Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

4 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
 
 
  
  
ཞི་ཁྲོ་བདེར་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་མོའི་ཕྱག་བཞེས་ཀྱི་ཟིན་བྲིས།
  
  
  
 
  
  
  
  
  
  
  
  
  
  
  


4 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཞི་ཁྲོ་བདེར་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་མོའི་ཕྱག་བཞེས་ཀྱི་ཟིན་བྲིས།next

ཞི་ཁྲོ་བདེར་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་མོའི་ཕྱག་བཞེས་ཀྱི་ཟིན་བྲིས།


TR008_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་བདེར་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་མོའི་ཕྱག་བཞེས་ཀྱི་ཟིན་བྲིས་བཞུགས་སོ། །


TR008_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ས་མཱ་དཱ་ན་ཡེ། །ཡེ་ཤེས་སྒྱུ་མ་སྟོང་ཉིད་རོལ་པ་ལས། །ལོག་རྟོག་སྒྱུ་མའི་དགྲ་གེགས་འདུལ་སླད་དུ། །ཐུགས་རྗེ་སྒྱུ་མ་ལྟ་བུའི་གར་མཁན་མཆོག །བླ་མ་ཡི་དམ་དཀྱིལ་འཁོར་ལྷར་བཅས་མཆོད། །གསང་སྔགས་རྒྱུད་སྡེ་མ་ལུས་ཀུན་གྱིས་སྙིང་། །བདེར་གཤེགས་འདུས་པ་བཀའ་བརྒྱད་ཀྱི། །གཏོར་སྒྲུབ་ཆེན་མོའི་ལས་རིམ་ཁྲིགས་ཆགས་སུ། །གསལ་བར་བསྟན་འདིར་དོན་གཉེར་འཇུག་པར་བྱའོ།། ༈ །།དེ་ལ་དོན་གསུམ་གྱིས་སྟོན་ཏེ། སྔོན་འགྲོ་དཀྱིལ་འཁོར་དང་ཡོ་བྱད་བཤམས་བཀོད་ཀྱི་ཚུལ་ཇི་ལྟར་བྱ་བ་དང་།


TR008_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་བསྙེན་སྒྲུབ་ཀྱི་ལས་རིམ་མཐར་ཆགས་ཀྱི་ཚུལ་རྣམས་བྱ་བའི་ཐབས་དང་། རྗེས་ཀྱི་ལས་སྦྱོར་ཕྲིན་ལས་ཁ་བསྒྱུར་དྲག་ལས་ཀྱི་རིམ་པའི་ཚུལ་རྣམས་སྟོན་པ་དང་གསུམ་ལས་དང་པོ་སྔོན་འགྲོ་ནི། དེ་ཡང་འདི་ལྟ་བུ་བྱེད་པའི་གང་ཟག་དེས་སྔོན་ནས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་བཀའ་ཡོངས་སུ་རྫོགས་པའི་དབང་ལུང་ལེགས་པར་ཐོབ་ཅིང་བསྙེན་སྒྲུབ་མཐར་ཕྱིན་པའམ། ཐ་མ་ཡང་དབང་བསྡུས་པ་གང་རུང་དང་འདི་སྐབས་ཀྱི་ཆོག་གཞུང་རྣམས་ཀྱི་ལུང་ཐོབ་པ་དང་། ཡི་དམ་གང་རུང་ཞིག་ལ་བསྙེན་ཚད་ཐེམ་


TR008_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཞིག་ནི་མེད་མི་རུང་བ་དེ་ལྟར་སྔོན་དུ་གྲུབ་པར་བྱས་ལས།། ༈ །།དེ་ནས་འདི་ཉིད་གང་དུ་བྱས་པའི་གནས་དེར་དགོས་པའི་ཡོ་བྱད་དང་འཁོར་ལོ་ལིངྒ་རྫས་ཀྱི་བྱེ་བྲག་སོགས་ཐམས་ཅད་སྔ་ཚགས་སུ་ཆུད་པར་བྱས་ནས། དུས་ཚེས་ལ་ནམ་བབས་པའི་སྐབས་དེར། ཐོག་མར་དཀྱིལ་འཁོར་གྱི་སྟེགས་བུ་རྒྱ་ཁྱོན་མཐོ་དགུ་ལས་མི་ཆུང་བའི་ཁར། སྦ་ཕུབ་ཀྱི་ཁྱོན་དང་མཉམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། དེ་ཡང་བཀའ་བརྒྱད་ཉིད་ཀྱི་དབང་སྒྲུབ་ཆེན་མོ་དང་འབྲེལ་བའི་སྐབས་ལྟ་བུ་ཡིན་ན་ནི། དཀྱིལ་འཁོར་ཆེན་མོའི་མདུན་སོགས་གང་འཐད་དུ་འདི་ཉིད་ལས་ཀྱི་དཀྱིལ་འཁོར་དུ་བྱ་ཞིང་། དེ་ལྟ་བུ་དང་མ་འབྲེལ་བར་འདི་ཁོ་ན་ཆོད་གཏད་དུ་བསྒྲུབ་པ་ཡིན་ན། ཐིག་ཆོག་དང་ཚོན་བྱིན་རླབས་སོགས་ཀྱང་སྒྲུབ་ཁོག་ལྟར་གྲུབ་ན་ལེགས་ཤིང་། དཀྱིལ་འཁོར་ནི་ལྟེ་བ་ཆོས་འབྱུང་བསྣོལ་མ་ཧཱུྃ་མཐིང་ནག་གིས་མཚན་པའི་ཕྱི་རིམ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་


TR008_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུྃ་བརྒྱད་རྣམས་གཙོ་བོ་སོ་སོའི་སྐུ་མདོག་དང་མཐུན་པ་བྲིས་པའི་མཐའ་སྐོར་ཐོད་ར་རྡོར་པད་མེ་རིས་བསྐོར་ཞིང་། ཕྱི་ནས་མ་ཏྲཾ་གི་གཟུགས་མགོ་ལྷོ་ནུབ་ཏུ་བསྟན་པ་སྤྱི་དང་མཚུངས་པར་བྲི། དེའི་སྟེང་དུ་ལྡིང་ཁྲི་དངོས་སམ་མ་འཛོམ་ན་ཧོཾ་བཞི་བསྣོལ་མདའ་གང་ཙམ་བསྲ་ཞིང་བརྟན་པའི་ཁར་སྦ་ཕུབ་ཆེ་བ་ཞིག་བཞག་པའི་སྟེང་དུ་གཡང་གཞི་སོགས་ཀྱི་གདན་ལ་དབུས་སུ་ཚོམ་བུ་དགུ་དང་། ཕྱོགས་མཚམས་བརྒྱད་དུ་ལྔ་ཚོམ་རེ་དགོད། དེ་ནས་གཏོར་མ་རྣམས་བཞེངས་གྲུབ་ནས་མ་བཤམ་ཙམ་གྱི་བར་དེར་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་ལྕགས་སླང་སོགས་ཀྱི་ནང་དུ་གདན་འཁོར་ལོ་ལིངྒ་ལྟོ་འཁོར་རྣམས་བཤམས་ཏེ་བསངས་སྦྱང་ཞིང་། མཁྱེན་གསོལ་གཟུ་དཔང་རྒྱས་བསྡུས་གང་འོས་བྱས་ལ་བདེན་སྟོབས་དགུག་གཞུག་དྲག་པོ་བདུན་ནམ་གསུམ་སོགས་ཀྱིས་བཀུག་བསྟིམ་ནན་ཏན་དུ་བྱས་ཏེ་དེ་ནས་གོ་རིམ་


TR008_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནོར་བར་བཀོད་པ་ནི་གལ་ཆེ་བའི་གནད་ཅིག་གོ། །འཁོར་ལོ་སོགས་དེ་དག་གི་བྲི་ཚུལ་ནི་གཞུང་དཔེ་རིས་ཕྱག་ལེན་སོགས་ལས་བྱུང་བ་ལྟར་ཏེ། གཙོ་གཏོར་གྱི་འོག་ཏུ་འཁོར་ལོ་རྩིབས་བརྒྱད་པ་རྩེ་མོ་ནང་བསྟན་དང་། འཁོར་རྣམས་ལ་རྩིབས་དྲུག་པ་སྟེ་མདོར་ན་དཔེའུ་ཆུང་ལྟར་བྲིས་པའི་ལིངྒའི་འཕོང་ཕྱིར་བསྟན་ནས་སོ་སོའི་ཚོམ་བུའི་ཁར་བཀྲམ་ལ། དེ་དག་སྟེང་དུ་གསད་འཁོར་རྣམས་ཁ་མར་བསྟན་ལ་བཀབ་པའི་ཁར་གདན་འཁོར་རྣམས་ཁ་ཡར་བསྟན་ནས་བཏིང་བའི་སྟེང་དུ་གཏོར་ཆེན་རྣམས་དགོད་པར་བྱའོ། །གཏོར་མ་ནི་གཞུང་ལས་དྲེག་པ་སྤྱི་ཟློག་གཏོར་མ་མདོས་སུ་གཏོང་བའི་དགོངས་པ་ལྟར་གྱི་དབང་དུ་བྱས་ན། སྣ་ཕུབ་དེ་ཀའི་སྟེང་དུ་གཏོར་ཆེན་དགུ་པོ་ཤོང་བའི་ཆག་ཚད་དང་བསྟུན་པའི་གཏོར་སྣོད་ལ། དབུས་སུ་ཆེ་མཆོག་གི་གཏོར་མ་གཙོ་འཁོར་དགུ་པ་མཐེབ་ཀྱུས་བརྒྱན་པ་ལ་རྩངས་


TR008_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཁྲུ་གང་བ་བཅོ་བརྒྱད་ལ་དྲག་སྔགས་ཀྱི་ཤོག་བྱང་གིས་བརྒྱན་པ་གཟུག་ཅིང་། ལྟེ་བར་གཏོར་ཁུང་བཏོད་ལ་ལྟོ་འཁོར་ཕྱག་བཞེས་ལྟར་ལྟེབས་པ་རླན་གྱིས་མི་འཇིག་པའི་དྲིལ་ཚས་དང་ལྡན་པར་བཞུག །གཙོ་གཏོར་གྱི་ཁྱུང་གི་ལྟོ་བར་ལྟོ་འཁོར་ཆེ་ཆུང་དང་། སྐུ་གསུང་ཐུགས། གྲོ་གའི་ལྤགས་པ་གཙང་མ་སོགས། ཡོན་ཏན་ཕྲིན་ལས་ཀྱི་འཁོར་ལོ་ལྔ། གཞན་ཡང་འདེབས་ཁའི་ལྟོ་བྱང་སོགས་དགོས་ཆེད་རྒྱས་བསྡུས་གང་འོས་སྐབས་དང་མཐུན་པར་རླན་གྱིས་མི་འཇིག་པར་བྱས་ཏེ་གཞུག་ཅིང་། བྱང་བུ་ལྔ་པ་ལྟར་གྱི་ཕོ་ཤིང་མོ་ཤིང་གི་བྱང་བུ་རྣམས་དང་། ཁྱུང་བཅས་ནས་གསུངས་པའི་སྔགས་བྱང་རྣམས་དང་བཅས་པ་རྣམས་རྫོགས་པར་དག །གཡས་གཡོན་དུ་རྩངས་རིང་སྔགས་བྱང་ཅན་གཉིས་དང་། སྟེང་ནས་སྦྲུལ་མའི་འཁོར་ལོ། འདི་ནི་གཏོར་མ་མདོས་སུ་གཏོང་བའི་ལུགས་ལྟར་ཡིན་ལ། གཞན་སྐབས་དང་སྦྱར་རུང་ངོ་། ནམ་མཁའི་ཏོག་དང་ལྡན་


TR008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩིབས་བརྒྱད་པ་བྱས་ལ་བསྲུང་འཁོར་མར་ཁ་བསྟན་པ་དང་ཟློག་འཁོར་སྟེང་ནས་ཡར་ཁ་བསྟན་པ་བྱས་པའི་རྩིབས་བརྒྱད་ལ་ཕྱོགས་མཚམས་ཀྱི་རྒྱལ་མཚན་བརྒྱད་དང་། ནམ་མཁའི་ཏོག་ལ་གཙོ་བོ་ཉིད་ཀྱི་རྒྱལ་མཚན་བཏགས་པར་བྱ་ཞིང་། དེ་བཞིན་དུ་གཙོ་བོ་བརྒྱད་པོའི་གཏོར་སྣོད་རྣམས་རྒྱབ་ཕྱོགས་ཀྱི་ཟུར་གཉིས་བཅག །ཚར་གཉིས་འཛོམ་ན་འདི་ལྟར་བྱ་བ་ཡིན་ནོ། །ནས་གྲུ་གསུམ་དུ་བྱས་ན་བཀོད་བདེ་བའི་ཁྱད་ཡོད་ཅིང་། དཔལ་སོ་སོ་ལ་འཁོར་ལོ་བཞི་བཞི་དང་མཐིབས་ཀྱུས་བརྒྱན་པ། རྩངས་རིང་གཉིས་སྔགས་བྱང་དང་བཅས་པ། སྦ་ཕུབ་ཁར། གོང་བཞིན་དང་། སྟེང་ནས་སྣལ་མའི་འཁོར་ལོ་རྩིབས་བཞི་པ་རེ་ལ་རང་རང་གི་སྲུང་ཟློག་གི་འཁོར་ལོ་དང་སོ་སོའི་རྒྱལ་མཚན་བཅས་གཟུག །ཁྱུང་ཕྲན་རྣམས་ཀྱི་ལྟོ་བར་ཡང་ལྟས་ངན་ཟློག་པའི་འཁོར་ལོ་རེ་དང་། བྱང་བུ་ལྔ་པ་ལྟར་གྱི་སྔགས་བྱང་གི་བརྒྱན་པ་བྱ་ཞིང་། སོ་སོའི་གཏོར་མའི་ཁྱུངས་དགུ་མ་ཡིན་ཚེ་ལྟོ་འཁོར་བཞུགས་ཚུལ་


TR008_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་གོང་བཞིན་བྱས་ལ། གཙོ་བོའི་ཕྱོགས་མཚམས་བརྒྱད་དུ་ཞལ་ཕྱིར་གཟིགས་སུ་བཀོད། རྡུལ་ཚོན་དཀྱིལ་འཁོར་གྱི་ལྟེ་བ་དང་མཐའ་སྐོར་དུ་ཕུར་པ་དགུ། མར་མེ་དགུ། ཟན་ལིང་དགུ་རྣམས་བཀྲམ། དེའི་མཐར་ཤར་ཕྱོགས་སུ་ཞི་བ། ཆེ་མཆོག་ཡང་དག་དང་གསུམ་གྱི་ཁྲམ་ཤིང་དང་། ཕྱོགས་མཚམས་གཞན་རྣམས་སུ་གཙོ་བོ་སོ་སོའི་ཁྲམ་ཤིང་རྣམས་གཟུག་ཅིང་། དེ་བཞིན་དུ་བརྒྱ་གསོགས་ཀྱི་དབང་དུ་བྱས་ན་ཟོར་མདའ་བརྒྱ། འདི་རྣམས་ཕྱག་བཞེས་ལུགས་གཅིག་ཡིན་ཅིང་། ཁྲོ་ཟློག་གི་གཞུང་གྱེར་རྒྱུ་ཀྱང་ཡོད་ལ། མ་བྱས་ཀྱང་འགལ་བ་མེད་དོ། སོ་སྦ་ཕུབ་དང་མཉམ་པ་བསྐོར་ལ་གཟུག །དེའི་ཕྱི་སྐོར་དུ་ཟོར་སྐོང་བརྒྱ་ལ་བྱང་བུ་བརྒྱ་གསོགས་ནས་གསུངས་པའི་ཤིང་ལ་སྔགས་ཚན་གཉིས་གསུམ་རེ་བྲིས་པ་དང་རྩང་ཐུང་གཉིས་རེ་གཙུག་ཅིང་ཟོར་གཞུང་ལྟར་གྱི་རྫས་རྣམས་བླུགས་པ་དང་། གཞན་ཡང་། གཏོར་ཟོར། ཁྲག་ཟོར། རྡོ་ཟོར་རྣམས་བརྒྱ་རྩེ་རེ། བསྡུ་ན་བདུན་ལྔ་གསུམ་གཅིག་སོགས་གང་རིགས་བྱར་རུང་ངོ་།


TR008_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་བཤམས། དཀྱིལ་འཁོར་གྱི་ལྷོ་ནུབ་མ་ཏྲཾ་གི་མགོའི་སྟེང་དུ་ཁམས་གསུམ་ཧཱུྃ་སྒྲ་ཅན་གྱི་གཏོར་མ་ཟུར་གསུམ་གཙོ་འཁོར་དགུ་ལྡན་ཁྱུང་དང་གཙོ་བོའི་ཞལ་འབག་སོགས་བྲིས་པ་གཙུག་ཅིང་། རྩངས་དང་སྔགས་བྱང་སོགས་གཙོ། འདི་གང་ཡིན་པ་གོ་མཁན་མི་འདུག་ཀྱང་ཁྱུང་རྣམས་ཀྱི་དགོས་གཏོར་ཡིན་ནོ། །གཏོར་དང་ཆ་མཐུན་པ་བྱས་ལ་བཤམས། མདུན་ཕྱོགས་སུ་སྡེ་དཔོན་སུམ་ཅུ་དང་། དཔལ་གྱི་བཀའ་སྡོད་ཀྱི་གཏོར་མ་དེ་ཉིད་ཀྱི་རྒྱལ་མཚན་ཅན་དང་། མཐའ་སྐོར་རྣམས་སུ་ཆོས་སྐྱོང་གི་གཏོར། མདུན་བྱང་དུ་བཞག་ན་འཐད་པར་སྣང་མ་རྣམས། འདི་མདུན་ཕྱོགས་སུ་འཐད་ཀྱང་ཇི་ལྟར་རིགས་པ་སོ་སོའི་བྲིས་སྐུ་དང་དར་གྱི་ཅོད་པན་རྒྱལ་མཚན་སོགས་ཀྱིས་མཛེས་ཤིང་རྔམས་བརྗིད་དང་ལྡན་པར་བཀོད་ཁྱད་པར་སྒྲུབ་ཆེན་དཀྱིལ་འཁོར་དང་མི་འབྲེལ་ན། རྒྱབ་ཕྱོགས་སམ་གང་འོས་སུ་སྟེགས་མཐོ་བར་བླ་མ་ཡི་དམ་མཁའ་འགྲོའི་གཏོར་མ་དང་སྨན་རག་མཆོད་རྫས་རྒྱ་ཆེན་པོ་དང་། ཚེ་དང་དངོས་གྲུབ་བླང་བའི་ཡོ་བྱད་


TR008_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ཚུལ་བཞིན་བཤམས་པ་ཡང་གལ་པོ་ཆེའི་གནད་ཡིན་ཅིང་། གཞན་ཡང་། འདི་ཉིད་ཀྱི་ལས་སྦྱོར་ཁ་བསྒྱུར་གང་བྱེད་ཀྱི་གཅའ་གཞིའི་བྱེ་བྲག་སྲིན་མོ་ཟ་ལམ་མ་དང་། ལྟས་ངན་དམིགས། རྗེས་མཐའ་རྒྱས་ཀྱི་ལས་རིམ་རྣམས་འདི་ལ་བརྟེན་དགོས་པའི་ཕྱིར་རོ། །སྒྲལ། རྔ་མོ་ཁྱུང་ཞོན། འདེབས་ཁ། ལས་ཕྲན། ཁ་བསྒྱུར་སོགས་ཐ་དད་ཀྱི་རིགས་གང་ལ་གང་དགོས་རྣམས་ཀྱང་གཞུང་དང་ཕྱག་བཞེས་མཐོང་རྒྱུད་ལྟར་བསགས་ཤིང་བཤམ། བསྒྲལ་ལས་སོགས་ལ་དགོས་པའི་ཡོ་བྱད་ཐུན་དང་ཕྱག་མཚན་གཡབ་དར་ཕུར་ཐུན་མཚོན་དགུ་ལ་སོགས་མཐའ་དག་ཀྱང་ཚགས་སུ་ཆུད་ཅིང་འཛོམ་པར་བྱ་བ་སྟེ། ལར་ཡང་འདི་ནི་བདེར་གཤེགས་འདུས་པའི་ལྷ་ཚོགས་མ་ལུས་པའི་བསྙེན་སྒྲུབ་ཆེན་མོ་གཏོར་མ་ལ་བརྟེན་པ་ཡིན་པས་ན། གནས་དང་གང་ཟག་གིས་ཁྱབ་ན་ཕྱི་ནང་གི་མཚམས་གཅོད་རྒྱལ་ཐོ་སྒོ་བྱང་


TR008_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཕུར་གདག་པ་དམ་སྲི་མནན་པ་སོགས་དང་། ནང་དུ་དཀྱིལ་འཁོར་རྒྱན་བཀོད་འབར་གདབ་མངའ་གསོལ་སོགས་མདོར་ན་སྒྲུབ་ཆེན་ཁོག་འབུབ་ཀྱི་གཞུང་ཚུལ་བཞིན་བསྲང་དགོས་པ་ཡིན་གྱི། དིང་སང་ནི་ཁྲོ་བོ་རོལ་པའི་གཏོར་ཟློག་ཅེས་ཀུན་རྫོབ་ལྟར་གྱི་སྔགས་བོན་ཕལ་པའི་ཡས་བཏགས་དཀྱུས་མ་དང་འདྲ་བར་བརྩི་ཞིང་། གང་ཟག་ཀྱང་སུ་ཡིན་ཡིན་གྱི་བྱེད། ཡུལ་དང་སྦྱིན་བདག་ཀྱང་རུང་རུང་ལ་བྱེད། ཡོ་བྱད་དང་ཕྱག་ལེན་ཡང་ཅི་བྱུང་བྱུང་གིས་ཆོག་པར་བྱེད་པ་འདི་ལྟ་བུ་ལ་ནི་གསང་སྔགས་དམར་གནས་སུ་བྱེད་པ་ཅེས་གསུངས་ཏེ། བྱིན་རླབས་དང་ནུས་པ་ནི་ཕར་ཞོག །མཁའ་འགྲོ་བཀའ་སྲུང་སོགས་མི་མཉེས་པའི་འཁུ་ལྡོག་འབྱུང་བར་བཤད་ཅིང་། བྱེད་པ་པོ་ལ་ཡང་གསང་སྔགས་གསང་སྒྲོག་གི་ལྟུང་བ་དང་གཟུ་ལུམ་རས་ཆོད་ཀྱི་ཉེས་པ་ཚད་མེད་པ་འབྱུང་བར་གསུངས་ལ། འོན་ཏེ་སྤྲོས་པ་མེད་


TR008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་འབའ་ཞིག་མངོན་དུ་གྱུར་པ་ཞིག་ལ་ནི་འདི་དག་གི་བྱ་བ་བརྩམས་པར་ཡང་མི་འཚལ་ལ། དེ་ཉིད་མངོན་དུ་མ་གྱུར་པའི་གང་ཟག་གིས་ནི་གཞུང་དང་སློབ་དཔོན་གྱི་ཕྱག་བཞེས་ཇི་ལྟ་བ་ལ་ཚུལ་བཞིན་འབད་དགོས་ཀྱི། སླ་ཆོས་དང་སྒྱིད་ངན་གྱི་དབང་དུ་བཏང་ནས་སྤྲོས་མེད་ལ་ཁག་བཀལ་བའི་རྩིང་ཆོས་ཀྱིས་རྒྱལ་བའི་བཀའ་གཞུང་གི་ཁྱད་དུ་གསད་པས་ནི་དོན་འགྲུབ་པར་མི་འགྱུར་བས། དེ་ལྟ་བུའི་དགོངས་དོན་རྟོག་དགོས་པར་གདའ་བ་ནི་ཕྱི་རབས་ཀྱི་གང་ཟག་བློ་ལྡན་རྣམས་ཀྱི་ཡིད་ལ་བཅག་འཚལ།། ༈ །།དོན་གཉིས་པ་ཆོ་ག་དངོས་གཞི་བསྙེན་སྒྲུབ་གཞུང་སྲོང་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ནི་དེ་ལྟ་བུའི་སྔོན་འགྲོ་བཤམ་བཀོད་ཀྱི་ལས་རིམ་ཐམས་ཅད་ཚུལ་ལྡན་དུ་ལེགས་པར་གྲུབ་ནས། ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་དང་།


TR008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གཏོར་བགེགས་སྐྲད་མཚམས་སྤྱོད་བསྲུང་འཁོར་མཆོད་རྫས་བྱིན་རླབས་སོགས་ཀྱི་ལས་རིམ་མཐའ་དག་ལས་གཞུང་ཆེ་ཆུང་གང་བྱེད་ཀྱི་གཞུང་ནས་འབྱུང་བ་བཞིན་རྒྱས་པར་བྱ་ཞིང་། བདག་བསྐྱེད་སྐྱེད་རྫོགས་ཆེ་འབྲིང་ཆུང་ངུ་གང་བྱེད་ཀྱི་སྤྱན་འདྲེན་ཡན་དང་། དེ་ནས་མདུན་བསྐྱེད་མངོན་རྟོག་འོད་ཀྱི་དྲ་བ་སོགས་རྒྱས་བསྡུས་གང་ཡིན་བསྒོམ་ལ། བདག་མདུན་ཟུང་འཇུག་ཏུ་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བཟླས་པའི་བར་དང་། ཁྱུང་གི་ལས་བྱང་བྱ། ཆོས་སྐྱོང་གི་བསྐང་གསོ་རྒྱས་བསྡུས་ཇི་ལྟར་རིགས་པ་དང་། སྡེ་དཔོན་སུམ་ཅུའི་མཆོད་གཏོར་སོགས་ཀྱང་བྱ་ཞིང་། དེ་ཡང་མི་ལག་གིས་ཁྱབ་ན། ལ་ལས་སྔགས་ཀྱི་བཟླས་རྒྱུན་འབའ་ཞིག་བཟུང་ཞིང་། ལ་ལས་ཆོ་ག་གཞུང་སྲོང་དང་བསྐང་རྒྱུན་བཟུང་བ་སོགས་མདོར་ན་སྒྲུབ་ཆེན་གྱི་སྐབས་ལྟར་བྱ་ཞིང་། མི་ལག་གིས་


TR008_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྕོགས་ན་ཆོ་ག་དང་བཟླས་པ་དང་སྤེལ་མར་བྱ་བ་ཉིད་ལས་འོས་མེད་དེ། གང་ལྟར་ཡང་འཛབ་ཀྱི་ཐུན་མཚམས་རྣམས་སུ་སྟོང་ཚིག་གི་མཆོད་བསྟོད་བྱ་བར་གསུངས་ཕྱིར། མཆོད་པ་བསྡུས་པ་ཏེ་དང་བཞི་བསྟོད་དང་ཉིས་བསྟོད་སོགས་གང་འོས་སྐབས་དང་བསྟུན་ཏེ་བྱ་ཞིང་། ཚོགས་ཀྱི་སྐབས་སུ་དམ་རྫས་མདངས་ཀྱིས་བསྐང་བ་དང་མཆོད་བསྟོད་བཤགས་པའི་བསྐང་བ་ཡང་བྱ་བ་དང་། ཉིན་ཚན་ཐུན་རྣམས་ལ་གདབ་ལས་དོན་དྲུག་པ་ཡན་ཆད་ཀྱང་སྤྱི་ལྟར་བྱའོ།། ༈ །།ཁྱད་པར་བསྙེན་སྒྲུབ་ཀྱི་ཞག་གྲངས་ཇི་ཙམ་བྱ་བའི་ནུབ་དང་པོར་བདེར་གཤེགས་ཞི་བའི་ལྷ་ཚོགས་ཀྱི་འཛབ་བསྐུལ་འཛབ་དགོངས་སོགས་དང་བཅས་ཏེ་ཞི་བསྙེན་བྱ། དེ་བཞིན་དུ་ནུབ་གཉིས་པ་ལ་གཙོ་བོ་ཆེ་མཆོག །ནུབ་གསུམ་པར་དཔལ་བརྒྱད་པོ་རྣམས་དང་། འདི་ནི་རྒྱུད་ལས་ཞི་བར་བསྙེན་ཅིང་་ཁྲོ་བོར་བསྒྲུབ། ཅེས་གསུངས་པ་ལྟར་གྱིས། ཞག་དང་པོ་


TR008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྙེན་ལ། དེ་ལྷག་མ་རྣམས་སྒྲུབ་པ་ཡིན་པ་དང་། ཕྱི་མའི་ནུབ་མོ་མན་ཆད་ལས་སྦྱོར་ཡིན་ནོ། །བཞི་པར་ཁྱུང་ཆེན་རིགས་ལྔའི་བསྙེན་པ་ཁྱུང་གི་ལས་སྔགས་ལ་འབད། དེ་ལྷག་གི་ཞག་རྣམས་བཀའ་བརྒྱད་སྤྱི་དྲིལ་དྲག་སྔགས་སོ་ལྔ་པ་བཟླ་ཞིང་། ནུབ་རྟིང་མ་ལ་ཟོར་གྱི་ལས་དགུ་སོགས་ནས་འབྱུང་བའི་ཟོར་གྱི་ངར་འདོགས་པའི་ལས་སྔགས་རྣམས་དང་། གཞན་ཡང་ཟུར་གསོག་གི་རིགས་སོགས་ལས། ལས་འགྲིག་ཆེེན་མོ་ཚར་བའི་ནུབ་མོ། སྦྱོར་གྱི་དྲག་སྔགས་གང་ལ་གང་འདོད་ཀྱི་བཟླས་པ་རྣམས་བྱ་ལ། གལ་ཏེ་ཅིས་ཀྱང་མི་གྲངས་དང་ཞག་གྲངས་ལོང་ཁྱབ་སོགས་ཀྱིས་མ་འབྱོར་ན་དྲག་སྔགས་སོ་ལྔ་པ་ཁོ་ན་ལ་འབུངས་ཀྱང་རུང་ངོ་། །གཞན་བར་མཚམས་རྣམས་སུ་ཐུན་ལ་བརྟེན་ནས་གསད་པའི་སྔགས་དང་། ལིངྒའི་ སྒྲུབ་ཞག་ཐམས་ཅད་ བླ་འགུགས་ཀྱི་སྔགས་སོགས་ཀྱང་གང་འགབ་སྐབས་སྦྱོར་ཤེས་པར་བྱ་སྟེ། མདོར་ན་འདི་ཡན་ཆད་སྒྲུབ་པ་དངོས་


TR008_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ལས་རིམ་ཡིན་པས་ཞག་གྲངས་སོགས་ཇི་ལྟར་རིགས་པའམ། གལ་ཆེ་ན་དངོས་ཉམས་རྨི་ལམ་གྱི་རྟགས་ཐོན་དུ་བསྒྲུབ་པར་བྱའོ།། ༈ །།དེ་ནས་ལས་སྦྱོར་གྱི། དགུ། བདུན། ལྔ། སྐབས་ལ་བབས་པའི་ཉི་མ་སྔ་མར་བདག་མདུན་ལས་གཞུང་དང་ཆོས་སྐྱོང་གི་བསྐང་བ་སོགས་སྔ་བར་གྲུབ་པར་བྱ་སྟེ། ཚོགས་མཆོད་རྒྱས་པར་བྱ་ཞིང་། འདི་སྐབས་དིང་སང་ཕལ་ཆེར་ལས་འགྲིག་དང་གཏོར་མ་འཕང་བ་གཉིས་ཉིན་གཅིག་ལ་བྱེད་པ་མང་ཡང་། དེ་ལྟར་ན་ཧ་ཅང་རིངས་སྟབས་སུ་གྱུར་ཏེ་ཕྱག་ལེན་སྨིན་པོ་མི་འབྱུང་བས། ཉི་མ་སྔ་རྟིང་བྱེད་པ་ཕྱག་བཞེས་ལེགས་སོ། །བསྐང་བའི་རིགས་རྣམས་དང་། ཁྱད་པར་ཚོགས་ཉ་བསྒྲལ་བའི་མཐར་བམ་སྐོང་ཡང་འདིར་བྱ་བ་ཕྱག་སྲོལ་དང་སྲུང་མའི་རིགས་ཀྱི་བསྐང་བ་དང་། ཚོགས་ལྷག་ཡན་ཆད་གྲུབ་པར་བྱས་པའི་རྗེས་སུ་དེ་ནས་བསྒྲལ་ལས་ཆེན་མོ་ལ། ཡང་ན་བསྒྲལ་ལས་ཚར་བའི་ལིང་རོ་བསྟབ་པ་དང་ལྷན་


TR008_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བྱ་བའི་གང་འཐད་བྱ། །དགོས་པའི་ལིང་ཆེན་ཡང་སྟ་གོན་བྱས་ལ། ཉིན་གུང་གི་ཐུན་ལ་གདབ་ལས་རྒྱས་པ་བྱེད་རྒྱུའི་སྔ་གྲོ་ནས་ལས་འགྲིག་གི་ཐོག་མར་ལྷ་ཚོགས་རྣམས་ལ་བསྟོད་པ་མངའ་གསོལ་བ་རྒྱས་པར་བྱ་ཞིང་། དེ་ནས་དྲག་པོའི་ཕྲིན་ལས་བསྐུལ་ཕྱིར་རྒྱལ་བ་སྤྱི་སྐུལ་ཆེན་མོ་དང་། དམ་ཅན་དགོས་བསྐུལ། ཕོ་ཉ་དགོས་བསྐུལ་དང་བཅས་པ་རྣམས་ཀྱིས་ཐུགས་དམ་གནད་ནས་བསྐུལ། གསེར་སྐྱེམས་ཀྱི་མཆོད་རྫས་བསངས་དུད་སོགས་ཀྱི་ཡོ་བྱད་དང་ལྡན་པས། མཆོད་པ་ཕུད་སྐོངས་ཆེན་མོ་དང་། །དམ་བདར་བཅོས་བསྐུལ་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་སློབ་དཔོན་གྱི་མདུན་དུ་བསྒྲལ་ལས་ཀྱི་བཅའ་གཞི་བཤམས་ལ། ཕྱོགས་བཅུ་དུས་གསུམ་སོགས་ཀྱི་གཟུ་དབང་གི། བསྙེན་སྒྲུབ་ཚུལ་བཞིན་བྱེད་པའི་དོན་མ་ཆུང་། ཞེས་པའི་མཐར། ཁྱུང་བཅས། ཁྱུང་བཅས་ནས་འབྱུང་བའི་སྣོད་བཅུད་ལྷར་གསལ་བ་དེ་དག་དམག་དཔུང་གོ་གསར་པ་ལྟར་བསྐྱེད་ཨེ་བཛྲ་མཎྜ་ལ་ཧཱུྃ་ཅེས་སོགས་


TR008_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཀྱི་གཞུང་ནས་འབྱུང་བའི། ཕྱོགས་བཅུ་ནམ་མཁའ་ཡངས་པ་ཅེས་སོགས་ནས། འདུལ་བའི་ལས་མཛོད་ཅིག་ཅེས་པའི་བར་དང་། སླར་བཀའ་བརྒྱུད་བླ་མ་རྣམས་ཀྱི་དོན་མ་ཆུང་། ཞེས་སོགས་ཀྱིས་མཁྱེན་གསོལ་གཟུ་དཔང་རྒྱས་པར་བྱ། དེ་ནས་བདག་དཔལ་ཆེན་པོར་གསལ་བ། ལིངྒ་དགྲ་གེགས་དངོས་སུ་གསལ་བ་ཕུར་པ་གྲས་མཆོག་ཏུ་གསལ་བ་དང་གསུམ་གྱི་དང་པོ་ནི། བདག་ཉིད་དཔལ་དུ་གསལ་བའི་ཐུགས་ཀ་ནས་ཨེ་ཅིག་འཕྲོས་པ་ལས། ཅེས་སོགས་ཀྱིས་ཧོམ་ཁུང་བསྐྱེད་ལ། དེའི་ནང་དུ་ལིངྒ་དགྲ་གེགས་དངོས་སུ་བསྐྱེད་པ། གདབ་ལས་ནས་འབྱུང་བ་ལྟར་གྱིས་ ཚིག་དོན་མཐུན་པར་བྱས་ནས། བདེན་སྟོབས་ཀྱིས་དགུག་གཞུག་དྲག་པོ་ལན་མང་དུ་བྱས་པས་བཀུག་པའི་མཐར། གདབ་ལས་ཀྱི་ སྨུག་ནག་གྲུ་གསུམ་སོགས་ཚིག་རྐང་བརྒྱད་ཀྱིས་ཆེ་མཆོག་ལྷ་ཚོགས་རྣམས་བསྐུལ་ཞིང་། སླར་དམ་ཚིག་ཆེན་པོ་དང་། ཁྲག་འཐུང་སྐུ་ལས་སྤྲུལ་པའི་སོགས་དང་། ནམ་མཁའ་ ཁྱུང་བཅས་ནས་འབྱུང་བའི་ གདབ་ལས་ཀྱི་


TR008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཐོངས་སུ་ཤོར་མི་སྲིད། སོགས་ཀྱི་འཕྱོང་རྣམས་གདག་པའི་མཇུག་ཏུ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་སོགས་དང་། ཧོ། དཔལ་ཆེན་པོ་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་ཅེས་པ་ནས་ཁུག་གཅིག་གྱི་བར་གྱི་མོད་པ་རྣམས་བརྗོད་དེ། འདི་བཞིན་དཔལ་བརྒྱད་ཀ་ལ་འགྲོའོ།། ༈ །།དེ་ནས་ཡང་། མཐིང་ནག་གྲུ་གསུམ་འབར་བའི་སོགས་ཀྱིས་ཡང་དག་ལྷ་ཚོགས་རྣམས་བསྐུལ་ཞིང་། ཨེ་ཡི་ཚོགས་ཀྱི་སོགས་དང་། ལྷ་མོ་བློ་ལྡན་ནས། རྡུལ་དུ་རློག ཅེས་པའི་བར་གྱི་འཕྱོང་གདག་ཅིང་། རུ་ལུའི་སྔགས་དང་། ཧོཿ དཔལ་ཆེན་པོ། ཁྱུང་བཅས་ནས་ཡང་དག་ཐུགས་ཀྱི་སོགས་ནས། རླག་པར་གྱིས་ཤིག་གི་བར་གྱི་མོད་པ་བརྗོད་དོ། །དེ་ནས་ཡང་། སེར་ནག་གྲུ་གསུམ་སོགས་རྐང་པ་བརྒྱད་ཀྱི་འཇམ་དཔལ་སྐུའི་ལྷ་ཚོགས་བསྐུལ་ཞིང་། དེའི་འཕྱོང་དུ། དམ་ཉམས་དགྲ་གེགས་སྡིག་ཅན་ལ། །འགོ་བར་བྱེད་པའི་ལྷ་ཁྱོད་ཉོན། ཞེས་སོགས་ནས། །མ་མཛད་གཅིག་ཅེས་པའི་བར་དང་། དང་སོ་སོར་མ། ཁྱུང་བཅས་ནས་ ཡི་གདབ་ལས་


TR008_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པང་དུ་བླངས་ཙ་ན། སོགས་མཐར་ཆགས་དང་། ཨ་ཀྲོའི་སྔགས་དང་དམོད་པ་ཡང་བརྗོད་ཅིང་རྫས་སྔགས་ཕྱག་རྒྱ་དང་བཅས་པས་ལྷ་བྱེ་བྱའོ། དེ་ནས་རྟ་མགྲིན། ཕུར་པ། མ་མོ་དང་བཅས་པ་རྣམས་ལ་འཕྱོང་གཞན་མེད་པས་རང་རང་གི་བསྐུལ་དང་། སྔགས་དམོད་པ་རྣམས་མཐར་ཆགས་གདབ་ལས་ལྟར་བྱ་བ་ཉིད་དོ། །དེ་ནས་བསྒྲལ་ལས་ཀྱི་དང་པོ་ཉེས་པ་བསྒྲགས་པ་ནི་སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཞེས་པ་ནས། བསྒྲལ་བར་བྱ། ཞེས་པའི་བར་བརྗོད་དེ། སྐབས་འདིར་ཕུར་པ་སྲས་མཆོག་ཏུ་གསལ་བ་ནི། ཁྱུང་བཅས་ནས་འབྱུང་བའི། གདབ་ལས་ནས་བྱུང་བ་ལྟར་ བདག་གི་ལས་པ་གཡས་ཀྱི་སོར་མོ་ལྔ་ལ་ཞེས་སོགས་ཀྱིས་གསལ་གདབ་ལ། །སྒྲོལ་ནུས་པའི་དབང་ཐོབ་པར་འགྱུར། ཞེས་པའི་བར་གྱིས་བྱིན་གྱིས་བརླབ་ཅིང་། སླར་ཡང་བདག་ཉིད་ཆེ་མཆོག་ཅེས་སོགས་ནས། སྨོས་ཅི་དགོས་


TR008_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་བར་དང་། །བདག་ཉིད་ཁྲག་འཐུང་ཧེ་རུ་ཀ་ནས། བྃ་ཧཱུྃ་ཕཊ། ཞེས་པའི་བར་གྱིས་ཕུར་པ་མངའ་གསོལ་ཞིང་གཟི་བྱིན་བསྐྱེད་འདི་སྐབས་སུ་ཕུར་པ། ཁྱུང་བཅས་ནས་ ཡེ་ཤེས་ཀྱི་ལྷ་ལ་བཏབ་པ་དང་སྣོད་བཅུད་ལ་བཏབ་པ་ལ་སོགས་རྣམས་ནི་ཁྲོ་བོ་རོལ་པའི་གཞུང་འདི་དཀྱུས་ལས་མི་གསལ་བས་རྒྱས་པར་སྤྲོ་ན་སློབ་དཔོན་མཆོག་རྣམས་ཀྱི་ཞལ་གྱི་བདུད་རྩི་མྱང་བར་བྱའོ། །དེ་ནས་ཚེ་ཁྲུས་ཀྱི་དགོངས་པས་བདག་ཉིད་ནུས་སྟོབས་བསྐྱེད། བརྡ་ཙམ་ཁྱུང་བཅས་ནས་བསྟན་ཀྱང་། ཅིང་དམིགས་བྱའི་ལས་ངན་གྱི་བག་ཆགས་སྦྱང་བར་བྱ་སྟེ། ཨེ་མ་ཁམས་གསུམ་སེམས་ཅན་རྣམས། ཅེས་སོགས་དང་། ཕོའི་སྙིང་གི་དཀྱིལ་དུ་ཞེས་སོགས་ནས་མཐར་ཆགས་སུ་བྱ་ཞིང་། ཁྱུང་བཅས་ནས། ལྕགས་སམ་ནག་པོའི་ཤིང་སོགས་ནས་ཁྱུང་བཅས་ནས།། ༈ །།འདི་ནི་བདེར་འདུས་ཉིད་ཀྱི་དཀྱུས་ལྟར་ཡིན་ཀྱང་། དིང་སང་ནི་གནམ་གོ་དྲུང་པས་མཛད་པའི་གདབ་ལས་གདུག་པ་ཀུན་སྒྲོལ་ལྟར་བྱེད་པ་མང་ཞིང་སྟབས་ཀྱང་དེ་ཀ་བདེ་བར་སྣང་ངོ་། །ཧཱུྃ་ཧཱུྃ་ཕཊ་ཕཊཿསོགས་ཀྱི་བར་


TR008_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་མཇུག་ཏུ་གདབ་པ་དོན་སྙིང་ནས་འབྱུང་བའི། ལྕགས་སམ་གདུག་པའི་སོགས་ནས། ལྷ་ཀླུ་བྱད་ཁ་ཟློག་སོགས་དང་། ཡོན་ཏན་རྒྱུད་ནས་འབྱུང་བ་ཡི། སོགས་ཀྱི་ཕུར་ཟློག་ཀྱང་བྱ་ཞིང་། དེའི་རྗེས་སུ་ཁྲམ་ཤིང་དང་མདའ་དར་ནག་པོ་འཐོགས་ཏེ། ད་ནི་སྔགས་འཆང་སོགས་ཀྱི་མཐར། བྱད་མའི་ཐོག་ཏེ་བྷྱོཿསོགས་ཀྱིས་བྷྱེ་འདེབས་བྱ་ཞིང་སླར། ཆེ་མཆོག་ལྷ་ཚོགས་འཁོར་བཅས་རྣམས། ཅེས་སོགས་ཀྱི་བཅོལ། ཁ་སྐོང་ནས། གདམས་ཀྱང་བྱའོ། །དེ་ནས་བསྒྲལ་བ་དངོས་ལ་དང་པོར། མཐིང་ནག་གྲུམ་སོགས། ཁ་སྐང་ནས་འབྱུང་ ཀྱི་ཚིག་རྐང་བརྒྱད་ཀྱིས་མཆོད་བསྟོད་ལྷ་ཚོགས་བསྐུལ་ལ། ཆོས་ཀྱི་དབྱིངས་ནས་རང་བྱུང་སོགས་ཚིག་རྐང་བཞི་དང་། ཆེ་མཆོག་བཛྲ་ཀཱི་ལ་ཡ། ཅེས་སོགས་དང་། དུག་ལྔ་འདུས་པའི་ཅེས་པ་ནས། །ང་ལ་ལྟོས་ཅེས་པའི་བར་དང་། །ང་ནི་བཀའ་བརྒྱད་ཧེ་རུ་ཀ །ལག་ལེན་ཆེན་མོ་ནས་ སོགས་དང་། ང་ནི་དུས་གསུམ་ ཁ་སྐོང་ནས་འབྱུང་བའི་ སོགས་ནས་ ལག་ལེན་ལས། ཁ་བཅས་ནས་


TR008_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མ་ར་ཡ་ཛ་ཛའི་བར་བརྗོད་པའི་རྗེས་སུ་ཕུར་ཐུན་མཚོན་དགུ་རྣམས་ཀྱིས་བསྒྲལ་ཏེ། །རྡོ་རྗེ་ཕུར་པ་ཀཱི་ལ་ཡ། སོགས་མཐར་ཆགས་བྱ། དེ་ནས་རྡུང་གཅིག་རྡོ་རྗེ་འབར་བ་སོགས་ནས། ཁ་ཐམ་གྱི་བར་བརྗོད་པ་གཏུན་རྡུང་དང་། སླར་ཡང་། གདབ་ལས་ནས། བཀའ་བརྒྱད་སྤྲུལ་པའི་གཤན་པ་འབུམ། ཁྱུང་བཅས་ནས་ །ཞེས་སོགས་བརྗོད་པས་མཚོན་ཆས་བཏུབ་ཅིང་བསྒྲལ། དྲག་པོའི་ཐུན་གྱིས་གསད་པ། ཁ་སྐོང་ནས། ཡང་སྐབས་འདིར་བྱ་ཞིང་དེ་ནས། ཨོཾ་བཛྲ་ཙཎྜ་སརྦ་སོགས་མཆོད་བསྟོད་ཀྱི་སྔགས་དང་དམོད་པ་རྣམས་བྱའོ། །དེ་ནས་བསྟབ་པའི་ལས་རིམ་རྣམས་ཀྱི་ཐོག་མར། མཐིང་ནག་གྲུ་གསུམ་སོགས་རྐང་པ་བརྒྱད་ཀྱིས་དྲག་སྔགས་ལྷ་ཚོགས་བསྐུལ་ཞིང་། ཕྱེ་ཅིག་ཕྱེ་ཅིག་ཞལ་ཕྱེ་ཅིག་སོགས་དང་། ཆོས་སྐུ་སྐྱེ་མེད་རང་བཞིན་ལས། ཅེས་སོགས་ཀྱི་སྟབ་ཅིང་། ཟློག་འབུམ་རྒྱས་བསྡུས་གང་རིགས་ཀྱིས་མི་ཤ་ཁྲག་མཆོད་བྱ་ཞིང་ཕྲིན་ལས་གཞོལ། ཨོཾ་བཛྲ་སརྦ་དུཥྚན་སོགས་དམོད་པ་དྲག་ ལག་ལེན་ལས་


TR008_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྔགས་དང་དམོད་མོ་བྱས་ལ། སླར་ཡང་ལྷ་ཚོགས་རྣམས་ལ་སྒྲལ་ལས་ཀྱི་དཔའ་ཡོན་ལྟ་བུའམ་གཏང་རག་གི་ཕྱིར་དུ་དམར་སྦྲེང་། སླར་སྟབས། མཆོད་པ། བསྟོད་པ་དང་བཞི་ལས་དང་པོ་དམར་ཆེན་ཁྲག་གི་མཆོད་པ་འབུལ་ཞིང་། ང་རྒྱལ་ཁྲག་གི་རྒྱ་མཚོ་འཁྱིལ་ལི་ལི། སོགས་དཔལ་དགུ་སོ་སོའི་གཅིག་དྲིལ་གང་རུང་ལོང་སྐབས་དང་བསྟུན་ཏེ་བྱ། སླར་སྟབ་ནི། གོང་གི་ལིང་རོ་ལྷག་མ་བྲན། ཁ་སྐོང་གིས་དམུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ཞིང་། །བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་རྣམས། ཅེས་པ་ནས། ས་མ་ཡ་ཁ་ཧིའི་བར་གྱིས་འབུལ་ཞིང་། །འདིར་དཀྱིལ་འཁོར་དུ་འབུལ་བ་ལ་མི་དབང་། ཁ་སྐོང་ནས་བའི་རིགས་ཀྱི་སྲུང་མ་དག་ལ་ཤ་ཁྲག་གི་ལྷག་མ་ཅུང་ཟད་ཕྱི་རོལ་དུ་གཏོར། བམ་སྐོང་ཡང་གོང་དུ་མ་བྱས་ན་སྐབས་འདིར་བྱའོ། །ཞིང་བསྔོ་བར་བྱ་བ་ཡང་ཕྱག་བཞེས་སོ། །མཆོད་པ་ནི། །གཏོར་མ་ཁ་


TR008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་ཞིང་སྨན་རག་སྦྲེང་ལ། །འཇིག་རྟེན་གཏོར་སྣོད་བཅུད་རྣམས་གཏོར་མར་སྦྱར། སོགས་ཀྱིས་མཆོད་ལ། བཀའ་བརྒྱད་ཀྱིས་བསྟོད་པ་རྒྱས་བསྡུས་ལོང་སྐབས་དང་སྦྱར། ཁ་སྐོང་ལས་བའི་གཏང་རག་གི་བསྟོད་བྱའོ། །མཐར་བདག་དང་ལྷའི་མཐུ་སྟོབས་གཟི་བྱིན་གསོ་བ་དང་། གཟས་པ་པོའི་ཁམས་བཅོ་བརྒྱད་ཀྱི་སྒྲིབ་པ་སྦྱང་ནས་རྒྱལ་བའི་སྲས་སུ་བྱ་བ། སྣོད་བཅུད་ཐམས་ཅད་དཔལ་གྱི་སྐུར་བསྡུ་ཞིང་དབྱིངས་སུ་འཁོར་གསུམ་ཡོངས་དག་ཆེན་པོའི་རྒྱས་གདབ་པ་རྣམས་ནི་འདི་སྐབས་གཅིག་པུར་མ་ཟད་བསྒྲལ་ལས་བྱེད་ཏོ་ཅོག་ཐམས་ཅད་ཀྱི་མཇུག་དོན་ཡང་དག་པའི་སྙིང་པོ་ཡིན་ཕྱིར། ཚུལ་འདི་དག་གི་ཕྱག་བཞེས་རྣམས་ཀྱི་ཐུགས་རྒྱུད་ལ་འཁེལ་འཚལ་ལོ།། ༈ །།དེ་ལྟར་གཏོར་སྒྲུབ་ཆེན་མོའི་བསྙེན་སྒྲུབ་དང་ལས་འགྲིག་དངོས་གཞིའི་རིམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྲུབ་ནས། མཐར་མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་


TR008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་བསྡུ་བ་ནི་གསང་སྔགས་སྤྱི་འགྲོས་ཡིན་མོད་ཀྱི། དེ་ལས་མནན་པའི་ལས་མཐའ་ཁྱད་པར་བ་ནི་འདི་སྐབས་དཀྱུས་ཀྱི་ཁྲིགས་རིམ་ལ་དགོས་ཤས་ཆུང་བས་འདིར་རེ་ཤིག་སྲེག་འཕང་གཉིས་ཀྱི་བྱ་ཚུལ་འཆད་པར་བྱ་སྟེ། དེ་ཡང་གོང་དུ་བརྗོད་པ་བཞིན་སྒྲུབ་པའི་ཞག་གྲངས་ཇི་ཙམ་བྱེད་པའི་ཞག་ཕྱི་མའི་ཉིན་མོ་བསྒྲལ་ལས་དངོས་བྱས། དེའི་ནུབ་མོ་ཟོར་སྔགས་སོགས་བཟླ། ནང་པར་ཐོ་རངས་ནས་ལས་གཞུང་བསྐང་གསོ་ཚོགས་མཆོད་སོགས་རྒྱས་པར་གྲུབ་རྗེས། བཀའ་བརྒྱད་ཉིད་ཀྱི་སྦྱིན་སྲེག་རྒྱས་པ་བྱ་བའམ། ཡང་ཕྲིན་ལས་ཀྱི་གཟེར་ཆེན་ལྔའི་ནང་ཚན་གྱི་ཧོམ་ལ་བརྟེན་ནས་བསྲེག་པའི་ལས་སྦྱོར་ཚུལ་ལྡན་བྱེད་ན་མཆོག་ཡིན་མོད་ཀྱི། དེ་ལྟ་བུ་མ་གྲུབ་པའི་ཚེ་ན། ལྕགས་སླང་གི་ནང་དུ་སྐྱེར་པའི་ཤིང་སོགས་ཀྱི་མེ་ཐབ་ཆུང་ངུ་


TR008_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། མེ་ལྷ་དྲག་པོའི་ལུགས་ཀྱི་སྐྱེ་མཆོག་དང་དེའི་ལྟོ་བར་བཀའ་བརྒྱད་ཀྱི་ལྷ་ཚོགས་ཚང་བར་བསྐྱེད་ནས། སྤྱན་འདྲེན་མཆོད་པ་མདོར་བསྡུས་བྱ་ཞིང་། ལས་སྦྱོར་གྱི་འཁོར་ལོ་དང་ལིངྒ་སོགས་བསྲེག་པར་འོས་པ་ཐམས་ཅད་དང་། གདབ་ལས་ཀྱི་ལིང་རོ་ཤ་ཁྲག་སོགས་དང་གཞན་ཡང་སྲེག་རྫས་ཀྱི་ཚོགས་ཀྱང་གང་འབྱོར་འབུལ་ཞིང་། བསྟོད་པ་དང་ཕྲིན་ལས་བཅོལ་བ་ལ་གཤེགས་གསོལ་བྱ། དེའི་མེ་རོ་ཡང་གཏོར་ཟོར་འཕང་བའི་དུས་ལྷན་ཅིག་ཏུ་འཁྱེར་ལ་ཟོར་དུ་འཕེན། ཡང་ན་ཐལ་བ་ཆ་གཅིག་མནན་པ་བྱས་ཀྱང་རུང་བས་ཇི་ལྟར་རིགས་པ་སྐབས་ཀྱི་དགོས་དོན་དང་བསྟུན་ལ་བྱའོ།། ༈ །།དེ་ནས་ལྷ་ཚོགས་རྣམས་ལ་དཔའ་བོ་གཡུལ་དུ་འཆད་པའི་དམག་གི་གོ་སར་བའི་མིག་བརྡའ་གཏོང་བའི་ཚུལ་དུ་དྲག་ལས་ཀྱི་བཅའ་ཀ་དང་གཤོམ་ར་ཐམས་ཅད་སྟ་གོན་དུ་བྱས་ལ། ཐོག་མར་ ཆོས་སྐྱོང་གི་ཏུ་དར་སོགས་


TR008_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་ཕུལ་ཞིང་། རིགས་འཛིན་སྤྱི་བསྐུལ། དམ་ཅན་སྤྱི་བསྐུལ་ཆོས་སྐྱོང་སོ་སོའི་དགོས་བསྐུལ་རྣམས་དང་། །གཟེར་ཁའི་འཕྱོང་སྨད་ལས་བསྐུལ་གྱི་བྱང་བུ། ཁྱུང་གིས་ལས་བྱང་ཆེན་མོའི་ འདི་དག་ད་ལྟའི་ཁྲོ་རོལ་དཀྱུས་མའི་དཔེ་ལ་མེད་པ་ནས་ཆེ་ཡང་བདེར་འདུས་ཉིད་ལས་འབྱུང་ངོ་། བསྐུལ་སོགས་ཁྱུང་བསྐལ་རྒྱས་བསྡུས་བྱ་ལུང་རྒྱ་མཚོ་ལ་སོགས་པ་བསྐུལ་གྱི་རིགས་ཐམས་ཅད་བྱས་ལ། བར་འདིར་ལས་ཕྲན་བཅུ་དང་། འདེབས་ཀ་དགུ། ཁ་བསྒྱུར་བཅུ་གསུམ་སོགས་ཁ་ཚར་གྱི་ལས་སྦྱོར་དགོས་པའི་རིགས་ཡོད་ན་བྱ་ཞིང་གཏོར་ཟློག་རྐྱང་པ་ལ་ནི་དེ་དག་མི་དགོས་པས་དབྱེ་མཚམས་ཤེས་པར་བྱའོ། །དེ་ནས་ཟློག་གཞུང་རྣམས་ཀྱི་དང་པོར། ཕྱིའི་གཏོར་མས་འཁོར་བ་མྱང་འདས་སུ་བཟློག་པ་དང་། ནང་གི་གཏོར་མས་སེམས་ཅན་སངས་རྒྱས་སུ་བཟློག་པ་དང་། གསང་བའི་གཏོར་མས་དུག་ལྔ་ཡེ་ཤེས་ལྔར་བཟློག་པ་དང་བཅས་


TR008_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་། དེ་ནས་གཏོར་མ་ལ་བརྟེན་ནས་བཟློག་པའི་ཟེར་ཁ། རྒྱལ་མཚན་དགུ་འཕྱོང་། བྷྱོ་འདེབས། ཁྲམ་བཟློག །རྩངས་གྱེར་སོགས་བྱ། ཡང་། སྐག་བསྒྱུར་ངར་གླུད་ལྟར་གཏོང་བའི་ཚེ་ན་བར་འདིར་དེའི་གཞུང་ཡང་གྱེར་དྲག་པོའི་སྔགས་ཟློག་ཆེན་མོ་ནི་སྔ་ཕྱི་ལོང་སྐབས་དང་བསྟུན་པའི་ངོས་ནས་ཇི་ཙམ་གྲུབ་པ་བྱ་ཞིང་། ཁྱུང་གི་པྲ་བརྟག་ཀྱང་བྱ། དེ་ནས་གཏོར་མ་རྣམས་དཀྱིལ་འཁོར་སྟེང་ནས་མདུན་དུ་དཔགས་ཏེ་གཏོར་དྲིལ་བྱ། ཟོར་སྒོ་དབྱེ་ཞིང་ཕྱི་རོལ་ཏུ་སླེབ་ནས་འཆད་མདོའི་གཏོར་མ་འབུལ་རྒྱུ་ཟུར་དུ་བྱས་ དཔེ་རིས་ལྟར་རྡུལ་མཚོན་ནམ་འབྲུ་ནག་གི་ཕྱེ་མ་བྲི། ལ་འབུལ་ཞིང་། རྒྱལ་ཐོ་སྒོ་བྱང་སོགས་ཡོད་ན་བཏང་རག་ཕུལ་ལ་དཀྲོལ་བ་སྒྲུབ་ཆེན་ལྟར་དང་ འཆད་མདོ་གྱེར། དེ་རྗེས་ཟ་ལམ་དང་དམིགས་བསྒྲལ་སོ་སོའི་ཟློག་གཞུང་གྱེར་ལ་དེ་གཉིས་འཕང་། ཁྱུང་ཟློག་གྱེར་ཞིང་ཁྱུང་རྣམས་གཤེགས། སྤུང་གཏོར་ཆུང་བ་གཅིག་སྔར་ནས་སྟ་གོན་བྱས་ནས་འདི་སྐབས་སུ་འབུལ་བ་ཡང་


TR008_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འཕང་འདས་རིམས་ཐམས་ཅད་ལ་གལ་ཆེ་བར་གསུངས་སོ། དེ་ནས་ཟོར་དངོས་ཀྱི་དང་པོར་གསེར་སྐྱེམས་ཕུལ་ཞིང་ཟོར་ལྷ་བསྐུལ། དེ་ནས་ཟོར་གྱི་ལས་དགུ་པའི་ལུགས་དང་བསྟུན་ན་དེ་ལྟར་དང་། གཞན་བདེར་འདུས་ཉིད་ཀྱི་ཟོར་གཞུང་བཞིན་ཏེ། དང་པོ་སྐོང་ བདེར་འདུས་ནས་ཟོར་འཕང་བའི་བྱ་བུ་ནས་འབྱུང་ ཟོར། གཉིས་པ་གཏོར་ཟོར། གསུམ་པར་མདའ་ཟོར། བཞི་པ་རྡོ་ཟོར། ལྔ་པ་ཁྲག་ཟོར་རྣམས་གྱེར་དང་མཐུན་པར་རིམ་པ་འཕང་། འདིར་དིང་སང་ཕྱག་སྲོལ་ལ་ལར་ཟོར་རྣམས་ཕྱོགས་མཚམས་ཐམས་ཅད་དུ་འཕང་བར་བྱེད་པ་སྣང་ཀྱང་། འདིའི་དགོངས་པར་ནི། གསེར་སྐྱེམས་དང་དཀར་གཏོར་སོགས་ཕྱོགས་བཅུར་ཕུལ་ནས་ཕྱོགས་སྐྱོང་སོགས་ལ་རུ་ང་མ་བྱེད་པར་བཀའ་བསྒོ་བ་ཡིན་མོད་ཀྱི། ཟོར་ནི་ངེས་པར་དམིགས་སྒོ་ཡོད་ན་དེ་ཕྱོགས་དང་། མེད་ན་གཏོར་མ་འཕང་བའི་ཕྱོགས་སུ་འཕང་དགོས་ཀྱི། གཞན་ཕྱོགས་


TR008_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཕང་ན་གཟའི་འགྱུ་ཕྱོགས་དང་སྒྲ་གཅན་སོགས་བརྩི་བ་ལ་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་ནས་བཞེས་འབོད་སོགས་བྱས་ལ་གཏོར་མའི་ཡེ་ཤེས་པ་གཤེགས་ཅིང་དུག་མཚོན་དམག་དཔུང་སོགས་དམིགས་པ་ཁ་བསྒྱུར་ནས་དགྲ་ཕྱོགས་སུ་འཕང་ཞིང་དྲག་སྔགས་དམོད་བཅོལ་རྡུལ་རློག་སོགས་བྱ། གཏོར་གཞོང་བཤལ་ཆུས་བསྟན་མ་བསྐྱོང་བ་དང་། གཏོར་མནན་སོགས་དང་ཕྱི་རྗེས་ཀྱི་མཚམས་གཅོད་དང་གོ་བགོ་བ་སོགས་བྱ་ཞིང་། ནང་དུ་ལོག་ནས་ཚེའི་ཆོ་ག་དངོས་གྲུབ་བླང་བ། མར་མེའི་སྨོན་ལམ་སོགས་དང་། བཤགས་པ་བསྔོ་སྨོན་བཀྲ་ཤིས་སོགས་རྗེས་མཐའ་རྒྱས་ཀྱི་ལས་རིམ་རྣམས་ནི་སྒྲུབ་ཆེན་དང་འབྲེལ་ན་དེའི་དཀྱུས་བཞིན་དང་། མི་འབྲེལ་ན་ཡང་སྤྱི་དང་མཐུན་པར་ཞིབ་རྒྱས་སུ་བྱ་སྟེ། མཇུག་གི་ལས་རིམ་འདི་ལ་སླ་ཆོས་བྱར་མི་རུང་སྟེ། ཡོན་མཆོད་དང་གནས་ཡུལ་སོགས་ལ་བཀྲ་ཤིས་མི་ཤིས་


TR008_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་འབྲེལ་གནད་ཆེ་བར་གསུངས་པས་སོ། ཨེ་མ། གསང་སྔགས་རྒྱུད་སྡེའི་སྙིང་པོ་ཡང་ཞུན་མཆོག །བདེ་གཤེགས་ཀུན་འདུས་སྒྲུབ་པ་བཀའ་བརྒྱད་ལ། །བསྙེན་ཅིང་བསྒྲུབ་པས་དངོས་གྲུབ་མཆོག་བརྙེས་པ། །རྒྱ་བོད་རིག་འཛིན་གྲངས་མང་བྱོན་མོད་ཀྱང་། །དིང་སང་སྙིགས་མའི་ཡང་སྙིགས་འདི་འདྲའི་ཚེ། །བཀའ་བརྒྱད་སྨིན་གྲོལ་བང་མཛོད་མ་ཐོབ་པར། །ཁྲོ་རོལ་བུ་སྨད་གསོ་བའི་ཡས་ཆོག་ཏུ། །བྱེད་པའི་སྔགས་འཆང་ཁས་འཆེས་གྲོང་སྒོ་ཁེངས། །ཀྱེ་མ་གསང་སྔགས་སྔ་འགྱུར་བསྟན་པའི་ཉི། །ནུབ་རིའི་ཕག་ཏུ་བཞུད་ལ་མི་སྐྱོ་ཞིང་། །དལ་འབྱོར་ལན་ཅིག་ཐོབ་འདི་ལྟོ་ཕྱིར་དུ། །འབད་པས་རྒྱུག་འདི་འཆི་ཁར་ཅིར་འགྱུར་བསོམ།། ༈ །།གསང་སྔགས་ཆོས་ལ་བསླབ་པའི་མཐའ་བཅུ་དགོས། །བཀའ་བརྒྱད་མཁན་ལ་བསྐྱེད་རྫོགས་གུང་དགུ་


TR008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །གདབ་ལས་བྱེད་ན་རྫོང་འཕྲང་སྲོག་གསུམ་དགོས། །དགོས་ཀྱང་ཡོད་མཁན་དཀོན་པར་གཟིགས་ལགས་སམ།། ༈ །།སྐྱེད་རྫོགས་དགོངས་དོན་ཆ་ཙམ་མ་རྟོགས་བཞིན། །སྲུང་ཟློག་ལས་གཞུང་བོན་ལྟར་གྱེར་བ་དེས། །ལྟོ་ཙམ་ཕྱིད་ཀྱང་གསང་སྔགས་དམར་བཤད་ཀྱི། །རྣམ་པར་སྨིན་དེས་ཕྱི་མ་ཅིར་སྐྱེ་བསོམ།། ༈ །།ཟོལ་ཟོག་རྫུན་ལམ་འཁྱོག་པོས་དགུ་རྣམས་ལ། །བདེན་གཏམ་དྲང་པོའི་ལམ་སྲོལ་བསྟན་ན་ཡང་། །རླུང་ནད་ཅན་ལ་ག་བུར་བླུད་ལྟར་བས། །ལྕེ་རྩེ་ནང་དུ་བཀུག་པ་གནད་དུ་ཟབ།། ༈ །།དེ་ལྟའང་བཀའ་དྲིན་མཚུངས་མེད་རྗེ། །དཔལ་ལྡན་གཞན་ཕན་རྡོ་རྗེའི་དང་། །རྒྱལ་སྲས་རིག་འཛིན་སྙིང་པོ་སོགས། །ཞལ་གདམ་ལས་བྱུང་ཚུལ་འདི་བྲིས།། ༈ །།རང་ཉིད་སྒོམ་ཆེན་རྒན་པོ་ལ། །འདི་འདྲའི་ཚུལ་གྱི་ཅི་ཞིག་བྱ། །འོན་ཀྱང་ཕྱི་རབས་སྔགས་ཆུང་འགར། །ཕན་སྙམ་བསམ་པ་དཀར་དེའི་


TR008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དགེ།། ༈ །།འདི་དང་དུས་གསུམ་དགེ་ཚོགས་ཀུན། །གཅིག་བསྡོམས་གསང་སྔགས་འབྲས་བུའི་ཐེག །འཛིན་སྐྱོང་བསྲུང་དང་ཡེལ་བའི་རྒྱུར། །བསྔོ་དང་སྨོན་པ་འགྲུབ་གྱུར་ཅིག །ཅེས། སྤོང་བའི་བརྟུལ་ཞུགས་ལ་མོས་པ་ལམ་དུ་བྱེད་པ་སྣ་ཚོགས་རང་གྲོལ་གྱི་བཀོད་པ་དགེའོ།། ༈ །།གོང་དུ་སྨོས་པའི་བསླབ་པའི་མཐའ། སྐྱེད་རྫོགས་ཀྱི་གུང་ཤིང་དགུ་དང་རྫོང་འཕྲང་སྲོག་གསུམ་ཞེས་པ་དེ་དག་གང་ལ་ཟེར་སྙམ་ན། མཐའ་བཅུ་ནི། གསང་སྔགས་ཀྱི་ཆོས་ལ་འཇུག་པའི་སྒོ་ནི་དབང་གིས་ཕྱེ་བ། གཞི་དང་སྲོག་ནི་དམ་ཚིག་གིས་བཟུང་བ། ཐག་ནི་ལྟ་བས་བཅད་པ། ལ་ནི་སྤྱོད་པས་དོར་བ། ཉམས་སུ་ནི་ཏིང་ངེ་འཛིན་གྱིས་བླང་བ། དོན་ནི་མན་ངག་ཟབ་མོ་སྒྲུབས་པ། རྒྱུད་ནི་ཐོས་པས་འགྲོལ་བ། སྒོ་ནི་ཐེག་པ་ཀུན་ནས་བདུར་བ། ཤེས་བྱ་ནི་ཕྱོགས་མེད་ལ་བསླབ་པ། །དགོངས་དོན་ནི་དུ་མ་རོ་གཅིག་ཏུ་བསྡུ་བ་སྟེ། དེ་ལྟར་བསླབ་པར་བྱའོ། །སྒྲུབ་པ་བཀའ་བརྒྱད་ལ། སྐྱེད་རྫོགས་ཀྱི་གུང་ཤིང་དགུ་ནི། སྐུ་འཇམ་དཔལ་འཆི་མེད་ཀྱི་དགོངས་པ་འཁོར་ལོ་རྣམ་བཞི། གསུང་པདྨ་རྣམ་དག་གི་འོངས་པ་རྟ་སྐད་


TR008_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཐེང་གསུམ། ཐུག་ཡང་དག་དོན་གྱི་དགོངས་པ་རུ་ལུ་འབྲུ་བརྒྱད། ཡོན་ཏན་ཆེ་མཆོག་ཧེ་རུ་ཀའི་དགོངས་པ་བདུད་རྩི་རྣམ་བཞི། ཕྲིན་ལས་རྡོ་རྗེ་གཞོན་ནུའི་དགོངས་པ་ཕུར་བུ་ཐལ་འབྱིན། རྦོད་གཏོང་མ་མོ་ཀུན་ཁྱབ་ཀྱི་དགོངས་པ་རྩ་རླུང་ཐིག་ལེ། རིག་འཛིན་བླ་མ་བྱིན་རླབས་ཀྱི་དགོངས་པ་ཐུགས་གསལ་རྣམ་དག །མཆོད་བསྟོད་དྲེག་པ་ཀུན་འདུས་ཀྱི་དགོངས་པ་སྒྲུབ་ལུགས་དོན་བཞི། དྲག་སྔགས་དུག་ལྔ་རང་མདངས་ཀྱི་དགོངས་པས་གནད་ཀྱི་མན་ངག་བཞི་སྟེ། དེ་ལྟར་དགུ་ལ། རྒྱུད་མ་ཧཱ་ཡོ་ག་ལྟར་སྐྱེད་རིམ་དུ་སྒྲུབས་པ། ལུང་ཨ་ནུ་ཡོ་ག་ལྟར་རྫོགས་རིམ་སྒྲུབས་པ། མན་ངག་ལ་ཨ་ཏི་ཡོ་ག་ལྟར་རྫོགས་པ་ཆེན་པོར་སྒྲུབ་པ་དང་ཡོད་དོ། གདབ་ལས་ཀྱི་རྫོང་འཕྲང་སྲོག་གསུམ་ནི། བསྒྲལ་ལས་བྱེད་པའི་མཁན་པོ་དང་། སྒྲོལ་བྱེད་ཀྱི་ཕུར་བུ། བསྒྲལ་བྱའི་དམིགས་ཡུལ་གསུམ་པོ་གཞི་ཆོས་ཉིད་སྐྱེ་མེད་ཀྱི་ངོ་བོར་ཐག་ཆོད་པ་ནི་ལྟ་བའི་རྫོང་། ལམ་རོལ་པ་འགགས་མེད་གསལ་བ་གསུམ་དང་ལྡན་པ་ནི་སྒོམ་པའི་འཕྲང་། ཚེ་ལུང་ཁྲུས་ལུང་གི་དགོངས་པས་བདག་ཉིད་ནུས་པ་བསྐྱེད་ཅིང་དམིགས་བྱ་བསྒྲལ་འདྲེན་


TR008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་འབྲས་བུ་ཟད་པར་སྐྱོལ་བ་ནི་སྤྱོད་པའི་སྲོག་སྟེ། དེ་ནས་འདི་དག་གི་དོན་མི་ཤེས་པར་སྔགས་འཆང་དུ་མི་རུང་བ་ཡང་ཕྱི་རབས་རྣམས་ཀྱིས་ཐུགས་ལ་བཅག་པ་འཚལ་ལོ། །ཤུ་བྷཾ། མངྒ་ལམ། གཅིག་ཞུས་ཁུལ།


previousཞི་ཁྲོ་བདེར་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་མོའི་ཕྱག་བཞེས་ཀྱི་ཟིན་བྲིས།next