Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
བླ་མ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ།
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousབླ་མ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ།next

བླ་མ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ།


TR007_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ་བཞུགས་སོ། །


TR007_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་བླ་ན་མ་མཆིས་པ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བླ་མ་དགོངས་པ་འདུས་པའི་ལམ་ཟབ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་དུ་ཉམས་སུ་བླང་བའི་རིམ་པ་མདོར་བསྡུས་ཤིག་བྲི་བར་བྱ་སྟེ། དེ་ཡང་། ཕྱག་རྫོགས་སོགས་ཀྱི་ཉམས་ལེན་གྱི་གནད་རྣམས་གདར་ཤ་ཆོད་པ་ནི་མཆོག་ཏུ་གལ་ཆེ་བའི་ཕྱིར། །བླ་མ་མཚན་ལྡན་གྱི་དྲུང་དུ་ཞུན་ཐར་བཅད་ལ། བོག་འདོན་དུ་འདི་ཉིད་ཉམས་སུ་བླང་བར་བྱ་སྟེ། དུར་ཁྲོད་དང་ལུང་སྟོངས་ལ་སོགས་གཞུང་ཉིད་ནས་གསུངས་པའི་གནས་སམ། །རང་གི་མལ་ས་ཉིད་དུ་ལུས་ངག་ཡིད་གསུམ་ཟོ་གློད་ནས། འཇིག་རྟེན་གྱི་བྱ་བ་ལ་སོགས་དང་མ་འདྲེས་པའི་ངང་ནས་འདི་ལྟར་ཉམས་སུ་བླང་བར་བྱའོ། །དེ་ལ་


TR007_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་དངོས་གཞི་རྗེས་གསུམ་ལ་ས་བཅད་ཉེར་བདུན་གྱིས་སྟོན་ཏེ། །དང་པོ་མཐུན་མོང་གི་སྔོན་འགྲོ་ནི། ཕཊཿ མ་མཁའ་མཉམ་འགྲོ་བ་བསྒྲོལ་སླད་དུ། །བདག་ཉམས་ལེན་མཆོག་ལ་འཇུག་པར་བྱ། །ལུས་དལ་འབྱོར་ཕུན་ཚོགས་ལེགས་ཐོབ་ཀྱང་། །ཚེ་མི་རྟག་འཆི་བའི་རང་བཞིན་ཅན། །གནས་གར་སྐྱེས ་དལ་འབྱོར་རྙེད་དཀའ་བསམ་པ་ འཁོར་བའི་འཁྲུལ་འཁོར་ཏེ། །དུས་ད་ལྟ་མི་རྟགས་བསམ་པ་ནས་རྟག་འཛིན ་འཁོར་བའི་སྡུག་བསྔལ་དྲན་པ་ཞེང་པ་སྤོངས། ཕཊཿཟིལ་གནོན་གསུམ་གྱི་དང་པོ་ལྷ་འདྲེ་ཟིལ་གྱིས་གནོན་པ་ནི། དེང་བདག་དང་ཁམས་གསུམ་སེམས་ཅན་ལ་


TR007_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གནོད་ཅིང་སྣང་བྱེད་གདུག་པ་ཅན། །ལྷ་འདྲེ་སྲིན་མི་མ་ཡིན་གྱི་རིགས། །ཀུན་བླ་མེད་བྱང་ཆུབ་མ་ཐོབ་བར། །བདག་ས་ཕྱོགས་འདི་ནས་ཅི་ཕྱིར་འགྲོ། །ལུས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི། །སྣ་གཡོན་ནས་བྱང་ཆུབ་སེམས་ཀྱི་རླུང་། །དབྱིབས་ལྕགས་ཀྱུའི་རྣམ་པས་བགེགས་ཀུན་བཀུག །ཁྲོམ་ཚོགས་པ་ལྟ་བུ་བདག་དྲུང་འཁོད། །ཕྱི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །སྐྱབས་མཆོག་གསུམ་རྒྱལ་བ་སྤྲིན་ལྟར་བསྟིབས། །འོད་མེ་སྤུངས་འབར་བའི་གུར་གྱིས་ཕུབ། །གདོན་བགེགས་ཚོགས་སངས་རྒྱས་མ་ཐོབ་བར། །ཕྱིར་འགྲོ་བའི་གོ་སྐབས་མེད་པར་གྱུར། ཕཊཿ གཉིས་པ་གནས་ཟིལ་གྱིས་གནོན་པ་ནི། །ལུས་རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་འདི། །དབྱིབས་གསེར་གྱི་མཆོད་རྟེན་རི་རབ་ཙམ། །འོད་སྟོང་གསུམ་གང་བས་ས་ཕྱོགས་ཀུན། །ཡོངས་ཁྱབ་པས་ཆིར་གྱི་ནོན་པར་གྱུར། ཕཊཿ གསུམ་པ་བདག་ཟིལ་གྱིས་


TR007_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པ་ནི། །སེམས་ཡེ་སྟོང་སྤྲོས་བྲལ་ནམ་མཁའ་བཞིན། །དབྱིངས་གདོད་མའི་ངང་ལས་མ་གཡོས་ཀྱང་། །འཕྲལ་རྣམ་རྟོག་འཁྲུལ་པའི་ཟང་ཟིང་ཀུན། །དོན་བློ་འདས་ངང་དུ་ཕྱམས་ཀྱི་གློད། །ཕཊཿ ལུས་བྱ་བྱེད་སྤྱོད་ལམ་རྣམ་པ་གསུམ་གྱི་དང་པོ་སྟངས་སྟབས་བཅུ་ནི། །བདག་རྡོ་རྗེའི་རྣལ་འབྱོར་བརྟུལ་ཞུགས་ཀྱིས། །གནས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར། །གར་སྟངས་སྟབས་སྣ་ཚོགས་རོལ་པ་ཡིས། །གདོན་ཕྱོགས་བཅུའི་བགེགས་ཚོགས་འདུལ་བར་བྱ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊཿ གཉིས་པ་རྣམ་སྣང་ཆོས་བདུན་ལ་གནས་པ་ནི། །ལུས་རྣམ་འགྱུར་སྟངས་སྟབས་དེ་དག་ཀུན། །རྩལ་འགགས་མེད་རོལ་པའི་སྒྱུ་འཕྲུལ་སྟེ། །སླར་རྣམ་སྣང་ཆོས་བདུན་ལྟ་སྟངས་ཀྱི། །གནས་མི་འགྱུར་རི་བོ་ལྟར་བརྟན་བྱ། ཕཊཿ གསུམ་པ་ལུས་ཀྱི་འདུ་ཤེས་བཤིག་པ་ནི། །དོན་བློ་འདས་སྐྱེ་མེད་མ་རྟོགས་


TR007_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ལུས་རྩོལ་བཅས་སྤྱོད་པ་རྣམ་གཡེང་རྒྱུ། །སེམས་འཛིན་པས་བཅིང་བ་ཡོངས་སྤངས་ནས། །ཅི་བདེ་བར་བསྒྱུར་ཞིང་གང་གར་ཞོག །ཕཊཿ ངག་བརྗོད་བྱའི་འདོན་ཟློས་གསུམ་གྱི་དང་པོ་སྐྱབས་སེམས་ཡན་ལག་བདུན་པ་ནི། །རང་ཐ་མལ་བདུན་གྱི་བར་སྣང་དུ། །གདན་རིན་ཆེན་པདྨ་ཉི་ཟླའི་སྟེང་། །སྐྱབས་བླ་ན་མེད་པའི་དཀོན་མཆོག་རྣམས། །ཞལ་མངོན་སུམ་སྤྲིན་ཕུང་ལྟར་བཞུགས་གྱུར། །བདག་ཁམས་གསུམ་འགྲོ་བ་མ་ལུས་ཀུན། །ཁྱེད་ཐུགས་རྗེས་ནུས་པས་སྐྱབས་ཏུ་གསོལ། །ལུས་དུམ་བུ་སྟོང་དུ་གྱུར་ཀྱང་སླའི། །མ་འགྲོ་ཕན་ཅི་འགྲུབ་བདག་གིས་བགྱི། །ཡིད་གུས་པས་ཕྱག་འཚལ་མཆོད་བགྱི་ཞིང་། །ལས་སྡིག་སྒྲིབ་ཅི་མཆིས་སྙིང་ནས་བཤགས། །སེམས་དང་བས་ཡི་རང་ཆོས་འཁོར་བསྐུལ། །ཡོངས་འཁོར་བ་མ་སྟོང་དེ་སྲིད་དུ། །མགོན་མྱ་ངན་མི་འདའ་འགྲོ་བ་སྐྱོབས། །ཚོགས་རྣམ་གཉིས་འགྲོ་ལ་


TR007_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཕྱིར་བསྔོ། །སྐྱབས་དཀོན་མཆོག་མ་ལུས་གཅིག་འདུས་ནས། །བདག་སྤྱི་བོར་ཐིམ་པས་དབྱེར་མེད་གྱུར། ཕཊཿ གཉིས་པ་བླ་མའི་རྣལ་འབྱོར་དང་མཎྜལ་གྱི་རིམ་པ་ནི། །སྟེང་སྤྱི་གཙུག་སེང་ཁྲི་པད་ཟླའི་ཁར། །ཕ་དྲན་མཆོག་རྩ་བའི་བླ་མ་ཉིད། །སྐུ་ལོངས་སྤྱོད་རྫོགས་ཚུལ་ཌ*ཌཱ་དྲི*་བསྣམས། །འཁོར་རྒྱུད་པའི་བླ་མ་སྤྲིན་ལྟར་བསྟིབས། །འོད་གཟི་མདངས་འབར་བར་བཞུགས་པའི་དྲུང་། །ཕྱི་རིན་ཆེན་སྟོང་གསུམ་མཎྜལ་ལ། །ཡུལ་གླིང་བཞི་རི་རབ་ཚོམ་བུར་བཀོད། དང་གདལ་ཁྱབ་ལྤགས་པའི་མཎྜལ་ལ། །ལུས་ཕྱི་ནང་ཤ་ཁྲག་ཚོམ་བུར་བཀོད། །གཞི་སྟོང་ཉིད་དབྱིངས་ཀྱི་མཎྜལ་ལ། །རྩལ་འགག་མེད་རོལ་པའི་ཚོམ་བུར་བཀོད། ཀུན་མཆོད་པ་འབུལ་གྱི་བཞེས་ནས་ཀྱང་། །མཆོག་ཚེ་འདིར་འགྲུབ་པའི་དངོས་གྲུབ་སྩོལ། ཕཊཿ ན་མོ་གུ་རུ། །ཐུགས་སྐྱེ་མེད་ཆོས་སྐུའི་རོལ་པ་ལས། །གསུང་འགགས་མེད་ལོངས་སྐུའི་རང་མདངས་ཤར། །སྐུ་གང་འདུལ་སྤྲུལ་པའི་འགྲོ་དོན་མཛད། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དོན་ཟབ་མོ་རྒྱལ་དགོངས་ དགོངས་བརྒྱུད་


TR007_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྡུས་པའི། །གནད་ངོ་མཚར་བརྡ་དང་ཐབས་ཀྱི་གྲོལ། །ཚིག་གདམ་ངག་སྙན་རྒྱུད་འགྲོ་ལ་སྟོན། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཀུན་གཅིག་བསྡུས་རྩ་བའི་བླ་མ་རྗེ། །བརྡ་རྒྱུད། ཁྱེད་ཐུགས་རྗེ་ནུས་པའི་དཔུང་བསྐྱེད་ལ། །གང་ཟག་སྙན་རྒྱུད་ །བདག་དུག་ལྔའི་ནད་ཀྱིས་གཟིར་བའི་ཚོགས། །སྐྱབས་རེ་ས་ཁྱེད་ལས་གཞན་མ་མཆིས། །དཔལ་ཐུགས་རྗེས་གཟིགས་ཤིང་རྗེ་བཙུན་མགོན།། ༈ །།ཅེས་གསོལ་བ་བཏབ་པས་བླ་མའི་སྐུ། །གནས་གསུམ་ལས་འོད་འཕྲོས་བདག་ལ་ཐིམ། །སྒོ་གསུམ་གྱི་སྒྲིབ་སྦྱངས་དབང་བཞི་ཐོབ། །མཐར་བླ་མ་འོད་ཞུ་རང་ལ་ཐིམ། །གསུམ་པ་ཡིག་བརྒྱའི་རྣལ་འབྱོར་ནི། །བདག་རྡོ་རྗེ་སེམས་དཔའ་ཞི་འཛུམ་ཅན། །སྐུ་ནམ་མཁའི་ཁམས་གང་ཐུགས་ཀའི་དབུས། །ཧཱུྃ་དཀར་པོ་རི་རབ་ཙམ་གྱི་མཐར། །མ་འགྲོ་དྲུག་སྣང་སྲིད་ལྷ་འདྲེ་རྣམས། །ལུས་སྐོར་བ་བྱེད་ཅིང་ཡིག་བརྒྱའི་རྒྱུན། །སྒྲ་སྟོང་ཁམས་ཁྱབ་པ་བཟླས་པར་གྱུར། །ཨོཾ་བཛྲ་སཏྭ་ས་མ་ཡ། སོགས། ཧཱུྃ། དེ་


TR007_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་འཕྲོས་འགྲོ་སྒྲིབ་སྦྱངས། །ཀུན་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཅིང་། །མཐར་ཐམས་ཅད་ཧཱུྃ་ཡིག་ལ་ཐིམ་སྟེ། ཧཱུྃ། བདག་ལུས་དང་བཅས་མཁའ་ལ་ཡལ། །དབྱིངས་སྟོང་ཉིད་ངང་དུ་མཉམ་པར་བཞག །ཕཊཿ འདི་ཡན་ཆད་སྔོན་འགྲོའི་རིམ་པའོ། །དེ་ནས་དངོས་གཞི་ལ་ཡང་དགུ་ལས་དང་པོ་གནད་འཁོར་བ་རྣམ་པ་གསུམ་གྱི་ཐོག་མར་བདག་ཉིད་གནད་ལ་བོར་བ་ནི། །བདག་འཛིན་པས་བཅིངས་པའི་ལུས་ངག་ཡིད། །ཚེ་ཐོག་མེད་དུས་ནས་བག་ཆགས་ཤུགས། །བློ་འཁྲུལ་རྟོག་ཆགས་སྡང་ངར་འཛིན་ཅན། །ཀུན་སྙིང་པོ་མེད་པར་ཁོ་ཐག་ཆོད། ཕཊཿ གཉིས་པ་ལྷ་འདྲེ་གནད་ལ་བོར་བ་ནི། །ཕྱི་ཕན་བྱེད་ལྷ་དང་གནོད་བྱེད་འདྲེ། །འདི་རྨི་ལམ་ནང་གི་དགྲ་གཉེན་ལྟར། །ཡིད་འཁྲུལ་པའི་རང་མདངས་ཤར་བ་ལས། །གཞན་གུད་ན་མེད་པར་ཁོ་ཐག་ཆོད། ཕཊཿ གསུམ་པ་གཉིས་མེད་དུ་གནད་ལ་བོར་བ་ནི། །ཡོངས་བདག་དང་གཞན་དུ་གཉིས་སྣང་བ། །མིག་རབ་


TR007_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རིབ་ཅན་གྱི་འཁྲུལ་སྣང་བཞིན། །དོན་རང་ངོ་ཤེས་ན་གཉིས་སུ་མེད། །དེ་སོ་སོར་འཛིན་པ་རྩད་ནས་ཆོད། ཕཊཿ ཚོགས་བསགས་པ་རྣམ་པ་གསུམ་ལས། །དང་པོ་ཡུལ་གོང་མ་ལ་མཆོད་པར་འབུལ་བ་ནི། །ལུས་སྙིང་པོ་མེད་པའི་གཟུགས་ཕུང་འདི། །མཐར་མི་རྟགས་འདོར་བའི་ཆོས་ཅན་དེ། །དུས་ད་ལྟ་བཏང་ན་དོན་ཆེན་འགྲུབ། །བདག་དེ་ཕྱིར་སྒྱུ་ལུས་མཆོད་སྦྱིན་བྱ། ཕཊཿ སེམས་རིག་པའི་སྙིང་པོ་འོད་གོང་ཚུལ། །སྒོ་ཚང་བུག་ནས་འཐོན་ཆོས་དབྱིངས་ཁྱབ། །ལུས་རྩ་ཁམས་རྒྱལ་བའི་དཀྱིལ་འཁོར་ལྷ། །གནས་ཟག་མེད་རང་བཞིན་དབྱིངས་སུ་གཤེགས། །ཕྲལ་འབྱུང་འདུས་གདོས་བཅས་ཕུང་པོ་འདི། །ཀུན་རེ་སྐོང་ཡིད་བཞིན་གཏེར་མཚུངས་གྱུར། ཕཊཿ དབྱིངས་སྟོང་ཉིད་རོལ་པའི་ཆོ་འཕྲུལ་ལས། །རི་ལྷུན་པོ་ཙམ་གྱི་ཐོད་སྒྱེད་སྟེང་། །བདག་སྒྱུ་མའི་ལུས་ཀྱི་ཐོད་པ་དེ། །ཁྱོན་སྟོང་གསུམ་ཙམ་གྱུར་གཙུག་པའི་ནང་། །ལུས་གཟུགས་ཕུང་བསིལ་མར་བཏུབ་


TR007_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀང་། །བཅུད་ཤ་ལྔ་བདུད་རྩི་ལྔར་གྱུར་པའི། །སྟེང་ཟླ་གདན་དཔའ་བོ་འབྲུ་ལྔས་མཚན། །ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ འོག་ཡེ་ཤེས་རླུང་གཡོས་མེ་སྦར་བས། །རྫས་ཁོལ་བའི་རླངས་པ་འབྲུ་ལྔར་ཕོག །འོག་ཕྱོགས་བཅུར་འཕྲོས་པས་ཞིང་ཀུན་ནས། །དོན་ཡེ་ཤེས་བདུད་རྩིར་ཆར་ཕབ་པས། །རྫས་ཀུན་རྫོབ་བདུད་རྩི་དབྱེར་མེད་འདྲེས། །སྟེང་ཟླ་བ་ཡིག་འབྲུར་བཅས་པ་ཞུ། །བཅུད་ཟག་མེད་བདུད་རྩིར་རོ་གཅིག་གྱུར། ཕཊཿ དཔལ་དུས་གསུམ་རྒྱལ་བ་སྲས་བཅས་དང་། །མགོན་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །མ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས། །དབྱིངས་ནམ་མཁའ་གང་བར་བྱོན་བཞུགས་ནས། །ལྗགས་འོད་ཟེར་སྦུ་གུའི་ཚུལ་ཅན་གྱིས། །ལུས་བདུད་རྩིར་ཞུ་བ་རབ་གསོལ་ཞིང་། །ཐུགས་དགྱེས་པའི་བྱིན་རླབས་གནས་གསུམ་ནས། །འོད་འབྲུ་གསུམ་དང་བཅས་འཕྲོས་པ་ཡིས། །བདག་ཁམས་གསུམ་སེམས་ཅན་རྣམས་ལ་ཕོག །ལས་ཉོན་མོངས་


TR007_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བྱང་སྐུ་གསུམ་གྱི། །མཆོག་མཐུན་མོངས་དངོས་གྲུབ་ཀུན་ཐོབ་གྱུར། ཕཊཿ གཉིས་པ་ཡུལ་འགོ་མ་ལ་སྦྱིན་པར་བཏང་བ་ནི། །སླར་མི་ཟད་གཟུགས་ཀྱི་ཕུང་པོ་ནི། །གནས་སྟོང་གསུམ་གང་བ་མཆིས་པ་ལ། །ཨོཾ་ཨཱཿཧཱུྃ་རང་བྱུང་སྒྲ་གྲགས་པས། །འོད་ལྟེམ་གྱི་བདུད་རྩིར་ཞུ་བ་ལས། །ཟས་བཏུང་བ་གོས་རྒྱན་ཁང་ཁྱིམ་ནོར། །སུ་གང་ལ་ཅི་འདོད་ལོངས་སྤྱོད་ཚོགས། །རྒྱ་ནམ་མཁའི་ཁམས་ཀུན་ཡོངས་གང་ཞིང་། །རྒྱུན་འཁོར་བ་མ་སྟོང་དེ་སྲིད་དུ། །གང་ཅི་འདོད་སྤྱོད་ཀྱང་ཟད་མེད་གྱུར། ཕཊཿ ཚེ་འཁོར་བ་ཐོག་མེད་ད་བར་དུ། །དྲིན་ཁོར་མེད་རིས་དྲུག་ཕ་མའི་ཚོགས། །བདག་དྲིན་ལན་གཞལ་ཕྱིར་སྒྱུ་མའི་ལུས། །གང་ཅི་འདོད་དངོས་པོར་བྱིན་བརླབས་ནས། །སེམས་ཉེ་རིང་མེད་པར་ཚོགས་སུ་བསྔོ། །ཀུན་ཇི་ལྟར་འདོད་པ་ལོངས་སྤྱད་ནས། །ལམ་བླ་མེད་བྱང་ཆུབ་མངོན་གྱུར་ཤོག ཕཊཿ གསུམ་པ་ཡུལ་བར་མ་ལ་མགྲོན་དུ་བཀྱེ་པ་ནི། དོན་ཡེ་སྟོང་རྩ་བྲལ་ངང་ཉིད་ལས་


TR007_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཅལ་ཀུན་རྟོག་འཁྲུལ་པའི་རང་གཟུགས་འཕྲུལ། །མིང་ལྷ་འདྲེར་བཏགས་པའི་རྣམ་འགྱུར་ཚོགས། །གཟུགས་མ་ངེས་སྣ་ཚོགས་ཡ་མ་ཟུང་། །དབྱིབས་ཁ་དོག་ཆ་ལུགས་དུ་མར་ལྡན། །ལས་གཞན་ལ་འཚེ་བའི་གདུག་སེམས་ཅན། །མཐོ་སྲིད་རྩེའི་གནས་ནས་དམྱལ་ཁམས་བར། །ཁྱེད་མི་མིན་ཤ་ཟ་འབྱུང་པོའི་རིགས། །ཀུན་ཡུད་ཙམ་ཅིག་གིས་འདིར་འདུས་ཤིག །ཕཊཿ ཁྱོད་སྣ་ཚོགས་ཆོ་འཕྲུལ་དུ་མ་ཡིས། །བདག་གསོད་གཅོད་བརྡེག་བརྡུང་ཅིར་བསྟན་ཀྱང་། །སེམས་སྟོང་པ་ཉིད་ལ་ཇི་ལྟར་བྱེད། །ལུས་མི་གཙང་དུ་མའི་ཕུང་པོ་འདི། །ཁྱེད་འདོད་ན་ཅི་ཕྱིར་བདག་མི་སྦྱིན། །ཕྲལ་འཚོ་སྐྱོང་དཀའ་ལ་གནོད་ཚེ་མང་། །ཕུགས་སྙིང་པོ་མེད་པའི་གཟུགས་ཕུང་འདི། །དུས་ད་ལྟ་སྦྱིན་པའི་ཡོ་བྱད་དུ། །གྱུར་ནུས་པ་ཁྱེད་རྣམས་དྲིན་རེ་ཆེ། །མགོ་ཡན་ལག་ཁོག་སྟོད་ཁོག་སྨད་དང་། །ཁྲག་ཤ་ལྤགས་དོན་སྙིང་ནང་རོལ་རྩ།


TR007_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་སེན་མོ་བ་སྤུའི་མཐར་ཐུག་བར། །མགྲོན་ལྷ་འདྲེའི་ཚོགས་ལ་གང་འདོད་སྦྱིན། །སུ་ཇི་ལྟར་དགྱེས་པ་ལོངས་སྤྱད་ནས། །ཡིད་ཚིམ་པས་གཞན་ལ་གནོད་སྤོང་ཞིང་། །ཀུན་སངས་རྒྱས་ས་ལ་མྱུར་འཁོད་ཤོག། ཕཊཿ བདག་སྦྱིན་པར་བྱེད་པའི་མཁན་པོ་དང་། །ཡུལ་གོང་བར་གསུམ་མགྲོན་གྱི་རིགས། །རྫས་སྦྱིན་རྒྱུའི་ཕུང་པོར་བཅས་པ་ཀུན། །དོན་མཐར་ཐུག་ཆོས་སྐུར་རོ་གཅིག་ཉིད། ངོ་ཤེས་ཞིང་ཐག་ཆོད་པས། འཁོར་གསུམ་ཡོངས་དག་ནི། གསུམ་གྱི་དང་པོ་རང་ངོ་རང་གི་ཤེས་པར་བྱ་བ་ནི། ཕཊཿ རང་རིག་པ་བྱང་ཆུབ་སེམས་ཉིད་ལ། །དབྱིབས་ཁ་དོག་དངོས་པོའི་ཡུལ་བྲལ་ཞིང་། །གསལ་རིག་པ་འགགས་མེད་སྟོང་མཐའ་བྲལ། །འདི་སངས་རྒྱས་ཉིད་དུ་བློ་ཐག་ཆོད། ཕཊཿ གཉིས་པ་ཡུལ་སྣང་རང་རྩལ་དུ་ཤེས་པ་ནི། །ཕྱི་གཟུང་བའི་ཡུལ་སྣང་སྣ་ཚོགས་ཀྱང་། །ནང་འཛིན་པས་བཅོས་ཤིང་བཏགས་པ་ལས། །དོན་བདེན་པས་གྲུབ་པ་ལོགས་ན་མེད། །སེམས་གཅིག་


TR007_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པུའི་རྩལ་དུ་བློ་ཐག་ཆོད། ཕཊཿ གསུམ་པ་འཁོར་འདས་ཀྱི་ཆོས་དེ་དེ་བཀའ་ཤེས་རབ་ཕར་ཕྱིན་འདིར་འདུས་པའི་ཚུལ་ནི། །ཚིག་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་། །དོན་ཤེས་རབ་ཕར་ཕྱིན་རྟོག་པའི་ཐབས། །གནས་རྩ་བ་རང་རིག་སྟོང་པ་ཉིད། །གཞན་གུད་ན་མེད་པར་བློ་ཐག་ཆོད། ཕཊཿ དེ་ཡན་ཆད་རྣམས་དངོས་གཞིའི་རིམ་པའོ། །རྗེས་ཀྱི་རིམ་པ་ལ་ཡང་དགུ་ལས། །དང་པོ་བསྐྱུར་ཚུལ་གསུམ་གྱི་ཐོག་མར་ལུས་ཞེན་མེད་དུ་བསྐྱུར་ཚུལ་ནི། །ལུས་སྒྱུ་མ་ལྟ་བུའི་ཁང་རུལ་འདི། །ཕྲལ་གཅེས་སྤྲས་དུ་མས་བསྐྱངས་ན་ཡང་། །ཕུགས་སྙིང་པོ་མེད་ཕྱིར་ནམ་ཀྱང་འཇིག །དོན་དེ་ཕྱིར་གཅེས་འཛིན་ཞེན་པ་བསྐྱུར། ཕཊཿ གཉིས་པ་ངག་བརྗོད་མེད་དུ་བསྐྱུར་ཚུལ་ནི། །ངག་བྲག་ཆ་ལྟ་བུའི་ལྡང་ལྷང་པོ། །འདི་ཇི་ཙམ་བརྗོད་ཀྱང་ཟད་མཐའ་བྲལ། །སྙན་མི་སྙན་བཟང་ངན་འཛིན་པས་བཅིངས། །འདི་བརྗོད་མེད་བརྗོད་བྲལ་ངང་དུ་བསྐྱུར། ཕཊཿ །གསུམ་པ་སེམས་


TR007_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བྲལ་དུ་བསྐྱུར་ཚུལ་ནི། །སེམས་ཀུན་རྟོགས་སྣ་ཚོགས་འཕྲོ་འཕྲོ་བ། །འདི་ཇི་ལྟར་བཅོས་ཀྱང་འཁོར་བའི་རྒྱུ། །ད་གང་ལྟར་འཆར་བ་དེ་ཉིད་ངང་། །བབས་གང་ཤར་བཟོ་མེད་ངང་དུ་བསྐྱུར། ཕཊཿ བཞག་ཐབས་གསུམ་གྱི་དང་པོ་ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་བཞག་པ་ནི། །ཚེ་འདི་སྣང་ཡུད་ཙམ་རྨི་ལམ་འདྲ། །ཡུན་དེ་སྲིད་འཁྲུལ་པའི་བྱ་བ་ལ། །བློ་བསུན་པ་མེད་པར་འབད་བྱས་ཀྱང་། །དོན་སྙིང་པོ་མེད་པས་ཙམ་གྱི་ཞོག །ཕཊཿ གཉིས་པ་བྱང་ཆུབ་བསྒྲུབ་པའི་རློམ་པ་དང་ཞེན་འཁྲིས་ཐམས་ཅད་བཞག་ཚུལ་ནི། །ནང་བླ་མེད་བྱང་ཆུབ་བསྒྲུབ་འདོད་ཀྱང་། །ཡིད་རེ་དོག་གཟེབ་ལས་མ་གྲོལ་ན། །ཆོས་ལམ་དུ་འགྲོ་བའི་ཐབས་བྲལ་ཕྱིར། །སེམས་ཞེན་འཁྲིས་མེད་པར་ལྷོད་ཀྱི་ཞོག །ཕཊཿ གསུམ་པ་འཇིག་རྟེན་ལས་འདས་པའི་སྤྱོད་པ་རྣམས་ཀྱང་མངོན་ཞེན་བྲལ་བར་བཞག་ཚུལ་ནི། །ཡོངས་འཇིག་རྟེན་འདས་པའི་སྤྱོད་པ་ཡང་། །བློ་ང་ཡིར་འཛིན་དང་མ་བྲལ་ན། །དོན་ཆོས་ཉིད་རྗེན་པ་མི་མཐོང་བས། །ཚུལ་ཅིར་


TR007_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་རང་གྲོལ་ངང་དུ་བཞོག ཕཊཿ ཁྱེར་པོ་གསུམ་གྱི་དང་པོ་དད་པས་རྩ་བ་གསུམ་ལམ་དུ་ཁྱེར་བ་ནི། །གཞི་རང་སེམས་སངས་རྒྱས་རྟོགས་གྱུར་ཀྱང་། །ལྷ་བླ་མའི་མོས་གུས་མི་སྤང་ཞིང་། །དེ་རེས་འཇོག་ཅན་དུ་མ་ཡིན་པར། །ཡིད་གུས་པས་འབྲལ་མེད་ལམ་དུ་ཁྱེར། ཕཊཿ གཉིས་པ་བྱམས་དང་སྙིང་རྗེས་རིས་དྲུག་ལམ་དུ་ཁྱེར་བ་ནི། །དོན་སྟོང་པ་ཉིད་ལ་དབང་ཐོབ་ཀྱང་། །ལས་རྒྱུ་འབྲས་བག་ཡོད་དང་ལྡན་ཞིང་། །མ་ཁམས་གསུམ་འགྲོ་ལ་ཅི་ཕན་བློས། །བྱམས་སྙིང་རྗེ་བྱང་སེམས་ལམ་དུ་ཁྱེར། ཕཊཿ གསུམ་པ་ཐེ་ཚོམ་གཉིས་འཛིན་བྲལ་བས་ལྷ་འདྲེ་ལམ་དུ་ཁྱེར་བ་ནི། །སེམས་གཤིས་ཀྱི་འདུག་ཚུལ་འཚང་རིག་ཀྱང་། །ཕྱི་ལྷ་འདྲེའི་སྣང་ཚུལ་ཁྱད་མེད་སད། །དོན་གཉིས་སུ་འཛིན་པ་དང་བྲལ་བས། །ཀུན་ཆོས་དབྱིངས་ངོ་བོར་ལམ་དུ་ཁྱེར། ཕཊཿ མཐར་བསྔོ་བ་ནི། །དོན་འདི་ལྟར་མ་རྟོགས་འགྲོ་ཀུན་ཀྱང་། །གནད་མ་ནོར་མངོན་གྱུར་


TR007_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཤིང་། །དེ་བསྔོ་བྱ་སྔོ་བྱེད་སྔོ་མཁན་སོགས། །དབྱིངས་སྐྱེ་བ་མེད་པའི་ཀློང་དུ་ཕཊཿ དེ་ལྟར་བླ་མ་དགོངས་པ་འདུས་པའི་ཟབ་མོ་བདུད་ཀྱི་གཅོད་ཡུལ་གཉིས་འཛིན་མངོན་ཞེན་འཁྲི་བ་གཅོད་པའི་གདམས་པ་འདི་ཉིད་ཁྲིད་གཞུང་ནས་ཇི་ལྟར་གསུངས་པ་ལྟར་ངག་འདོན་དུ་བགྱིས་ཆོག་པ་ཞིག་དགོས་ཞེས་དད་ལྡན་མང་པོས་ཡང་ཡང་བསྐུལ་ནའང་། གཏེར་གཞུང་གི་རྡོ་རྗེའི་ཚིག་སྦྲམ་ཆེ་བ་རྣམས་བློ་དམན་བདག་འདྲས་དགོངས་པ་ལོན་པའི་ནུས་པ་མ་མཆིས་པ་དང་། རྒྱལ་བའི་བཀའ་ལ་རས་ཆོད་དུ་འགྱུར་དགོས་ནའང་། བསྐུལ་བ་པོ་རྣམས་ཀྱི་གསུང་མི་བཅོག་ཕྱིར། རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་ཉིད་ལ་གསོལ་བ་བཏབ་ནས་བཀོད་པ་ཡིན་ཞིང་། འདི་ཉིད་ཀྱི་གཅོད་ཁྲིད་ཚུལ་བཞིན་མ་ཐོབ་པ་རྣམས་ཀྱིས་ནི་འདི་ཉིད་གཅིག་པུ་ཚིག་ཁྱེར་དུ་བྱ་བའི་ཡུལ་མ་ཡིན་པས་དེ་ལྟ་བུའི་ཚུལ་རིག་པར་བྱའོ། །འདིས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་གྱུར་ཅིག །བཀྲ་ཤིས་སྩོལ། གཅིག་ཞུད།


previousབླ་མ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ།next