Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
 
ཕྱག་རྡོར་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམ་མདོར་བསྡུས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousཕྱག་རྡོར་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམ་མདོར་བསྡུས།next

ཕྱག་རྡོར་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམ་མདོར་བསྡུས།


TR007_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམ་མདོར་བསྡུས་བཞུགས་སོ། །ནམ་མཁས་གར་ཁྱབ་ཕ་མ་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་གོ་འཕང་ལ་འགོད་ཕྱིར། །རྒྱལ་བ་ཀུན་གྱི་གསང་འཛིན་མཐུ་སྟོབས་བདག །དཔལ་ལྡན་རྡོ་རྗེ་འཛིན་དབང་བསྒྲུབ་པར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྔགས་ཀྱི་ནུས་པ་མ་དག་སྣོད་བཅུད་སྦྱངས། །འཁོར་འདས་མུས་གདོད་ནས་དག་པ་ཡི། །སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་། །ཉི་མ་བརྩེགས་པའི་གདན་ལ་རང་རིག་འདི། །ཧཱུྃ་ཡིག་མཐིང་ནག་འོད་དུ་འབར་བར་གྱུར། །འོད་ཟེར་ཡར་འཕྲོས་རྒྱལ་བ་ཐམས་ཅད་མཆོད། །མར་འཕྲོས་འགྲོ་བ་ཀུན་གྱི་སྡིག་སྒྲིབ་སྦྱངས། །འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ་པ་ཡིས། །ཧཱུྃ་དེ་ཕྱག་ན་རྡོ་རྗེའི་སྐུར་གྱུར་ཏེ། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཤིན་ཏུ་ཁྲོ་ཞིང་གཏུམ་ལ་འཇིགས་པའི་སྐུ། །ཞལ་གདངས་ལྗགས་


TR007_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིལ་མཆེ་གཙིགས་སྤྱན་གསུམ་བགྲད། །སྨིན་མ་ཨག་ཚོམ་རལ་པ་མེ་ལྟར་འབར། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩི་ལྔ་གདེངས། །གཡོན་པ་ཐུགས་ཀར་སྡིག་མཛུབ་ཕྱག་རྒྱ་གཟིར། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དོར་ཐབས་བཞེངས། །དབུ་ལ་ཐོད་སྐམ་རིགས་ལྔ་དར་དབྱངས་མཛེས། །སྙན་དང་མགུལ་དང་ཕྱག་ཞབས་ཐམས་ཅད་ལ། །རིན་ཆེན་རྒྱན་དང་སྦྲུལ་གྱིས་ཆུན་བུས་བརྒྱན། །སྐུ་སྟོད་གླང་ཆེན་ཀོ་རློན་སྨད་སྟག་ཤམ། །ཁྲོ་བོའི་རྒྱན་དང་ཆ་ལུགས་ཐམས་ཅད་རྫོགས། །ཡེ་ཤེས་མེ་སྤུངས་འབར་བའི་ཀློང་ན་འགྱིངས། །སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཆུང་ངུའི་སྟེང་། །རྡོ་རྗེ་མཐིང་ནག་ནས་ཙམ་གྱེན་དུ་ལངས། །དེ་ཡི་ལྟེ་བར་ཐུགས་སྲོག་ས་བོན་ནི། །ཧཱུྃ་ཡིག་མཐིང་ནག་ཕྲ་ཞིང་གསལ་བས་མཚན། །གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་ནི། །ཁ་


TR007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པ་ཡིས། །སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ལྷ། །ཐམས་ཅད་ཕྱག་ན་རྡོ་རྗེའི་ཆ་ལུགས་སུ། །བྱོན་ནས་བདག་ལ་གཉིས་སུ་མེད་པར་ཐིམ། །སླར་ཡང་གནས་གསུམ་འབྲུ་འབུམ་འོད་འཕྲོས་པས། །རྒྱལ་བ་རིགས་ལྔ་ལ་སོགས་དབང་གི་ལྷ། །འཁོར་འདས་མདུན་གྱི་ནམ་མཁར་བྱོན་ནས་ཀྱང་། །རིན་ཆེན་བུམ་པས་བདག་ལ་དབུ་མར་ཞིང་། །བདུད་རྩི་བུམ་ཆུ་ཚངས་བུག་ནས་བབས་ཏེ། །ལུས་ནང་གང་ཞིང་དབང་བཞི་ཡོངས་རྫོགས་ཐོབ། །དབང་ལྷ་ཐམས་ཅད་མི་སྐྱོད་པ་ལ་ཐིམ། །རིགས་ཀྱི་བདག་པོ་སངས་རྒྱས་མི་སྐྱོད་པ། །རང་གི་རྩ་བའི་བླ་མ་ཐ་མི་དད། །སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས་པར་གྱུར། །དེ་ནས་རང་གི་ཐུགས་ཀའི་རྡོ་རྗེ་དེའི། །ལྟེ་བའི་ན་ན་ཧཱུྃ་གི་མཐའ་སྐོར་དུ། །རྩ་བའི་སྔགས་ཀྱི་ཡིག་འབྲུ་མཐིང་གའི་མདོག །གཡས་སུ་སྐོར་བ་བྱེད་ལྟར་འཁོར་ཞིང་འཁྱིལ། །


TR007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །གནོད་བྱེད་གཟའ་ཀླུ་གདུག་པ་ཅན་རྣམས་ཀྱིང་། །ཚར་བཅད་དབང་དུ་བསྡུས་ཤིང་བཀའ་ཉན་གྱུར། །སྐྱེ་འགྲོ་ཐམས་ཅད་ཕྱག་རྡོར་སྐུར་གྱུར་ནས། །སྔགས་ཀྱིས་རང་སྒྲས་སྟོང་ཁམས་གང་བར་གྱུར། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་་ཧཱུྃ་ཕཊཿཞེས་རྩ་བའི་སྙིང་པོ་འདི་ཉིད་ལ་རྩེ་གཅིག་ཏུ་འབད་དེ་བཟླ་ཞིང་།། ༈ །།ཐུན་མཚམས་འཇོག་པའི་སྐབས་སུ། །བདག་ཉིད་ལྷའི་སྐུ་དང་ཐུགས་ཀའི་རྡོ་རྗེ་སྔགས་དང་བཅས་པ་ཐམས་ཅད་ཐུགས་སྲོག་ཧཱུྃ་ཉིད་ལས་འདུས་ཤིང་ཐིམ། ཧཱུྃ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དངོས་མེད་དུ་གྱུར་པར་བསམ་ལ། རང་སེམས་གསལ་སྟོང་ཟུང་འཇུག་བཅོས་སླད་མེད་པའི་ངང་ལ་མཉམ་པར་བཞག་ལ། སླར་ཡང་རང་ལུས་ཕྱག་རྡོར་ཀྱི་རྣམ་པར་ལམ་མེ་ཡོད་པའི་མོས་པ་དང་ལྡན་པའི་པའི་ངང་ནས། །བསོད་ནམས་འདི་ཡིས་གསང་བའི་བདག་པོ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་


TR007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་དགེ་བ་བསྔོ་བར་བྱའོ། །དེ་ལྟར་འདི་ནི་ གསངབདགཕྱགརྡོར ་དྲེགས་པ་ཀུན་འདུལ་གྱི་རྩ་བའི་བསྙེན་པ་རྒྱུན་ཁྱེར་དབང་དུ་བྱས་པ་ཡིན་ལ། གཞན་སྒྲུབ་པ་དང་ལས་སྦྱོར་སོགས་བྱེད་ན་དམིགས་པ་ཁ་བསྒྱུར་དང་། ཁྱུང་ཤམ་འདོགས་ལུགས་སོགས་གཞུང་ཉིད་དང་སློབ་དཔོན་གྱི་ཞལ་རྒྱུན་སོགས་ལས་ཞིབ་པར་ཤེས་དགོས་པ་ཉིད་དོ། །འདི་ནི་གང་ཟག་གསར་བུ་བ་གཞན་ལ་ཕན་ཕྱིར་དོན་གཉེར་རེ་ཤིག་གིས་བསྐུལ་ངོར་བྲིས་པ་དགེའོ། །གཅིག་ཞུད། །


previousཕྱག་རྡོར་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམ་མདོར་བསྡུས།next