Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
དགོངས་འདུས་ཀྱི་སྒྱུ་ལུས་མཆོད་སྦྱིན།
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousདགོངས་འདུས་ཀྱི་སྒྱུ་ལུས་མཆོད་སྦྱིན།next

དགོངས་འདུས་ཀྱི་སྒྱུ་ལུས་མཆོད་སྦྱིན།


TR007_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འདུས་ཀྱི་སྒྱུ་ལུས་མཆོད་སྦྱིན་བཞུགས་སོ། །


TR007_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊཿ རང་གི་སྤྱི་གཙུག་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ། །འབྲལ་མེད་རྟག་ཏུ་བཞུགས་ལ། །སྣང་སྲིད་བདག་ལུས་ལོངས་སྤྱོད། །མ་ལུས་མཆོད་པར་འབུལ་གྱི། །བཞེས་ནས་བྱིན་གྱིས་རློབས་ཤིག །ཕཊཿ ན་མོ། །ཕྱོགས་དུས་རྒྱལ་བ་ཀུན་དང་། །དབྱེར་མེད་རྡོ་རྗེ་སློབ་དཔོན། །དྲིན་ཅན་བླ་མ་མཆོག་ལ། །རྩེ་གཅིག་གསོལ་བ་འདེབས་སོ། །བདག་སོགས་ཁམས་གསུམ་སེམས་ཅན། །ཀུན་ལ་ཐུགས་རྗེས་གཟིགས་ནས། །འཁོར་བའི་རྒྱ་མཚོ་སྐེམ་ཞིང་། །ཁྱེད་དང་དབྱེར་མེད་གྱུར་ཅིག །ཕཊཿ དེ་ནས་རང་སེམས་


TR007_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད། །བླ་མའི་ཐུགས་ཀར་འདྲེས་ཤིང་། །བླ་མ་རང་ལ་ཐིམ་པས། །རང་ལུས་བདུད་རྩིར་ཞུ་ནས། །འབྲེལ་ཚད་དོན་ལྡན་ཉིད་གྱུར། ཕཊཿ དེ་ནས་འོད་ཀྱི་རླངས་པ། །ཡར་འཕྲོས་རྒྱལ་བ་ཀུན་ལ། །མཆོད་པའི་སྤྲིན་གྱིས་མཆོད་ཅིང་། །ཐུགས་རྗེ་བྱིན་རླབས་ཚུར་བསྡུས། །བདུད་རྩིའི་རྒྱ་མཚོར་ཐིམ་པས། །མི་ཟད་གཏེར་དུ་གྱུར་ཅིག །ཕཊཿ སྲིད་པའི་རྩེ་མོ་མན་ཆད། །ན་རག་དམྱལ་ཁམས་ཡན་གྱི། །སྣང་སྲིད་སྐྱེ་འགྲོ་ཀུན་ལ། །ཅི་འདོད་ཆར་ལྟར་ཕབ་པས། །ཕཾ་རྒྱལ་འཐབ་རྩོད་མེད་པར། །གང་


TR007_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅི་འདོད་གྱུར་ཅིང་། ཁམས་གསུམ་འགྲོ་བ་ཐམས་ཅད། །སྡུག་བསྔལ་ཀུན་དང་བྲལ་ནས། །སངས་རྒྱས་ཐོབ་པར་གྱུར་ཅིག །ཕཊཿ བསྔོ་བ་སྔོ་བྱེད་ཀུན་ཀྱང་། །ཆོས་དབྱིངས་ཀློང་དུ་གཅིག་པས། །ཐམས་ཅད་མཉམ་ཉིད་ངང་དུ། །སྤྲོས་བྲལ་རང་རིག་ཉིད་དོ། ཕཊཿ ༈ །།བླ་མ་དགོངས་པ་འདུས་པའི་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ནང་ནས། སྒྱུ་ལུས་མཆོད་སྦྱིན་བདུད་རྩི་ཀུན་ཁྱབ་འདི་ཉིད་ལ་ངག་གི་བརྗོད་བྱ་ལ་མ་ལྟོས་པར་དམིགས་པ་ཁོ་ན་ཉམས་སུ་བླང་བར་གསུང་ནའང་། དམིགས་པའི་གསལ་འདེབས་ལ་ཕན་པའི་བརྗོད་བྱ་ཉུང་ངུར་བསྡུས་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་པོ་བྱུང་བ་དང་། ཉམས་ལེན་གྱི་གྲོགས་སུ་འགྱུར་ན་འདི་ཙམ་ཅིག་ངག་ཏུ་བརྗོད་པ་ལ་འགལ་བ་རང་མི་ཡོང་ངམ་བསམ་སྟེ། གནས་ཆེན་ཆུ་བོ་གཡས་འཁྱིལ་གྱི་དུར་ཁྲོད་དུ་བཀོད་པའོ། །དགེའོ། །གཅིག་ཞུད།


previousདགོངས་འདུས་ཀྱི་སྒྱུ་ལུས་མཆོད་སྦྱིན།next