Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར་གྱིས་ལས་རིམ་ཇི་ལྟར་བྱ་ཚུལ།


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར་གྱིས་ལས་རིམ་ཇི་ལྟར་བྱ་ཚུལ།no next

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར་གྱིས་ལས་རིམ་ཇི་ལྟར་བྱ་ཚུལ།


TR007_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར་གྱིས་ལས་རིམ་ཇི་ལྟར་བྱ་ཚུལ་བཞུགས་སོ། །


TR007_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ། ཐུགས་རྗེའི་བདག་ཉིད་འཕགས་མཆོག་གི། །ཞབས་ལ་གུས་པས་ཕྱག་འཚལ་ནས། །དེ་ཡི་དབང་བསྐུར་ལས་རིམ་རྣམས། །རབ་ཏུ་གསལ་བར་འདིར་བསྟན་བྱ། །དེ་ལ་ཕྱིར་བཀའ་གཏེར་ཐ་དད་སོ་སོ་ལས་བྱུང་བའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་མཐའ་ཡས་པ་དག་མཆིས་མོད་ཀྱི། འདི་ནི་ཆོས་དབང་རིན་པོ་ཆེའི་གཏེར་ཁ་ལས་བྱོན་པའི་ཐུགས་རྗེ་ཆེན་པོ་ཡང་། སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལས་ཇི་ལྟར་གསུངས་པ་བཞིན་གྱི་དབང་བསྐུར་བའི་ལས་རིམ་ཁྲིགས་ཆགས་སུ་སྟོན་པར་བྱེད་པ་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་གྱི་སྒོ་ནས་བསྟན་པ་ལ། ཐོག་མར་སྔོན་འགྲོའི་རིམ་པ་ལ། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་


TR007_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང་མཐུན་པའི་གནས་སུ། སྒྲུབ་རྫས་ཡོ་བྱད་གྲོགས་འཁོར་སོགས་ཕུན་སུམ་ཚོགས་པ་དང་། དུས་ཚེས་བཟང་པོ་ལ་བབས་པའི་ཚེ། སའི་ཆོ་ག་རྒྱས་པར་སྤྲོ་ན་གཞན་ནས་འབྱུང་བ་ལྟར་བྱ་བའམ། ཡང་ན་མདོར་བསྡུས་ཏེ། སའི་ལྷ་མོ་ལྷག་པར་གནས་པའི་ཆོ་ག་དང་། དཀྱིལ་འཁོར་གྱི་སྟེགས་བུ་བཞེང་བ། ཆག་ཆག་དང་ཐིག་ཚོན་བྱིན་གྱིས་བརླབས་པ། རྒྱན་དགོད་པ། བུམ་པ་སོགས་སྒྲུབ་རྟེན་དབང་རྫས་མངའ་གསོལ་བའི་ལས་རིམ་དང་བཅས་པ་རྣམས་ནི་མཚུངས་མེད་བཛྲ་ཛྙཱ་ནས་མཛད་པའི་གཞུང་ལྟར་བྱ་ཞིང་། སྐྱེ་བདུན་རིལ་བུའི་སྒྲུབ་པ་དང་། འབྲེལ་ནའང་དེ་དག་གི་ཕྱག་ལེན་རྣམས་ཀྱང་འདི་ཉིད་ཀྱི་རིལ་སྒྲུབ་གཞུང་དང་། ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར་ཚུལ་ལྡན་སྔ་ཆོགས་སུ་ཆུད་པར་བྱས་


TR007_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དཀྱིལ་འཁོར་གྱི་དབུས་སུ་བཤམ།། ༈ །།ཁྱད་པར་དབང་རྫས་ནི། གཙོ་བུམ་མཚན་ཉིད་དང་ལྡན་པ་བུམ་རྫས་ཁ་རྒྱན་མགུལ་འཆིངས་སོགས་ཚུལ་མཐུན་དང་། ཡང་། ཐུན་མོང་རིག་པའི་དབང་ལ་དགོས་པའི་བུམ་པ་ཡང་བཤམས་ཤིང་། མ་འཛོམ་ན་གཙོ་བུམ་དེ་ཉིད་ལ་ཐུས་པ་བྱས་ཀྱང་རུང་ལ། གཞན་ཡང་། དབུ་རྒྱན་ཅོད་པན། རྡོར་དྲིལ། འཁོར་ལོའམ་རྣམ་སྣང་གི་སྐུ། ཐོད་པ་བདུད་རྩིས་བཀང་བ། མེ་ལོང་། འཕྲེང་བ། ཐུབ་དྲུག་གཙོ་བོ་ཡབ་ཡུམ་དང་བཅས་པའི་སྐུའམ་ཡང་ན་ཡིག་དྲུག་ཧྲིཿདང་བཅས་པ་ཡིག་འབྲུ་ཐ་དད་ཀྱི་ཙ་ཀ་ལེ་བྱས་ཀྱང་རུང་བ་དང་། །ཐུགས་རྗེ་ཆེན་པོའི་གཏོར་མ་ནི། །དབུས་སུ་རི་རབ་བང་རིམ་བཞིའི་ཁར་བུམ་པའི་གཟུགས་ཀྱི་ཁ་རྒྱན་མེ་ཏོག་དང་རིན་ཆེན་འབར་བས་མཚན་ཞིང་། དྲ་བ་དྲ་ཕྱེད་སོགས་ཀྱིས་མཛེས་པར་བརྒྱན་པ། རི་རབ་ཀྱི་མཐར་སྐོར་ཕྱོགས་བཞིར་གླིང་བཞི་མཚོན་བྱེད་ཀྱི་གཟུགས་ཟླ་གམ། སོག་ཁང་། ཟླུམ་པོ། གྲུ་བཞི་རྣམས་ཆེ་ཆུང་གསུམ་གསུམ་དང་། ཕྱི་སྐོར་དུ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་མཛེས་པར་བརྒྱན་པའོ། །དིང་སང་ཕྱག་སྲོལ་ལ་ནི་གཞལ་ཡས་ཁང་རྩེགས་ཀྱི་རྣམ་པར་བཟོ་བ་ཡང་སྣང་ངོ་། །གཞན་ཡང་། ལས་བུམ་དང་། དམ་ཚིག་མནའ་ཆུའི་དུང་ཆོས། །མེ་ཏོག་ཅོད་པན་འདོར་བའི་ཡོ་བྱད་


TR007_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྤྱན་དར་དམར་པོ་ལ་སོགས་པ་དང་། ཕྱི་ནང་གི་མཆོད་པ་སྨན་རག་གཏོར་ཚོགས་ཐམས་ཅད་རྒྱས་པར་བཤམས་ལ། ཕྲིན་ལས་ཀྱི་གཞུང་བསྲང་བའི་རིམ་པ་མཐའ་དག་དང་། ཆོས་སྐྱོང་གི་བསྐང་གསོ་རྒྱས་བསྡུས་ཅི་རིགས་ཀྱི་མཐར། བདག་མདུན་ཟུང་འབྲེལ་དུ་འཛབ་ཀྱི་དགོངས་པའི་ཏིང་འཛིན་འཕྲོ་འདུ་རྣམས་ལས་བྱང་ན་འབྱུང་བ་ལྟར་ལ་ནན་ཏན་དུ་བྱ་སྟེ། སྒྲུབ་པའི་ཞག་གྲངས་ཇི་ཙམ་བྱེད་པའི་རིང་ལ་འཛབ་རྒྱུན་བསྐང་རྒྱུན་ལ་སོགས་པ་ཕྱག་བཞེས་ལྟར་བསྒྲུབ་པར་བྱ་བའི་ལས་རིམ་མོ། །དེ་ནས་དངོས་གཞི་ལ། ཐོག་མར་རྡོ་རྗེ་སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའི་རིམ་པ་རྒྱས་པར་སློབ་མ་ལ་ཇི་ལྟར་བྱ་བའི་ཚུལ་བཞིན་དུ་བདག་འཇུག་ལེན་པའམ། །བསྡུས་པར་བྱེད་ན་ཏིང་ངེ་འཛིན་གྱི་དབང་སྐད་ཅིག་ཙམ་ལ་བླ་བས་ཀྱང་རུང་བ་ནི་གསང་སྔགས་ནང་པ་རྒྱུད་སྡེ་གོང་མའི་ཁྱད་ཆོས་ཡིན་པས། དེ་ལྟར་རྒྱས་བསྡུས་གང་འཐད་སློབ་དཔོན་ཉིད་ཀྱི་དགོངས་པ་མཐོ་དམན་དང་བསྟུན་ལ་བྱ་ཞིང་།། ༈ །།དེ་ནས་སློབ་མ་རྗེས་སུ་བཟུང་བའི་ལས་རིམ་དངོས་ནི། །ཆོས་བཀའ་འདི་ཉིད་ཀྱི་རྩ་རྒྱུད་ཡེ་ཤེས་རིག་པ་མཆོག་གི་


TR007_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། །སློབ་མ་དམ་གཞུག་རྗེས་གནང་སྦྱིན། །སེམས་བསྐྱེད་སྒོ་དབྱེ་མེ་ཏོག་དོར། །སྤྱན་དབྱེ་དལ་བསྟན་དམ་ཚིག་བསྒྲག །ཅེས། སྡོམས་ཚིག་ཏུ་གསུངས་པ་ལྟར་བྱ་བ་སྟེ། །དེ་ཡང་སྤྲོས་པ་ཆེར་བྱེད་ན། །སྒྲུབ་ཁང་གི་ཕྱི་རོལ་དུ་ཁྲུས་ཆོག་དང་གླུད་གཏོར་བཏང་ཞིང་། །སྒོ་སྲུང་ལ་ཞུ་བ་ཞུ་ལན་དང་། །ནང་དུ་རང་ཚེ་བགེགས་བསྐྲད་དང་མི་ཐུན་བརྡེགས་པ་སོགས་སྒྲུབ་ཆེན་སྤྱི་གཞུང་ལྟར་བྱ་ལ། བསྡུས་པ་ལ་དགའ་བ་ན། །དཀྱིལ་འཁོར་ཡོལ་བས་བསྒྲིབ་ལ། །སློབ་མ་རྣམས་གྲལ་དུ་འཁོད་པ་ལ་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་ཡིག་བརྒྱ་བཟླས། གླུད་གཏོར་གྱི་ཆོ་གས་བགེགས་སྦྱངས། །སྲུང་བའི་འཁོར་ལོ་བསྒོམ། མཎྜལ་ཕུལ་ནས། བླ་མས་མཚམས་སྦྱོར་གྱི་ཆོས་འདི་ལྟར་འཆད་པར་བྱའོ། །ན་མོ། །བདེར་གཤེགས་སློབ་མར་གྱུར་པ་གང་སུ་དག ཁམས་གསུམ་འདི་ན་གནས་པ་ཀུན་གསོན་ཅིག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །གང་དག་ཉན་པར་འདོད་པ་འདིར་གཤེགས་ཅིག །རྣམ་དག་ལམ་ཆེན་ཀུན་གྲོལ་འདིར། །སྐལ་ལྡན་གང་ཞིག་སུ་ཞུགས་པ། །


TR007_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་རིན་ཆེན་འོད་འཕྲོ་བ། །ངེས་པར་འཆར་གྱིས་བརྩོན་པར་གྱིས། །དེ་ཉིད་སེམས་ཀྱི་མེ་ལོང་སྟེ། །མངོན་སུམ་གསལ་བར་རྟོགས་མ་ཐག །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །དེ་ཕྱིར་རྩེ་གཅིག་ཡིད་ཀྱིས་ཉོན།། ༈ །།ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕངས་དམ་པ་ལ་འགོད་པར་བྱ། །དེའི་ཆེད་དུ་ཆོས་ཉན་སྙམ་པའི་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་གསན་འཚལ། དེ་ལ་འོ་སྐོལ་རྣམས་ཕུན་སུམ་ཚོགས་པའི་དལ་འབྱོར་རིན་པོ་ཆེ་ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུ་ཐོབ་ཅིང་། རྒྱལ་བའི་བསྟན་པ་དྲི་མེད་དང་མཇལ་ནས་དམ་ཆོས་སྤྱོད་པའི་སྣོད་རུང་དུ་གྱུར་པ་འདི་དོན་དང་ལྡན་པར་བསྒྲུབ་དགོས་པ་ལགས་ཏེ། ཇི་སྐད་དུ། རྒྱ་ཆེར་རོལ་པའི་མདོ་ལས། སངས་རྒྱས་འབྱུང་དང་དལ་འབྱོར་དང་། །དད་དང་ཆོས་ཉན་དམ་པ་དང་། །དེ་དག་ཐམས་ཅད་དེང་བསྙེད་ཀྱི། །བག་


TR007_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མ་ལུས་རྣམ་པར་སྤང་། ཞེས་པ་དང་། བསླབ་བཏུས་ལས། མི་ཁོམ་བརྒྱད་སྤོངས་ཁོམས་པ་ཡི། །དམ་ཆོས་རྐྱེན་དང་ལྡན་པ་ལ། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །ཚེ་འདིར་འབྲས་བུ་བསྒྲུབ་པར་རིགས། །ཅེས་གསུངས་པ་ལྟར་མ་འབད་ན། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་ཕྱིར། ལོང་མེད་དུ་འཆི་བའི་རྐྱེན་གྱིས་འཁྱེར་བར་ངེས་ཤིང་། ལེ་ལོ་ཅན་རྣམས་འགྱོད་དགོས་པའི་དུས་བྱུང་ཚེ་ཕྱིས་པ་ཡིན་ཏེ། འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་དང་། ཇི་ལྟར་བུང་བས་བསགས་པའི་སྦྲང་རྩི་ནི། །དོན་མེད་མི་ཡིས་ལོངས་སྤྱོད་བྱེད་པ་བཞིན། །སྐྱེ་བོ་མ་རབ་སྡིག་པས་བསགས་པའི་ནོར། །ཤི་ཚེ་གཞན་གྱི་ལོངས་སྤྱོད་ཉིད་དུ་གྱུར། །ཞེས་གསུངས་པ་ལྟར། འཆི་བའི་ཚེ་དམ་པའི་ཆོས་འབའ་ཤིག་


TR007_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་གང་གིས་ཀྱང་མི་ཕན་པ་དང་། ཤི་བ་ཙམ་དུ་མ་ཟད་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་མ་གཏོགས་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་དེ། དམྱལ་བ་ལ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་འཕོ་ལྟུང་གི་སྡུག་བསྔལ་ལ་སོགས་ཏེ་ཁམས་གསུམ་རི་རབ་དྲུག་མཐའ་དག་སྡུག་བསྔལ་ཐམས་ཅད་ཀྱི་གནས་དང་རྟེན་དང་འབྱུང་ཁུངས་ཉིད་དུ་གྱུར་པ་ཡིན་ཕྱིར། འཁོར་བའི་གནས་ལས་ཐར་བའི་ཐབས་ལ་འབད་འཚལ་ཏེ། མདོ་ལས། །འཁོར་བའི་སྡུག་བསྔལ་མཐོང་བ་ལས། །སྐྱེ་བའི་སེམས་ནི་རབ་ཏུ་བསྐྱེད། ཁམས་གསུམ་བཙོན་རའི་འཇིགས་པ་ལ། །བརྩོན་པའི་སེམས་ཀྱིས་སྤོང་བར་བྱ། ཞེས་པ་ལྟར། །འཁོར་བ་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ཚུན་ཚད་ལ་འཛེམ་བག་


TR007_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། ཐར་པ་དམ་པའི་རྒྱུ་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ནས་ཅི་འགྲུབ་ལ་འབད་དགོས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། སྡིག་པ་ཆུང་ངུ་ཙམ་གྱིས་ཀྱང་། །འཇིག་རྟེན་ཕ་རོལ་ཉེས་པ་དང་། །ཕུང་ཁྲོམ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བསགས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་བར་འདྲེན། །དོན་ཆེན་པོ་ཡང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་སུམ་ཚོགས་པ་བཞིན། །ཞེས་གསུངས་པས། རྒྱུ་འབྲས་ཀྱི་སྤང་བླང་དང་ཐར་པ་དམ་པའི་བྱང་ཆུབ་བསྒྲུབ་པའི་ཐབས་ལ་འབྱུངས་དགོས་པ་ལགས་ཤིང་། དེ་སྒྲུབ་པར་བྱེད་པའི་པའི་ཐབས་དང་ལམ་གྱི་མཆོག་ཏུ་གྱུར་པ་ནི། མདོ་སྡེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གསང་སྔགས་ལྟར་ན་སྨིན་གྲོལ་གྱི་ལམ་ལ་བརྟེན་དགོས་ཏེ། །དེ་གཉིས་ཀ་འབྲས་བུ་སངས་རྒྱས་ཐོབ་པའི་ཐབས་སུ་གཅིག་ཀྱང་། ལམ་མྱུར་ཁྱད་སོགས་ཁྱད་ཆོས་དུ་མའི་སྒོ་ནས་སྔགས་


TR007_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐེག་པ་མཆོག་ཏུ་ཟབ་པར་གསུངས་ལ། དེའི་འཇུག་སྒོ་ནི་སྨིན་བྱེད་ཀྱི་དབང་ཉིད་ལ་རག་ལས་པ་སྟེ། དབང་བསྐུར་ཚུལ་བཞིན་མ་ཐོབ་པར་གསང་སྔགས་ཀྱི་ཆོས་ཤོ་ལོ་ཁ་གཅིག་ཙམ་ཡང་ཉན་པ་དང་སྤྱོད་པའི་སྐལ་བ་མེད་ཅིང་། ལྷ་ལ་སོགས་པ་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ལ། དབང་བསྐུར་ལེགས་པར་ཐོབ་ཕྱིན་ཆད་སྐྱེད་རྫོགས་ཀྱི་ཉམས་ལེན་གང་དང་གང་དག་ལ་སྤྱོད་ཀྱང་འབྲས་བུ་མྱུར་དུ་འབྱུང་ཞིང་བྱང་ཆུབ་ཀྱི་ས་བོན་ཐེབས་པ་ཡིན་ཏེ། ཇི་སྐད་དུ། དཔུང་བཟང་གི་རྒྱུད་ལས། །གང་ཞིག་རིག་སྔགས་དབང་བསྐུར་ཆོ་ག་མོད། །གང་དག་དཀྱིལ་འཁོར་དུ་ནི་མི་ཞུགས་དང་། གང་དག་བྱང་ཆུབ་སེམས་ནི་མ་སྐྱེད་པ། །དེ་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་དང་། གསང་སྙིང་གི་རྒྱུད་ལས། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐིབ་པར་མ་བྱས་པར། །ཉན་པ་ལ་སོགས་


TR007_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོམ་པ་ནི། །འབྲས་བུ་མེད་ཅིང་རླག་པར་འགྱུར། །ཞེས་སོགས་དབང་མ་ཐོབ་པའི་སྐྱོན་དང་། ཐོབ་པའི་ཕན་ཡོན་ཀྱང་། གསང་བ་མཛོད་ལས། །དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ནས་ནི། །མ་སྒོམ་པར་ཡང་དངོས་གྲུབ་ཐོབ། ཅེས་དང་། །རྡོ་རྗེ་འཕྲེང་བའི་རྒྱུད་ལས། །དབང་བསྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་ཡང་དག་གནས། །དེ་ཕྱིར་ཐོག་མར་དབང་དག་བྱ། ཞེས་དང་། གཞན་ཡང་། །དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །ཕྱི་མ་མངོན་པར་རྫོགས་སངས་རྒྱ། །ཞེས་སོགས་རྒྱ་ཆེར་གསུངས་ལ། དེ་ལྟ་བུའི་དབང་དེ་དག་ལྷ་དང་དཀྱིལ་འཁོར་གང་ལྟ་བུ་བ་ལ་བརྟེན་ནས་བསྐུར་བའི་རིམ་པ་ནི། གསང་སྔགས་ཕྱི་ནང་དང་རྒྱུད་སྡེ་གོང་འོག་གི་རིམ་པ་མཐའ་ཡས་པ་སོ་སོའི་ལུགས་ཀྱི་དབང་གི་རྣམ་གྲངས་ཀྱང་དཔག་ཏུ་མེད་པ་མཆིས་མོད་ཀྱི། སྐབས་འདིར་ནི་


TR007_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་བསྐུར་ཟབ་མོ་འབུལ་བའི་སྐབས་ལ་བབས་པ་ལགས་ཤིང་། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཡང་ཕྱི་མདོ་ལུགས། ནང་སྔགས་ལུགས། གསང་བ་མན་ངག་གི་ལུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ནང་ནས། འདི་ནི་གསང་སྔགས་ནང་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ལུགས་ལྟར་ལས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཐུགས་རྗེ་ཆེན་པོ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ཀྱི་དགོངས་པ་མན་ངག་ཏུ་བཀོལ་བའི་ལུགས་ལྟར་སྟོན་པ་ཡིན་ལ། །དེ་ཉིད་གང་ལས་བརྒྱུད་ཚུལ་ལོ་རྒྱུས་ཀྱི་དབང་དུ་བགྱིས་ན། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་མེས་ཁྱབ་བདག་གདོད་མའི་མགོན་པོ་ངོ་བོ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ། རང་བཞིན་ལོངས་སྤྱོད་རྫོགས་སྐུའི་བདག་ཉིད་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད། རྣམ་པ་ཐུགས་རྗེ་སྤྲུལ་པའི་སྐུ་འོད་དཔག་ཏུ་མེད་པ་མཚན་དཔེ་གཟི་བརྗིད་ཀྱི་ཕུང་པོ་མཐའ་ཡས་པའི་སྐུར་


TR007_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ནས། བདེ་བ་ཅན་གྱི་ཞིང་ཁམས་རྣམ་པར་དག་པ་རང་སྣང་ཡེ་ཤེས་ཀྱི་ཕོ་བྲང་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་གནས་སུ། ཉིད་ལས་མི་གཞན་པའི་མཁོར་ཚོགས་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་ལ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ཞིང་རྒྱུན་མི་འཆད་པ་དུས་གསུམ་དུས་མེད་རྟག་པ་རྒྱུན་གྱི་ཁོར་མོར་སྟོན་པའི་ངང་ནས། གདུལ་བྱ་དང་འདུལ་བྱེད་གཉིས་སྣང་མཚན་འཛིན་གྱི་རྟོག་པ་མི་མངའ་ཡང་། ཐུགས་རྗེ་སྒྱུ་མའི་རྣམ་རོལ་གྱི་ཟློས་གར་ལས་འགྲོ་བ་འདྲེན་པའི་དེད་དཔོན་དུ་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེའི་བདག་ཉིད་དུ་སྐུ་སྤྲུལ་བའི་རྫུ་འཕྲུལ་མངོན་པར་འདུ་མཛད་ཅིང་། ཐུགས་རྗེ་ཆེན་པོ་དེ་ཡང་དོན་དམ་པར་རྒྱལ་བ་ཀུན་དང་རྣམ་དབྱེར་མེད་ཀྱང་། རྣམ་པ་ལྟར་ན་ས་བཅུའི་བྱང་སེམས་ཀྱི་ཚུལ་བཟུང་ནས། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཁྲི་བཞི་སྟོང་གི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་བདག་གི་


TR007_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཕྲིན་ལས་མི་ཟད་པས་འགྲོ་བ་མཐའ་དག་གི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་ཅིག །ཅེས་པ་ལ་སོགས་པ་སྨོན་ལམ་རླབས་པོ་ཆེ་བརྒྱ་ཕྲག་བཏབ་ནས་དམ་བཅས། ཕྱོགས་བཅུའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཀྱང་དབང་བསྐུར་བྱིན་རླབས་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་ཅིང་རྗེས་སུ་གནང་བ་རྒྱ་ཆེར་མཛད་པའི་མཐུས། འཕགས་པས་ཀྱང་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་རེ་རེའི་མདུན་དུ་ཡང་། གང་འདུལ་ཐུགས་རྗེའི་སྤྲུལ་པས་ཁྱབ་པར་འགྱེད་ཅིང་། ཕན་བདེའི་སྤྲིན་སྤྲོས། ཐུགས་རྗེའི་གློག་འཁྱུག །བྱིན་རླབས་ཀྱི་ཆར་ཕབས་པས་བྱང་ཆུབ་ཀྱི་མྱུ་གུ་སྐྱེད་པར་མཛད་ལ། ཁྱད་པར་འགྲོ་བ་རིས་དྲུག་གི་གནས་སུ་རིགས་མཐུན་སྤྲུལ་པའི་ཐུབ་པའི་དྲུག་ཏུ་བསྟན་ཏེ། ལྷ་རྣམས་ལ་དབང་པོ་བརྒྱ་བྱིན་དང་། །ལྷ་མ་ཡིན་ལ་ཐག་བཟང་རིས་དང་། །མི་རྣམས་ལ་ཤཱཀྱ་ཐུབ་པ་དང་། །བྱོལ་སོང་ལ་སེང་གེ་རབ་བརྟན། །ཡི་དྭགས་


TR007_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁ་འབར་རྒྱལ་མོ། །དམྱལ་བ་པ་རྣམས་ལ་གཤིན་རྗེ་ཆོས་རྒྱལ་གྱི་ཚུལ་དུ་སྤྲུལ་ནས་སོ་སོའི་སྡུག་བསྔལ་ལས་སྐྱབ་ཅིང་། སྡུག་བསྔལ་དེ་དག་གི་རྒྱུ་ལས། བཟློག་པའི་ཐབས་དང་ལམ་ལ་འགོད་པར་མཛད་པ་དང་། གཞན་ཡང་། འཕགས་པའི་སྐུའི་རྣམ་འགྱུར་ནི་མཐའ་ཡས་ཏེ། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ཕྱག་སྟོང་དང་ལྡན་པའི་ཕྱག་རེ་རེ་ལས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང་དུ་སྤྲུལ་ནས་འགྲོ་བ་རྣམས་མངོན་པར་མཐོ་བའི་ལམ་ལ་དྲང་བ་དང་། ཕྱག་གི་མཐིལ་གྱི་སྤྱན་སྟོང་ལས་བསྐལ་བཟང་གི་སངས་རྒྱས་སྟོང་དུ་སྤྲུལ་བས་སེམས་ཅན་ཐམས་ཅད་ངེས་པར་ལེགས་པའི་གོ་འཕངས་དམ་པ་ལ་འགོད་པར་མཛད་པ་དང་། དེ་བཞིན་དུ། །ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ། ཡིད་བཞིན་ནོར་བུ། ཁརྶ་པཱ་ཎི། པདྨའི་ཞགས་པ། པདྨ་ཅོད་པན། སེང་གེའི་སྒྲ། འཇིགས་པ་བརྒྱད་སྐྱོབ་ལ་སོགས་པ་ཕྱི་མདོ་དང་བསྟུན་པའི་ཆ་ལུགས་དང་། འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་


TR007_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། འཁོར་བ་དོང་སྤྲུག །གསང་བ་འདུས་པ། སེམས་ཉིད་ངལ་གསོ། ཡེ་ཤེས་འོད་མཆོག །ཡང་སྙིང་འདུས་པ་ལ་སོགས་ནང་གསང་སྔགས་དང་མཐུན་པའི་སྒྲུབ་སྒོར་སོ་སོ་ལས་འབྱུང་བ་ལྟར་གྱི་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་གཞལ་དུ་མེད་པའི་ཐུགས་རྗེའི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱི་ཚད་ནི་སངས་རྒྱས་ཀྱིས་ཀྱང་བཟུང་དུ་མེད་ན། །སོ་སོ་སྐྱེ་བོའི་བསམ་བརྗོད་ཀྱི་ཡུལ་དུ་ག་ལ་འགྱུར་ཏེ་དཔག་ཏུ་མེད་པའི་ཆོས་ཉིད་དོ། །དེ་ལྟ་བུའི་ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་དེས། སྤྱིར་བསྐལ་པ་སྙིགས་མའི་འགྲོ་བ་རྨུ་རྒོད་གདུལ་བར་དཀའ་བ་རྣམས་དང་། ཁྱད་པར་བདུད་དང་མུ་སྟེགས་ལོག་གདུག་པ་ཅན་དང་། གནོད་སྦྱིན་སྲིན་པོའི་དམ་སྲི་མ་རུངས་དྲེགས་པ་ཅན་གྱི་རིགས་ཚོགས་ཞི་བས་མི་འཐུལ་བའི་གདུལ་བྱ་རྣམས་ཕྲིན་ལས་དྲག་པོའི་ཚུལ་གྱིས་


TR007_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་འདུལ་བར་བྱ་ཕྱིར། །དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་དང་ཐ་མི་དད་པའི་རིག་འཛིན་ཆེན་པོ་པདྨ་སམྦྷ་ཝའི་སྐུར་སྤྲུལ་ཏེ། སྐུ་ལ་མངལ་གྱི་དྲི་མས་མ་གོས་པར་མེ་ཏོག་པདྨའི་སྡོང་པོའི་རྩེ་ལས་རང་བྱོན་ཞིང་སྐྱེ་འཆི་བགྲེས་རྒུད་ཀྱི་སྐྱོན་དང་བྲལ་བ། གསུང་མི་འགགས་ཚངས་པའི་དབྱངས་ཀྱིས་ཐེག་ཆེན་གསང་སྔགས་ཟབ་མོའི་ཆོས་ཆར་འབེབས་པ། ཐུགས་ཆོས་དབྱིངས་མཁའ་ལྟར་དག་པའི་ཀློང་ནས་བྱིན་རླབས་ཡེ་ཤེས་ཀྱི་གཟིགས་པ་ཕྱོགས་རིས་མེད་པས་འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར་བར་མཛད་པའི་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་དེ་ཉིད། བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བས་ཞལ་མཐོང་གསུང་ཐོས་ཀྱི་སྐལ་ལྡན་རྣམས་ཚེ་གཅིག་བྱང་ཆུབ་ཀྱི་ལམ་ལ་བཀོད། ལྷ་སྲིན་གདུག་པ་ཅན་རྣམས་བཏུལ་ནས། །མཐའ་འདུལ་ཡང་འདུལ་


TR007_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཙུག་ལག་ཁང་ཐམས་ཅད་ཀྱི་ས་འདུལ་རབ་གནས་མཛད། རི་བྲག་དབེན་གནས་ཀུན་ཞབས་ཀྱིས་ཉེ་བར་བཅགས་ཏེ་སྒྲུབ་གནས་སུ་བྱིན་གྱིས་རླབས། ཟབ་མོའི་གཏེར་ཆེན་བརྒྱ་དང་རྩ་བརྒྱད་གཏེར་ཕྲན་བྱེ་བ་དགུ་ཁྲི་སྦས་ཤིང་། དེ་དག་གི་བདག་པོར་སྤྲུལ་པའི་སྐུ་མཆོག་རྣམ་ལྔ། སྐལ་ལྡན་སྙིང་གི་བུ་དགུ། རྗེ་འབངས་ཉི་ཤུ་རྩ་ལྔ། ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་ལ་སོགས་ལ་སོ་སོར་མ་འོངས་ལུང་བསྟན་ཞལ་གདམས་བྱིན་རླབས་བཀའ་གཏད་དབང་བསྐུར་སྨོན་ལམ་ལ་སོགས་ནན་ཆགས་སུ་མཛད་དེ། དུས་དང་གནས་ཡུལ་སོ་སོའི་སྐབས་ལ་བབས་ཚེ་ཟབ་གཏེར་གྱི་མཛོད་ཕྱེས་ནས་སྙིགས་དུས་ཀྱི་གདུལ་བྱ་རྣམས་ཡིད་བཞིན་གྱི་ནོར་བུ་བརྙེད་པ་ལས་ཀྱང་ལྷག་པའི་བཀའ་དྲིན་གྱིས་རྗེས་སུ་འཛིན་པར་མཛད་ལ། ཁྱད་པར་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡང་སྙིང་འདུས་པའི་ཆོས་


TR007_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་འདི་རྣམས་སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཉིད་ལ་ཆོས་ཀྱི་གཉེར་གཏད་ཅིང་ཕྱི་རབས་ཀྱི་དོན་དུ་གཏེར་གཤོག་ལ་བཀོད་ནས། བསེ་སྒྲོམ་སྨུག་པའི་ནང་དུ་ཟབ་ཆོས་འདུས་པ་སྐོར་དགུ་དང་བྱིན་རླབས་ཀྱི་རྟེན་རྫས་མང་པོ་དང་བཅས་པ་ལྷན་ཅིག་ཏུ་བཅུག་ནས་བཀའ་རྟགས་ཀྱི་ཕྱག་རྒྱ་རིམ་པ་བདུན་གྱིས་བཏབ་ཅིང་། གཏེར་གནས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ་གཏེར་དུ་སྦས། སླད་དུ་ཆོས་རྒྱལ་ཆེན་པོ་དེ་ཉིད་དག་པའི་སྐྱེ་བ་བཅོ་ལྔ་བརྒྱུད་པའི་མཐར་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ཏུ་སྐུ་འཁྲུངས་ཤིང་། སྤྱིར་གཏེར་ཁ་ཆེན་པོ་བཅོ་བརྒྱད་དང་ཁྱད་པར་འདི་ཉིད་ཀྱི་གཏེར་ཁ་བཞེས་ནས་འགྲོ་བའི་དོན་རྒྱ་ཆེར་མཛད་པ་སྟེ། དཔེ་བླ་མ་བརྒྱུད་པའི་རིམ་པ་མཐར་ཆགས་ཀྱི་དབང་དུ་བགྱི་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས།


TR007_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་གུ་རུ་ཆོས་དབང་། རྒྱལ་སྲས་སྨན་ལུང་པ། སངས་རྒྱས་དྭགས་སྟོན་པ། མཚུངས་མེད་མཉན་སྟོན་པ། མཁས་གྲུབ་སེ་ལྡིངས་པ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། མཉམ་མེད་དཔལ་འབྱོར་དབང་ཕྱུག །རྗེ་བཙུན་ནམ་མཁའ་གུ་རུ། རིག་འཛིན་ཆེན་པོ་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན། མཚུངས་མེད་བསྟན་འཛིན་རྡོ་རྗེ། རིག་འཛིན་མཆོག་གྲུབ་རྣམ་རྒྱལ། དྲིན་ཅན་རྩ་བའི་བླ་མའི་བར་དུ་ལེགས་པར་བརྒྱུད་པའི་དམ་ཚིག་གི་སེལ་མ་ཞུགས་ཤིང་བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པའི་གདམས་པ་ཡིད་ཆེས་ཤིང་ཁུངས་བཙུན་པའི་ལོ་རྒྱུས་དེ་ལྟ་བུ་ལགས། བརྒྱུད་པ་དེ་ལས་བྱུང་བའི་དབང་བསྐུར་གྱི་རིམ་པ་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་རིམ་དང་བཅས་པ་ཡོད་པ་ལས། བདག་ཉིད་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དབང་རྫས་སོགས་ཐམས་ཅད་བྱིན་རླབས་ནུས་ལྡན་དུ་བྱ་ཕྱིར་དཀྱིལ་འཁོར་སྒྲུབ་མཆོད་བཟླས་པའི་རིམ་པ་ལ་སོགས་


TR007_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འགྲོ་བའི་ལས་རིམ་མཐའ་དག་ལེགས་པར་གྲུབ་ནས། དངོས་གཞི་སློབ་མ་རྗེས་འཛིན་གྱི་སྐབས་ལ་བབས་པ་ལགས་ཚེ། ཐོག་མར་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པའི་རྗེས་ཟློས་འདི་བཞིན་གནང་བར་ཞུ། བླ་མ་རྡོ་རྗེ་སློབ་དཔོན་དགོངས། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ། །གུས་པར་འཇུག་འདོད་སྟོན་པར་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས། །གཙོ་བོ་ཁྱོད་ཀྱི་བསྒྲལ་དུ་གསོལ། ཞེས་ཞུ་ཞིང་། བླ་མས་ལན་བཏབ་སྟེ། ཀྱེ་མ། སྐལ་ལྡན་བུ་རྣམས་ཉོན། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི། །ཀུན་གྱི་མཐོང་བ་མ་ཡིན་ཏེ། །དད་ལྡན་དབུ་མཆོག་འགས་མཐོང་སྲིད། །སྐལ་ལྡན་བུ་ཁྱོད་འདིར་ཞུགས་མཛོད། །ཉོན་མོངས་ཉེས་པའི་ཚོགས་སྤངས་ནས། །ཚེ་གཅིག་སངས་རྒྱས་ལམ་སྦྱོར་བ། །ཐུགས་རྗེ་ཆེན་པོའི་སྒྲུབ་དབང་གི། །དཀྱིལ་འཁོར་


TR007_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མཐོང་ཐོས་པས་ཀྱང་། ཁམས་གསུམ་འཁོར་བའི་གནས་ལས་གྲོལ། །དེ་ཕྱིར་བཀའ་བཞིན་སྒྲུབ་བྱེད་དམ། ཞེས་དྲི་ཞིང་། །སླར་ཡང་དེའི་ལན་དུ་རྗེས་ཟློས་མཛོད་མཛད་པར་ཞུ། །བླ་མ་མཆོག་དང་དཀྱིལ་འཁོར་གྱི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ནས། །ཅི་གསུངས་བཀའ་ལས་བདག་གི་མི་འདའ། །ཐར་པའི་ཕོ་བྲང་དམ་པ་རུ། །མགོན་པོས་བདག་ནི་གཞུག་པར་འཚལ། ལན་གསུམ་གྱིས་གསོལ་བ་གདབ་བོ། དེ་ནས་གསང་སྔགས་ཀྱི་སྣོད་དུ་རུང་བར་བྱ་བ་ལ། །ཐུན་མོང་གི་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་སྐྱེད་སྡོམ་བཟུང་རྣམས་ཀྱིས་རྒྱུད་སྦྱང་དགོས་པའི་ཕྱིར། མདུན་གྱི་ནམ་མཁར་སྐྱབས་ཡུལ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ཐམས་ཅད་འཇའ་འོད་ཀྱི་ཀློང་ན་ཞལ་མངོན་སུམ་དུ་ལམ་མེ་བཞུགས་པར་མོས་ཤིང་། ཐལ་སྦྱར་གུས་པ་དང་བཅས་པས་རྗེས་ཟློས་འདི་བཞིན་མཛད་འཚལ། །དུས་གསུམ་


TR007_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བླ་མ་དང་། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་ཕྱིར་མི་ལྡོག་པ་དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །འདི་བཟུང་བླ་མེད་བྱང་ཆུབ་བར། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། ཞེས་ལན་གསུམ་དང་། སེམས་སྐྱེད་ནི། །བླ་མ་འཕགས་པའི་ལྷ་ཚོགས་དགོངས། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཕ་མའི་འདུ་ཤེས་ཉེར་གཞག་ཏེ། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་འགྲོལ་བ་དང་། །དབྱུགས་མ་ཕྱུངས་པ་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སྔོན་གྱི་བདེར་གཤེགས་རྒྱལ་བ་རྣམས། །སྒོ་གསུམ་སྡོམ་ལ་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོངས་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི། །ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང་། །འགྲོ་ལ་ཕན་པ་བསྒྲུབ་པར་


TR007_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། ཞེས་ལན་གསུམ་དང་། དེ་ནས་དཀྱིལ་འཁོར་ཕོ་བྲང་གི་ཕྱོགས་བཞིར་སྒོ་བཞིའི་དྲུང་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །འཕགས་པ་ཐུགས་རྗེ་ཆེན་པོ་ཡིད། །དཀྱིལ་འཁོར་ཆེན་པོའི་སྒོ་བསྲུང་བ། །ཧེ་རུ་ཀ་དཔའ་རིགས་བཞི་པོས། །ཤར་ལྷོ་ནུབ་བྱང་སྒོ་བཞི་པོ། །ཚད་མེད་རྣམ་བཞིས་བྱེས་མཛོད་ལ། །བདག་ཅག་ཡི་དམ་ལྷ་དང་སྤྲོད། ཅེས་བརྗོད་པའི་མཐར། དཀྱིལ་འཁོར་གྱི་ཡོལ་བ་ཕྱེས་ལ། དེ་ལྟར་གསོལ་བ་བཏབས་པ་ལ་བརྟེན་ནས། སྒོ་སྲུང་ཆེན་པོ་བཞིས་ཕྱོགས་བཞིའི་སྒོ་ཕྱེས་ཏེ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་བར་འཁྱམས་སུ་བསྒྲོད་པའི་མོས་པས། མེ་ཏོག་གི་ཕྲེང་བ་དེ་ཉིད་ཡི་དམ་ལྷ་ལ་ཕྱག་རྟེན་གྱི་ཚུལ་དུ་འབུལ་བ་སྟེ། དེ་ཡང་ཡེ་ཤེས་ཀྱི་ལྷ་ཐམས་ཅད་དོན་ལ་ཐ་དད་མེད་ཀྱང་གནས་སྐབས་སུ་ཐུགས་རྗེའི་འདུལ་ཐབས་སྣ་ཚོགས་ཕྱིར། གང་ཟག་སོ་སོའི་ཚེ་རབས་ཀྱི་ལྷ་སྐལ་གང་ཡིན་བརྟག་


TR007_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དགས་པས། ཁྱེད་རང་རྣམས་ཕྱག་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་བཟུང་ནས་བདེན་པའི་ཚིག་འདི་རྗེས་ཟློས་མཛད་པའི་མཐར། མེ་ཏོག་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཁར་འདུན་པ་གཏད་དེ་དོར་བར་མཛོད་ཅིག །ཐུགས་རྗེ་ཆེན་པོའི་ཕོ་བྲང་དུ། །འབྲེལ་པའི་མེ་ཏོག་འདི་དོར་བས། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་བབས་པར་ཤོག །པུཥྤེ་པྲ་ཏཱིཙྪ་ཧོ། འདི་སྐབས་སུ་སློབ་མ་ཉུང་བ་དང་། གཞུང་ཇི་ལྟ་བའི་ཕྱག་ལེན་བཞིན་བྱེད་ན། །སློབ་མ་ལ་སྤྱན་དར་དམར་པོས་དགབ་ཅིང་། །ཚོམ་བུའི་དཀྱིལ་འཁོར་ཆུང་ངུ་ཞིག་གོང་ནས་སྟ་གོན་བྱས་པ་དེར། དར་སྣ་ལྔ་སོགས་ལས་བཟོས་པའི་མེ་ཏོག་ཅོད་པན་དོར་དུ་གཞུག་ཅིང་། ཕྱོགས་གང་ལ་བབས་པ་ངོས་བཟུང་ལ་དེ་དང་བསྟུན་པའི་གསང་མཚན་གདགས་པ་དང་། རིགས་སོ་སོ་གང་ལ་བབས་པ་ལྟར་གྱི་དངོས་གྲུབ་ཐོབ་ཚུལ་རྣམས་ལུང་བསྟན་པར་བྱ་ལ། གལ་ཏེ་སློབ་མ་ཚོགས་ཆེས་པས་དེ་ལྟར་བུ་བྱེད་པར་སྐབས་ལ་མི་འབབ་ན། བརྡ་ཚོན་ཙམ་དུ། ནས་འབྲུ་ལ་སོགས་མེ་ཏོག་


TR007_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སིབ་མ་དཀྱིལ་འཁོར་གྱི་ཕྱོགས་སུ་གཏོར་དུ་གཞུག་གོ། །དེ་ལྟ་བུའི་མེ་ཏོག་དོར་བ་དེ་ཉིད་དཀྱིལ་འཁོར་གྱི་དབུས་སུ་བབས་ན་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་དང་། ཚེ་རབས་ཀྱི་ལྷའི་སྐལ་བ་ཡང་གཙོ་མཆོག་ཐུགས་རྗེ་ཆེན་པོ་ཉིད་ལགས་ཤིང་། ད་ནས་བཟུང་སྟེ་རྣམ་པ་ཐམས་ཅད་དུ་ཡི་དམ་གྱི་ལྷ་འཕགས་པ་ཐུགས་རྗེ་ཆེན་པོ་ཁོ་ན་ལ་གསོལ་བ་འདེབས་པ་དང་བསྙེན་ཅིང་བསྒྲུབ་པ་སོགས་ལ་འབད་ན་ལྷག་པར་འགྲུབ་མྱུར་ཞིང་བྱིན་གྱིས་རླབས་པར་འགྱུར་བས་ན། རིགས་དང་མཐུན་པའི་གསང་མཚན་ཀྱང་ཐུགས་རྗེ་དབང་ཕྱུག་རྩལ་ཞེས་འཛིན་པར་ཞུ། དེ་བཞིན་དུ་མེ་ཏོག་ཤར་དུ་བབས་པ་རྣམས་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་དང་། ལྷ་ཡང་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་བསྒྲུབ་ན་འགྲུབ་སླ་ཞིང་། ཞི་བའི་ཕྲིན་ལས་ལ་དབང་བ་ཡིན་པས། གསང་མཚན་དུ་ཐུགས་རྗེ་མི་འགྱུར་རྩལ་ཞེས་བྱའོ། །ལྷོར་བབས་ན་རིན་ཆེན་རིགས་ཀྱི་ལྷ་འགྲུབ་ཅིང་


TR007_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྒྱས་པའི་དངོས་གྲུབ་ཐོབ་པར་འགྱུར་བས་གསང་མཚན་ཡང་ཐུགས་རྗེ་འདོད་འབྱུང་རྩལ་དང་། ནུབ་ཏུ་བབས་ན་གསུང་པདྨའི་རིགས་འགྲུབ་ཅིང་དབང་གི་ཕྲིན་ལས་གྲུབ་ཕྱིར་ཐུགས་རྗེ་པདྨ་རྩལ་དང་། བྱང་དུ་བབས་ན་ཕྲིན་ལས་དྲག་པོའི་རིགས་ཀྱི་ལྷ་དང་དངོས་གྲུབ་འགྲུབ་པར་འགྱུར་ཕྱིར་ཐུགས་རྗེ་བདུད་འདུལ་རྩལ་ཞེས་བྱ་བ་སྟེ། དེ་ལྟ་བུའི་དབང་གི་གསང་མཚན་འདི་དག་འཆང་བའི་ཕན་ཡོན་ནི་དཔག་ཏུ་མེད་དེ། གནས་སྐབས་སུ་འགལ་རྐྱེན་བར་ཆད་ལས་སྐྱོབས་ཅིང་བསྲུང་བར་འགྱུར་བ་དང་། ལྷ་དང་མཁའ་འགྲོ་ཆོས་སྲུངས་ཐམས་ཅད་ཀྱིས་ཀྱང་སྲས་དང་སྤུན་གྲོགས་སུ་དགོངས་པར་མཛད་པ་དང་། །འཆི་བའི་དུས་ནའང་བར་དོའི་འཁྲུལ་སྣང་འཇིགས་སྐྲག་ཀུན་ལ་གསང་མཚན་དྲན་པ་ཙམ་གྱིས་ལྷ་དང་བླ་མ་དྲན། དེ་དྲན་པས་འཁྲུལ་སྣང་རང་གྲོལ་དུ་འགྲོ་བའི་ཕན་ཡོད་ལ། མཐར་ཐུག་མངོན་པར་རྫོགས་པ་སངས་རྒྱ་བའི་དུས་


TR007_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་། ད་ལྟའི་གསང་མཚན་འདི་ཀ་དང་མཐུན་པའི་སངས་རྒྱས་ཀྱི་མཚན་འཇིག་རྟེན་ཀུན་ཏུ་གྲགས་ཏེ། གང་གིས་ཐོས་པ་ཐམས་ཅད་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པས་ན། རྟག་ཏུ་མ་བརྗེད་པར་འཛིན་འཚལ། དེ་ནས་ཡེ་ཤེས་ཀྱི་སྤྱན་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་པར་ཞུ། །བླ་མ་རྡོ་རྗེ་འཛིན་པ་དགོངས། །བདག་ཅག་ཐོག་མེད་དུས་དག་ནས། །མ་རིགས་ཉོན་མོངས་མུན་པས་ལྡོངས། །ཐབས་མཁས་ཐུགས་རྗེའི་གསེར་ཐུར་གྱིས། །མ་རིག་སྒྲིབ་པ་བསལ་དུ་གསོལ། །ཞེས་གསོལ་བའི་མཐར་སྤྱན་དར་ཡོད་ན་ཕྱེ་ཞི། མེད་ནའང་བླ་མའི་ཕྱག་མཚན་གྱི་རྡོ་རྗེས་སློབ་མ་རྣམས་ལ་སྤྱན་དབྱེ་བའི་ཚུལ་དུ་བྱས་ལ་དཀྱིལ་འཁོར་བསྟན་པ་ནི། །ཁྱོད་ཀྱི་མ་རིགས་རྨོངས་པའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བར་བྱ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་བ་ཙམ་གྱིས་བསམ་པ་འགྲུབ། །


TR007_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྵུ་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊཿ ཀྱེ། སྐལ་བ་དང་ལྡན་པའི་རིགས་ཀྱི་བུ་རྣམས་ཉོན་ཞིག །འདི་ལྟ་བུའི་དཀྱིལ་འཁོར་གྱི་ཞལ་མཐོང་ནི་བསྐལ་བ་དཔག་ཏུ་མེད་པ་ནས་ཚོགས་བསགས་པ་ལས་བྱུང་བ་ཡིན་པས། དེའི་ཕྱིར་ན་མིག་གི་དབང་པོ་མ་ཡེངས་པར་དཀྱིལ་འཁོར་ལྟོས་ལ། རྣ་བའི་དབང་པོ་མ་ཡེངས་པར་ལེགས་པར་ཉོན་ཞིག དེ་ཡང་དཀྱིལ་འཁོར་གྱི་དབྱིབས་གྲུ་བཞིར་བྱུང་བ་ནི་ཚད་མེད་བཞིས་འགྲོ་བའི་དོན་མཛད་པའི་བརྡའམ་རྟགས་སུ་མཚོན་པའོ། །ཁ་དོག་ལྔ་ལྡན་དུ་འབྱུང་བ་ནི་ཡེ་ཤེས་རྣམ་ལྔའི་རང་བཞིན་དུ་མཚོན་པའི་བརྡའོ། །དེ་བཞིན་དུ་ཕྲིན་ལས་རྣམ་བཞི་མཚོན་པའི་སྒོ་བཞི། །འདོད་ཡོན་ལྷུན་གྲུབ་ཏུ་འབྱུང་བའི་འདོད་སྣམ། །སྐུ་ལྔ་ཡོངས་སུ་རྫོགས་པའི་རྩིགས་པ་ལྔ་རིམ། །དངོས་གྲུབ་ཟད་མི་ཤིས་པའི་རིན་པོ་ཆེའི་ཕ་གུ། །མཚན་དཔེ་ཡོན་ཏན་གྱིས་མཛེས་པའི་དྲ་བ་དྲ་ཕྱེད། །མ་རིག་མུན་པ་སེལ་ཞིང་འགྲོ་དོན་ཆག་ཐོགས་


TR007_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཤར་བུ་དང་མདའ་ཡབ། །འཕགས་ལམ་ཡན་ལག་བརྒྱད་ཀྱི་ཀ་བ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཐེམ་སྐས། །དྲན་པ་ཉེ་བར་གཞག་པ་བཞིའི་རྟ་བབས། །སྟོང་པ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་རི་དྭགས་ཕོ་མོ། །ས་ལམ་རིམ་པ་བཅུ་གསུམ་རྫོགས་པའི་ཆོས་འཁོར་བཅུ་གསུམ། །ཉོན་མོངས་པའི་གདུང་བ་ལས་སྐྱོབས་པའི་ཆར་ཁེབས་ཕུབས་པ། །ཐེག་པ་ཀུན་གྱི་རྩེ་རྒྱལ་དུ་གྱུར་པས་དབུས། །བྱུར་བུ་རིན་པོ་ཆེའི་ཏོག་གིས་མཚན་པ། ཆོས་ཉིན་འགྱུར་བ་མེད་པའི་འགོ་གཞི་སྣ་ཚོགས་རྡོ་རྗེ། །འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨའི་ར་བ། །བདུད་ཀྱི་དཔུངས་འཇོམས་པས་རྡོ་རྗེའི་ར་བ། ཉོན་མོངས་ཚང་ཚིང་བསྲེག་ཅིང་མ་རིག་མུན་པ་གསལ་བའི་ཡེ་ཤེས་ཀྱི་མེ་སྤུངས་བར་གུར་ཁང་འཁྲིག་པ་དང་བཅས་པ་ནི་སྣོད་རྣམ་པར་དག་པ་གཞལ་ཡས་ཁང་གི་དག་སྦྱོར་ཡིན་ལ། དེའི་ནང་དུ་བཅུ་རྣམ་པར་དག་པ་ཡེ་ཤེས་ལྷའི་


TR007_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཚུལ་ནི། གཞལ་ཡས་ཁང་གི་ལྟེ་བར་གདན་པདྨོ་གེ་སར་གྱི་དབུས་ན་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་གཙོ་མཆོག་ཐུགས་རྗེ་ཆེན་པོ་ཡུམ་གསང་བ་ཡེ་ཤེས་དང་གཉིས་མེད་དུ་འཁྲིལ་བའི། དབུའི་གཙུག་ན་འོད་དཔག་མེད་དང་། ཐུགས་ཀའི་དབུས་སུ་དཔལ་རྟ་མགྲིན་དང་བཅས་བཞུགས་པའི། གཙོ་བོའི་གཡས་སུ་སྲས་ནོར་བུ་འཛིན་པ་དང་། གཡོན་དུ་སྲས་མོ་གསང་སྔགས་འཛིན་མ། མཐའ་བསྐོར་པདྨའི་འདབ་མ་དྲུག་ལ་བཅོམ་ལྡན་ཐུབ་པ་དྲུག་དང་། དེའི་ཕྱི་སྐོར་གྱི་མུ་འཁྱུད་པད་འཁོར་རིམ་པ་བཞིའི་དང་པོ་ལ་སངས་རྒྱས་བརྒྱ། གཉིས་པ་ལ་ཉིས་བརྒྱ། གསུམ་པ་ལ་གསུམ་བརྒྱ། བཞི་པར་བཞི་བརྒྱ་རྣམས་བསྡོམས་པས་བསྐལ་བཟང་གི་སངས་རྒྱས་སྟོང་ཚང་བར་བཞུགས་པ། དཀྱིལ་འཁོར་གྱི་སྒོ་བཞིར་བཛྲ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་རིགས་བཞི་སྒོ་སྲུང་གི་ཚུལ་དུ་ཞུགས་པ་སྟེ། དེ་ལྟ་བུའི་ལྷ་ཚོགས་ཐམས་ཅད་ཀྱང་སྐུ་སྣང་ལ་རང་བཞིན་མེད་པ་མཆན་


TR007_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཔེ་བྱད་ཀྱི་དཔལ་དུ་འབར་ཞིང་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། གསལ་སྟོང་འཇའ་འོད་འཁྱིལ་བར་བཞུགས་པ་རྣམས་ཞལ་མངོན་སུམ་དུ་མཇལ་བའི་མོས་པ་དང་སྤྲོ་བ་རྒྱ་ཆེན་པོ་མཛད་པར་ཞུ། དེ་ལྟ་བུ་གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར་ཞུགས་ཅིང་དབང་བསྐུར་ཐོབ་པའི་ཕན་ཡོན་མཐའ་ཡས་པ་མཆིས་ཀྱང་། དབང་སྲོག་ནི་དམ་ཚིག་ལ་རག་པའི་ཕྱིར། གང་དག་འདི་ལྟ་བུའི་ལམ་ལ་མ་དད་ལོག་པར་ལྟ་བ་དང་། སློབ་དཔོན་གྱིས་གནང་བ་མ་ཐོབ་ཅིང་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གལ་ཏེ་བག་མེད་དུ་སྨྲ་ཞིང་གསང་བའི་དམ་ཚིག་འཆལ་བར་གྱུར་ན། ཁྱོད་ནི་མནར་མེད་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང་ནས་ཐར་བའི་དུས་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བས། དེས་ན་གསང་བའི་དམ་ལ་གནས་ཤིང་། དེ་ལས་ཅུང་ཟད་ཀྱང་འདའ་


TR007_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་བྱེད་ཅིག །དུང་ཆོས་ཀྱི་ཆུའམ། མེད་ན་ལས་བུམ་གྱི་ཆུ་བླུད་ལ། ཧཱུྃ། །འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་བསྲེག་པར་འགྱུར། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུ་ད་ཀ་ཋཱ། རྡོ་རྗེ་སྤྱི་བོར་བཞག་ཅིང་། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡི་ཇི་ལྟར་བསྒོ་བའི་བཀའ། །ཁྱོད་ཀྱི་འདའ་བར་མི་རུང་ངོ། །གལ་ཏེ་བཀའ་འདས་ཉམས་པ་ན། །མནར་མེད་རྡོ་རྗེའི་དམྱལ་བ་ནས། །འཐོ་ཅིང་ཐར་བའི་དུས་མེད་དོ། །དེ་ཕྱིར་དམ་ལས་ལ་འདའ་ཞིག །ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ། དེ་ནས་ཡེ་ཤེས་དབབ་པའི་ཆེད་དུ་གསོལ་བ་གདབ་པའི་རྗེས་ཟློས་འདི་བཞིན་མཛད་པར་ཞུ། །རྗེ་བཙུན་ཐུགས་རྗེ་ཆེར་ལྡན་པ། །དུས་གསུམ་བཞུགས་པའི་བླ་མ་དང་། །མཁའ་འགྲོ་རྣམས་དང་ཡི་དམ་ལྷས། །བདག་ལ་ཡེ་ཤེས་དབབ་ཏུ་གསོལ། །


TR007_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱི་གསོལ་བ་གདབ་ཅིང་། སྤོས་དང་རོལ་མོ་ལ་སོགས་ཚགས་སུ་ཆུད་པར་བྱས་པར་བྱས་ནས་དམིགས་པ་འདི་ལྟར་ཕོགས་ཏེ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པ་ཙམ་གྱིས། ལུས་གདོས་བཅས་རྣམ་སྨིན་གྱི་ཕུང་པོ་དངོས་མེད་སྟོང་པར་སྦྱང་། རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ཅིག་ཏུ་གྱུར་པ་ལས་འོད་འཕྲོས། རྒྱལ་བ་ཐམས་ཅད་ལ་མཆོད་པ་ཕུལ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་། འོད་ཟེར་ཚུར་འདུས་ནས་ཧྲཱིཿལ་ཐིམ་པས་དེ་ཉིད་གནས་འགྱུར་ཏེ། སྐད་ཅིག་གིས་ཁྱེད་རང་རྣམས་འཕགས་པ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ་རཱ་གའི་ཕྲེང་བ་འཛིན་ཅིང་། གཡོན་པདྨ་དམར་པོའི་སྟེང་ན་བདུད་རྩི་བུམ་པས་མཚན་པ་བསྣམས་ཤིང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་དང་ལྡན་པ། ཞབས་རྡོ་རྗེ་


TR007_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་གི་པད་ཟླའི་གདན་ལ་ཞུགས་པའི་པང་དུ་ཡུམ་ཡི་གེ་དྲུག་མ་དམར་མོ་གྲི་གུག་དང་ཐོད་པའི་བདུད་རྩིས་བཀང་བ་འཛིན་པས་ཡབ་དང་འཁྲིལ་བ། ཡབ་ཡུམ་གཉིས་སྐུ་གཟི་བརྗིད་འོད་དུ་འབར་བའི་སྤྱི་བོར་འོད་དཔག་མེད་སྤྲུལ་སྐུའི་ཆ་བྱད་ཅན་མཉམ་གཞག་ཚེ་བུམ་འཛིན་པ་དང་། རང་གི་ཐུགས་ཀར་ཁྲོ་བོ་རྟ་མགྲིན་དམར་པོ་ཕྱག་གཡས་སེང་ལྡེང་གི་བེ་ཅོན་དང་གཡོན་པས་ཞགས་པ་བསྣམས་ཤིང་ཁྲོ་ཆས་ཡོངས་སུ་རྫོགས་པ་རྔམས་པར་གསལ་བའི། །དེ་ལྟར་ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་། དེའི་འོག་ཏུ་ཧྲཱིཿདམར་པོ་དང་བཅས་པ་རྣམས་ལས་འོད་ཟེར་ཁ་དོག་སྣ་ལྔ་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕྲོས་པས། སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་


TR007_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་རྣམ་པར་བྱོན་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་མཛད་པར་ཞུ། སྤྲོ་ན་འདི་སྐབས་སུ་གུ་རུ་ཚིག་བདུན་གྱི་གསོལ་འདེབས་དང་། ཐུགས་རྗེ་ཆེན་པོའི་སྤྱན་འདྲེན་སོགས་བྱ་ཞིང་། སྤོས་དང་རོལ་མོས་བྱིན་དབབ་པའི་མཐར་མེ་ཏོག་གི་ཆར་ཕབས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལོ་ཀཱི་ཤྭ་ར་ཛྙཱཱ་ན་ཌཱཀྐི་ནི། ས་པ་རི་ཝཱ་ར། ཨེ་ཨ་ར་ལི། སརྦ་ཙིཏྟ་ཧྲིང་ཧྲིང་ཛཿ ས་མ་ཡ་ཨཱ་ཝེ་ཤ་ཡ་ཨཿཨཿ ཏིཥྛ་བཛྲ་ཧཱུྃ། དེ་ནས་དངོས་གཞི་དབང་བསྐུར་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་པར་ཞུ། །དཀྱིལ་འཁོར་བདག་པོ་ལྷ་ཡི་ལྷ། །བདག་ལ་གསན་ཅིང་དགོངས་སུ་གསོལ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་སྐྱོབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ཞེས་གསོལ་བ་བཏབ་ལ། །ཐོག་མར་ཐུན་མོང་


TR007_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་དབང་ལྔ་བསྐུར་བར་བྱ་བ་སྟེ། དེ་དག་ནི་ཐུགས་རྗེ་ཆེན་པོ་འདི་ཉིད་ཀྱི་གཞུང་ནས་གསལ་ཁ་མ་གསུངས་ཀྱང་། ཆོས་དབང་རིན་པོ་ཆེ་ནས་བཟུང་སྟེ་རྩེ་ལེ་རིག་འཛིན་ཡབ་སྲས་ཀྱི་བར་དུ་ཕྱག་བཞེས་ལ་ཇི་ལྟར་མཛད་པ་བཞིན་དུ་འདིར་ཡང་བཀོད་པ་ཡིན་ཏེ། དེ་ལས་ཐོག་མར་མི་སྐྱོད་པ་ཆུའི་དབང་ནི། བུམ་པ་འཐོགས་ལ་འདི་སྐད་དུ་དམིགས་པ་སྤྲད་དེ། དེ་ཡང་ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ནི་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ཞིང་འཁྲུལ་པ་ལུ་གུ་རྒྱུད་དུ་གྱུར་པ་ལ་བརྟེན་ནས་འཁོར་བའི་རྒྱ་མཚོར་འཁྱམས་པ་ཡིན་ལ། ཕུང་པོ་ལྔ་གནས་སུ་དག་པ་ནི་རྒྱལ་བ་རིགས་ལྔ་རིགས་ལྔའི་ངོ་བོ་ནི་ཡེ་ཤེས་རྣམ་པ་ལྔ་ཡིན་པས། དེ་མངོན་གྱུར་དུ་བྱ་བའི་ཐབས་ནི་རིགས་པའི་དབང་ལྔ་ལ་བརྟེན་དགོས་ཕྱིར། དང་པོ་གཟུགས་ཀྱི་ཕུང་པོ་གནས་སུ་དག་ཅིང་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱེད་པའི་ཕྱིར། །དམིགས་པ་འདི་བཞིན་བསྒོམ་པར་ཞུ།


TR007_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་སྔགས་བརྗོད་པ་ཙམ་གྱིས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི་འཛིན་རྟོགས་མ་དག་པའི་དངོས་པོ་ཐམས་ཅད་སྟོང་པར་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་ཁྱེད་རང་རྣམས་ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་པ་ལ། རྣམ་པ་བཅོམ་ལྡན་འདས་མི་སྐྱོད་པ་སྐུ་མདོག་སྔོན་པོ་ས་གནོན་མཉམ་གཞག་མཛད་ཅིང་ལོངས་སྐུའི་ཆ་བྱད་ཅན་དུ་གསལ་བར་མཛད་པའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་མེད་དུ་ཐིམ་ཞིང་། སླར་འོད་འཕྲོས་པས་དབང་གི་ལྷ་མི་སྐྱོད་པས་གཙོ་མཛད་པའི་རྒྱལ་བ་རིགས་ལྔ་འཁོར་བཅས་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ། དབང་རྫས་ཀྱི་ངོ་བོ་མི་སྐྱོད་པ་ལ་རྣམ་པ་བུམ་ཆུའི་ཚུལ་གྱིས་ཁྱེད་རང་རྣམས་ལ་


TR007_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཞིང་བྱིན་གྱིས་བརླབས་པས། ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བླངས་པའི་སྡིག་སྒྲིབ་དག །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། གཟུགས་ཀྱི་ཕུང་པོའི་རང་བཞིན་མི་སྐྱོད་པའི་ངོ་བོར་སངས་རྒྱས་པའི་ནུས་པ་རྒྱུད་ལ་སྨིན་པའི་ངེས་ཤེས་མཛད་པ་དང་། དེ་ལྟ་བུའི་དབང་རྣམས་བསྐུར་བའི་དུས་སུ། སངས་རྒྱས་སྤྱན་མ་ལ་སོགས་རིགས་ཀྱི་ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས་ཏེ་དབང་གི་ཡེ་ཤེས་བསྐྱེད། ས་སྙིང་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབས་ཏེ་རབ་ཏུ་གནས་པར་མཛད། པུཥྤེ་མ་ལ་སོགས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་གྱིས་མཆོད། རྣམ་པར་རྒྱལ་བ་ལ་སོགས་ཁྲོ་བོ་བ་རྣམས་ཀྱིས་བར་དུ་གཅོད་པའི་བགེགས་སྐྲོད་པའི་མོས་པ་བརྟན་པོ་གནང་བར་ཞུ། ཧཱུྃ། །ལྷ་ཡི་བདུད་རྩི་དག་པའི་ཆུས། །ཇི་ལྟར་བལྟམས་ཤིང་ཁྲུས་གསོལ་ལྟར། །ཉོན་མོངས་རྣམ་དག་ཡེ་ཤེས་


TR007_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི། །དབང་མཆོག་དེང་འདིར་ཐོབ་པར་ཤོག །བཛྲ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཧཱུྃ། །ཞེས་དབང་བསྐུར་བའི་མཐར་མེ་ཏོག་འཐོར་ལ། ཤར་གྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའ་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའ་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ནས་དབུ་རྒྱན་རིགས་ལྔ་དར་དཔྱངས་ཅན་འཐོགས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ༴ སྟོང་པའི་ངང་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་དང་མཉམ་གཞག་མཛད་པར་གསལ་བའི་གནས་གསུམ་ལས་འོད་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་བསྟིམ་ཞིང་། སླར་ཡང་དབང་གི་ལྷ་རིན་འབྱུང་གིས་གཙོ་མཛད་པའི་རྒྱལ་བ་རིག་ལྔ་རྣམས་ཀྱིས། དབང་རྫས་ཀྱི་ངོ་བོ་རིན་འབྱུང་ལ་རྣམ་པ་དབུ་རྒྱན་ཅོད་པན་གྱི་དབང་བསྐུར་བས། །ཉོན་མོངས་པ་ང་རྒྱལ་གནས་སུ་དག་ཅིང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས། །ཚོར་བའི་ཕུང་


TR007_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་སངས་རྒྱས་པའི་ནུས་པ་རྒྱུད་ལ་འཇོག་པའི་ངེས་ཤེས་མཛད་པར་ཞུ། ཏྲྃ། དངོས་ཉིད་ཆོས་ལ་དབང་བསྒྱུར་ཕྱིར། །རིན་ཆེན་དབུ་རྒྱན་བླ་ན་མེད། །བདག་པོའི་དབང་ཕྱུག་རྒྱལ་བའི་སྐུ། །ཅོད་པན་དམ་པས་དབང་བསྐུར་རོ། །རཏྣ་མུ་ཀ་ཊ་ཨ་བྷི་ཥཱིཉྩ་ཏྲཾ། ཞེས་དབང་བསྐུར་ཞིང་། ལྷོ་ཡི་ཕྱོགས་ནས་བཀྲ་ཤིས༴ རིན་ཆེན་འབྱུང་གནས་བཀྲ་ཤིས༴ རིན་ཆེན་འབྱུང་ལྡན༴ བཀྲ་ཤིས་དེས་ཀྱང་༴ ཞེས་སོགས་ཀྱི་ཤིས་པ་བརྗོད་དོ། །དེ་ནས་རྡོ་རྗེ་ལག་ཏུ་འཐོགས་ལ། ཨོཾ་སྭ་བྷཱ་ཝ༴ སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་དུ་གསལ་བའི་གནས་གསུམ་འོད་ཟེར་གི་ཡེ་ཤེས་པ་བསྟིམ་ཞིང་། དབང་གི་ལྷ་སྣང་མཐས་གཙོ་མཛད་པའི་རིགས་ལྔ་འཁོར་བཅས་བྱོན་ཏེ། དབང་རྫས་ཀྱང་ངོ་བོ་སྣང་མཐའ་ལ་རྣམ་པ་ཡེ་ཤེས་ཀྱི་རྡོ་རྗེས་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་གནས་སུ་དག་ཅིང་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ཏེ།


TR007_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཀྱི་ངོ་བོར་སྨིན་པའི་ངེས་ཤེས་མཛད་པར་ཞུ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །ཡང་དག་དོན་གྱི་རྡོ་རྗེས་སྟེ། །སངས་རྒྱས་ཀུན་ནས་རབ་གྲུབ་ཕྱིར། །རྡོ་རྗེའི་དབང་འདི་ཁྱོད་ཀྱིས་ལོང། །བཛྲ་ཛྙཱ་ན་ཨ་བྷི་ཥཱིཉྩ་ཧྲཱིཿཞེས་དབང་བསྐུར་ལ། ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས༴ །སྣང་བ་མཐའ་ཡས་བཀྲ་ཤིས༴ ཞེས་སོགས་ཀྱི་ཤིས་པ་བརྗོད་དོ། །དེ་ནས་དྲིལ་བུ་འབོགས་ལ། ཨོཾ་སྭ་བྷཱ་ཝ༴ སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཆོས་འཆད་མཉམ་གཞག་མཛད་པར་གསལ་བའི་འོད་ཀྱིས་ཡེ་ཤེས་པ་བསྟིམ་ཞིང་། དོན་གྲུབ་ཀྱིས་གཙོ་མཛད་པའི་རིགས་ལྔས། དབང་རྫས་ངོ་བོ་དོན་ཡོད་གྲུབ་པ་ལ་རྣམ་པ་དྲིལ་བུས་དབང་བསྐུར་བས། ཉོན་མོངས་ཕྲག་དོག་གནས་སུ་དག་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་ཏེ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའི་ངོ་བོར་སྨིན་པའི་ངེས་ཤེས་མཛད་པར་ཞུ།


TR007_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ འགྲོ་བའི་དོན་དུ་ཆོས་ཀྱི་གསུང་། །ཐབས་ཤེས་མཉམ་སྦྱོར་བདག་ཉིད་དོན། །གསུང་རབ་དཔག་མི་སྒྲོག་པ་ཡི། །དམ་པའི་དོན་དུ་དབང་བསྐུར་རོ། དྷརྨ་གྷཎྜེ་ཨ་བྷི་ཥཱིཉྩ་ཨཿ ཞེས་བསྐུར་ལ། །བྱང་གི་ཕྱོགས་ནས་བཀྲ་ཤིས༴ དོན་ཡོད་གྲུབ་པའི་བཀྲ་ཤིས༴ སོགས་ཀྱི་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །དེ་ནས་འཁོར་ལོ། རྣམ་སྣང་གི་སྐུའམ། ཡང་ན་རྡོར་དྲིལ་གཉིས་ལྷན་གཅིག་འཐོགས་ལ། ཨོཾ་སྭ་བྷཱ་ཝ༴ སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པར་གསལ་བའི་འོད་ཀྱིས་ཡེ་ཤེས་པ་བསྟིམ་ཞིང་། དབང་གི་རྣམ་སྣང་གིས་གཙོ་མཛད་པའི་རིགས་ལྔས། དབང་རྫས་ཀྱི་ངོ་བོ་རྣམ་སྣང་ལ་རྣམ་པ་འཁོར་ལོས་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་གནས་སུ་དག་ཅིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར། རྡོ་རྗེ་མིང་གི་དབང་ཐོབ་པས་རྣམ་པར་ཤེས་པའི་ཕུང་པོ་བདེར་གཤེགས་རྣམ་སྣང་


TR007_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོར་ལྷུན་གྱིས་གྲུབ་པའི་ངེས་ཤེས་བརྟན་པོ་མཛད་པར་ཞུ། ཨོཾ། །རྡོ་རྗེའི་བདག་ཉིད་རྡོ་རྗེ་ཆེ། །རྡོ་རྗེ་མིང་ནི་བླ་ན་མེད། །ཞིང་ཁམས་ཀུན་དུ་རབ་གྲགས་པའི། །རྡོ་རྗེ་མིང་གི་དབང་བསྐུར་རོ། །བུདྷ་ནཱ་མ་ཨ་བྷི་ཥཱིཉྩ་ཨོཾ། ཞེས་བསྐུར་ལ། དབུས་ཀྱི་ཕྱོགས་ནས་བཀྲ་ཤིས༴ རྣམ་པར་སྣང་མཛད་བཀྲ་ཤིས༴ སོགས་ཀྱི་ཤིས་པ་བརྗོད་དོ། །དེ་ལྟར་ཕྱི་ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ལ་བརྟེན་ནས། སྦྱང་བྱ་ཕུང་པོ་ལྔ་དང་ཉོན་མོངས་དུག་ལྔ་གནས་སུ་དག །སྦྱོང་བྱེད་རྒྱལ་བ་རིགས་ལྔ་དབང་རྫས་རྣམ་པ་ལྔའི་ཚུལ་གྱིས་དབང་བསྐུར་བས་བྱིན་རླབས་དང་ནུས་པ་རྒྱུད་ལ་སྨིན་ཞིང་དབང་དོན་ངོ་ཕྲོད། སྦྱང་འབྲས་སྐུ་ལྔ་ཡེ་ཤེས་ལྔའི་དོན་མངོན་དུ་འགྱུར་བར་བྱེད་པ་ལྕགས་ལ་གསེར་འགྱུར་གྱི་རྩི་ཐེབས་ལྟ་བུའི་ཟབ་གནད་ཡིན་པས། དེ་ལྟར་ཐོབ་པའི་ངེས་ཤེས་མཛད་པར་ཞུ་ལགས། ཅེས། ཐུན་མོང་རིག་པའི་དབང་འདི་དག་ནི་ཆོས་བཀའ་འདི་གཅིག་པུར་མ་ཟད་བླ་རྫོགས་


TR007_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གསུམ་ག་དང་བཀའ་བརྒྱད་ཕུར་པ་ཚེ་དབང་སོགས་ལའང་སྦྱོར་བའི་ཕྱག་སྲོལ་སྣང་ངོ་། །དེ་ནས་ཁྱད་པར་གྱི་དབང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །བླ་མ་ལྷ་ཚོགས་དགོངས་སུ་གསོལ། །བདག་ཉིད་སྨིན་ཅིང་གྲོལ་བ་དང་། །སེམས་ཅན་ཀུན་གྱི་གདོན་གྱི་ཕྱིར། །ཁྱད་པར་དབང་རྣམས་བསྐུར་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པའི་མཐར། གཙོ་བུམ་བླང་ལ། དེ་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཡེ་གདོད་མ་ནས་ཀྱང་ལྷུན་གྱིས་གྲུབ་པ་ལ། གོང་དུ་སློབ་དཔོན་གྱིས་གསལ་བཏབ་ཅིང་ཡེ་ཤེས་པ་བཅུག་སྟེ་བརྟན་པར་བགྱིས་པས་ན། དེ་ལྟ་བུ་སྒོ་གསུམ་ལྷའི་རང་བཞིན་ཉིད་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་མཛད་པ་དང་། བདག་སློབ་དཔོན་ཡང་འཕགས་པ་ཐུགས་རྗེ་ཆེན་པོ་དངོས་སུ་མོས་པར་མཛད་ཅིང་། བུམ་པ་འདི་ཉིད་ཀྱང་ཕྱི་བུམ་པའི་རྣམ་པ་ནི་སྐུ་གསུམ་མཚོན་པ་ཡིན་ཏེ། དབྱིབས་ཟླུམ་པོར་སྣང་


TR007_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཆོས་སྐུ་སྤྲོས་པ་མེད་པའི་བརྡ་དང་། ཁ་རྒྱན་མགུལ་འཆིངས་སོགས་ཀྱིས་བརྒྱན་པ་ནི་ལོངས་སྐུ་མཚན་དཔེ་རྫོགས་པ་དང་། བུམ་རྫས་བདུད་རྩིའི་ཆུ་ནི་སྤྲུལ་སྐུ་འགྲོ་དོན་མཛད་པ་མཚན་སྟེ། ཕྱི་དབྱིབས་དེ་ལྟ་བུ་ལས་ནང་ནི་ཡེ་ཤེས་འོད་ལྔ་འཁྲིག་པའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་ནང་དུ་འཕགས་པ་ཐུགས་རྗེ་ཆེན་པོ་གཙོ་འཁོར་སྤྲུལ་པ་དང་བཅས་པའི་ལྷ་ཚོགས་བཞུགས་པ་འདི་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས། ལྷ་རྣམས་བདུད་རྩིའི་རང་བཞིན་དུ་མེར་གྱི་ཞུ་ནས་ཁྱོད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་ལྟེམ་གྱི་གང་། ཚེ་རབས་འཁོར་བ་ཐོག་མེད་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །ལུས་ལྷའི་སྐྱེད་རིམ་བསྒོམ་པ་ལ་དབང་


TR007_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་རྟེན་འབྲེལ་མཐའ་དག་དུས་འདི་ཉིད་ནས་འགྲིག་པའི་མོས་པ་བརྟན་པོ་གནང་བར་ཞུ། ཧྲཱིཿ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ། བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ། །སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུས། །ལྷ་དབང་ལུས་ལ་རྫོགས་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲིཿཀ་ཡ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བུམ་དབང་བསྐུར་ཞིང་། རོལ་མོ་འཛབ་དབྱངས་ལ་སོགས་པས་བྱིན་ཕབ་སོ། དེ་ནས་གསང་དབང་ནི། ཐོད་པ་བདུད་རྩིས་བཀང་བ་འཐོགས་ལ། དེ་ནས་ཡང་ཁྱེད་རང་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐྱེ་རིམ་གསལ་བཞིན་པའི་ངང་ནས། མདུན་སྐྱེད་ཀྱི་ལྷ་ཚོགས་ཡབ་ཡུམ་ཐབས་ཤེས་མཉམ་རོལ་གྱི་སྦྱོར་མཚམས་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པ་མཚན་ཀ་པ་ལའི་ནང་དུ་འཁྱིལ་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་བཞག་ཅིང་བླུད་དེ་དབང་བསྐུར་བས། ངག་གི་སྒོ་ནས་བསགས་


TR007_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །རྩ་ཁམས་བདེ་བའི་ཡེ་ཤེས་བཅུད་ཀྱིས་གང་སྟེ་གསང་བའི་དབང་ཐོབ་ངག་བཟླས་པ་གསུང་གི་འཁོར་ལོ་ཉམས་སུ་ལེན་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་པས། །དེ་དང་མཐུན་པའི་ངེས་ཤེས་མཛད་པར་ཞུ། ཧྲཱིཿ གསང་བ་ཡེ་ཤེས་བདུད་རྩི་ཆེ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུར་གསལ། །རྩ་ཁམས་བདེ་བའི་རང་བཞིན་ལ། །ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག །ཨོཾ་མ༴ བ་ོདྷི་ཙིཏྟ་ཨ་ཧོ་སུ་ཁ། ཝ་ཀ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་དབང་བསྐུར་ཞིང་བདུད་རྩི་བླུད་དོ། །དབང་འདི་ཉིད་ཐོབ་པས་ནི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་བཟླས་བརྗོད་བགྱིད་པར་དབང་བ་ཡིན་པས་ན། ཕྱི་ལྟར་བསྙེན་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་འོད་དཔག་མེད། ཐུགས་ཁར་རྟ་མགྲིན་དང་བཅས་པའི་ལྷ་གསུམ་སོ་སོའི་ཐུགས་ཀར་ཟླ་བའི་


TR007_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གེ་མཐར་ཡིག་དྲུག་གིས་བསྐོར་བར་དམིགས་ཏེ་བཟླས་པ་བྱ་ཞིང་། དེ་ཡང་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་ཧྲིཿདང་སྔགས་ཕྲེང་དཀར་པོ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པ་ཕུལ་ཞིང་། སྐུའི་དངོས་གྲུབ་ཐམས་ཅད་རང་ཉིད་ལ་ཐིམ་པར་དམིགས། འོད་ཟེར་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱང་ཞིང་འཕགས་པའི་སྐུའི་གོ་འཕངས་ལ་བཀོད་པར་དམིགས་ལ་ཡིག་དྲུག་བཟླ། དེ་བཞིན་དུ། སྤྱི་གཙུག་མཐའ་ཡས་ཀྱི་ཐུགས་ཀའི་ས་བོན་སྔགས་དང་བཅས་པའི་འོད་ཟེར་དམར་པོས་རྒྱལ་བ་རྣམས་ཀྱི་གསུང་ལ་མཆོད་ཅིང་གསུང་གི་དངོས་གྲུབ་བསྡུས། སེམས་ཅན་རྣམས་ཀྱི་ངག་སྒྲིབ་སྦྱང་ནས་གསུང་གི་གོ་འཕངས་ལ་བཀོད། རྟ་མགྲིན་ཐུགས་ཁའི་འོད་ཟེར་མཐིང་གས་རྒྱལ་བ་རྣམས་ཀྱི་ཐུགས་ལ་མཆོད་ཅིང་ཐུགས་ཀྱི་དངོས་གྲུབ་བསྡུས། སེམས་ཅན་རྣམས་ཀྱི་


TR007_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྒྲིབ་སྦྱང་སྟེ་འཕགས་པའི་ཐུགས་ཀྱི་གོ་འཕངས་ལ་བཀོད་པར་བསམ་ཞིང་ཡིག་དྲུག་བཟླ་བ་ནི་ཕྱིའི་བཟླས་པའོ། །ལྷ་གསུམ་གྱི་ཐུགས་ཀའི་འོད་ཟེར་རྣམས་སྤྲུལ་པའི་ཁོ་བོ་མོ་དང་མཚོན་ཆ་སྣ་ཚོགས་ཀྱི་ཚ་ཚ་འཕྲོ་བ་ཡེ་ཤེས་ཀྱི་མེ་སྤུངས་དང་བཅས་པ་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས། གང་དག་ཞི་བས་མི་འཐུལ་བའི་བདུད་བགེགས་ལོག་འདྲེན་བར་ཆད་ཐམས་ཅད་རྡུལ་དུ་རློག་པར་དམིགས་ནས། ཨོཾ་ཨཱཿཧཱུྃ་ཧྲིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊཿ ཞེས་ཡི་གེ་བཅུ་གཅིག་པ་དྲག་པོར་བཟླ་བ་ནི་ནང་གི་བཟླས་པ་དང་གསང་བ་རྫོགས་རིམ་ལྟར་ན། རླུང་འབྱུང་འཇུག་གནས་གསུམ་ཡིག་དྲུག་རྡོ་རྗེའི་བཟླས་པར་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། དེ་ཡང་རླུང་ནང་དུ་རྔབ་པ་ནི་ཨོཾ་དང་མ། ཁོང་དུ་གནས་པ་ནི་ཎི་དང་པད། ཕྱིར་འབྱིན་པ་ནི་མེ་དང་ཧཱུྃ་ཧྲཱིཿདང་བཅས་པ་རྒྱུན་ཆགས་སུ་རང་ཤུགས་ཀྱིས་


TR007_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པས་ན་རྩོལ་བཅས་ཀྱིས་བཟླས་པ་ལ་རག་མ་ལུས་པ་སྟེ། དེ་ལྟར་ཕྱི་ནང་གསང་བའི་བཟླས་པ་རྣམས་ལ་རྒྱུན་དུ་བརྩོན་པར་མཛད་འཚལ། འདི་སྐབས་སུ་སྤྲོ་ན་ཡེ་ཤེས་རིག་པའི་འཛབ་བསྐུལ་ཡང་བྱ་ཞིང་། བླ་མས་འཕྲེང་བ་ཐོགས་པའི་སྣ་གཅིག་སློབ་མས་བཟུང་ནས་འདྲེན་ཅིང་ཡིག་དྲུག་གི་བཟླས་ལུང་འབོགས་པ་ཡང་ཕྱག་བཞེས་སོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་མཚོན་བྱེད་མེ་ལོང་འཐོགས་ལ། དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་ནམ་མཁའ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཆ་བྱད་རུས་བརྒྱན་གར་སྟབས་ཅན་ལ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་གསལ་བ་ལས་མོས་གུས་གདུང་ཤུགས་བསྐྱེད་ཅིང་ཏིང་འཛིན་རྒྱུད་ལ་སྐྱེ་བར་ཡིད་ཀྱིས་གསོལ་བ་བཏབ། སླར་རང་གི་སྙིང་གར་རིག་པའི་ངོ་བོ་ཧྲཱིཿདང་མར་མེ་ལྟ་བུ་འོད་ཀྱི་རང་བཞིན་ཅན་ཅིག་ལ་སེམས་རྩེ་གཅིག་གཏད་ཏེ་གཞན་དུ་སྐད་ཅིག་ཀྱང་མ་ཡེངས་པར་མཛོད་ཅིག །


TR007_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ འཁོར་བ་མྱང་འདས་ཀུན་གྱི་གཞི། །རང་སེམས་རིག་ན་འཆིང་གྲོལ་མེད། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣ་ཚོགས་རང་གྲོལ་རིག་པའི་དངས། །སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག །ཙིཏྟ་བཛྲ་ས་མ་དྷི་ཛྙཱ་ན་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་སྙིང་གར་བསྐུར་ལ། དེ་ཡང་མེ་ལོང་ཟླུམ་པོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་དཔེ་མཚོན་ལ། །དངས་ཤིང་གསལ་བ་ནི་གདངས་འགག་མེད་ལོངས་སྐུ་དང་། གཟུགས་བརྙན་སྣ་ཚོགས་འཆར་བ་ནི་རྩལ་སྤྲུལ་སྐུ་ཅིར་ཡང་འཆར་བའི་བརྡ་མཚོན་པའི་དབང་བསྐུར་བས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་ཅིང་། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །རྫོགས་རིམ་གསལ་སྟོང་ཟུང་འཇུག་བསྒོམས་པ་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །འདི་སྐབས་སུ་ཆོས་གཞན་དུ་མས་ཀྱི་ཕྱག་རྒྱ་སོགས་ལ་བརྟེན་པའི་བདེ་སྟོང་ཟུང་འཇུག་


TR007_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་དོན་ངོ་སྤྲོད་པ་ཡིན་ལ། འདིར་གསལ་སྟོང་ཟུང་འཇུག་ལ་ངོ་སྤྲོད་པ་སྟེ། དོན་ལ་ཁྱད་མེད་དེ་རང་རིག་ལྷན་སྐྱེས་ཀྱི་ཡེ་ཤེས་རང་ངོ་ཤེས་པའི་ཐབས་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་རྣམ་ཀྱང་དགོངས་པ་མཐུན་ནོ། །དེ་ནས་དབང་ཐམས་ཅད་ཀྱི་མཐར་ཐུག་ཚིག་དབང་རིན་པོ་ཆེ་རིག་པ་རྩལ་གྱི་དབང་ནི་ཀུན་རྫོབ་རྫས་ཀྱི་དབང་ལ་མི་ལྟོས་པའི་ཕྱིར། ཡེ་ཤེས་རིག་པ་མཆོག་གི་རྒྱུད་ཀྱི་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པ་ཡིན་པས། སེམས་མ་བཅོས་རང་བབས་སུ་གློད་ནས་གསན་འཚལ། ཧྲཱིཿ སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོགས་པ་ན། །དྲན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ། །ཟུག་རྔུ་བྲལ་བས་བདེ་བ་ཆེ། །དེ་ནི་གནས་མཆོག་རིག་པའི་དབང་། །སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོག་པ་ན། །ཐ་མལ་སྒོ་གསུམ་སྐུ་གསུང་ཐུགས། །ཅིར་མི་དགོངས་ལ་ཐུགས་རྗེ་ཆེ། །དེ་ནི་ལྷ་མཆོག་རིག་པའི་དབང་། །


TR007_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོགས་པ་ན། །སྒོ་ལྔ་ཡུལ་དང་གཉིས་མེད་མཆོད། །དེ་ནི་མཆོད་ཚོགས་རིག་པའི་དབང་། །སེམས་ཉིད་གསལ་ལ༴ མེ་ལོང་ལྟ་བུར༴ འགྲོ་དོན་བྱ་བྱེད་ལྷུན་གྱིས་གྲུབ། །དེ་ནི་གཞན་དོན་རིག་པའི་དབང་། །སེམས་ཉིད་གསལ་ལ༴ མེ་ལོང་ལྟ་བུར་རྟོགས༴ འདུ་ཤེས་བྲལ་བས་འཁོར་བ་དག །དེ་ནི་དོང་སྤྲུག་རིག་པའི་དབང་། །ཐུགས་རྗེ་ཆེན་པོའི་དབང་དོན་ནི། །ཐམས་ཅད་ཡེ་སངས་རྒྱས་པའི་དབང་། །རྟོགས་ཤིང་རང་དབང་རང་གིས་བསྒྱུར། །བསྐུར་ཐོབ་རྩོད་བྲལ་བདེ་ཆེན་ཡིན། ཞེས་གསུངས་པས། འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་རོལ་པར་རྟོགས་ཕྱིན་ཆད་ཅིར་སྣང་ཅིར་ཤར་ཐམས་ཅད་ཐུགས་རྗེ་ཆེན་པོར་མ་གྱུར་པ་རྡུལ་ཙམ་ཡང་མེད་ཚེ། ཆོས་ཉིད་རྣམ་རོལ་ཁྱབ་གདལ་ཆེན་པོའི་སྤྱོད་པ་ལས་


TR007_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདའ་བ་ནི་དབང་ཐམས་ཅད་ཀྱི་རྒྱལ་པོ་ཡང་ཡིན་ལ། མན་ངག་ཉམས་ལེན་ཐམས་ཅད་ཀྱི་སྙིང་པོ་ཡིན་པས། དེ་ལྟར་བུའི་དོན་ལ་གོམས་པར་བྱོས་ཤིག། ༈ །།དེ་ནས་འགྲོ་འདུལ་གྱི་དབང་ནི་ཐུབ་དྲུག་དང་གཙོ་བོ་ཡབ་ཡུམ་གྱི་སྐུའམ་ཡིག་འབྲུའི་ཙ་ཀ་ལི་འཐོགས་ལ་རིམ་པ་བཞིན་ཚིག་དང་མཐུན་པར་བསྐུར་ཏེ། དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པའི་མཐའ་རྟེན་འགྲོ་བ་འདུལ་བའི་དབང་བསྐུར་བའི་སྤྲུལ་པ་འགྲོ་འདུལ་གྱི་ལྷ་ཚོགས། རྣམ་པ་ནི་ཡིག་དྲུག་ཧྲཱིཿདང་བཅས་པ་འདི་དག་གིས་དབང་བསྐུར་བས། འཕགས་པའི་ལྷ་ཚོགས་དེ་དག་རྣམས་དང་དབྱེར་མེད་པའི་ཐུགས་རྗེ་དང་ཕྲིན་ལས་ལ་མངའ་བརྙེས་པར་གྱུར་པའི་མོས་པ་མཛོད། ཨོཾ། །ལྷ་དབང་བརྒྱ་བྱིན་སྐུ་གསུང་ཐུགས། །ལྷ་རྣམས་འདུལ་བའི་སྲོག་སྙིང་ཨོཾ། ཨོཾ་ཟུང་ལྷ་ཡི་འགྲོ་བ་ཐུལ། །ལྷ་ཡིག་འཁོར་བ་སྟོང་པར་ཤོག །ཡང་། ཐུགས་བཟང་རིས་ཀྱི་སྐུ་གསུང་ཐུགས། །ལྷ་མིན་འདུས་པའི་སྲོག་སྙིགས་མ། །མ་ཟུང་ལྷ་


TR007_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མིན་འགྲོ་བ་ཐུལ། །ལྷ་མིན་འཁོར་བ་སྟོང་པར་ཤོག །ཎི། ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས། །མི་རྣམས་འདུལ་བའི་སྲོག་སྙིང་ཎི། ཎི་ཟུང་མི་ཡི༴ མི་ཡི་འཁོར་བ༴ པད། །སེང་གེ་རབ་བརྟན་སྐུ་གསུང་ཐུགས། །བྱོལ་སོང་འདུལ་བའི་སྲོག་སྙིང་པད། པད་ཟུང་བྱོལ་སོང་༴ བྱོལ་སོང་འཁོར་བ༴ མེ། ནམ་མཁའ་མཛོད་ཀྱི་སྐུ་གསུང་ཐུགས། །ཡི་དྭགས་འདུལ་བའི་སྲོག་སྙིང་མེ། །མེ་ཟུང་ཡི་དྭགས་འགྲོ༴ ཡི་དྭགས་འཁོར་བ༴ ཧཱུྃ། ཆོས་ཀྱི་རྒྱལ་པོ་སྐུ་གསུང་ཐུགས། །དམྱལ་བ་འདུལ་བའི་སྲོག་སྙིང་ཧཱུྃ། །ཧཱུྃ་ཟུང་དམྱལ་བའི་འགྲོ༴ དམྱལ་བའི་འཁོར་བ་སྟོང་༴ ཧྲཱིཿ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས། །བདེར་གཤེགས་འདུལ་བའི་སྲོག་སྙིང་ཧྲཱིཿ ཧྲཱིཿ ཟུང་འཁོར་བ་དོང་ནས་སྤྲུག །རྒྱུད་དྲུག་འཁོར་བ་སྟོངས་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བསྐུར་རོ། །སྐབས་འདིར་སྐྱེ་བདུན་རིལ་སྒྲུབ་དང་འབྲེལ་ན་དེ་ཉིད་ཀྱི་བུམ་པས་དབང་བསྐུར་བ་


TR007_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདི་ཡི་དབང་རྐྱང་པ་ལ་ནི་མི་དགོས་མོད་ཀྱང་། དིང་སང་ཕྱག་སྲོལ་ལྟར་ན་བར་འདིར། བུམ་པ་གཞལ་ཡས་ཁང་གི་ནང་དུ་རིལ་བུ་ཐུགས་རྗེ་ཆེན་པོའི་ངོ་བོར་བཞུགས་པ་རྣམས་སློབ་མའི་ལུས་ལ་ཐིམ་པའི་དམིགས་པ་སྤྲད་ཅིང་། ཧྲཱིཿ བུམ་པ་ཟླུམ་པོ་སྤྲོས་བྲལ་ཆོས་ཀྱི་སྐུ། །ཕྱི་ནི་གཞལ་ཡས་ནང་ནི་ཡི་དམ་ལྷ། །ཐུགས་རྗེ་ཆེན་པོའི་བུམ་པའི་དབང་བསྐུར་བས། །སྐུ་གསུང་ཐུགས་རྗེ་དབང་མཆོག་ཐོབ་པར་ཤོག །ཅེས་ཡིག་དྲུག་གི་འཛབ་དང་བཅས་ཏེ་བསྐུར་བའི་ཕྱག་སྲོལ་སྣང་ངོ་། དེ་ནས་གཏོར་མ་འཐོགས་ལ། གཏོར་མ་འདི་ཉིད་ཡེ་ཤེས་འོད་ལྔ་འཁྲིག་པའི་གཞལ་ཡས་ཁང་གི་ནང་དུ། འཕགས་པའི་ལྷ་ཚོགས་བཞུགས་པ་རྣམས་ཀྱི་སྐུའི་གནས་ལྔ་ནས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས། དུག་ལྔ་དུག་གསུམ་ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་དང་བཅས་པ་བྱ་ཞིང་དག་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པའི་མོས་པ་མཛད་པར་ཞུ།


TR007_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ། ཆོས་སྐུ་སྐྱེ་བ་མེད་པ་འདས། །ལོངས་སྐུ་རྒྱལ་བའི་ལྷ་ཚོགས་ཤར། །ཐུགས་རྗེ་སྤྲུལ་སྐུ་བླ་ན་མེད། །གཏོར་མ་སྐུ་གསུམ་ཡོངས་རྫོགས་ཀྱིས། །སྐལ་ལྡན་དབང་བཞི་ཡོངས་རྫོགས་ཏེ། །འབྲས་བུ་སྐུ་བཞི་མཆོག་ཐོབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བསྐུར་ཞིང་། །གཏོར་མ་དངོས་གྲུབ་ཏུ་བཀྱེ་བར་བྱའོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་ཟབ་མོ་ཐོབ་པའི་དམ་ཚིག་ཏུ། སྤྱིར་འགྲོ་བ་སེམས་ཅན་ཀུན་ལ་གནོད་འཚེ་སྤོང་ཞིང་ཕན་པ་ཅི་ནུས་བསྒྲུབ། སྒོས་སུ་རྡོ་རྗེའི་སློབ་དཔོན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། མཆེད་ལྕམ་རྣམས་ལ་དཀྱིལ་འཁོར་ལྷའི་འདུ་ཤེས་རྟག་ཏུ་བྱ། ཁྱད་པར་དུ། སྐུའི་དམ་ཚིག་ཏུ་ལུས་ཀྱི་སྒོ་ནས་མི་དགེ་བ་མཐའ་དག་སྤང་ཞིང་ཕྱག་མཆོད་སྐོར་བ་ལ་སོགས་ལ་འབད་པ་དང་ཐུགས་རྗེ་ཆེན་པོའི་སྐྱེད་རིམ་སྒོམ། གསུང་གི་དམ་ཚིག་ཏུ་


TR007_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ཉེས་པ་སྤང་ནས་ཁ་དོན་ཆོས་སྤྱོད་དང་ཡིག་དྲུག་ལ་འབུངས། ཐུགས་ཀྱི་དམ་ཚིག་ཏུ་ཡིད་ཀྱི་མི་དགེ་བ་མཐའ་དག་སྤང་སྟེ་དག་སྣང་སྦྱང་ཞིང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཉམས་ལེན་ལ་བརྩོན་པར་བྱས་སྟེ། གསང་སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེ་གསུངས་ཀྱང་རྩ་བ་འདི་དག་ཏུ་འདུ་བས་ན། བླང་དོར་ཚུལ་བཞིན་འབད་པས་རང་གཞན་གྱི་དོན་གཉིས་འགྲུབ་པར་མཛད་འཚལ། དེ་ནས་ཤིས་བརྗོད་དང་ཚོགས་ཀྱི་དགའ་སྟོན་བྱ་ཞིང་། རྗེས་ཀྱི་ལས་རིམ་མཐའ་དག་ནི་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར་འདི་ནི་རྒྱས་པར་དབང་བཞི་ཡོངས་རྫོགས་སུ་བཀོད་པ་ཡིན་ལ། བསྡུས་པར་བྱེད་ན། ཐུན་མོང་རིག་པའི་དབང་རྣམས་བཞག་པའམ། ཡང་། དེང་སང་གསང་སྔགས་འཆལ་བའི་དུས་དབང་གིས། སྐྱེ་བོ་ཕལ་པ་ལ་ཁྲོམ་དབང་ལྟ་བུར་བྱེད་དགོས་པའི་ཚེ་ན། སྔོན་འགྲོ་གཞན་རྣམས་བཞག །ཆོས་བཤད། །སྐྱབས་སེམས། །ཡེ་ཤེས་དབབ་པ་རྣམས་བྱས་ལ། རིག་པའི་དབང་ལྔ། འགྲོ་འདུལ་གྱི་དབང་དང་། གཏོར་དབང་རྣམས་བྱས་ཀྱང་རུང་


TR007_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བས། མདོར་ན་སློབ་དཔོན་ཉིད་ཀྱིས་གང་འགབས་སྐབས་དང་བསྟུན་ཤེས་པར་བྱའོ། །འདི་ལྟ་བུ་ཞིག་དགོས་ཞེས། བླ་མ་རིན་པོ་ཆེ་རྒྱལ་སྲས་དབང་ཕྱུག་པས་བསྐུལ་བར་མཛད་པ་ལྟར། ཐུགས་རྗེ་ཆེན་པོ་ལ་མོས་པའི་བཙུན་པ་སྣ་ཚོགས་རང་གྲོལ་གྱིས་རྒོད་ཚང་དཔལ་གྱི་རི་བོར་བཀོད་པའི་དགེ་བས། འགྲོ་ཀུན་ཐུགས་རྗེ་ཆེན་པོའི་གོ་འཕངས་ལ་འཁོད་པར་གྱུར་ཅིག །མངྒ་ལམ། གཅིག་ཞུད།


previousཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར་གྱིས་ལས་རིམ་ཇི་ལྟར་བྱ་ཚུལ།no next