Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ས་འདུལ་ཀྱི་གར་འཚམ་ལ་ཉེ་བར་མཁོ་བའི་རྣམ་བཤད་ཟིན་རིས།
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousས་འདུལ་ཀྱི་གར་འཚམ་ལ་ཉེ་བར་མཁོ་བའི་རྣམ་བཤད་ཟིན་རིས།next

ས་འདུལ་ཀྱི་གར་འཚམ་ལ་ཉེ་བར་མཁོ་བའི་རྣམ་བཤད་ཟིན་རིས།


TR007_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ས་འདུལ་ཀྱི་གར་འཚམ་ལ་ཉེ་བར་མཁོ་བའི་རྣམ་བཤད་ཟིན་རིས་བཞུགས་སོ། །


TR007_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གསུམ་ན་འགྲན་གྱི་ཟླ་བྲལ་བའི། །རྒྱལ་བའི་སྤྱི་གཟུགས་པདྨ་སམྦྷ་ཝ། །ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་པད་གང་། །བདག་སོགས་གཙུག་གི་རྒྱན་དུ་རྟགས་པར་མཆོད།། ༈ །།དེ་ལ་སྤྱིར་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི་ཟླ་སྣང་གདུལ་བྱའི་ཡིད་མཚོར་འགྲིབ་མེད་དུ་འཆར་བའི་ཕྲིན་ལས་ཀྱི་སྒོ་ཐབས་དཔག་ཏུ་མེད་པའི་ནང་ནས་ཆེས། རྨད་དུ་བྱུང་བའི་ངེས་གསང་རྡོ་རྗེའི་ཐེག་པ་དམ་པའི་གཞུང་ལམ་ལ་བརྟེན་ནས་བདག་དང་གཞན་གྱི་དོན་


TR007_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བདེ་བླག་ཏུ་འགྲུབ་པར་བྱེད་པ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས་ཀྱི་མན་ངག་གིས་མཆོག་དང་ཐུན་མོངས་གེགས་མེད་དུ་ཐོབ་པར་བྱེད་པ་ལས། ཐོག་མར་སྨིན་བྱེད་དབང་བསྐུར་གྱི་གནས་སུ་རུང་བར་བྱ་བ་དང་། དེ་ལས་གཞན་པའང་གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་གནས་གཞི་སྒྲུབ་ཁང་ལ་སོགས་བྱ་བར་འདོད་པའི་གནས་དང་ས་གཞི་འདུལ་ཞིང་བྱིན་གྱིས་བརླབ་པར་བྱ་བའི་སླད་དུ་སའི་ཆོ་ག་ཚུལ་བཞིན་བགྱི་བའི་ཐབས་རྒྱུད་སྡེ་ཆེན་པོ་དག་ལས་ཇི་ལྟར་གསུངས་


TR007_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། ས་བརྟག་པ། བསླང་བ། སྦྱང་བ། བཟུང་བ། བསྲུང་བ་རྣམས་ལས། འདིར་ས་བཟུང་བའི་རིམ་པ་འདི་ཉིད་ལ་ཡང་བློས་བཟུང་བ། སྟངས་སྟབས་ཀྱིས་བཟུང་བ། ཁྲོ་གར་གྱིས་བཟུང་བ་རྣམས་ལས་སྐབས་འདིར་སྟངས་སྟབས་དང་ཁྲོ་གར་གྱིས་བཟུང་བས་ས་གཞི་འདུལ་བར་བྱེད་པ་སྟེ།། ༈ །།དེ་ལ་སྟོན་པ་རྡོ་རྗེའི་་སློབ་དཔོན་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་པདྨ་བཛྲ་དང་རྟ་མགྲིན་དབང་ཆེན་གཉིས་སུ་མེད་པའི་རང་བཞིན་དང་། དེ་ཉིད་ཀྱང་ངོ་བོ་རང་བཞིན་ཐུགས་རྗེའི་རྣམ་རོལ་སྐུ་མདོག་ཕྱག་མཚན་ཆ་ལུགས་ཀྱི་རྣམ་པ་གང་ལ་གང་འདུལ་གྱི་ཚུལ་དུ་སྣང་བ་དང་། འཁོར་གྱི་རྒྱལ་ཐེབས་རྣམས་ཀྱང་དོན་དམ་སྟོང་ཉིད་ཡེ་ཤེས་རྣམ་པ་དགུའི་རང་བཞིན་ལས་རྣམ་པ་དཔལ་ཆེན་པོ་གཙོ་མཆོག་ལྷ་དགུའི་ངོ་བོ་ཉིད་དེ། དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པའི་ཕྲིན་ལས་ཀྱི་རྣམ་རོལ་གར་དགུའི་ཉམས་ཀྱིས་གདུག་པ་འདུལ་བའི་རྟེན་འབྲེལ་ཡ་


TR007_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་སྤྲུལ་བསྒྱུར་ངོ་མཚར་བྱིན་རླབས་ཀྱི་བཀོད་པ་མངོན་སུམ་དུ་སྟོན་པར་བྱེད་པ་ཡིན་པས། འདི་ཉིད་ལ་སྤྱིར་བྱིན་རླབས་ཞི་བའི་རོལ་གར། ཁྲག་འཐུང་ཁྲོ་བོའི་འགྱིང་གར། ཕོ་ཉ་རྔམས་པའི་འཕྲུལ་གར་ལ་སོགས་ཀྱི་རྣམ་གྲངས་མང་ཡང་། འདིར་ནི་དཔལ་ཆེན་རོལ་པའི་སྟངས་སྟབས་དུ་མའི་འགྱིང་གར་གྱི་སྒོ་ནས། སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་བསྐྲད་ནས་ས་གཞི་བྱིན་གྱིས་རློམས་པར་བྱེད་པ་ཉིད་དེ། དེ་ལྟ་བུ་དགོས་པའི་ཚུལ་ཡང་། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་བཀོད་པ་ལས། །རྡོ་རྗེ་བྱིན་རླབས་འབྱུང་གནས་དང་། །གནས་རྣམས་ཤིན་ཏུ་བརྟན་བྱའི་ཕྱིར། །མཆོག་གི་སྦྱོར་བ་དག་པ་ཡིས། །ས་གཞི་བཟུང་ཞིང་བྱིན་གྱིས་བརླབས། །རྡོ་རྗེ་དྲག་པོའི་འགྱིང་ཆེན་སྟབས། །རྒྱུན་མི་འཆད་དུ་བྱས་ནས་ནི། །ཁྲོ་བོ་དྲག་པོའི་སྔགས་ཟློས་ཤིང་། །རྡོ་རྗེ་ཁྲོ་བོའི་སྟབས་ཀྱིས་བསྐོར། ཞེས་སོགས་གསུངས་ཤིང་། །དེ་ཡང་སྤྱིར་གར་གྱི་རིགས་


TR007_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྟངས་སྟབས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་རྡོ་རྗེ་རྩེ་མོ་ལ་སོགས་པའི་རྒྱུད་སྡེ་རྣམས་ནས་གསུངས་མོད་ཀྱི།། ༈ །།དགོངས་དོན་མདོར་བསྡུ་ན། གར་གྱི་ངོ་བོ། ངེས་ཚིག་དབྱེ་བ། །དགོས་ཆེད་ཕན་ཡོན་གྱི་རིམ་པ་དང་བཞི་ལས།། ༈ །།དང་པོ་ངོ་བོ་ནི། དོན་དམ་སྟོང་ཉིད་ཀ་དག་གི་དབྱིངས་ལས་འགག་མེད་རང་གསལ་གཟུགས་སྐུའི་ཆོ་རོལ་གདུལ་བྱ་མོས་བློའི་སྣང་ཡུལ་དུ་སྟོན་པ་ཁོ་ནའོ།། ༈ །།ངེས་ཚིག་ནི། ངོ་མཚར་བའི་རྣམ་འགྱུར་དགུའི་ཉམས་དང་ལྡན་པའི་ཕྱིར་གར་ཞེས་བྱ་བ་སྟེ། ཉམས་དགུ་པོ་གང་ཞེ་ན། རིན་མཛོད་ལས། །སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་རྒོད་དང་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །འདི་རྣམས་གར་གྱི་ཉམས་དགུའོ། །ཞེས་པ་དེ་དག་ཀྱང་ལེགས་སྦྱར་གྱི་སྐད་དང་སྦྱར་ན། །ཤྲིངྒཱ་ར་ཞེས་བྱ་བ་སྒེག་པའི་ཉམས་དང་། །དེ་བཞིན་དུ་བཱི་ར་སྟེ་དཔའ་བའི་ཉམས་དང་། བྷ་ཡཱ་ན་ཀ་སྟེ། འཇིགས་སུ་


TR007_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་དང་། ཧ་སྱ་སྟེ་རྒོད་པ་དང་། ཨདྦྷུ་ཏ་སྟེ་རྔམས་པ་དང་། ཀ་རུ་ཎ་སྟེ་སྙིང་རྗེ་དང་། བྷི་བདྤ་སྟེ་མི་སྡུག་པ་དང་། རཽ་དྲ་སྟེ་དྲག་ཤུལ་དང་། ད་ཡཱ་སྟེ་བརྩེ་བའམ། ཤཱནྟ་སྟེ་ཞི་བའི་ཉམས་ཏེ། དེ་ལྟར་དགུ་པོ་གཅིག་ཅར་རམ་སོ་སོའི་མཚན་ཉིད་ཀྱི་ཉམས་དང་ལྡན་པ་ལ་གར་ཞེས་བརྗོད་པའོ།། ༈ །།དབྱེ་ན་སྤྱིར་གར་གྱི་རིགས་དང་རྣམ་གྲངས་ལ་བརྗོད་ཀྱིས་མི་ལངས་ཤིང་། བྱེ་བྲག་ཏུ་དཀྱིལ་འཁོར་གྱི་ལྷ་སོ་སོ་སྟངས་སྟབས་དང་ཕྱག་རྒྱ་གར་གྱི་རྣམ་འགྱུར་ནི་བསམ་གྱིས་མི་ཁྱབ་མེད་ཀྱི། །འདིར་ནི་རྒྱལ་དབང་པདྨ་སམྦྷ་ཝས་མཛད་པའི་གར་འཆམས་འཕྲུལ་གྱི་པ་ཊ་ནས་ཇི་ལྟར་གསུངས་པའི་ཚུལ་ཉིད་ལས། དཀྱིལ་འཁོར་གྱི་ས་ཆོག་གི་སྟངས་སྟབས་ཀྱི་རིམ་པ་རྣམས་ཁོལ་དུ་ཕྱུངས་ནས་རྒྱུད་སྡེའི་དགོངས་པ་དང་སློབ་དཔོན་གྱི་ཕྱག་བཞེས་དྲི་མ་མེད་པའི་དོན་གཏན་ལ་ཕབས་པའི་གར་གྱི་རྣམ་


TR007_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཉེར་གཅིག་སྟེ། །ཐོག་མར་ལམ་འཇུག་རྡོ་རྗེའི་འགྲོས་ཆེན་གྱིས་དལ་གྱི་ས་གཞི་བཅགས། །བསྐྲད་གཟིར་ཟིལ་གནོན་ཕྱག་རྒྱས་ལོག་འདྲེན་ཚར་གཅད། དེ་ནས་རྡོ་རྗེ་ཁྱུང་གཤོག་འགྲོས་ཀྱིས་སྟེང་གི་ལྷ་རྣམས་ཟིལ་གྱིས་གནོན་པའི་རིམ་པ་བཞི་ཡོད་པའི་དང་པོར་ཕྱག་རྒྱ་འབྱུང་པོ་ཀུན་འདུམ་གྱིས་གདུག་པ་ཅན་གྱི་སྲོག་སྙིང་དྲང་། གཉིས་པ་བསྐྲད་གཟིར་རྡོ་རྗེ་བགེགས་འདུལ་གྱིས་གདོན་ཚོགས་ཟིལ་གྱིས་མནན། །གསུམ་པ་ཁྱུང་ཆེན་གཤོག་བརྒྱངས་ཟེམ་འགྲོས་ཀྱིས་སྣང་སྲིད་དབང་དུ་བསྡུད། །བཞི་པ་ཁྱུང་གཤོག་དྲག་པོ་དགུ་བསྐོར་གྱིས་བདུད་སྡེ་ཆམས་ལ་འབེབས་པ་སྟེ། དེ་ལྟར་ཁྱུང་གཤོག་འགྲོས་བཞིས་སྟེང་གདོན་ཟིལ་གྱིས་མནན། སྣ་ཚོགས་རྡོ་རྗེའི་འགྲོས་ཆེན་གྱིས་འོག་གི་ཀླུ་གདོན་ཐམས་ཅད་ཟིལ་གྱིས་གནོན། །རྡོ་རྗེ་ཁྲོ་བོའི་འགྲོས་ཀྱི་བར་གྱི་མི་དང་མི་མིན་མཐའ་དག་ཟིལ་


TR007_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནོན་པ་སྟེ། དེ་ལྟར་ཟིལ་གནོན་རྣམ་པ་གསུམ་གྱིས་གར་གྱིས་སྔོན་འགྲོ་གཏན་ལ་ཕབ།། ༈ །།དངོས་གཞི་སྟངས་སྟབས་རྣམ་པ་བརྒྱད་ཀྱི་ཕྱོགས་མཚམས་ཀྱི་དྲེགས་པ་ཅན་རྣམས་འདུལ་བར་བྱེད་པ་སྟེ། །ཤར་དུ་དྲི་ཟའི་གདོན་ཚོགས་འདུལ་བ་ས་གའི་སྟངས་སྟབས། །ལྷོར་གྲུལ་བུམ་དང་གཤིན་རྗེའི་གདེན་ཚོགས་འདུལ་བ་ཟླུམ་པོའི་སྟངས་སྟབས། །ནུབ་ཏུ་ཀླུ་གདོན་འདུལ་བ་ལ་རོལ་པའི་སྟངས་སྟབས། །བྱང་དུ་གནོད་སྦྱིན་འདུལ་བའི་སྟངས་སྟབས་ཆེན་པོ། །ཤར་ལྷོར་མེ་ལྷ་འདུལ་བ་འགྱིང་གྱི་སྟངས་སྟབས། ལྷོ་ནུབ་ཏུ་སྲིན་པོ་འདུལ་བ་ས་གནོན་གྱི་སྟངས་སྟབས། །ནུབ་བྱང་དུ་རླུང་ལྷ་འདུལ་བ་འདེགས་བྱེད་ཀྱི་སྟངས་སྟབས། །བྱང་ཤར་དུ་དགྲ་གེགས་འདུལ་བ་ཁྲོས་པའི་སྟངས་སྟབས་ཏེ། །དངོས་གཞིའི་གར་ཆེན་བརྒྱད་ཀྱིས་ས་གཞི་བཏུལ།། ༈ །།རྗེས་ལ་ཕྱག་མཚན་རྣམ་པ་ལྔའི་


TR007_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབ་ཅིང་རྒྱས་གདབ་པའི་རིམ་པ་ནི། །ཤར་དུ་རྡོ་རྗེའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབ་པ་དང་། དེ་བཞིན་དུ། ལྷོར་རིན་ཆེན་འགྲོས། ནུབ་ཏུ་པདྨའི་འགྲོས། བྱང་དུ་རྒྱ་གྲམ་འགྲོས། དབུས་སུ་འཁོར་ལོའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབ་པ་སྟེ། དེ་ལྟར་ཕྱག་མཚན་ལྔའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་རླབས། རབ་ཏུ་གནས་པར་བྱེད་པ་ཉིད་དེ། མདོར་ན་འདི་དག་ཐམས་ཅད་ཀྱིས་སྒྲུབ་གནས་བཀྲ་ཤིས་ཤིང་བྱིན་འཆགས་པར་བྱེད་པའི་ཐབས་ཟབ་དམ་པ་ཉིད་དོ།། ༈ །།ད་ནི་དེ་དག་གི་ཕན་ཡོན་དགོས་ཆེད་ཀྱི་རིམ་པ་ཇི་ལྟར་ཡོད་ཅེ་ན། རྡོ་རྗེ་སློབ་དཔོན་ཕྱོགས་མཚམས་ཀྱི་གཙོ་བརྒྱད་དང་བཅས་པ་དཔལ་ཆེན་རོལ་པའི་ཏིང་ངེ་འཛིན་དང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཆེན་པོའི་བརྟུལ་ཞུགས་གསང་བའི་སྤྱོད་པ་རྨད་དུ་བྱུང་བའི་རོལ་རྩལ་


TR007_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུས་ནི། གནས་སྐབས་དང་མཐར་ཐུག་གི་འགལ་རྐྱེན་སེལ་ཞིང་དངོས་གྲུབ་ཀྱི་དོན་བླ་ན་མེད་པ་འགྲུབ་པར་ནུས་པ་སྟེ།། ༈ །།ཇི་སྐད་དུ། །རྒྱུད་ཆེན་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པ་ལས། །ཨེ་མའོ་ངོ་མཚར་ཡ་མཚན་ཆེ། །དགྱེས་པར་རོལ་པའི་བྱིན་རླབས་ལས། །ཇི་ལྟར་དམིགས་པ་དེ་ལྟར་འགྲུབ། །རྒྱུད་དྲུག་རྩད་གཅོད་ངོ་མཚར་ཆེ། །རྒྱུད་དྲུག་འདུས་པའི་ཕོང་པོ་ལ། །ངན་སོང་གནས་འཇོམས་རྡོ་རྗེའི་སྟབས། །ཡེ་ཤེས་ཐབས་ལྡན་སྙན་པའི་གླུ། །རྨད་བྱུང་གསང་ཆེན་སྒྲོག་པའི་ཚིག །ཉོན་མོངས་ལྔའི་ས་གཞི་ལ། །རང་བྱུང་ཡེ་ཤེས་ལྔ་གསལ་བར། །འབར་བ་ཁྲག་འཐུང་སྤྲིན་ཕུང་བཞིན། །ཁྱུ་མཆོག་ལྔ་ཡི་སྟབས་ཀྱིས་རོལ། །དཔའ་བོ་ཚམ་རྔམས་བརྒྱད་ཀྱི་སྟབས། །མཁའ་གཞི་དབྱིངས་ཀྱི་བདེ་ཀློང་ནས། །ཚོམ་བུ་འབུམ་གྱི་ཆོ་འཕྲུལ་འཕྲོ། །


TR007_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་མཆོག་རོལ་པའི་ཕྲིན་ལས། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །གར་མཆོག་གློག་ལྟར་འགྱུ་བ་ཡི། །རྨད་བྱུང་གསང་བའི་དཀྱིལ་འཁོར་ནས། །འཕྲོ་འདུ་སྐར་ལྟར་འཁྲུག་པ་ལས། ཁམས་གསུམ་བུད་ཤིང་ཐལ་བར་རློག །ཅེས་པ་དང་། ཁྲོ་བོ་བརྒྱད་ཀྱི་དོར་སྟབས་ཀྱིས། །ཚམ་ངམ་ཆེན་པོའི་འཛུར་འགྲོས་དང་། །དཔའ་བོ་རྡོ་རྗེའི་རྔམས་འགྲོས་ཀྱིས། །ཐབས་ཆེན་བཅོ་བརྒྱད་སྟབས་ཀྱིས་སྦྱར། །རྣལ་འབྱོར་རྩལ་རྒྱས་སོང་ཕྲུག་རྣམས། །རྡོ་རྗེའི་རྩལ་ཆེན་འདི་སྦྱངས་པས། །ཡེ་ཤེས་ལྷ་ཚོགས་གཤེགས་པའི་རྟེན། །དངོས་གྲུབ་འབྱུང་བའི་རིན་པོ་ཆེ། །མཐུ་སྟོབས་བཀྱེ་བའི་ཐབས་ཆེན་པོ། །བྱིན་རླབས་འབེབས་པའི་དབང་མཆོག་འདིས། །རྒྱལ་བའི་དངོས་གྲུབ་མན་ཆོད་ནས། །མཁའ་འགྲོའི་རྫུ་འཕྲུལ་ཐམས་ཅད་དང་། །དྲེགས་པའི་སྡེ་ཚོགས་མ་རུངས་རྣམས། །ཐམས་ཅད་དབང་དུ་འགྱུར་ངེས་ན། །དངོས་གྲུབ་གཞན་ལྟ་རྨོས་ཅི་དགོས། །


TR007_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། གཞན་ཡང་། །རྒྱལ་སྲས་རིག་འཛིན་བཀའ་འཁོར་ལོ། །རྡོ་རྗེའི་རྒྱལ་དབང་ཆེན་པོ་དེས། །རིག་འཛིན་ཕོ་མོའི་མཚན་མས་བཏབ། །རྣལ་འབྱོར་ཆེན་པོའི་ལུས་སུ་སྤྱད། །འཇིག་རྟེན་སྤྱོད་ཚུལ་ཐམས་ཅད་ནི། །སྒྱུ་མ་ཡིན་ཕྱིར་ཤིན་ཏུ་སྤང་། །འཇིག་རྟེན་འདས་པའི་སྤྱོད་ཚུལ་དག །ཇི་ལྟར་འབྱུང་བ་དེ་ལྟར་སྤྱད། །ཨེ་མའོ་དུར་ཁྲོད་གསང་བ་ཡི། །རྨད་བྱུང་ཞིང་ཁམས་དགའ་ཚལ་འདིར། །སྐལ་ལྡན་དབང་ཕྱུག་རྒྱལ་བའི་སྲས། །འདུས་པར་ཚོགས་པའི་རིག་འཛིན་རྣམས། །ཨེ་མའོ་དགའ་མཆོག་བདེ་ཆེན་གྲོགས། །ཐབས་དང་ཤེས་རབ་ཟུང་འབྲེལ་གྱི། །སྤྲུལ་པའི་གཤོག་དྲུག་དགྲ་རྒྱས་པས། །ཆོས་ཉིད་རྩལ་གྱི་རླབས་སྤར་ནས། །ཆོས་དབྱིངས་མཁའ་ལ་ལྡིང་བར་རིགས། །ཅེས་གསུངས་པ་དེ་ལྟ་བུའི་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའི་ཁྱད་ཆོས་རྨད་དུ་བྱུང་བ་འདི་ལྟ་བུས་


TR007_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་བར་ཆད་འབྱུང་པོའི་འཚེ་བ་དང་བྲལ་ཞིང་། མ་མོ་མཁའ་འགྲོ་ཀུན་གྱིས་རྗེ་དང་གཙོ་བོར་མཐོང་ནས་ཕྲིན་ལས་བསྒྲུབ་པ་དང་། རྒྱལ་བ་རིག་འཛིན་རྣམས་ཀྱིས་ཀྱང་སྲས་དང་སྤུན་དུ་དགོངས་ནས་བྱིན་གྱིས་རློབས་པར་མཛད་ཅིང་། མྱུར་དུ་བླ་མེད་བྱང་ཆུབ་ཀྱི་གོ་འཕངས་ལ་སྦྱོར་བའི་ཉེ་རྒྱུར་བྱེད་པ་ལ་སོགས་ཀྱི་དགོས་ཆེད་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཁོ་ན་ལགས་སོ། །གར་གྱི་རྣམ་བཤད་འདི་ཉིད་དཀྱིལ་འཁོར་གྱི་ས་འདུལ་ནམ་བྱ་བའི་སྐབས་དེ་ཉིད་དུ། །རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་པ་ལ་ཞུགས་པའི་འདུ་ཚོགས་རྣམས་ལ་འཆད་པར་བྱའོ། །བཀྲི་ཤིས། གཅིག་ཞུད།།


TR007_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།སར་ཆོག་གི་གར་གྱི་སྐབས་སུ། ༡ །ཐོག་མར་ལམ་ཞུགས་རྡོ་རྗེའི་འགྲོས་ཆེན་ལ། །རྔ་སྟབས་ནི་ཉིས་བརྡུང་དལ་བར་བྱ་ཞིང་། །ལག་གཉིས་རྡོར་དྲིལ་གཡས་གཡོན་དུ་བརྒྱངས་ལ། །རྐང་པ་གཅིག་གིས་གཞི་བཟུང་ཞིང་། །གཅིག་གིས་གཡས་གཡོན་དུ་ནེམ་པ་རེ་དང་དབུས་སུ་གོམ་པ་འདོར་བ་རིམ་ཅན་དུ་བྱའོ། ༢ གཉིས་པ་བགེགས་བསྐྲད་ལ་རྔ་ཉིས་བརྡུང་ཞི་དྲག་ཅན་རིམ་ཕབ་བྱ་ཞིང་། ཕྱག་རྒྱ་གདེངས་ཐབས་ཀྱི་རྣམ་འགྱུར་དང་ལྡན་པས་ཐུན་གཏོར་རོ། ༣ །གསུམ་པ་ཁྱུང་གཤོག་འགྲོས་བཞིའི་དང་པོ་ཕྱག་རྒྱ་འབྱུང་པོ་ཀུན་འདུལ་ལ། །རྔ་གསུམ་བརྡུང་དལ་བ་དང་། ཕྱག་རྒྱ་རྡོར་དྲིལ་དཔུང་གཡས་སུ་བསྣོལ་བ་སྡིགས་མཛུབ་དང་ལྡན་པ་ལན་གསུམ་གསུམ་གྱི་བར་རྐང་པ་གཡོན་བཏེག་ཅིང་། ཡང་དེ་བཞིན་གཡས་གཡོན་རེ་མོས་སུ་བྱ་བའོ། །བཞི་པ་བསྐྲད་


TR007_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་ལ། །རྔ་གསུམ་བརྡུང་སྔར་བཞིན་ལས། །རྗེས་ལ་གཅིག་བརྡུང་རིང་བ་ཉིས་བརྩེགས་དང་། །ཕྱག་རྒྱ་པད་ཀོར་ནང་ནས་ཕྱིར་དཀྲོལ་བས་སྡིག་མཛུབ་གདེང་བ་གཡས་གཡོན་དབུས་དང་གསུམ་ཀར་གཡས་པ་ཁོ་ནས་བྱ་ཞིང་། རྐང་པ་རེ་མོས་དང་། ཆིག་བརྡུང་གཉིས་ཀྱི་ཆམ་གཡས་གཡོན་བསྣོལ་སྐོར་གྱི་ཕྱག་རྒྱ་རེ་དང་། །རྐང་པ་ཡང་དེ་དང་ཆ་མཐུན་པར་བྱའོ། ༥ །ལྔ་པ་ཁྱུང་གཤོག་ཟོལ་འགྲོས་ལ་རྔ་ཆོམ་བརྡུང་དང་། །ལག་པ་ཁྱུང་གཤོག་མཐོ་བར་བརྒྱངས་ཤིང་། །རྐང་པ་ཟེམ་འགྲོས་ཀྱི་སྟེག་བུ་ལ་བསྐོར་བའོ། ༦ །དྲུག་པ་ཁྱུང་གཤོག་དྲག་པོ་ཁྲོ་བཅུ་དགུ་སྐོར་ལ། །རྔ་སྟབས་ནི་ཐོག་མར་ཉིས་ལེན། བར་དུ་དགུ་བརྡུང་མཐར་ཆིག་བརྡུང་དལ་གཉིས་བརྩེགས་བྱ་ཞིང་། ཡང་སྔར་བཞིན་ཉིས་ལེན་ནས་དབུ་བཙུག་པ་དང་། ཕྱག་རྒྱ་ནི་ཁྱུང་གཤོག་གི་དབྱིབས་ལྡན་གྱིས། རྔ་ཉིས་ལེན་


TR007_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དང་པོ་ལ་རྐང་པ་གཡོན་གྱི་རྟིང་པ་བཀན་ཞིང་གཡས་གཞི་བཟུང་། གཉིས་པའི་ཚེ་རྐང་པ་གཡས་ཀྱི་རྩེ་གཙུག་པ་དང་། དེ་ནས་དགུ་བརྡུང་གི་དང་པོ་ལ་གཡོན་ཕྱོགས་སུ་བསྐོར། གཉིས་པ་ལ་གཡོན་གྱི་རྩེ་གཙུག་གསུམ་པ་ལ་དེའི་རྟིང་པ་བཀན། བཞི་པ་ལ་གཡས་ཀྱི་རྩེ་གཙུག ལྔ་པ་དེའི་རྟིགས་པ་བཀན། དྲུག་པ་ལ་གཡོན་གྱི་རྩེ་གཙུག བདུན་པར་གཡོན་པ་གཡས་ཕྱོགས་སུ་བསྐོར། །བརྒྱད་པ་ལ་གཡས་ཀྱི་རྩེ་གཙུག དགུ་པའི་ཚེ་གཡས་འགྱིང་། སླར་ཆིག་བརྡུང་དང་པོ་ལ་གཡོན་དུ་འགྱིང་། ཕྱི་མ་ལ་གཡས་འགྱིང་བྱའོ། །དེ་ནས་བཞི་བརྡུང་ཚར་གཉིས་པ་ལ་ནུབ་དང་། གསུམ་པ་ལ་བྱང་དང་། བཞི་པར་ལྷོའི་རྡོར་རྭ་དང་། ཡང་སྦར་བཞིན་ཤར་དུ་ལོག་པའོ། །བརྒྱད་པ་རྡོ་རྗེའི་ཁྲོ་བོའི་འགྲོས་ལ། །རྔ་གསུམ་བརྡུང་གསུམ་་བརྩེགས་དང་། བདུན་པ་སྣ་ཚོགས་རྡོ་རྗེ་འགྲོས་ལ། རྔ་བཞི་བརྡུང་ཞི་དྲག་ཅན་དང་། ཕྱག་རྒྱ་པད་སྐོར་དང་བཅས་པས། ཐོག་མར་ཤར་ནས་དབུས་སུ་བལྟ་བས་ཤར་གྱི་རྡོར་རྭའི་ཚུལ་བྱ་རྐང་པ་དོར་སྟབས་རེ་མོས་


TR007_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བཏེག་ཕྱོགས་ཀྱི་ལག་པ་གཡས་བརྐྱང་བས་སྡིག་མཛུབ་ཀྱིས་རྡོ་རྗེ་གདེང་ཤིང་། །གཡོན་སྙིང་ཁར་སྡིག་མཛུབ་དྲིལ་འཁྲོལ་དང་། །གསུམ་བརྡུང་བར་མ་དེ་ཉིད་གཡས་གཡོན་བསྒྱུར་ཞིང་། །གསུམ་བརྡུང་ཕྱི་མའི་ཚེ་པད་དཀྲོར་དཀྲོལ་བས་སྐེད་པ་བསྟོན་པ་དང་། སླར་གོང་བཞིན་ནོ། ༩ དངོས་གཞི་སྟངས་སྟབས་བརྒྱད་ཀྱི་དང་པོ་ས་གའི་སྟངས་སྟབས་ལ། རྔ་གཅིག་བརྡུང་དལ་བ་ལ། ཕྱག་རྒྱ་གཡས་རྡོ་རྗེ་གདེངས་ཤིང་གཡོན་དྲིལ་བུ་དཀུར་བསྟེན་ཏེ། རྔ་ལན་གསུམ་གྱི་བར་དུ་གཡས་ནས་གཡོན་དུ་བསྐོར་ཞིང་། རྐང་པ་རེ་མོས་ཡ་གཅིག་གི་རྩེ་གཙུག་ཅིང་གཅིག་ཤོས་ཀྱིས་གཞི་བཟུང་། ཡང་ལག་གཡས་དཀུར་བསྟེན་ཞིང་གཡོན་དྲིལ་འཁྲོལ་གདེངས་པས་གཡོན་ནས་གཡས་སུ་བསྐོར་ཚུལ་སྔ་མ་བཞིན་ཏེ་རེ་མོས་བྱའོ། ༡༠ །ལྷོར་ཟླུམ་པོའི་སྟངས་སྟབས་ལ་རྔ་གྲངས་ནི་ཆིག་བརྡུང་རིང་མོ་


TR007_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་ལ། དང་པོ་ལ། རྐང་པ་ཤུགས་འགྲོས་ཀྱིས་གཡས་ནས་གཡོན་དུ་བསྐོར། བར་དུ་འགྱིང་སྟབས་དང་བཅས་པས་གཡས་ཀྱི་རྩེ་གཙུག །ཕྱི་མ་ལ་དེའི་རྟིང་པ་བཀན། །སླར་སྔར་བཞིན་གཡས་གཡོན་བརྗེ་བའོ། ༡༡ །ནུབ་ཏུ་རོལ་པའི་སྟངས་སྟབས་ལ་རྔ་བཞི་བརྡུང་ཞི་དྲག་ཅན་དང་ཕྱག་རྒྱ་པད་ཀོར་གྱིས་མཆེད་ལྕམ་གཉིས་གཉིས་མདུན་རྒྱབ་རེ་མོས་སུ་སྤྲད་ཅིང་། རྐང་པ་ཡང་དེ་དང་མཚུངས་པར་འཇོག་བཏེག་རེ་མོས་སུ་བྱའོ། ༡༢ །བྱང་དུ་སྟངས་སྟབས་ལ་རྔ་ཐོག་མར་གསུམ་བརྡུང་གསུམ་ལ་ཕྱག་རྒྱ་པད་ཀོར་གཡས་གཡོན་དབུས་གསུམ་དང་། དེ་ནས་ཆིག་བརྡུང་དལ་བ་གསུམ་ལ་འགྱིང་སྟབས་དང་ལྡན་པས་གཡོན་ཕྱོགས་སུ་ཟུར་མཆོང་ལན་གསུམ་དང་། མཐར་གསུམ་བརྡུང་ཚར་གཅིག་ལག་གཉིས་སྐེད་བསྟེན་གྱིས་ལྡེམ་ལྡེམ་གསུམ་བྱའོ། །


TR007_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༡༣ ཤར་ལྷོར་འགྱིང་ཚུལ་གྱི་སྟངས་སྟབས་ལ་གཅིག་བརྡུང་དལ་བ་གསུམ་གྱི་དང་པོ་ལ་རྐང་ལག་གཉིས་ཀས་གཡས་གདེངས་དང་། གཉིས་པ་ལ་གཡོན་གདེངས། གསུམ་པར་ཕྱག་རྒྱ་དེ་ཉིད་ཟུར་སྟབས་སུ་རྔམས་འགྱིང་ཆེ་བར་བྱའོ། ༡༤ །ལྷོ་ནུབ་ཏུ་ས་གནོན་གྱི་སྟངས་སྟབས་ལ་རྔ་གསུམ་བརྡུང་འབྲིང་པོ་དང་། རྐང་པ་གཤིབས་ཅིང་ལག་པ་པད་བསྐོར་ཚར་རེའི་མཐར་སོར་མོ་བསྣོལ་བའི་ཁ་འོག་ཏུ་ཕྱོགས་ཏེ་གནོན་པའི་ཚུལ་དུ་བྱ་བའི་ཕྱག་རྒྱ་དེ་ཉིད་གཡས་གཡོན་དབུས་གསུམ་དུ་རེ་རེ་བྱའོ། ༡༥ །ནུབ་བྱང་དུ་འདེགས་བྱེད་ཀྱི་སྟངས་སྟབས་ལ། གསུམ་བརྡུང་གོང་ལྟར་ལ། རྐང་པའི་རྟིང་པ་གཉིས་སྤྲད་ཅིང་ལོ་མ་བཙུག་པའི་ཚུལ་གྱིས་སྤུས་མོ་ཕྱིར་བཀྱེད་ལ། ལག་གཉིས་པད་ཀོར་འོག་ནས་ཡར་འདེགས་པའི་ཚུལ་དུ་བྱའོ། ༡༦ །བྱང་ཤར་དུ་ཁྲོས་སྟངས་ལ། རྔ་གསུམ་


TR007_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་བཞི་བརྩེགས་ཀྱི་དང་པོར་རྔམ་འགྱིང་སྡིག་འཛུབ་དང་ལྡན་པས་གཡོན་མཆོང་གསུམ་གཉིས་པར་གཡས་མཆོང་གསུམ། གསུམ་པར་ཕྱག་རྒྱ་བརྒྱངས་ཏེ་གཡས་བསྐོར་ གཡས་བསྐུམ་གཡོན་བརྐྱང་ གྱིས་འཕར་ཚུལ་གསུམ་ གཡོན་བསྐུམ་གཡས་བརྐྱང་། བཞི་པ་ལ་རང་སར་ལྡེམ་ གཉིས་ཀ་ ཚུལ་ལན་གསུམ་བྱ་བའོ། །བར་འདིར་ཕྱག་རྒྱ་རྡོར་དྲིལ་བསྣོལ་བ་སྤྱི་བོར་བཟུང་ལ། རྐང་འཁྲིལ་ཚུལ་གྱིས་ སྐེད་བསྟིན་གྱི་ རྔ་གཅིག་བརྡུང་ལན་གསུམ་སོང་བའི་རྗེས་ལ་གཡས་གཡོན་སྤོ་བར་བྱའོ། ༡༧ །དེ་ནས་ཕྱག་མཚན་ལྔ་འགྲོས་ཀྱི་དང་པོར་རྡོ་རྗེ་རྩེ་གཅིག་འགྲོས་ནི། རྔ་གསུམ་བརྡུང་འབྲིང་པོ་ལ། ཕྱག་རྒྱ་གཡས་གཡོན་སྟེང་དང་འོག་ཏུ་སྟངས་སྟབས་དང་ལྡན་པས། རྐང་པ་དབུས། མདུན། རྒྱབ་གསུམ་དུ་རེ་མོས་འཛུག་པའོ། །


TR007_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་གསུམ་འགྲོས་ནི་རྔ་སྟབས་དེ་ཉིད་ལས། རྐང་པའི་རྩེ་མོ་མདུན་གཡོན་གཡས་དང་གསུམ་རྒྱབ་མདུན་གཉིས་ཀར་གཡས་པས་འཇུག་ཅིང་། སླར་གཡོན་པས་ཡང་དེ་བཞིན་ནོ། ༡༨ །རིན་ཆེན་འགྲོས་ནི། རྔ་གསུམ་བརྡུང་གསུམ་བརྩེགས་ལ། ཕྱག་རྒྱ་པད་སྐོར་ཕྱི་ནས་ནང་དུ་གཡབ་པའི་ཚུལ་ལྟར་དང་། རྐང་པ་མདུན་གཡོན་རྒྱབ་གསུམ་དུ་བཞག་པས་ནོར་བུ་མིག་གསུམ་པའི་ཚུལ་སྟེ། གཡས་སུ་ཡང་དེ་བཞིན་བྱས་པའི་རྗེས་ལ་ཆིག་བརྡུང་རིང་བ་གཉིས་ལ་ཕྱག་རྒྱ་པད་སྐོར་བསྣོལ་མ་མེ་རིའི་ཚུལ་དུ་བྱའོ། ༡༩ །པདྨ་མའི་འགྲོས་ནི་རྔ་གསུམ་བརྡུང་བཞི་བརྩེགས་ཀྱི་དང་པོ་ལ་ཤར་དུ་གོམ་པ་གསུམ་གྱིས་ཤར་གྱི་པད་འདབ་ཀྱི་ཚུལ་དུ་ཕྱག་རྒྱ་པད་སྐོར་དང་བཅས་པ་དང་། དེ་བཞིན་དུ། གཉིས་པ་ལྷོའི་པད་འདབ། གསུམ་པ་བྱ། བཞི་པར་ཕྱི་འགྲོས་ཀྱི་ནུབ་ཀྱི་པད་འདབ་བྱ་ཞིང་། དེ་ནས་གཅིག་བརྡུང་དལ་


TR007_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་ཀྱིས་དབུས་སུ་ཟེ་འབྲུའི་ཚུལ་དང་། སླར་ཡང་གསུམ་བརྡུང་གཉིས་ཀྱིས་གཡས་གཡོན་དུ་པདྨའི་ལོ་འདབ་ཀྱི་ཕྱག་རྒྱ་བྱ་བའོ། ༢༠ །རྒྱ་གྲམ་གྱི་འགྲོས་ནི་རྔ་གསུམ་བརྡུང་བཞི་བརྩེགས་ཀྱི་དང་པོ་ལ་ཤར་དུ་བལྟས་ཏེ། རྐང་གཡོན་བཞི་བཟུང་ཞིང་གཡས་པས་གཡོན། གཡས། དབུས་དང་གསུམ་དུ་རེག་པ་རྡོ་རྗེའི་ཚུལ་དུ་ཕྱག་རྒྱ་གདེངས་སྟབས་དང་བཅས་པས་བྱ། གཉིས་པ་ལ་ལྷོར་རྐང་པ་གཡོན་པ་དེ་བཞིན་དང་། གསུམ་པར་ནུབ་ཏུ་གཡས་པ་དང་། བཞི་པར་བྱང་དུ་གཡོན་པས་དེ་ལྟར་བྱ་བའོ། ༢༡ །འཁོར་ལོའི་འགྲོས་ལ། རྔ་བཞི་བརྡུང་དལ་བ་དང་། ཕྱག་རྒྱ་བསྣོལ་ཞིང་རྐང་པ་བཏེགས་འགྲོས་ཀྱིས་གཡས་སྐོར་དུ་འགྲོ་བ་དང་། བཞི་བརྡུང་ཚར་གཅིག་སོང་ཚེ་རྐང་པ་བཏེགས་ཕྱོགས་སྤོ་ཞིང་གཡོན་སྐོར་དུ་འགྲོ་བ་དེ་ལྟར་རེ་མོས་སུ་བྱ་བའོ། །མཐར་གར་འདིའི་གར་


TR007_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཆམ་སྟབས་ནི་རུས་རྒྱན་གྱི་གར་འཆམ་སྤྱི་དང་མཐུན་པ་ཉིད་དོ། །གྱི་སྡུད་འགྲོས་ཁམས་གསུམ་དབང་སྡུད་ལ་རྔ་ཉིས་བརྡུང་ཞི་དྲག་ཅན་གཉིས་གཉིས་ཀྱི་མཚམས་སུ་གསུམ་བརྡུང་ཞི་དྲག་ཅན་རེ་དང་སྤེལ་བ་ཉིད་དོ། །དེ་ལྟར་འདི་དག་ནི་བླ་མ་དགོངས་པ་འདུས་པའི་གར་འཆམ་འཕྲུལ་གྱི་པྲ་ཊ་ལས་དཀྱིལ་འཁོར་ས་འདུལ་གྱི་གར་རྣམས་ཁོལ་དུ་ཕྱུངས་ནས་གཏན་ལ་ཕབ་པའི་རྗེད་ཐོ་ཟིན་རིས་སུ་བཀོད་པ་སྟེ། གཙོ་བོར་ཕྱག་ལེན་མཐོང་བ་བརྒྱུད་པ་ཇི་བཞིན་སློབ་དཔོན་ལས་དངོས་སུ་བྱིན་རླབས་ཀྱི་བཀའ་བབ་ཐོབ་པར་མ་བྱས་ན། ཡི་གེ་འདི་གཅིག་པུས་དོན་འགྲུབ་པར་མི་འགྱུར་བས་དེ་ལྟར་ཤེས་པར་བྱོས་ཤིག །གར་འཆམ་གྱི་རྣམ་བཤད་མདོར་བསྡུས་ཟིན་རིས་དང་བཅས་པ་འདི་བཞིན་ཕྱི་རབས་ཀྱི་དོན་དུ་ཡི་གེར་འཁོད་པ་གྱིས་ཤིག་ཅེས། །རྡོ་རྗེའི་སློབ་དཔོན་ཆེན་པོ་མཚུངས་མེད་རིག་འཛིན་སྙིང་པོས་བཀའ་སྩལ་བའི་མཐུས། སྣ་ཚོགས་རང་གྲོལ་གྱིས་དུར་ཁྲོད་པདྨ་


TR007_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པའི་གནས་སུ་བཀོད་པ་མངྒ་ལཾ། །སྤྱིར་ཡང་རྡོ་རྗེ་རྩེ་མོ་སོགས་ཡོ་གའི་རྒྱུད་སྡེ་རྣམས་ལས་གསུངས་པའི་གར་གྱི་རྣམ་གྲངས་ཉིས་བརྒྱ་ལྷག་པ་ཙམ་དང་། །གསང་སྔགས་རྙིང་ལུགས་ལ་ཡང་། འདུས་བ་མདོ་དབང་ཆེན་མོའི་ས་ཆོག་གི་སྐབས་སུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་སྟངས་སྟབས་སོགས་དང་། གཞན་ཡང་ཆོས་བཀའ་སོ་སོ་ལས་འབྱུང་བའི་སྤྱི་དང་བྱེ་བྲག་གི་གར་འཆམ་མཐའ་ཡས་པར་མཆིས་པ་ཐམས་ཅད་གསང་སྔགས་ཟབ་མོའི་སྤྱོད་པ་རྨད་དུ་བྱུང་བའི་རྩལ་སྦྱོང་ཁོ་ན་ཡིན་ཕྱིར། བྱེད་པ་པོ་ཡང་སྐྱེད་རྫོགས་ཀྱི་གདེངས་ལྡན་དག་ལས་གཞན་གྱིས་ནི་མ་ཡིན་ཞིང་། བྱ་བའི་གནས་ཡུལ་ཀྱང་གསང་སྔགས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བའི་སྣོད་ལྡན་དམ་ཚིག་ཅན་གྱི་ཚོགས་ཁང་མ་གཏོགས། དིང་སང་གི་རྙེད་འཚོལ་མཁན་པོ་རྣམས་ཀྱིས་གྲོང་ཁྱེར་སྲང་མདོར་སྐྱེ་བོ་མགོ་སྐོར་གྱི་འཆམ་བྲོ་བྱེད་


TR007_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་མཚུངས་པར་བྱས་ཆོག་པ་ནི་མ་ཡིན་པས་དེ་ལྟ་བུའི་ཚུལ་ཡང་གོ་བར་བྱ་དགོས་སོ། །ཞེས་ཕྱི་རབ་ཀྱི་གང་ཟག་བློ་ལྡན་རྣམས་ལ་འདོམས་པ་ལགས། མངྒ་ལཾ་བྷ་ཝནྟུ། གཅིག་ཞུད།


previousས་འདུལ་ཀྱི་གར་འཚམ་ལ་ཉེ་བར་མཁོ་བའི་རྣམ་བཤད་ཟིན་རིས།next