Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར།
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར།next

ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར།


TR007_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར་བཞུགས་སོ། །


TR007_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །འོ་ན་ད་ལམ་གྱི་སྐབས་འདི་ཉིད་དུ་ཟབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བགྱིས་པ་ནི་བསོད་ནམས་དང་ངོ་མཚར་གྱི་མཆོག་ཏུ་གྱུར་པ་ལགས་ཤིང་། དེ་ལ་ཚོགས་ཀྱི་ངོ་བོ། ངེས་ཚིག །དབྱེ་བ་ཇི་ལྟར་བགྱི་བའི་ཐབས། །བགྱིས་པའི་ཕན་ཡོན་དང་བཅས་པའི་རིམ་པ་ལས་དང་པོ་ངོ་བོ་ནི། ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བ་དང་། །ལྷ་དང་བླ་མ་མཆེད་ལྕམ་རྣམས་ཀྱི་དགྱེས་པ་སྐོང་བར་བྱེད་པའི་རྫས་ཀྱི་རྣམ་གྲངས་སོ། །ངེས་ཚིག་ནི། །ལེགས་སྦྱར་གྱི་སྐད་དུ་ག་་ཞེས་བྱ་བ་དེ་ཉིད་


TR007_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་སྐད་དུ་ཚོགས་ཅེས་བྱ་སྟེ། །ཐབས་ཤེས་ཀྱི་རྫས་སུ་གྱུར་པའི་འདོད་ཡོན་བཟའ་བཏུང་གི་རྣམ་གྲངས་མང་པོ་ཚོགས་པར་བཤམས་པས་ན་ཚོགས་ཅེས་བྱའོ། །དབྱེ་བ་ནི། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལས། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞིའི་ཚོགས་སྣོད་དུ་གླིང་བཞི་རི་རབ་རོལ་མཚོ་དང་བཅས་པ་ཚོགས་ཀྱི་ཡོ་བྱད་དུ་རང་བཞིན་གྱིས་བཀོད་ཅིང་། བཅུད་ཀྱི་སེམས་ཅན་སྐྱེ་འགྲོ་མཐའ་དག་ཚོགས་ཀྱི་རྒྱན་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ནི་སྣང་སྲིད་རང་བྱུང་ཕྱིའི་ཚོགས་མཆོད་རྨད་དུ་བྱུང་བ་དེ་ཉིད་བླ་མ་ཡི་


TR007_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མཁའ་འགྲོའི་ཚོགས་ལ་རང་བྱུང་རང་བབས་ཆེན་པོར་འབུལ་བ་ནི་ཕྱིའི་ཚོགས། ནང་ལྟར་ན། །ཐབས་ཀྱི་རྫས་བཟའ་བའི་རིགས་གྱུར་ཐམས་ཅད་དང་། །ཤེས་རབ་ཀྱི་རྫས་བཏུང་བའི་རིགས་གྱུར་ཐམས་ཅད་དང་། གཉིས་མེད་ཀྱི་རྫས་བཅའ་བའི་རིགས་གྱུར་ལ་སོགས་པ་མདོར་ན་འདོད་ཡོན་གྱི་ལོངས་སྤྱོད་ཅི་འབྱོར་ཐམས་ཅད་མཆོད་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ནི་ནང་གི་ཚོགས། གསང་བ་ལྟར་ན། རང་ལུས་ལྤགས་པའི་ཚོགས་སྣོད་དུ་ཤ་ཁྲག་དབང་པོ་དོན་སྙིང་དང་བཅས་པའི་ཕུང་པོ་འདི་ཉིད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ་བ་ནི་གསང་བའི་ཚོགས། དེ་ཁོ་ན་ཉིད་དུ། རང་རིགས་སྤྲོས་བྲལ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཀུན་ཁྱབ་ཡངས་པ་ཆེན་པོའི་ཚོགས་སྣོད་དུ་སེམས་ཡིད་རྣམ་ཤེས་དབང་ཚོགས་ཀྱི་འདུ་ཤེས་འགྱུ་དྲན་ཕྲ་རག་བཟང་ངན་གྱི་རྟོག་ཚོགས་བསམ་གྱིས་མི་ཁྱབ་པའི་རོལ་རྩལ་


TR007_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་རང་རིག་རང་ཤེས་རང་གྲོལ་གྱི་ཚོགས་སུ་བྱིན་གྱིས་བརླབས་ནས། གདོད་མའི་གནས་ལུགས་ཀྱི་ངང་དུ་འབུལ་བྱ་འབུལ་བྱེད་དང་བྲལ་བ་ཉིད་དུ་ཡིན་ལུགས་རང་ངོ་ཤེས་པ་ནི་དེ་ཁོ་ན་ཉིད་ཡང་དག་དོན་གྱི་ཚོགས་མཆོད་དེ་མདོར་ན་སྣང་སྲིད་ཕྱི་ནང་སྣོད་བཅུད་ཐམས་ཅད་ཚོགས་ཀྱི་རང་བཞིན་དུ་མ་གྱུར་པ་མེད་པའི་དོན་ཚུལ་བཞིན་དུ་ཤེས་དགོས་ཤིང་། དེ་ལྟ་བུའི་དབྱེ་བ་རྟོགས་པས། ནང་གི་ཚོགས་མཆོད་དངོས་གཞི་ཇི་ལྟར་བགྱི་བའི་ཐབས་སམ་ཚུལ་ནི། སྤྱིར་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་འདོད་ཡོན་ཐམས་ཅད་ཚོགས་ཀྱི་དངོས་པོར་མ་གྱུར་པ་མེད་ཅིང་། །བྱེ་བྲག་ཏུ་བཟའ་བ་ཐབས་ཀྱི་རང་བཞིན་དང་། །བཏུང་བ་ཤེས་རབ་ཀྱི་རང་བཞིན་ལ་སོགས་ཚོགས་རྫས་ཀྱི་དངོས་པོར་གྱུར་ཚད་ཇི་ལྟར་འབྱོར་བ་ལེགས་པར་བཤམས་ཤིང་། ཡེ་ཤེས་རྣམ་རོལ་གྱི་


TR007_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རམ། ཆུ་ཆམ། རླུང་ཨམ། གསུམ་འཕྲོས་པས་ཀུན་རྫོབ་འཁྲུལ་སྣང་ཉེས་ཚོགས་ཀྱི་དྲི་མ་ཐམས་ཅད་སྦྱངས།། ༈ །།སྐུ་གསུམ་ཡེ་ཤེས་ཀྱི་རྩལ་སྣང་འབྲུ་ཨོཾ་ཨཱཿཧཱུྃ་གསུམ་གྱི་འོད་ཟེར་འཕྲོས་པས་བདེ་ཆེན་ཟག་མེད་ཀྱི་བདུད་རྩི་ཡིད་བཞིན་འདོད་འབྱུང་གི་གཏེར་དུ་བྱིན་གྱིས་བརླབས། དེ་ཉིད་ཡུལ་གོང་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མཆོད་པའི་དངོས་པོར་ཕུལ། ཆོས་སྐྱོངས་བསྲུང་མ་རྣམས་ལ་ཅི་འདོད་ཀྱི་བསྐང་རྫས་སུ་བསྔོ། །མཆེད་དང་ལྕམ་དྲལ་ཐམས་ཅད་དངོས་གྲུབ་དམ་རྫས་ཀྱི་ཚུལ་དུ་རོལ། ཞིང་སྐྱོང་མཁའ་འགྲོའི་ཚོགས་ལ་བཀའི་ཕམ་ཕབ་ཀྱི་ཚུལ་དུ་གཏོང་བ་ལ་སོགས་ཡུལ་གོང་འོག་ཀུན་ལ་སོ་སོར་གང་ལ་གང་འཚམ་པར་མཆོད་སྦྱིན་བྱ་ཞིང་། དེ་དག་གི་ཚེ་ཡང་རློམ་སེམས་ཁེ་གྲགས་ལོ་འདོད་སེར་སྣ་རེ་དོགས་ལ་སོགས་པའི་བསམ་པ་དང་མ་འདྲེས་པར་ཏིང་འཛིན་ཡེ་ཤེས་རྣམ་རོལ་གྱི་ངང་ནས་དག་སྣང་མོས་གུས་སྙིང་རྗེར་


TR007_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབུལ། ཚོགས་ཀྱི་ཡོ་བྱད་ཀྱང་། འབྱོར་པའི་ཚེ་ན་འདོད་ཡོན་གྱི་ལོངས་སྤྱོད་དུ་གྱུར་ཏོ་ཅོག་ཐམས་ཅད་འཕང་སེམས་ཞེན་ཆགས་བྲལ་བས་ཅི་ཡོད་ཚོགས་སུ་བཤམས། །མ་འབྱོར་པའི་ཚེ་ན་ཆུ་ལའང་རུང་ཞིང་། ལྷག་བསམ་གྱི་ཀུན་ནས་བླངས་ཤིང་ཏིང་འཛིན་གྱི་ཁ་བསྒྱུར་ཤེས་ན་དངོས་པོ་ཐམས་ཅད་ཚོགས་མཆོད་དུ་མ་གྱུར་པ་རྡུལ་ཙམ་ཡང་མེད་པས་ཅིར་སྣང་ཆོས་ཉིད་རྣམ་རོལ་ཆེན་པོའི་ངང་དུ་སྤྱད། རང་ཉིད་བཟའ་བཏུང་གི་རིགས་གང་ལ་སྤྱོད་ཚེའང་། དངོས་གྲུབ་ཚོགས་ཀྱི་འཁོར་ལོར་དམིགས་ཏེ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ་ཅིང་། གནས་པ་རྩ་དང་གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་སྣང་ལུགས་གནས་ཚུལ་ཐམས་ཅད་ནི་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་ལ་སོགས་པར་ཡེ་ནས་རང་བྱུང་དུ་མཆིས་ཤིང་། ཕྱི་


TR007_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་ཡུལ་ཉི་ཤུ་རྩ་བཞི་མཐའ་དག་ནང་དུ་རྡོ་རྗེའི་ལུས་ཀྱི་སྤྱི་བོ་ལ་སོགས་པའི་གནས་དང་། ཡུལ་དེ་དག་གི་དཔའ་བོ་རྡོ་རྗེ་འོད་ལྡན་ཡབ་ཡུམ་ལ་སོགས་རྣམས་ཀྱང་ནང་དུ་རྩ་སྒོམ་པ་ལ་སོགས་པའི་རྩ་རླུང་ཐིག་ལེའི་ཚུལ་དུ་ལྷུན་གྲུབ་ཏུ་བཞུགས་པར་རྒྱུད་སྡེ་མཐའ་དག་ལས་གསུངས་ཕྱིར། ནང་དུ་ཏིང་འཛིན་རྣལ་འབྱོར་དང་ལྡན་པས་ཚོགས་ཀྱི་མཆོད་པ་ལན་གཅིག་བྱས་ན་ཕྱི་རོལ་ཡུལ་ཆེན་ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོའི་འདུ་བ་ཀུན་ལ་ཚོགས་ཀྱི་འཁོར་ལོ་དུས་གཅིག་ཏུ་བགྱིས་པའི་བསོད་ནམས་ཐོབ་ཅིང་། །དེར་ཡང་མ་ཟད་ཐེག་མཆོག་རྫོགས་པ་ཆེན་པོ་ལྟར་ན་ཙིཏྟ་འོད་ཁྱིམ་གྱི་ཀློང་ན་སངས་རྒྱས་ཞི་བ་སུམ་ཅུ་རྩ་དྲུག །གླད་པ་དུང་ཁང་གི་ནང་དུ་ཁྲོ་བོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། །མགྲིན་པ་རྩའི་དྲ་བ་ན་རིགས་འཛིན་མཁའ་འགྲོའི་ལྷ་


TR007_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། གནས་དྲུག་རྩའི་འཁོར་ལོ་རུ་བཅོམ་ལྡན་ཐུབ་པ་རིགས་དྲུག་ལ་སོགས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལུས་གནས་རྒྱལ་བའི་དཀྱིལ་འཁོར་ཁོ་ན་ཡིན་པ་དང་། གཞན་ཡང་བ་སྤུའི་བུ་ག་རེ་རེ་ན་ཡང་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཕོ་བྲང་ཡིན་པར་གསུངས་པས་ན། དེ་ཕྱིར་བཟའ་བཏུང་ཚོགས་འཁོར་གྱི་རང་བཞིན་དུ་འགྱུར་བའི་གནད་རྣམས་ཤེས་པར་བྱ། མདོར་བསྡུ་ན། བཤམས་པ་རྫས་ཀྱི་ཚོགས་འཁོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་མཆེད་ལྕམ་དང་བཅས་པ་རྣམས་ལ་སྤྱིར་འབུལ། སྒྱུ་ལུས་ཕུང་པོའི་ཚོགས་འཁོར་ཏིང་འཛིན་གནད་དང་ལྡན་པས་སྣང་སྲིད་ལྷ་འདྲེ་ལ་སོགས་མཆོད་སྦྱིན་གྱི་ཡུལ་དུ་གྱུར་པོ་གོང་འོག་བར་མ་རྣམས་ལ་བྱེ་བྲག་ཏུ་འབུལ། །བཟའ་བཏུང་རྒྱུན་གྱི་ཚོགས་འཁོར་ལོགས་འཚོ་དཀོར་སྡིག་དང་མ་འདྲེས་པ་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ལ་ཁྱད་པར་དུ་འབུལ། ཅིར་སྣང་ཆོས་ཉིད་ཀྱི་ཚོགས་འཁོར་རང་


TR007_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་རང་གྲོལ་གྱི་ངང་ནས་ཡེངས་འཁྲུལ་གཉིས་འཛིན་དང་བྲལ་ཞིང་དགག་བསྒྲུབ་བླང་དོར་ལས་འདས་པ་རང་རིག་ཀ་དག་གི་ངང་དུ་དོན་དམ་པར་འབུལ་བ་ནི་ཚོགས་ཀྱི་འཁོར་ལོ་ཡང་དག་པའོ། །དེ་ལྟ་བུའི་ཚོགས་ཀྱི་མཆོད་པ་བགྱིས་པའི་དགོས་ཆེད་དང་ཕན་ཡོན་ཇི་ལྟ་བུ་ཡོད་ཞེ་ན། །ཐེག་པའི་མཐར་ཐུག་རྫོགས་པ་རང་བྱུང་གི་རྒྱུད་ལས། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་ནི། །ཚེ་རབས་སྔ་ཕྱི་དཔག་མེད་སྒྲིབ་པ་རྣམས། །ཞི་ཁྲོའི་སྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང་། །ཚེ་རབས་ཕྱི་མ་གནས་ནི་གར་སྐྱེས་ཀྱང་། །ཡོ་བྱད་ཆུང་བ་དག་ཏུ་མི་འགྱུར་ཞིང་། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྒྱུར་བར་འགྱུར། །རིན་ཆེན་ནོར་དང་འབྲུ་ལ་ལོངས་སྤྱོད་ཅིང་། །རྫས་དང་ཡོ་བྱད་ལྡན་པའི་སྐྱེས་བུར་འགྱུར། །ཅེས་གནས་སྐབས་ཀྱི་ཡོན་ཏན་དང་། །དེ་བས་ལྷག་པའི་ཡོན་ཏན་འདི་རྣམས་ཐོབ། །བར་དོ་རང་སྣང་


TR007_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དག་མཐོང་བས། །དེ་ལ་གྲོལ་ནས་མི་འགྱུར་ས་ལ་གནས། །སྤྲུལ་པ་སྟོང་གསུམ་གང་བས་འགྲོ་དོན་བྱེད། །དེ་ལྟ་བུ་ཡི་ཡོན་ཏན་ཐོབ་པར་འགྱུར། །ཞེས་གསུངས་ཤིང་མདོར་ན་ཚོགས་ཀྱི་འཁོར་ལོའི་ཕན་ཡོན་ནི་དཔག་ཏུ་མེད་དོ།། ༈ །།ཞི་རྒྱས་དབང་དྲག་གི་ཕྲིན་ལས་འགྲུབ། །དམ་ཚིག་ཉམ་ཆགས་ཐམས་ཅད་གསོར་ཆུད། །ལྷ་དང་བླ་མ་དམ་ཅན་མཆེད་ལྕམ་གྱི་དགྱེས་པ་སྐོངས། །མི་མཐུན་རྐྱེན་ངན་བར་ཆད་བསེལ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས། །མཆོག་དང་ཐུན་མོང་གི་དངོས་གྲུབ་ཅིག་ཆར་དུ་ཐོབ་པ་ལ་སོགས་པའི་ཕན་ཡོན་གྱི་རྣམ་གྲངས་བརྗོད་ལས་འདས་པ་ཐོབ་ཅིང་། གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་ཟབ་གནད་ཆ་རྐྱེན་ཁ་སྐོངས་ལག་ལེན་རྨད་དུ་བྱུང་བ་ཡིན་ཡང་རྒྱུན་ལྡན་དུ་བརྩོན་པར་མཛད་འཚལ། །ཚོགས་ཀྱི་རྣམ་བཤད་མདོར་


TR007_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་འདི། རབ་མཛེས་ཀུ་རའི་གོས་འཆང་བའི། །རིག་སྔགས་འཛིན་པ་དེས་བསྐུལ་ངོར། །བཀོད་འདིས་འགྲོ་ལ་ཕན་འགྲུབ་ཤོག། འདི་ལས་ཆེར་སྤྲོས་པའི་ཚོགས་ཀྱི་འདུ་བ་བསྒྲགས་པ་དང་ཚོགས་འཁོར་གྱི་བྱ་བ་ཇི་ལྟ་བ། དཀར་པོ་བ་ཀུན་དགའ་བསྟན་འཛིན། རྒྱུད་སྡེ་ལས་གསུངས་པའི་ཚུལ་དག་སྤྲོ་བར་ནུས་མེད་ཀྱང་། དིང་སང་བསྐལ་བ་སྙིགས་མའི་མཐའ་ལ་ཆེས་ཆེར་ཐུག་པའི་རང་ཚུལ་འདིས། དེ་ལྟ་བུའི་ནུས་ལྡན་གྱི་གཙོ་བོར་ཆུལ་ལྡན་དཀོན་ཚེ་འདིར་བཤད་ཀྱང་ངལ་བ་དོན་མེད་ལས་མི་འབྱུང་བས་རེ་ཞིག་འདི་ཙམ་གྱིས་ཆོག་པར་སེམས་སོ། །དགེའོ། །དགེའོ། །དགེའོ།


previousཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར།next