Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
  
 
ཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས།next

ཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས།


TR007_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས་བཞུགས་སོ། །


TR007_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ས་མཱ་དྲ་ན་ཡེ། །ལྷ་དང་བླ་མ་དབྱེར་མེད་ལ་བཏུད་ནས། །དེ་ཉིད་བསྒྲུབ་ཐབས་སྙིང་པོར་བསྡུས་ཏེ་བྲི། །དབེན་པའི་གནས་སུ་སྐྱབས་སེམས་ཆོས་སྤྱོད་རིགས། །སྔོན་དུ་བཏང་ནས་སྣོད་བཅུད་སྟོངས་པར་སྦྱངས། །དེ་ནས་རང་གི་གནས་དེ་གནམ་ལྕགས་ཀྱི། །རྡོ་རྗེ་རྩེ་ལྔ་རི་བོ་མཆོག་རབ་ཙམ། །སྟེང་དང་འོག་ནས་གནམ་ལྕགས་འཁོར་ལོ་ནི། ཁ་སྦྱོར་ཕུབས་པ་གཡས་གཡོན་བསྣོལ་འཁོར་ཞིང་། །ཕྱི་རོལ་པདྨ་རྡོ་རྗེ་མེ་རི་ཡི། །བསྲུང་བའི་གུར་གྱིས་བར་ཆད་ཀུན་སྐྱོབས་


TR007_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །རྡོ་རྗེའི་ལྟེ་བ་གཞལ་ཡས་ཁང་གི་ནང་། །འཁོར་ལོ་རྩིབས་བཞིའི་གདན་དབུས་པད་ཉིའི་སྟེང་། །རང་རིག་རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་རྒྱལ་བ་ཀུན་མཆོད་ཅིང་། །འགྲོ་བའི་སྒྲིབ་སྦྱངས་གདུགས་པ་ཅན་རྣམས་བཏུལ། །འོད་ཟེར་ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས། །བདག་ཉིད་ཕྱག་རྡོར་གཏུམ་རྔམ་མཐིང་ནག་མདོག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གདངས་མི་གཟིགས། །ཕྱག་གཡས་རྡོ་རྗེ་འཕྱར་ཞིང་གཡོན་པ་ནི། །ལྕགས་ཀྱུ་ཞགས་པ་དང་བཅས་སྡིག་འཛུབ་


TR007_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །དར་སྔོན་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་དང་། །ཕྱག་ཞབས་སྦྲུལ་དང་རིན་ཆེན་གདུབ་བུས་བརྒྱན། །ཐོད་སྐམ་རིགས་ལྔས་དབུ་བརྒྱན་རལ་པ་འབར། །གཡས་བསྐུམ་གཡོན་བརྐྱང་མེ་དཔུངས་ཀློང་བཞུགས་པའི། །ཕྱོགས་བཞིའི་རྩིབས་ལ་ཕྱག་རྡོར་རིགས་བཞི་ནི། །དཀར་སེར་དམར་ལྗང་ཆ་ལུགས་གཙོ་དང་མཐུན། །སྒོ་བཞི་རྟ་ཕག་སེང་སྦྲུལ་གདོང་ཅན་ཀྱང་། །ཕྱོགས་མདོག་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དེ་ལྟར་འཁོར་ཚོགས་རྣམས་ཀྱང་རང་རིག་གི། །རྩལ་མདངས་ཉི་དང་ཟེར་བཞིན་ཤུགས་འབྱུང་བསྐྱེད། །གཙོ་བོའི་སྤྱི་བོར་ཟླ་སྟེང་ཨོཾ་དཀར་དང་། །མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། །ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག །ཧཱུྃ་གི་མཐའ་སྐོར་སྔགས་ཕྲེང་བསྐོར་བ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །སླར་ཡང་འོད་འཕྲོས་བདེ་གཤེགས་དབང་གི་ལྷ། །རིགས་ལྔ་སྤྱན་དྲངས་བུམ་པས་དབང་བསྐུར་ཞིང་། །ཆུ་ལྷག་ཡར་


TR007_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལུད་མི་སྐྱོད་པས་མཚན་གྱུར། །ཐུགས་ཁར་ས་བོན་སྔགས་ཕྲེང་འཁོར་བ་ལ། །འདུན་པ་གཏད་ཅིང་གསལ་སྟོང་ངང་ཉིད་ལས། །ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ བསྙེན་པའི་སྔགས་འདི་འབྲུ་འབུམ་བཟླ་བྱ་ཞིང་། །ས་བོན་སྔགས་ཕྲེང་རྣམས་ལས་འོད་ཟེར་ཚོགས། །ཡར་འཕྲོས་རྒྱལ་བ་ཀུན་མཆོད་ནུས་བྱིན་རྣམས། །བདག་ལ་ཐིམ་ཞིང་མར་འཕྲོས་འགྲོ་དྲུག་གི། །སྡིག་སྒྲིབ་སྦྱངས་ནས་བདེ་ལ་བཀོད་པར་དམིགས། །ཐུན་མཚམས་མཆོད་བསྟོད་བྱ་ཞིང་སྣོད་བཅུད་ཀུན། །ཐུགས་ཀའི་ཧཱུྃ་ལ་ཐིམ་ཞིང་ཧཱུྃ་ཉིད་ཀྱང་། །མི་དམིགས་སྟོང་པའི་རྒྱས་གདབ་དགེ་བ་བསྔོ། །སླར་ཡང་རང་ལུས་ལྷ་ཡི་ང་རྒྱལ་གྱིས། །ཅིར་སྣང་སྒྱུ་མར་རོལ་བ་སྤྱོད་ལམ་བྱ། །འདི་ལྟར་འབད་པས་དངོས་ཉམས་རྨི་ལམ་གྱི། །རྟག་ཐང་ཚེ་ན་བསྒྲུབ་དང་ལས་སྦྱོར་སྔགས། །གཅིག་ཏུ་དྲིལ་བ་འདི་ཉིད་གསུམ་འབུམ་བཟླ། །ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་


TR007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་ཧཱུྃ་ཕཊཿ །ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། །འདི་དུས་དམིགས་པ་བདག་ལུས་གནས་རྣམས་དང་། །བ་སྤུའི་བུ་ག་ཀུན་ལས་ཁྲོ་བོའི་ཚོགས། །དཔག་མེད་ཚ་ཚ་ལྟ་བུར་འཕྲོས་པ་ཡིས། །གནོད་བྱེད་ཚོགས་རྣམས་རྡུལ་དུ་བརླག་པར་བསམ། །དམིགས་པ་གཞན་རྣམས་གོང་དང་མཚུངས་པ་ཉིད།། ༈ །།འདི་ལས་རྒྱས་པ་སྒྲུབ་པ་དངོས་བྱེད་ན། །དཀྱིལ་འཁོར་ཡོངས་རྫོགས་བྲིའམ་ཚོམ་བུ་ནི། །དབུས་སུ་གཅིག་དང་མཐའ་བསྐོར་བཞི་བཀོད་ཅིང་། །དེ་རྒྱབ་བཞི་བཀོད་དེ་དབུས་བུམ་པ་བཤམས། །གཡས་སུ་སྐུ་གཟུགས་གཡོན་དུ་གཏོར་མ་དང་། །མདུན་དུ་ཕུར་བུ་མཐའ་སྐོར་སྨན་རག་གཏོར། །མཆོད་པས་བསྐོར་བཤམས་དམིགས་པའི་རིམ་པ་ནི། །བདག་བསྐྱེད་གོང་བཞིན་བུམ་པ་དཀྱིལ་འཁོར་བཅས། །གཞལ་ཡས་ཡོངས་རྫོགས་ཉིད་བསྒོམ་ལྷ་ཚོགས་རྣམས། །བདག་སྐྱེད་ཇི་བཞིན་བྱ་ཞིང་ཡེ་ཤེས་པ། །སྤྱན་


TR007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་བསྟིམ་དང་དབང་བསྐུར་རྒྱས་གདབ་སོགས། །བདག་བསྐྱེད་དང་མཐུན་ཡེ་ཤེས་སེམས་དཔའ་བསྟིམ། །བདག་ཉིད་ཐུགས་ལས་འོད་ཟེར་ཕར་འཕྲོས་པས། །མདུན་སྐྱེད་བུམ་སྐྱེད་གཙོ་འཁོར་ཐུགས་རྒྱུད་བསྐུལ། །དེ་དག་རྣམས་ལས་འོད་འཕྲོས་རྒྱལ་བ་མཆོད། །བྱིན་རླབས་ནུས་མཐུ་བསྡུས་ནས་བདག་མདུན་གྱི། །གནས་གསུམ་ཐིམ་པས་གཟི་བྱིན་འབར་བསམ་ལ། །རྩ་བའི་སྔགས་དང་ཤམ་བུ་འདོགས་ཚུལ་སོགས། །བསྙེན་དུས་དང་མཚུངས་རྟགས་འཐོན་བར་དུ་བསྒྲུབ། །སྒྲུབ་པ་ཐོན་ཚེ་སྐུ་དང་བུམ་གཏེར་རྣམས། །རང་གི་གནས་གསུམ་བཏུགས་ལ་དངོས་གྲུབ་བླངས། །ཡེ་ཤེས་སེམས་དཔའ་རང་གནས་གཤེགས་པའམ། །ཡང་ན་སྐུ་གཟུགས་དེ་ལ་བསྟིམ་པར་བྱ། །དམ་ཚིག་པ་རྣམས་རང་གི་ཐུགས་ཁར་བསྡུ། །སྐུ་དང་སེང་ཕུར་རང་དང་འབྲལ་མི་བྱ། །འདིས་ནི་དབང་དང་ལས་མཐའ་ལ་སོགས་པ།


TR007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ཇི་ལྟར་འདོད་པ་འགྲུབ་པ་འགྱུར། །དེ་ལྟར་བདག་མདུན་བསྙེན་བསྒྲུབ་གང་དང་གང་། །ཀུན་ལ་རང་རིགས་སྟོང་ཉིད་དོན་རྟོགས་པའི། །གསལ་སྣང་གདངས་ཉིད་ལྷ་སྔགས་གསལ་བ་ལས། །ཨ་འཐས་འཛིན་པས་བཅིང་བ་མ་ཡིན་པར། །གསལ་སྟོང་ཟུང་འཇུག་ངང་ནས་ཡེངས་མེད་སྤྱད། །གནས་སྐབས་ཕན་གནོད་ལས་ཚོགས་ཙམ་ཕྱིར་དུ། །བསྒྲུབས་ཀྱང་རེ་དོག་གཟེབ་ལས་ཡ་གྲོལ་བས། །ང་བདག་འགོང་པོ་ཕུགས་ནས་མ་འཐོན་ན། །ཚེ་གཅིག་སངས་རྒྱས་ཐོབ་ནས་ཉེ་བར་དཀའ། །སྐྱེད་རྫོགས་དབྱེར་མེད་ཁྱབ་བདག་ཀློང་ཡངས་ནས། །བསྒོམ་མེད་ཡེངས་མེད་དོན་གྱི་བསྙེན་བསྒྲུབ་མཆོག །མཐའ་མཁྱེན་སྙིང་པོའི་གོ་འཕངས་ལ་རེག་ཚེ། །མཐུན་མོངས་དངོས་གྲུབ་མི་འདོད་འཆར་བཞིན་འབབ། །དེ་ཕྱིར་གདམས་པའི་གནད་འདི་ལྷག་པར་གཅེས། །འདི་བྲིས་དགེ་བ་དཔག་ཡས་གོང་འཕེལ་


TR007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །མཐུ་ཡིས་འགྲོ་ཀུན་རྡོ་རྗེ་འཛིན་ཐོབ་ཤོག །རིག་འཛིན་ཆེན་པོ་གར་གྱི་དབང་ཕྱུག་གིས། ། ཡེར་རྡོ་རྗེའི་བྲག ་ནས་གདན་དྲངས་པའི། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེའི་བསྙེན་བསྒྲུབ་ཞལ་གདམས་སྙན་རྒྱུད་མ་འདི་ནི་མཚུངས་མེད་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་ལས། སླར་སྟུང་བསྡུས་གོ་བདེར་བྱས་པ་ཞིག་དགོས་ཞེས། འཚོ་མཛད་འགྲོ་ཕན་སོགས་འགའ་ཞིག་གི་བསྐུལ་བའི་ངོར་སྨིན་གྲོལ་སྐྱེད་རྫོགས་གླིང་དུ་བཀོད་པ་དགེའོ། །མངྒ་ལཾ། གཅིག་ཞུད། །


previousཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས།next