲུག་དགྲ་ལ་གཟིར། །མདའ་གཞུ་རལ་གྲི་མདུང་བསྣམས་ནས། །བདུད་དམག་མང་པོ་ཕོ་ཉར་འགྱེད། །དམ་ཉམས་དགྲ་སྲོག་ཧབ་ཐོབ་བྱེད། །བདུད་འཇོམས་དྲག་རྩལ་ཅན་ལ་བསྟོད། །གཞན་ཡང་དགེ་བསྙེན་ཆེན་པོ་ཡི། །བཀའ་འཁོར་ལྷ་སྲིན་དྲེག་པའི་ཚོགས། །བསམ་མི་ཁྱབ་ལ་མཆོད་ཅིང་བསྟོད། །གང་བཅོལ་ཕྲིན་ལས་ཀུན་འགྲུབ་མཛོད། ཧཱུྃ། །གནས་ཡུལ་བདག་པོ་ལྷ་རྒྱལ་གང་བཟང་རྗེ། །ཡུམ་ཆེན་རྡོ་རྗེ་དེ་མོ་སྨན་བཙུན་གཙོ། །ཕོ་ཉ་ཞར་བ་སྟག་ལོང་ཡང་འཁོར་ཚོགས། །ནོར་བདག་གནོད་སྦྱིན་མཛེས་པར་བཅས་


TR007_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟོད། །བསྟན་པའི་སྤྱི་སྲུང་གཙང་རིས་བདུན་ཅུ་ལྔ། །བོད་ཡུལ་བསྟན་སྐྱོང་དགེ་བསྙེན་སྲིད་ལྷ་དགུ། །གནས་བདག་ཞིང་སྐྱོང་དཔའ་བོ་མཁའ་འགྲོའི་ཚོགས། །ཡུལ་ལྷ་གཞི་བདག་འཁོར་དང་བཅས་ལ་བསྟོད། །དགེ་བསྙེན་ཆེན་པོ་འཁོར་བཅས་ཁྱེད་རྣམས་ཀྱང་། །སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་དང་། །གྲུབ་ཐོབ་ཆེན་པོ་འཛམ་གླིང་གྲགས་པ་སོགས། །རྒྱལ་བ་རིག་འཛིན་བརྒྱུད་བཅས་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ། །རྒྱལ་བའི་བསྟན་པ་གཉན་པོ་བསྲུང་བ་དང་། །སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་ཕྲིན་ལས་སྤེལ། །དགེ་འདུན་མཐུན་ཞིང་ཆོས་སྤྱོད་སྒོམ་སྒྲུབ་བརྩོན། །ཆོས་མཐུན་དཔལ་དང་བདེ་འབྱོར་རྒྱས་པར་མཛོད། །འཇིག་རྟེན་ཁམས་སུ་ནད་ཡམས་འཁྲུག་རྩོད་དང་། །སད་སེར་མུ་གེ་ཕྱུག་ནད་འབྱུང་པོའི་གདོན། །འབྱུང་བའི་གཡོ་འཁྲུག་གནོད་འཚེའི་རིགས་གྱུར་ཀུན། །རྟག་ཏུ་ཞི་ཞིང་བསྲུང་བར་མཛད་དུ་གསོལ། །


TR007_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡུལ་ཕྱོགས་དགོན་གནས་འདི་དག་གི། །དཔོན་སློབ་ཡོན་མཆོད་འཁོར་བཅས་ཐམས་ཅད་ལ། །བར་ཆད་མེད་ཅིང་མཐུན་རྐྱེན་ཕུན་ཚོགས་པས། །ཆོས་དང་བཀྲ་ཤིས་དགེ་ལེགས་འཕེལ་བར་མཛོད། །གནས་བདག་ཆེན་པོ་ཡབ་ཡུམ་བློན་འབངས་བཅས། །ཐུགས་དམ་བསྐོངས་ནས་སྔོན་གྱི་དམ་ཚིག་བཞིན། །རྣལ་འབྱོར་བདག་གིས་ཇི་ལྟར་གསོལ་བའི་དོན། །ཚེ་གཅིག་བྱང་ཆུབ་འགྲུབ་པའི་ཕྲིན་ལས་མཛོད། །སྲུང་མ་ཐམས་ཅད་མཉེས་ཤིང་ཚིམ་ནས་སོ་སོ་རང་རང་གི་གནས་སུ་སྐད་ཅིག་ལ་གཤེགས་པར་གྱུར། །ཡ་ཧི་གཙྪ། གཞན་ཡང་འདོད་གསོལ་སྨོན་ལམ་ཤིས་བརྗོད་ལ་སོགས་ཇི་ལྟར་རིགས་པ་སྐབས་དང་སྦྱར་ལ་བྱ་ཞིང་། དེ་ནས་མཆོད་གཏོར་ཡོ་བྱད་ཀྱི་བྱེ་བྲག་ལ་འབུལ་དང་གཤེགས་པར་འོས་པ་རྣམས་གཤེགས། །དངོས་གྲུབ་ཏུ་བླང་བར་འོས་པ་རྣམས་བསྡུའོ། ཆོ་ག་འདི་ལ་གང་ཞིག་གསོལ་ཁ་རྒྱས་པར་བྱེད་པའི་སྐབས་སུ་ནི་འདི་ཉིད་ཡོངས་རྫོགས་མཐར་ཆགས་སུ་བྱ་ཞིང་། རྒྱུན་གྱི་བསྐང་གསོ་གཏོར་བསྔོས་སོགས་ཀྱི་འཇུག་ཏུ་ཁྱེར་


TR007_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཚེ་ན། །ཧ་ཅང་ཚིག་ཚོགས་མང་ན་དགེ་སྦྱོར་སྒྲིག་མ་གཞན་ལ་གནོད་པའི་རྒྱུར་འགྱུར་བས། གོང་གི་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་པ་རྣམས་ཀྱི་འཕྲོར་འོག་གི། ཧཱུྃ། གནས་ཡུལ་བདག་པོ་ལྷ་རྒྱལ་གང་བཟང་རྗེ། ཞེས་སོགས་འཐུད་ལ་བྱ་ཞིང་། བར་གྱི་མངའ་གསོལ་ཚན་གཉིས་པོ་བཞག་པས་ཆོག་ཚེ། དེ་ལྟར་རྒྱས་བསྡུས་མཚམས་འབྱོར་ཤེས་པར་བྱའོ། །འདི་ལྟར་གཞི་བདག་ཆེན་པོའི་གསོལ་མཆོད་ཀྱི་ལས་རིམ་མདོར་བསྡུས་འདི་ནི། དཔལ་ལྡན་འབྲི་གུང་པ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་བརླབས་པ། ཤར་དགའ་བླ་མ་རཏྣ་མ་ཎིས་བསྐུལ་བར་མཛད་པ་བཞིན། །སྣ་ཚོགས་རང་གྲོལ་གྱིས་རྒོད་ཕུག་ཡང་དབེན་དུ་ཡི་གེར་བཀོད་པ་དགེའོ། །ཛ་ཡནྟུ།། ༈ །།བདེ་ཡངས་བྱང་ཆུབ་གླིང་གི་གཞི་བདག་གླུ་བཙན་གྲགས་པ་རྡོ་རྗེའི་གསོལ་ཁ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་ཧཱུྃ། གཞི་བདག་ཆེན་པོ་གྲགས་པ་རྡོ་རྗེ་འབར་བའི་གསོལ་མཆོད་བྱ་བར་འདོད་ན། །གཏོར་མཆོད་སྤྱན་གཟིགས་སོགས་རྒྱས་པར་བཤམས་ལ། །ཐོག་མར་བདག་ལྷར་བསྐྱེད་པ་དང་མཆོད་གཏོར་བྱིན་གྱིས་བརླབས་པའི་


TR007_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་མདོར་བསྡུས་ནི། ཧྲཱིཿ །བདག་ཉིད་སྐད་ཅིག་དྲན་རྫོགས་རྟ་མགྲིན་རྒྱལ། །དམར་གསལ་གྲི་གུག་ཐོད་ཁྲག་ཁྲོ་ཆས་བརྒྱན། །མེ་སྤུངས་ཀློང་ན་རི་རབ་ཙམ་གྱི་སྐུ། །སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ༈ །།ཐུགས་ཀའི་ས་བོན་ཧྲཱིཿདམར་པོ་ལས་མངོན་པར་སྤྲུལ་པའི་ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས་པ་ལས་བྱུང་བའི་ཡེ་ཤེས་སྒྱུ་འཕྲུལ་གྱི་མེ་རླུང་ཆུ་གསུམ་ཕྲོས་ཏེ་མདུན་དུ་གཏོར་མཆོད་རྣམས་ཀྱི་འབག་རྩོགས་ཉེས་སྐྱོན་དྲི་མ་ཐམས་ཅད་སྦྱངས། སླར་ཡང་ཨོཾ་ཨཱཿཧཱུྃ་གསུམ་སྤྲོས་ནས་ཐིམ་པ་ཙམ་གྱིས། །གཏོར་མཆོད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་བཀའ་སྲུང་ཆོས་སྐྱོང་གཞི་བདག་རྣམས་སོ་སོར་གང་ལ་ཅི་ལྟར་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་སྟོང་གསུམ་འཇིག་རྟེན་གྱི་ཁྱོན་ཐམས་ཅད་གང་


TR007_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཟད་མེད་ནམ་མཁའི་མཛོད་ཀྱི་རང་བཞིན་དུ་གྱུར། །ཞེས་པའི་མཐར་ནམ་མཛོད་དང་ཨ་ཀཱ་རོའི་སྔགས་ཀྱི་བྱིན་བརླབ་བྱའོ། །རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། གཞི་བདག་ཆེན་པོ་གྲགས་པ་རྡོ་རྗེ་འབར་བ་འཁོར་དང་བཅས་པའི་ཐུགས་བརྒྱུད་བསྐུལ་ཏེ། བྱ་རྒོད་ཤ་ལ་འཐིབས་པའམ་གླག་མོ་གཟན་ལ་འཇུམ་པ་ལྟར་སྐད་ཅིག་ལ་མཆོད་པའི་གནས་འདིར་བྱོན་པར་གྱུར། ཀྱཻ། དམ་ཚིག་ཆེན་པོའི་གནས་མཆོག་ནས། །བཀའ་སྲུང་གྲགས་པ་རྡོ་རྗེ་འབར། །གདུང་བའི་དབྱངས་ཀྱི་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །རང་བཞིན་གནས་རྣམས་གར་བཞུགས་ཀྱང་། །དེང་འདིར་མཆོད་ཅིང་གསོལ་བའི་ཕྱིར། །རོལ་མོའི་སྒྲ་དང་མཉེས་པའི་རྫས། །ལེགས་པར་བཤམས་ཏེ་སྤྱན་འདྲེན་གྱི། །རྒྱལ་བ་རིག་འཛིན་བརྒྱུད་བཅས་དྲུང་། ཁས་བླངས་དམ་བཅའ་དྲན་མཛོད་ལ། །ཕྲིན་ལས་ཐོགས་མེད་བསྒྲུབ་


TR007_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཨོཾ་ཙ་ཏི་བུ་ལ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཀྱེ། མཐུ་སྟོབས་རྩལ་ལྡན་སྲུང་མ་འཁོར་བཅས་རྣམས། །དམ་ཚིག་མཐུན་པའི་གནས་འདིར་དགྱེས་པར་བཞུགས། །དང་བའི་ཡིད་ཀྱི་ཕྱག་འཚལ་གུས་པས་འདུད། །བདག་སོགས་འཁོར་བཅས་བསྲུང་སྐྱོབས་ཕྲིན་ལས་མཛོད། །ཁྱེད་ལ་མཉེས་པའི་མཆོད་པ་འབུལ་བ་ནི། །ཕྱི་མཆོད་རྣམ་ལྔ་དཀར་གསུམ་མངར་གསུམ་དང་། །ནང་མཆོད་འདོད་ལྔ་སྨན་རཀ་གཏོར་ཚོགས་དང་། །གསང་བ་སྦྱོར་སྒྲོལ་ཏིང་འཛིན་བླ་མེད་མཆོད། །ཐུན་མོང་བསངས་གསུར་བསྐང་རྫས་རྟེན་རྫས་རིགས། །གཟུགས་སྒྲ་དྲི་རོ་རེག་བྱ་ཅི་འདོད་མཆོད། །ཁྱད་པར་བསྟན་ལ་སྡང་བྱེད་དགྲ་གེགས་ཀྱི། །ཤ་ཁྲག་དབང་པོ་དོན་རྙིང་ནང་ཁྲོལ་དང་། །བླ་ཚེ་སྲོག་དབུགས་བཅས་པ་མཆོད་པར་འབུལ། །


TR007_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པར་བཞེས་ཤིང་ཐུགས་དམ་བསྐོངས་ནས་ཀྱང་། །བདག་གི་འདོད་དགུ་ཆོས་བཞིན་བསྒྲུབས་པ་དང་། །བར་ཆད་དགྲ་གེགས་མ་ལུས་ཞི་བར་མཛོད། །ཁྱེད་ཀྱི་ཡུམ་དང་སྲས་འཁོར་བཀའ་འབངས་ཚོགས། །ལས་བྱེད་ཕོ་ཉ་སྲིད་སྡེར་བཅས་རྣམས་ཀྱང་། །མཐུན་པའི་དམ་རྫས་མཆོད་གཏོར་རྒྱ་ཆེན་འདི། །བཞེས་ནས་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །ཨོཾ་ཙ་ཏྲི་ཤུ་ལ་ཀཱིཏྟི་བཛྲ་ཛྭ་ལཱ་ཡ། མ་ཧཱ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྱེ། གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །གཞི་བདག་གཉན་པོ་མངའ་གསོལ་ལོ། །བཙན་རྒོད་ཆེན་པོ་མངའ༴ འཁོར་བཅས་མཆོད་བསྟོད་མངའ༴ རང་བཞིན་གྲུབ་པའི་གནས་མཆོག་ནས། །རྫུ་འཕྲུལ་སྤྲུལ་པའི་ཕོ་བྲང་ཆེར། །གྲགས་པ་རྡོ་རྗེ་འབར་བ་རྩལ། །སྲུང་མ་ཆེན་པོ་ཁྱོད་ལ་བསྟོད། །བསྟན་དང་བསྟན་འཛིན་སྐྱོང་མཛད་ཁྱོད། །ཆ་ལུགས་རྣམ་འགྱུར་མ་ངེས་ཏེ། །རེས་འགའ་བཙན་རྒོད་འབར་


TR007_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ། །རྔམས་བརྗིད་གཟི་མདངས་ཅན་ལ་བསྟོད། །སྐུ་མདོག་དམར་ཞིང་བསེ་ཁྲབ་གསོལ། །མདུང་དམར་བསྣམས་ནས་རྟ་དམར་ཆིབས། །ཉི་མ་འབུམ་གྱི་འོད་ལྟ་བུ། །བཙན་འཁོར་འབུམ་གྱི་བསྐོར་ལ་བསྟོད། །རེས་འགའ་ཞི་བའི་ལས་མཛད་ཕྱིར། །མི་དཀར་རྟ་དཀར་མདུང་དར་དཀར། །ཟླ་བ་རྒྱུ་སྐར་བསྐོར་འདྲ་བ། །ལྷ་བཙན་འབུམ་གྱི་བསྐོར་ལ་བསྟོད། །རེས་འགའ་དྲག་པོའི་ལས་མཛད་ཕྱིར། །མི་ནག་རྟ་ནག་མདུང་ནག་ཅན། །མུན་པའི་གྲིབ་སོ་བཏིབས་འདྲ་བའི། །བདུད་བཙན་འབུམ་གྱིས་བསྐོར་ལ་བསྟོད། །འདོད་དགུའི་དངོས་གྲུབ་སྟེར་མཛད་པའི། །ཡུམ་མཆོག་མཚོ་སྨན་ཀླུ་འཁོར་བཅས། །བར་སྣང་འཇའ་ཚོན་འཁྲིགས་པ་འདྲ། །ཀླུ་བཙན་འབུམ་གྱིས་བསྐོར་ལ་བསྟོད། །དྲག་རྩལ་མཐུ་སྟོབས་རྫུ་འཕྲུལ་ནི། །མཁའ་ལ་གློག་དམར་འཁྲུགས་པ་འདྲ། །གཙོ་འཁོར་ཕྱག་བརྙན་སྤྲུལ་པར་བཅས།


TR007_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ལྡན་སྲུང་མའི་ཚོགས་ལ་བསྟོད། ཀྱཻ། མཆོད་པའི་ཡོ་བྱད་ཕུན་ཚོགས་པས། །ཆོས་སྐྱོང་ཆེན་པོ་མངའ་གསོལ་ལོ། །སྤྱན་གཟིགས་དཀོར་ཆ་སྣ་ཚོགས་ཀྱིས། །གཞིས་བདག་ཆེན་པོ་མངའ༴ ཕོ་བྲང་རྟེན་རྫས་ཡིད་འོངས་པའི། །གནས་བདག་ཆེན་པོ༴ སྨན་རཀ་གཏོར་ཚོགས་དམ་རྫས་ཀྱིས། །བཙན་རྒོད་ཆེན་པོ་མངའ༴ གཙང་ཕུད་དཀར་གཏོར་རྒྱན་ལྡན་གྱི། །ལྷ་བཙན་འཁོར་བཅས་མངའ༴ ཤ་ཁྲག་དམར་ཆོད་ལོངས་སྤྱོད་ཀྱིས། །བདུད་བཙན་འཁོར་བཅས་མངའ༴ ཀར་མངར་རིན་ཆེན་དར་སྨན་གྱིས། །ཡུམ་མཆོག་ཀླུ་སྨན་མངའ༴ གང་ལ་ཅི་འདོད་གཏོར་མཆོད་འདིས། །འཁོར་བཅས་དགྱེས་པར་མངའ་གསོལ་ལོ། །གསོལ་ལོ་མཆོད་དོ་སྲུང་མའི་ཚོགས། །མཉེས་པར་བཞེས་ཤིག་མཐུ་ལྡན་རྣམས། །ཚིམ་པར་མཛོད་ཅིག་འཁོར་བཅས་ཀུན། །ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད། །སློབ་དཔོན་པདྨ་ཐོད་འཕྲེང་དང་། །རིག་འཛིན་བཀའ་བརྒྱུད་གོང་མ་ཡི། །སྤྱན་སྔར་ཁས་བླངས་དམ་མནོས་པའི། །


TR007_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གཉན་ལས་ཁྱེད་མ་འདའ། །བདག་ཅག་རྗེས་འཇུག་འཁོར་བཅས་ཀྱི། །བསམ་པའི་དོན་ཀུན་བསྒྲུབ་ཏུ་གསོལ། །ནད་གདོན་རྐྱེན་ངན་བར་ཆད་རིགས། །ཆགས་ཆེ་མྱ་ངན་འཐབ་འཁྲུགས་བྱ། །བློ་བུར་ཡེད་འགྲོག་གོད་ཁ་སོགས། །འགལ་རྐྱེན་གནོད་འཚེ་བཟློག་པར་མཛོད། །ཚེ་བསོད་དཔལ་འབྱོར་མངའ་ཐང་དང་། །མི་ནོར་ཟས་གོས་ལོངས་སྤྱོད་གཡང་། །སྙན་གྲགས་བདེ་ལེགས་ཡོན་ཏན་ཀུན། །ཆོས་དང་མཐུན་པར་འཕེལ་བར་མཛོད། །སངས་རྒྱས་བསྟན་དང་ཆོས་སྤྱོད་ལ། །གནོད་པ་བྱེད་པའི་དགྲ་གེགས་རྣམས། །སྲོག་ཆོད་དབུགས་ལོངས་ཤ་ཁྲག་ཟོ། །མིང་ཙམ་མེད་པར་རླག་པར་མཛོད། །མདོར་ན་སྲུང་མ་ཆེན་པོ་ཁྱོད། །ཡུམ་སྲས་འཁོར་དང་བཅས་རྣམས་ཀྱིས། །བདག་གི་བཅོལ་བའི་ཕྲིན་ལས་ཀུན། །ཐོག་མེད་མྱུར་དུ་སྒྲུབ་པར་མཛོད། །ཨོཾ་ཙ་ཏྲི་ཤུ་ལ་ས་མ་ཡ་དམ་ལས་མ་འདའ་ཞིག །སརྦ་སིདྡྷི་ཕ་ལ་


TR007_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཡཙྪ་ཀུར་ཝནྟུ་སྭཱ་ཧཱ། ཞེས་བརྗོད་ལ་མཆོད་གཏོར་རྣམས་ཕུལ་བས་སྲུང་མ་ཐམས་ཅད་དགའ་འགུ་ཡིད་རངས་ནས་ཅི་བཅོལ་བའི་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་ཤིང་རང་རང་གནས་སུ་གཤེགས་པར་དམིགས་ལ། སྨོན་ལམ་བཀྲ་ཤིས་སོགས་རྗེས་ཆོག་ཐམས་ཅད་སྤྱི་དང་མཐུན་པར་བྱ་ཞིང་དམིགས་མེད་ཀྱི་རྒྱས་གདབ་པར་བྱའོ། །དེ་ལྟར་གཞི་བདག་གྲགས་པ་རྡོ་རྗེ་འབར་བའི་གསོལ་མཆོད་མདོར་བསྡུས་འདི་ནི། །དབོན་པོ་ཨོ་རྒྱན་བསྟན་པས་བསྐུལ་བར་མཛད་པ་བཞིན། སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པས་ཡི་གེར་བཀོད་པ་དགེ་ལེགས་འཕེལ་བར་གྱུར་ཅིག ཧཱུྃ། རང་བཞིན་གྲུབ་པའི་ཕོ་བྲང་ཆེན་པོ་ནས། །བདུད་བཙན་དྲག་པོ་རྡོ་རྗེ་ཀུན་དགའ་འབྲུག །སྔོན་གྱི་ཁས་བླངས་དམ་ཚིག་དྲན་མཛོད་ལ། །རྫུ་འཕྲུལ་མཐུ་ཡིས་ཡུད་ཙམ་གནས་འདིར་གཤེགས། །ཨོཾ་བཛྲ་ནནྡ་མེ་གྷ་སྭ་ར་ས་མཱ་ཛཿཕྱི་ནང་གསང་མཆོད་སྨན་རཀ་གཏོར་ཚོགས་དང་། །སྤྱན་གཟིགས་ཐུགས་དམ་སྐོང་བའི་ཡོ་བྱད་ཀུན། །སྔགས་དང་ཏིང་འཛིན་བདེན་པས་བྱིན་བརླབས་ཏེ། །འབུལ་གྱི་དགྱེས་པར་བཞེས་ལ་ཕྲིན་ལས་སྒྲུབས། །བཛྲ་


TR007_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནནྡ་མེ་གྷ་སྭ་ར་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ། །དྲག་རྩལ་མཐུ་སྟོབས་གཟི་ལྡན་ཀུན་དགའ་འབྲུག །སྐུ་མདོག་དམར་སྨུག་སྒེག་ཅིང་དཔའ་གཏུམ་ཚུལ། །འཁོར་གསུམ་རྒྱན་ལྡན་མདུང་དར་ཞགས་པ་བསྣམས། །རྟ་ནག་རྟིང་དཀར་ཆིབས་ལ་ཕྱག་འཚལ་བསྟོད། །བདུད་བཙན་འཁོར་ཚོགས་འབུམ་གྱི་གཙོ་བོ་ཁྱེད། །རིག་འཛིན་བརྒྱུད་པའི་སྤྱན་སྔར་ཞལ་བཞེས་བཞིན། །སྔ་འགྱུར་སྙིང་པོའི་བསྟན་པ་བསྲུང་བ་ལ། །བསྙེལ་དང་གཡེལ་བ་མེད་པར་མཛད་དུ་གསོལ། །གཙུག་ལག་དགེ་འདུན་སྡེ་སྤེལ་མཐུན་རྐྱེན་སྒྲུབས། །བསྟན་དགྲ་ཚར་ཆོད་བླ་མའི་སྐུ་ཚེ་བསྲིང་། །དམ་ཆོས་ཚུལ་བཞིན་སྤྱོད་རྣམས་བུ་བཞིན་སྐྱོང་། །ཕྲིན་ལས་གང་བཅོལ་ཐོགས་མེད་སྒྲུབ་མཛོད་ཅིག །བཛྲ་ནནྡ་མེ་གྷ་སྭ་ར་ས་མ་ཡ་ཙིཏྟ་ཨུ་ས་ཀརྨཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས། སྨིན་གྲོལ་སྐྱེད་རྫོགས་གླིང་གི་གཞི་བདག་


TR007_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་འབྲུག་གི་གཏོར་མཆོད་ཉུང་ངུ་འདི་ཡང་། ཆོས་དབྱིངས་འོད་གསལ་རྩེ་མོའི་སྒོམ་ཁང་དུ་བྲིས་པ་དགེ་ལེགས་འཕེལ། །སརྦ་ཛ་ཡནྟུ། གཅིག་ཞུད།


previousབླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏོར་བསྔོས།next