Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

4 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
 
 
  
  
  
  
བླ་མ་དགོངས་པ་འདུས་པའི་སྒྲུབ་པ་ཆེན་པོ་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་དང་བཅས་པ་ཕྱག་བཞེས་ཇི་ལྟར་བྱ་ཚུལ་གྱི་ས་བཅད་ཟིན་སུ་བཀོད་པ།
  
 
  
  
  
  
  
  
  
  
  
  
  


4 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousབླ་མ་དགོངས་པ་འདུས་པའི་སྒྲུབ་པ་ཆེན་པོ་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་དང་བཅས་པ་ཕྱག་བཞེས་ཇི་ལྟར་བྱ་ཚུལ་གྱི་ས་བཅད་ཟིན་སུ་བཀོད་པ།next

བླ་མ་དགོངས་པ་འདུས་པའི་སྒྲུབ་པ་ཆེན་པོ་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་དང་བཅས་པ་ཕྱག་བཞེས་ཇི་ལྟར་བྱ་ཚུལ་གྱི་ས་བཅད་ཟིན་སུ་བཀོད་པ།


TR008_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པའི་སྒྲུབ་པ་ཆེན་པོ་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་དང་བཅས་པ་ཕྱག་བཞེས་ཇི་ལྟར་བྱ་ཚུལ་གྱི་ས་བཅད་ཟིན་སུ་བཀོད་པ་བཞུགས་སོ།


TR008_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་རང་བཞིན་རྣམ་དག་ཆོས་སྐུའི་ཀློང་། །འགག་མེད་རང་ཤར་གཟུགས་སྐུ་དཀྱིལ་འཁོར་ལྷ། །སྣ་ཚོགས་སྤྲུལ་བསྒྱུར་སྒྱུ་མའི་གར་མཁན་མཆོག །བླ་མ་ལྷ་དང་ཌཱ་ཀིར་སྙིང་ནས་འདུད། །ཐེག་དགུའི་ཡང་ཞུན་ཟབ་གསལ་རྡོ་རྗེའི་ཐེག །མཐའ་དག་སྨིན་གྲོལ་གནད་གསང་ལ་འདུས་ཕྱིར། །ཟབ་པའི་མཐར་ཐུག་དགོངས་འདུས་གསེར་ཆོས་ཀྱི། །སྨིན་གྲོལ་ཕྱག་བཞེས་རིམ་པ་འདིར་བསྟན་བྱ། དེ་ལ་འདིར་བླ་མ་དགོངས་པ་འདུས་པའི་སྨིན་བྱེད་ཀྱི་སྒྲུབ་པ་ཆེན་པོའི་ཕྱག་བཞེས་རིག་འཛིན་བརྒྱུད་པའི་


TR008_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱི་བདུད་རྩི་དྲི་མ་མེད་པ་ཡི་གེར་བཀོད་དེ་སྐལ་ལྡན་རྣམས་ཀྱི་འདོད་པ་འཇོ་བའི་ནོར་བུར་སྦྱིན་པར་བྱ་བ་ལ། ཐོག་མར་ས་བཅད་ཀྱི་སྡོམས་ནི། སྙན་གསན་དབབ་ཅིང་སྒྲུབ་རྫས་ཡོ་བྱད་བསག །ས་ཡི་བདག་པོ་རྣམས་ལ་བདེན་ཚིག་བརྗོད། །ཆུ་གཏོར་སཱཙྪ་རྒྱ་བཞི་གསུམ་རབ་བསྒྲག །གཏོར་ཟློག་ལིང་སྒྲུབ་དྲག་པོའི་སྦྱིན་སྲེག་བྱ། །དེ་ལྟར་རྐྱེན་ཟློག་ཚོགས་གསོག་ཅི་འགྲུབ་འབད། །དེ་ནས་སྔོན་འགྲོར་སྐོངས་དང་ཡིག་བརྒྱ་འབུམ། །བརྒྱ་ཕྱག་སྤང་སྐོང་ཞི་བའི་སྦྱིན་


TR008_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་བྱ། །རྟགས་ཀྱི་ཕྱག་རྒྱས་རྣལ་འབྱོར་གྲངས་ལ་གདབ། །ས་དབྱིབས་སྤྱི་དང་བྱེ་བྲག་བརྟག་ལ་བླངས། །སྔགས་དང་བྱ་བས་སྦྱང་ཞིང་མ་ཏྲྃ་བསྒྲལ། །གཏེར་སྦ་བློ་དང་སྟངས་སྟབས་ཁྲོ་གར་བཟུང་། །ཕུར་བུས་བསྲུང་ཞིང་ཤིས་བརྗོད་གར་སྡུད་བྱ། །ཚོམ་བུའི་དཀྱིལ་འཁོར་བཞེངས་ཤིང་བུམ་སོགས་བཤམ། །སྐྱབས་སེམས་ཡན་ལག་བདུན་དང་ཕྱི་གཏོར་བཏང་། །བདག་སྐྱེད་རྒྱལ་ཐོ་གཟུག་ཅིང་གསོལ་བ་གདབ། །མདུན་སྐྱེད་བུམ་སྐྱེད་སོ་ཤིང་སོགས་བྱིན་བརླབ། །ཆོས་སྐྱོང་བསྐང་གསོ་ཁྲུས་དང་མེ་ཐུན་བརྡེག །དམ་སྲི་མནན་ཞིང་སྒོ་བྱང་ཕྱི་ནང་གདག །ཀུན་ཚོགས་བྱུར་ཕུད་བགེགས་སྦྱང་ཌཱཀིྐ་འགྱེད། །མཚམས་ཕུར་ཕྱག་འཚལ་མཎྜལ་ཆོས་བཤད་བྱ། །སྐྱབས་སེམས་སྡོམ་བཟུང་གནས་གསུམ་བྱིན་གྱིས་བརླབ། །སོ་ཤིང་ཁྱོར་ཆུ་སྲུང་སྐུད་ཀུ་ཤ་སྦྱིན། །ལོ་རྒྱུས་བཤད་ནས་ཤིས་བརྗོད་འདུ་ཚོགས་གྱེས།


TR008_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་རག་ཚོགས་མཆོད་གཏོར་བསྔོ་གསོལ་གདབ་བྱ། ལྷ་ཚོགས་ནམ་མཁར་བཏེགས་ནས་རྫས་རྣམས་བསྡུའོ། །སྔོན་འགྲོ་ཐུན་མོང་ཁྱད་པར་ཡོངས་རྫོགས་པའོ།། ༈ །།དངོས་གཞིའི་དང་པོར་ཆག་ཆག་ཐིག་ཚོན་བྲི། །བུམ་སོགས་བཅས་བཤམ་ལྷ་ཚོགས་བསྐོས་ལ་གདབ། །དཀྱིལ་འཁོར་རྒྱན་དང་སྒྲུབ་རྫས་ཤར་གདབ་དགོད། །བསངས་སྦྱངས་སྐྱབས་སེམས་ཚོགས་བསགས་སྲུང་མཚམས་བཅད། །ཆོས་བཤད་སློབ་དཔོན་མཆེད་ལྕམ་མངའ་གསོལ་དབུལ། །རྟགས་གདབ་བརྡའ་སྒོ་བརྡའ་ཕྱག་བྱིན་འབེབས་བྱ། །ཡན་ལག་བདུན་ནས་བདག་མདུན་བུམ་སྐྱེད་སོགས། །དཀྱིལ་ཆོག་བསྐང་གསོ་ཚོགས་ལས་ཡོངས་རྫོགས་བཏང་། །ནང་པར་དཀྱིལ་ཆོག་ཡོངས་རྫོགས་གཞུང་བསང་ལ། དཀྱིལ་འཁོར་ཕྱི་འཇུག་ནང་འཇུག་ལྷ་སྔགས་ཀྱི། དག་པ་སོ་སོར་རྒྱས་བཤད་འཛབ་དགོངས་ཕོགས། །འཛབ་བསྐུལ་ཞགས་གསུམ་ལ་སོགས་


TR008_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཅེ་རིག་སྒྲུབས།། ༈ །།དེ་ཚེ་སྨན་དང་སྦྲེལ་ན་ཁྲོམ་བུ་བཤམ། །སྦྱང་དང་བཞུ་བཏུལ་འཛབ་བཅས་བསྒྲུབ་བྱས་ལ། སླར་ཡང་བཏགས་བཙགས་སྦོལ་གཞལ་རྒྱས་བཏབ་བཤམ། །རྟ་བྲོས་བགེགས་བསྐྲད་སྨན་གྱི་བྱིན་འབེབས་ནི། །དུས་དྲུག་མྱུལ་ལེ་བཀྲད་བཅས་འཛབ་འབུངས་སྒྲུབས། །རྟ་ཐེན་ནུ་མོ་ལས་བྱང་བསྟོད་བསྐུལ་འབད། །མཎྜལ་ཞལ་བསྒྱུར་ཚེ་དབང་རྫས་སོགས་བཤམ། །ཐོ་རངས་སྒྲུབ་ཁོབ་གཞུང་ལྟར་དངོས་གྲུབ་བླངས། །བདུད་རྩིའི་དངོས་གྲུབ་ལེན་ཆོག་སྨན་དབང་བསྐུར། །རྒྱ་དཀྲོལ་སྨན་མཆོད་དངོས་གྲུབ་རྫས་ཆོག་རོལ། །ཚེ་དབང་བསྐུར་ཞིང་ཕྱི་དྲོ་སྒྲུབ་ལུང་སྦྱིན། །རྒྱས་པའི་སྦྱིན་སྲེག་གཏུམ་མོའི་མེ་དབང་བྱ།། ༈ །།དེ་ནས་སྤྲོས་བཅས་བུམ་དབང་མཐའ་རྟེན་བཅས། །རབ་འབྱམས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་། །གསང་བ་རྡོ་རྗེ་སློབ་དཔོན་དོན་དམ་བཅུད། །ཡོན་ཏན་མཆོད་རྫས་ཕྲིན་ལས་སྲོག་དབང་དང་། །དབང་གི་སྦྱིན་


TR008_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་ལ་སོགས་སྐབས་སྦྱར་བྱ། །དངོས་གཞི་སྒྲུབ་སྨན་དབང་ཀུན་ཡོངས་རྫོགས་པའོ། །རྗེས་ནི་དྲག་ལས་བཅས་གསར་བསྐུལ་ཆེན་བཏང་། །མཁྱེན་གསོལ་གཟུགས་དཔང་བསྒྲལ་ལས་ཆོས་སྐྱོངས་བསྐུལ། །ཕྱི་ནང་ཐོད་དཀྲོལ་བཏང་རག་ཟོར་སྒོ་དབྱེ། །འཆད་མདོ་གཏོར་ཟོར་བསྟན་སྐྱོང་གཏོར་བྲོ་བྱ། །བཏང་རག་མཆོད་བསྟོད་དངོས་གྲུབ་གཏོར་དབང་བླང་། །གཤེགས་གསོལ་བསྔོ་སྨོན་བསྡུ་མཆོག་ཀུན་གྲུབ་ཚེ། །རྡོ་རྗེ་སློབ་དཔོན་སྟེགས་བུའི་སྟེང་བཞུགས་ལ། །སྐུ་དྲིན་གསོ་ཞིང་མར་མེ་སྨོན་ལམ་གདབ། །ཤིས་བརྗོད་གཏེར་སྦ་རྡུལ་ཚོན་གཤེགས་གནས་བསྲུང་། །རྗེས་ཀྱི་རིམ་པ་མཐའ་དག་ཡོངས་གྲུབ་པའོ།། ༈ །།དེ་ལྟ་བུས་སྒྲུབ་ཆེན་གྱི་ས་བཅད་སྤྱི་སྡོམ་གྱི་རིམ་པ་མདོར་བསྟན་ནས། །བྱེ་བྲག་ཏུ་ཕྱག་བཞེས་ཀྱི་ལས་རིམ་ཇི་ལྟར་བྱ་ཚུལ་རྒྱས་པར་བཤད་པ་ནི། དེ་ཡང་གསང་སྔགས་ཐེག་ཆེན་བླ་


TR008_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་དབང་དང་སྒྲུབ་པ་ཆེན་པོ་འདི་ལྟ་བུ་སྟོན་པར་བྱེད་པའི་རྡོ་རྗེའི་སློབ་དཔོན་མཚན་ཉིད་དང་ལྡན་པ་གང་དེ་ཉིད། སྔོན་དུ་བདག་ཉིད་བརྩ་བ་གསུམ་གྱི་བསྙེན་པ་གྲངས་དུས་རྟགས་ཀྱི་རིམ་པ་དང་བཅས་པ་གཞུང་དང་མཐུན་པར་ཚད་དུ་འཁྱོལ་བ་དང་། རང་དོན་དུ་སྤྲོས་མེད་ཀྱི་སྒྲུབ་པའི་རིགས་གང་དང་གང་དག་རྣམས་ཀྱང་ནུས་ལྡན་རྟགས་ཐོན་དུ་སྒྲུབས་པ་ནི་མཆོག་ཏུ་གཅེས་པ་ཁོ་ན་ཡིན་ཕྱིར་དེ་ལྟ་བུ་སྔོན་དུ་བཏང་ལ།། ༈ །།དེ་ནས་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཀྱིས་ཀྱང་ལོ་ཟླའི་གོང་ནས་སློབ་དཔོན་ལ་སྙན་གསན་དབབ་པ་དང་། བླ་མས་ཀྱང་སྒྲུབ་པ་ཆེན་པོ་ལ་དགོས་པའི་ཡོ་བྱེད་ཀྱི་སྟ་གོན། བསྙེན་པ་ཁ་གསོ་བའི་རིགས་སོགས་གྲུབ་པར་བྱས་ནས། དེ་ནས་སྒྲུབ་པ་དངོས་ཀྱི་དུས་ཚེས་ཕུན་སུམ་ཚོགས་པའི་སྐབས་ལ་ནམ་བབས་པའི་ཚེ། ཐོག་མར་ཐུན་མོང་གི་སྔོན་དུ་འགྲོ་བའི་ལས་ཁྲིགས་ལ། དང་པོ་ས་ཆོག་སྟ་གོན་


TR008_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ས་བསླང་བ་ནི། ཡུལ་ཅན་མི་ལ་བསླང་བ་ནི་བཟའ་བཏུང་བདེན་ཚིག་དཀྲོལ་བ་སོགས་ཀྱིས་བསླང་ཞིང་། མི་མ་ཡིན་རྣམས་ལ་ནི་བསངས་དང་བསུར་མཆོད་ལ་སོགས་པས་ཚིམ་པར་བྱས་ཏེ་ས་བསླང་བའི་ཆོ་ག་བྱ་ཞིང་མ་མོའི་མདོས་སམ། རྒྱལ་མདོས་དང་ལྷ་འདྲེ་སྟོང་དྲ་སོགས་ཀྱིས་བར་མ་ཆད་བསམ། རི་རྒྱ་ཀླུ་རྒྱ་ལམ་རྒྱ་མགས་རྒྱ། རྒྱ་བཞི་བསྡམས་པ། སཱཙྪ། ཆུ་གཏོར། གསུང་རབ་བསྒྲགས་པ་སོགས་ཀྱི་རྒྱབ་ཆོས་དཀར་ཆོས་གང་འགྲུབ་དང་། བཀའ་བརྒྱད་དང་ཕུར་པ་གང་རུང་གི་གཏོར་སྒྲུབ་ལོངས་སྐབས་བསྟུན་པའི་ཞག་གྲངས་ཀྱི་སྒྲུབས་ནས། དམ་སྲི་མནན་པའི་ལིངྒ་དང་ཐུན་ལ་སོགས་ཀྱང་འདིའི་ཁོངས་ནས་ནན་ཏན་དུ་བསྒྲུབ་ཅིང་གཏོར་ཟློག་ཚུལ་ལྡན་དུ་བྱ་བ་དང་། དྲག་པོའི་སྦྱིན་སྲེག་ལ་དགོས་པའི་ལིངྒ་ཡང་བརྒྱ་ཕྲག་ཙམ་དུ་སྟ་གོན་བྱས་ལ་འདི་དུས་ལྷན་ཅིག་ཏུ་བསྒྲུབ་པའི་


TR008_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། སྒྲུབ་པ་ཆེན་པོ་ལ་བར་དུ་གཅོད་པའི་བགེགས་རིགས་རྡུལ་དུ་རློག་པའི་དྲག་པོའི་སྲེག་ཀྱང་རྒྱལ་སར་བྱ་བ་རབ་ཏུ་གཅེས་ཏེ། མདོར་ན་འདི་ཡན་ཆད་མཐའ་དག་ནི་སྒྲུབ་པའི་སྔོན་ནས་བར་ཆད་བསལ་བའི་རྟེན་འབྲེལ་གྱི་ཆོ་ག་ཡིན་ཕྱིར། སྒྲུབ་པའི་ཞག་གྲངས་དངོས་ལ་མི་ཐེ་བ་ཉིད་དོ།། ༈ །།དེ་ནས་སྔོན་འགྲོ་དངོས་ཀྱི་ཞག་དང་པོ་ལ། ན་རག་སྐོངས་བཤག་ཡིག་བརྒྱ་སྤང་སྐོང་ཕྱག་རྒྱ་ལ་སོགས་སྒྲུབ་པ་པོ་ཐམས་ཅད་ཀྱི་ཉམས་ཆགས་བཤགས་པའི་ཐབས་ལ་འབད་ཅིང་། སྡིག་སྒྲིབ་སྦྱོང་ཕྱིར་ལ་དམིགས་ནས་ཞི་བའི་སྦྱིན་སྲེག་དང་དེའི་བླུད་ཆོག་སོགས་གནད་ཀྱི་ཞལ་གདམས་ནས་འབྱུང་བ་ལྟར་བྱ་བ་ཡང་གཏེར་སྟོན་བརྒྱུད་པའི་ཕྱག་བཞེས་ཡིན་ལ། འདི་ནས་བཟུང་སྟེ་སྒྲུབ་ཆེན་ལ་ཞུགས་མཁན་ཇི་ཙམ་ཡོད་པའི་གྲངས་དང་མཐུན་པའི་རྡོ་རྗེ་སློབ་དཔོན་གྱི་ཕྱག་རྟག་བཀྲམ་ནས་གྲངས་ངེས་སུ་བྱས་ལ་


TR008_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྟགས་དང་མི་ལྡན་པ་ནི་སྒྲུབ་པའི་ཁོངས་སུ་མི་གཞུག་པ་ཡང་བར་ཆད་མི་འབྱུང་བའི་རྟེན་འབྲེལ་གྱི་ཐབས་གནད་ཟབ་མོ་སྟེ། དེ་ལྟར་འདི་ཡན་ཆད་སྔོན་འགྲོའི་ཞག་དང་པོའོ། །ཞག་གཉིས་པ་ལ། ས་བརྟག་པ། བླང་བ། སྦྱང་བ་རྣམས་དཀྱིལ་ཆོག་ཆེན་མོ་ལས་འབྱུང་བ་བཞིན་དང་། སྦྱང་བ་ཚུལ་བཞིན་བྱས་པའི་ས་དེ་ཉིད་སྟེགས་བུའི་གནས་སུ་སྤུངས་པ་ལ་མ་ཏྲྃ་གཟུགས་གཞུང་བཞིན་བཟོས་ནས། གིང་དང་རོལ་མོ་བ་སོགས་ཚགས་སུ་ཆུད་པ་དང་། ཐམས་ཅད་འཚོགས་ཏེ་བླ་མས་འདུས་པ་རྣམས་ལ་མ་ཏྲྃ་གི་ལོ་རྒྱུས་བཤད་ལ། མཁྱེན་གསོལ་གཟུགས་དཔང་མ་ཏྲྃ་བསྐྱེད་ཆོག་དགུགས་བསྟིམ་དྲག་པོ་ལན་མང་པོ་དང་བཅས་པ་བྱ་ཞིང་། འདི་སྐབས་ཀྱི་བདག་བསྐྱེད་ནི་མངོན་རྟོག་ཆེན་མོ་ལྟར་གྱི་གདན་རྟ་མགྲིན་ཁོ་ན་བསྐྱེད་པར་བསྔགས་སོ། དེ་ནས་གིང་པ་རྣམས་འཐོན་པས་


TR008_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁོག་གི་གཞུང་ནས་ཇི་ལྟར་གསུངས་པའི་མ་ཏྲྃ་མནན་ཆོག་ཚུལ་བཞིན་བྱས་ནས། དེའི་ཁོག་པ་ཆ་བརྒྱད་དུ་བགོས་པ་རྣམས་དཀྱིལ་ཆོག་གྱི་ཕྱོགས་མཚམས་བརྒྱད་དུ་བརྗོད་ཚིག་དང་མཐུན་པར་བཀྲམ་ལ། རྡོ་རྗེ་སློབ་དཔོན་ཉིད་དེའི་དབུས་སུ་གར་དབྱངས་དང་བཅས་པས་མ་ཏྲྃ་མནན་ཆོག་བྱ། སྟེག་བུ་རྒྱུན་ཞག་ཏུ་བཟོ་ན་འདི་སྐབས་ས་གཏེར་སྦ་བ་སྤྱི་དང་མཚུངས་པར་བྱ་བ་ཡིན་ལ། དེ་ནས་ས་བཟུང་བ་ལ་བློས་བཟུང་ཚུལ་ནི་གཞུགས་ཉིད་ཀྱི་གོ་སླ་མོད་ཀྱི། སྟངས་སྟབས་ཀྱིས་བཟུང་བ་ནི། དཀྱིལ་འཁོར་གཙོ་བོ་རྡོ་རྗེའི་སློབ་དཔོན་ནུས་ལྡན་གྱི་རྒྱལ་ཐེབས་བརྒྱད་དང་བཅས་པ་ཆས་ཀྱིས་རབ་ཏུ་བརྒྱན་ཞིང་རྡོ་རྗེ་དྲིལ་བུ་འཆང་བ་ཧཱུྃ་གི་གླུ་ཆེན་འབྱིན་བཞིན་པས་ལམ་ཞུགས་རྡོ་རྗེའི་འགྲོས་ཀྱིས་སྟེགས་བུ་བསྐོར་ནས། དབུས་དང་ཕྱོགས་མཚམས་སོ་སོར་འཁོད་པའི་མདུན་དུ་མཆོད་གཏོར་མདོར་བསྡུས་བཤམ་སྟེ། སྐྱབས་


TR008_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡན་ལག་བདུན་དང་ལྕེ་ལག་རྡོ་དྲིལ་མཆོད་གཏོར་བྱིན་རླབས་སོགས་ནས་བཟུང་སྟེ་གཙོ་བོ་དགུའི་བདག་སྐྱེད་སྤྱན་འདྲེན་བཞུགས་གསོལ་དབང་བསྐུར་རྒྱས་གདབ་མཆོད་བསྟོད་བཟླས་པའི་བར་གཞུང་བསྲང་། སློབ་དཔོན་གྱི་ལྷ་ལ་གསོལ་བ་གདབ་པ་དང་། ཕྱོགས་མཚམས་ཀྱི་རྒྱལ་ཐེབས་རྣམས་ཀྱིས་གཙོ་བོ་ཉིད་ལ་གསོལ་བ་བཏབ་པ་སོགས་གྲུབ་རྗེས། བཛྲ་ཨུ་ཏིཥྛ་ཡི་སྔགས་དང་ཕྱག་རྒྱས་ཡེ་ཤེས་བཏེགས་ལ། སླར་ལས་ཀྱི་རྟ་མགྲིན་བསྐྱེད་ནས། ཆོས་སྐུ་རྣམ་དག་མཚན་མ་ཀུན་སྤངས་ཀྱང་། །ཞེས་སོགས་ཀྱི་བགེགས་རིགས་ལ་བཀའ་བསྒོ་ཞིང་བདེན་སྟོབས་བརྗོད་པས་བསྐྲད། དེ་ནས་ཁྲོ་གར་གྱི་བཟུང་བ་དངོས་ནི། འབྱུང་འདུས་དང་བསྐྲད་གཟིར་ལ་སོགས་པའི་སྟང་སྟབས་ཀྱིས་ས་བཞིའི་བར་ཆད་བསལ། རྡོ་རྗེ་ཁྱུང་གཤོག་འགྲོས་དང་སྣ་ཚོགས་རྡོ་རྗེའི་འགྲོས་ལ་


TR008_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་ས་གཞི་ཟིལ་གྱིས་མནན་ཞིང་བཅགས། ཕྱག་མཚན་ལྔའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབ་པར་བྱ། དེ་རྗེས་ས་བསྲུང་བའི་ཕྱིར་ཕུར་བུ་ཁྲོ་བོར་མངའ་གསོལ་བ་དཀྱིལ་འཁོར། སྟེགས་བུའི་བྱང་ཤར་མཚམས་སུ་བཏབ་ལ། གར་གྱི་སྡུད་འགྲོས་ཁམས་གསུམ་དབང་བསྡུད་ཀྱི་ངང་ནས་ལོག་པར་བྱའོ། །ཞག་གསུམ་པ་ལ་དཀྱིལ་འཁོར་སྟ་གོན། བུམ་པ་སྟ་གོན། ལྷ་སྟ་གོན། སློབ་མ་སྟ་གོན་དང་བཅས་པ་རྣམས་ལས། དང་པོ་ནི། སྟེགས་བུའི་ཁར་ཐིག་ཆེན་བརྒྱད་དང་ལིང་ཚེ་དགུ་ཐིག་བཏབ་ལ། ལྷ་སོ་སོའི་རྩ་སྔགས་བུམ་དབང་ཆེན་མོ་ལྟར་དང་བཅས་པས་དྲིའི་ཐིག་ལེ་བྱས་པའི་ཁར་ཚོམ་བུ་དགོད་དེ། དེ་ཡང་དབུས་ཀྱི་གཙོ་མཆོག་ལ་ཚོམ་བུ་གཞན་གྱི་ལྔ་འགྱུར་དང་འཁོར་གྱི་གཙོ་བརྒྱད་ལ་གསུམ་འགྱུར། འཁོར་ཕལ་པ་ལ་རེ་རེ། སྒོ་མཚམས་དང་དཔའ་བོ་དཔའ་མོ་རྣམས་ལ་ཚོམ་བུ་ཕལ་གྱི་སུམ་


TR008_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཙམ་དུ་དགོད། བུམ་པ་སྟ་གོན་ནི། ཕྱག་བཞེས་ལ་ལར་དངོས་གཞིའི་རྒྱན་དགོད་ཀྱི་སྔོན་དེར་མཛད་པའང་ཡོད་མོད་ཀྱི། སྤྱི་འགྲོ་ལྟར་ན་འདིར་བྱ་བ་སྟེ། དེ་ཡང་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་གདན་མཛེས་གཙང་མའི་ཁར་མེ་ཏོག་བཀྲམ་ལ། བུམ་པ་དགུ་ལས་བུམ་དང་བཅས་པ་རྣམས། གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད། ཁ་རྒྱན་མགུལ་འཆིང་གཟུངས་ཐག་བུམ་རྫས་ཆུ་སོགས་ཐམས་ཅད་བཤམ་ལ། དཀྱིལ་ཆོག་ནས་བྱུང་བ་ལྟར་གྱི་བུམ་པ་བཅའ་བའི་རིམ་པ་རྣམས་ཞིབ་པར་བྱ་སྟེ། བུམ་པ་རྣམས་དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར་ཕྱོགས་མཚམས་མ་འཁྲུག་པར་དགོད། གཞན་ཡང་ལྷའི་སྐུ་རྟེན་ཙཀྐ་ལི་རྣམས་དང་། །ཕྱི་རིམ་དུ་མཚམས་ཕུར་སོ་ཤིང་། སྲུང་སྐུད། ཐོར་ཆུ་ཀུ་ཤ་སོགས་སློབ་མ་སྟ་གོན་གྱི་ཡོ་བྱེད་མཐའ་དག་ཚང་བར་བཤམས་པའི་དཀྱིལ་འཁོར་


TR008_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཐའ་སྐོར་དུ་ཕྱི་ནང་གི་མཆོད་གཏོར་གྱིས་སྐོར་ལ། སྐྱབས་སེམས་ཡན་ལག་བདུན་སོགས་སྔོན་དུ་བཏང་སྟེ། སྔོན་གཏོར་ལ་བབས་པའི་ཚེ། དཔོན་སློབ་རྣམས་ཕྱི་རོལ་བླ་གབ་མེད་པར་ཕྱིན་ནས་བསངས་བསུར་གྱི་མཆོད་པ་དང་བཅས་པས་དཀར་ཕྱོགས་སྐྱོང་བའི་གཞི་བདག་ལ་གསེར་སྐྱེམ། ལན་ཆགས་བགེགས་རིགས་ཀྱི་འབྱུང་གཏོར་དང་། སྤྱི་དང་མཐུན་པའི་ཆ་གསུམ་གཏོར་མ་སོགས་ཀྱང་རྒྱས་པར་བཤམ་ལ་དེ་དག་གི་ཆོ་གའི་རིམ་པ་རྣམས་ཀྱང་ཚུལ་བཞིན་དུ་བྱ། ནང་དུ་ལོག་ནས་བསྲུང་འཁོར་མཚམས་གཅོད་ནས་བཟུང་སྟེ་བདག་སྐྱེད་འཛབ་ཡན་ཆད་གྲུབ་པ་དང་། སླར་ཕྱི་རོལ་གྱི་ཕྱོགས་བཞིར་འཇིག་རྟེན་སྐྱོང་བའི་རྒྱལ་ཆེན་བཞི་པོོའི་ཐོ་སྐུ་རྟེན་འཕན་དར་དང་བཅས་པ་གཙུག་ལ། དེ་དག་སོ་སོར་གསེར་སྐྱེམ་གཏོར་མཆོད་བཤམ་ནས་ཆོ་ག་གཉེར་གཏད་རབ་


TR008_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིས་བརྗོད་དང་བཅས་པ་གཞུང་ལྟར་ཕྱོགས་བཞིར་རིམ་ཅན་དུ་བྱས་ཏེ། ནང་དུ་ལོག་ཚེ་སློབ་དཔོན་གྱིས་དཀྱིལ་འཁོར་པ་ལ་གསོལ་གདབ་བྱ་ཞིང་། སླར་རིམ་བཞིན་མདུན་སྐྱེད་བུམ་སྐྱེད་སོགས་དཀྱིལ་ཆོག་ཡོངས་རྫོགས་བཟླས་པ་དང་བཅས་པའི་མཐར། མཚམས་ཕུར་པོ་ཤིང་སོགས་ཐ་དད་ཀྱི་བསྐྱེད་བཟླས་དང་། ཁྱོར་ཆུ་ཀུ་ཤ་སོགས་ཀྱི་བྱིན་རླབས་བཟླས་སྔགས་ཐམས་ཅད་སྐབས་བསྟུན་ཅི་འགྲུབ་བྱ། ཆོས་སྐྱོང་རྣམས་ཀྱི་བསྐང་གསོ། །བཀའ་སྲུང་གཏེར་སྲུང་གི་གཏོར་མ་དགེར་འབུལ་སོགས་མདོར་ན་ཚོགས་ལས་ལ་ཐུག་གི་བར་མཐའ་དག་གྲུབ་པར་བྱ་ཞིང་། དམ་སྲི་མནན་པའི་ལིང་སྒྲུབ་རྒྱས་པ་སྔོན་དུ་མ་གྲུབ་ན་ནི་འདི་དུས་གདབ་པ་ལས་དྲུག་ཐམས་ཅད་ཞིབ་པར་བྱ་དགོས་པ་ཉིད་དོ། དེ་ནས་ཕྱི་རོལ་ཏུ་སློབ་མ་གྲངས་ངེས་གང་ཡོད་རྣམས་ལ་ཁྲུས་ཆོག་དང་མེ་ཐུན་བརྡེག་


TR008_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་བགེགས་སྦྱང་བའི་ཆོ་ག་རྣམས་བྱས་ནས་སྒྲུབ་ཁང་སྐོར་བ་བྱེད་ཅིང་ཡིག་བརྒྱ་བཟླར་གཞུག སློབ་དཔོན་དང་རྒྱལ་ཐེབས་སོགས་དཔོན་སློབ་རྣམས་ཀྱིས་སྒྲུབ་ཁང་ཐེམ་འོག་ཏུ་དམ་སྲི་མནོན་པའི་ལས་རིམ་དང་། སྒེ་བྱང་ཕྱི་ནང་གདག་ཅིང་སོ་སོའི་སྐྱེད་ཆོག་དགུག་བསྟིམ་མཆོད་གཏོར་གཉེར་གཏད་རབ་གནས་དང་བཅས་གཞུང་བཞིན་བྱ། དེ་ནས་སློབ་མ་རྣམས་ནང་དུ་ཚོགས་ནས། དང་པོ་བྱུར་ཕུད་པ། བགེགས་སྦྱང་བ། ཊཀྐི་འགྱེད་པ། མཚམས་ཕུར་གདབ་པ་རྣམས་དང་། ཕྱག་འཚལ། མཎྜལ། ཆོས་བཤད། སྐྱབས་འགྲོ། སེམས་སྐྱེད་སྡོམས་བཟུང་། གནས་གསུམ་བྱིན་རླབ། སོ་ཤིང་དོར་བ། ཁྱོར་ཆུ་སྦྱིན་པ། སྲུང་སྐུད་གདབ་པ། ཀུ་ཤ་སྦྱིན་པ་དང་བཅས་པའི་སློབ་མ་སྟ་གནོ་གྱི་ཆོས་བཅོགས་སོ་རྣམས་དབང་གཞུང་ཆེན་མོ་སྨིན་བྱེད་སྙིང་གི་མེ་ལོང་ཉིད་ནས་ཇི་ལྟར་འབྱུང་བ་བཞིན་ཐར་ཆགས་སུ་བྱ་ཞིང་། བླ་མས་


TR008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་གྱི་དགོས་ཆེད་དང་དག་སྦྱོར་བཤད་དེ་ཤིས་པ་བརྗོད་ནས་ཚོགས་པ་རྣམས་ཀྱིས་ལ། དཔོན་སློབ་རྣམས་ཀྱིས་དཀྱིལ་འཁོར་པ་ལ་བཏང་རག་གི་མཆོད་བསྟོད། ཚོགས་འཁོར། སྲུང་མ་སྤྱི་ལ་གཏོར་འབུལ་སོགས་བྱ་ཞིང་། དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་གསོལ་བ་གདབ་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁར་བཏེགས་པའི་སྔགས་དང་ཕྱག་རྒྱ་ཏིང་འཛིན་བྱས་ནས། རྫས་དང་ཡོ་བྱེད་ཐམས་ཅད་གཙང་བར་བསྡུའོ། །དེ་ལྟར་འདི་ཡན་ཆད་རྣམས་སྔོན་འགྲོ་སྟ་གོན་གྱི་ལས་རིམ་མོ། དེ་ནས་ཞག་བཞི་པའི་ཚེ། དངོས་གཞིའི་ལས་རིམ་རྣམས་ཀྱི་དང་པོར། ཕྱི་ནང་གསང་གསུམ་གྱི་ཆག་ཆག་གདབ་ཅིང་ཐིག་ཆོག་རྒྱས་པར་བྱས་ཏེ་དཀྱིལ་འཁོར་གྱི་ཐིག་ཞུང་བཞིན་བཏབ། རྡུལ་མཚོན་བྱིན་གྱིས་བརླབ་ལ་དཀྱིལ་འཁོར་ནོར་འཁྲུལ་མེད་པར་བྲིས་ནས། ཡིག་བརྒྱས་ཁ་བསྐང་ཞིང་རོལ་མོས་


TR008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཕབས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁར་བཏེགས་པ་དེ་ཉིད་རྡུལ་མཚོན་དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམ་མོ། །ཞག་ལྔ་པའི་ཚེ། ཐོག་མར་སློབ་དཔོན་གྱི་མདུན་དུ་གཞི་མ་གཙང་མ་རྒྱ་ཆེར་བཏིང་བའི་ཁར་མེ་ཏོག་སིལ་མ་བཀྲམ་ནས། བུམ་པ་རྣམས་དང་སྐུ་རྟེན། དབང་རྫས། དཀྱིལ་འཁོར་རྒྱན་བཀོད་ཀྱི་རྫས་དང་ཡོ་བྱེད་མཐའ་དག་གོ་རིམ་བཞིན་བཀྲམ་ལ། རོལ་དབྱངས་ཏིང་འཛིན་དང་བཅས་པས་སོ་སོའི་བཤར་གདབ་མངའ་གསོལ་གྱི་རིམ་པ་རྣམས་གྱེར་ཞིང་། ལས་ཀྱི་རྒྱལ་ཐེབས་རྣམས་ཀྱིས་སོ་སོའི་གྱེར་ཚིག་དང་བསྟུན་པས་དབང་རྫས་སྒྲུབ་རྫས་སོགས་རིམ་པས་གདན་དྲངས་ནས་དཀྱིལ་འཁོར་དུ་དགོད་ཚུལ་ཕྱག་བཞེས་མཐོང་བརྒྱུད་ལྟར་བཞུགས་གསོལ། ཞིང་སྟེང་འོག་གི་རྒྱན་དགོས་ཀྱི་རིམ་པ་མཐའ་དག་ཀྱང་བརྗོད་ཚིགས་དང་མཐུན་པར་དགྲམ། ཕྱི་རིམ་མཐའ་སྐོར་དུ་སྨན་


TR008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རཀཱ་གཏོར་མཆོད་སོགས་གྱ་ནོམ་པ་དཀོད་པའི་ཁྱད་པར་ཕུན་སུམ་ཚོགས་པས་རྩ་གསུམ་ལྷ་ཚོགས་ཆོས་སྲུང་ཐམས་ཅད་མཉེས་ཤིང་སྒྲུབ་པའི་མཆེད་ལྕམ་ཀུན་ཀྱང་སྣང་བ་འགྱུར་པའི་བཤམ་བཀོད་དང་ལྡན་པར་བྱའོ། །ཞར་ལ་སློབ་དཔོན་མཆེད་ལྕམ་ཀརྨ་གིང་ཆེན་སོགས་ལ་མངའ་གསོལ་བའི་རྟགས་ཀྱི་ཕྱག་རྒྱའི་ཡོ་བྱེད་རྒྱན་ཆས་ཐམས་ཅད་ཀྱང་མ་ཚང་བ་མེད་པར་དཀྱིལ་འཁོར་གྱི་ཉེ་ལེགས་གར་འོས་ཀྱི་སར་བཤམས་ལ་བཞག་གོ།། ༈ །།དེ་ནས་མཆོད་རྫས་བསང་སྦྱང་བྱས་ཏེ་སྐྱབས་སེམས་བདུན་དང་སྲུང་འཁོར་མཚམས་གཅོད་ཀྱི་བར་རྣམས་གྲུབ་པ་དང་སློབ་མ་རྣམས་ཚོགས་པ་ལ་བླ་མས་དལ་འབྱོར་རྙེད་དཀའ་མི་རྟག་ལས་འབྲས་འཁོར་བའི་སྡུག་བསྔལ་ཐར་པའི་ཕན་ཡོན་སོགས་དང་། སྒོས་ལམ་ཁྱད་པར་དུ་ཟབ་ཆོས་དགོངས་པ་


TR008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཆེ་བ། བླ་མ་རྒྱུད་པའི་ལོ་རྒྱུས་རྣམས་དང་། ཡང་དགོས་སུ་སྒྲུབ་པ་ཆེན་མོའི་འབབ་ཚུལ་ཕུན་སུམ་ཚོགས་པ་ལྔའི་མཚན་ཉིད་དགོས་ཆེད་སྐབས་དོན་གྱི་རྣམ་བཤད་རྒྱས་བསྡུས་སྐབས་དང་སྦྱར་ཏེ་བཤད་པའི་མཐར། རྒྱལ་ཐེབས་རྣམས་ཀྱིས་སྟོན་པ་རྡོ་རྗེའི་སློབ་དཔོན་ཉིད་ལ་མངའ་གསོལ་བའི་རྒྱན་ཆས་ཡོ་བྱད་རྣམས་འཐོགས་ནས། དེའི་གྱེར་ཚིག་མ་བུ་གོང་འོག་སྤྲད་ཚུལ་རྣམས་གཞུང་བཞིན་མ་ནོར་བར་བྱས་ལ་ཞི་ཆས་ཁྲོ་ཆས་ཡོངས་རྫོགས་དང་། གཞན་ཡང་དབང་དགོས་ཟབ་བེར་པད་ཞྭ་སོགས་མཐའ་དག་དབུལ་ཞིང་མངའ་གསོལ་ཕྱག་མཆོད་བྱ། དེ་རྗེས་བཟུང་མ་བུམ་འཛིན་གྱི་ལྷ་མོ་དགུའམ། ལྔ་ལ་སོགས་པ་རྣམས་ལ་ཡུམ་ཀུན་ཏུ་བཟང་མོ་སོགས་སུ་མངའ་གསོལ་བའི་སྐབས་སུ། དཔོན་སློབ་རྣམས་ཀྱིས་རོལ་དབྱངས་གཡབ་རྫས་སྤོས་དུད་སོགས་


TR008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམ་ཞིང་ཏིང་འཛིན་རྣོན་པོ་དང་ལྡན་པས། མཁའ་འགྲོའི་ལས་བྱང་པདྨའི་ཟེ་འབྲུ་ནས་འབྱུང་བའི་ཡེ་ཤེས་མཁའ་འགྲོ་སྤྱན་འདྲེན་ནན་ཏན་ཏུ་བྱས་བསྟིམ་པས་དམ་ཚིག་གཙང་ཞིང་སློབ་དཔོན་ནུས་པ་ལྡན་དང་མཁའ་འགྲོའི་དམ་རྫས་ཚོགས་ན་མཁའ་འགྲོ་དངོས་སུ་བབས་པས་ཉེས་སྨྲ་བ་ཡང་འབྱུང་ལ་འདི་སྐབས་སུ་གཏེར་སྟོན་ཉིད་ཀྱི་ཕྱག་བཞེས་མན་ངག་ཏུ། བུམ་འཛིན་གྱི་གཙོ་མོ་དང་ཕྱོགས་ཀྱི་བུམ་འཛིན་གང་ལ་བབས་འགྱུར་གྱི་མིང་བྱང་གི་རྟེན་འབྲེལ་བརྟག་པའི་ཐབས་ངེས་འགྲོངས་ཡོད་མོད་ཀྱང་། དིང་སང་ནི་འདི་དག་གི་ལག་ལེན་གནད་ལ་མཁལ་ནུས་ཀྱི་དཔོན་སློབ་སྣོད་བཅུད་ནུས་པ་མཉམ་པ་མི་རྙེད་ཚེ། ཚུལ་དེ་དག་གི་བྱ་ལུགས་ཞིབ་ཏུ་བརྗོད་དགོས་པར་མ་གྱུར་མོད།། ༈ །།དེ་ན་གོང་གི་འཕྲོར། བཟུངས་མ་ལ་ཞིབ་ཆས་ཀྱིས་མངའ་


TR008_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་དང་། གིང་པ་རྣམས་ལ་གིང་ཆས། གཞན་ཡང་རྒྱལ་ཐེབས་རིགས་སོ་སོ། །མཆོད་དང་ལྕམ་དྲལ་ལས་བྱེད་འདུས་པ་ཀུན་ལ་མངའ་གསོལ་སྤྱི་དང་བྱེ་བྲག་ཐམས་ཅད་ཚུལ་བཞིན་དུ་བྱ་ཞིང་། དམ་ཚིག་རྟགས་ཀྱི་རྒྱས་གདབ་པ་རྣམས་ཀྱང་འདིར་བྱའོ།། ༈ །།དེ་ནས་དཔོན་སློབ་ཀུན་ཆས་ཀྱིས་བརྒྱན་ཏེ་གར་འཆམས་སྤོས་རོལ་མཆོད་རྫས་ཀྱི་ཡོ་བྱད་སྣ་ཚོགས་འཐོགས་པས། དཀྱིལ་འཁོར་བསྐོར་ཞིང་བརྡ་སྐོ་བྱེ་བ། བརྡ་ཕྱག་འཚལ། དམ་བཅའ་བ། བྱིན་དབབ་པ་རྣམས་རིམ་པ་ལྟར། བྱིན་འབེབས་ཀྱི་ཚེ་གུ་རུ་ཚིག་བདུན་གསོལ་འདེབས་འཛབ་དབྱངས་དང་། དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་སོགས་ཀྱང་སྐབས་དང་བསྟུན་པས་བྱའོ། སླར་ཡན་ལག་བདུན་དང་ཕྱི་ནང་གི་མཆོད་པ་བྱིན་སློབས་སོགས་ནས་བཟུང་སྟེ་བདག་མདུན་བུམ་གསུམ་བསྐང་གསོ་ཚོགས་ལས་སོགས་ཡོངས་སུ་རྫོགས་པར་གཞུང་བསྲང་ངོ་།


TR008_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དྲུག་པའི་ཚེ་ཐོག་མར་བདག་མདུན་བུམ་གསུམ་མཆོད་བསྟོད་རྣམས་འགྲུབ་པར་བྱས་ལ་སློབ་མའི་ཚོགས་ལ་དཀྱིལ་འཁོར་ཕྱི་འཇུག་ནང་འཇུག་གི་ལས་རིམ་རྣམས་དབང་གཞུང་ཆེན་མོ་ཉིད་ནས་འབྱུང་ལྟར་བྱ་བ་སྟེ། ཁྱད་པར་ཡེ་ཤེས་འབེབས་པའི་ཚེ་རྩ་བ་གསུམ་སོ་སོའི་སྤྱན་འདྲེན་ལས་བྱང་ཚངས་པའི་སྒྲ་དབྱངས་ལྟར་དང་། དམིགས་རིམ་ནི་བྱིན་སློབས་གཏོར་མའི་བརྡ་དབང་གི་གཞུགས་དུ་ཡོད་པ་ལྟར་ནན་ཏན་དུ་འབོག་ཅིང་བསྟིམ། དམ་ཚིག་འབོག་པའི་དུས་སུ་ནི་དམ་ཚིག་རྣམ་བཤད་བརྒྱ་མདུད་ཀྱི་གཞུང་བཞིན་དང་། དཀྱིལ་འཁོར་གྱི་བརྡ་དོན་དག་སྦྱོར་ནི་དཀྱིལ་འཁོར་རྣམ་དག་རབ་བསལ་དང་། འཛབ་ལ་འཇུག་པའི་སྔོན་དུ་ལྷ་སྔགས་ཀྱི་དོན་རྣམས་འགྲེལ་པ་མེ་ཏོག་རྒྱན་ནས་གསུངས་པ་ལྟར་བཤད་པར་བྱ་སྟེ། འདི་དག་ཐམས་ཅད་སློབ་དཔོན་ཆེན་པོའི་གསུང་དྲི་མ་མེད་


TR008_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགོངས་འདུས་ཉིད་ཀྱི་རང་གཞུང་ཡིན་པའི་ཕྱིར། ཆོས་གཞན་ལས་དྲངས་དགོས་པ་མ་མཆིས་སོ།། ༈ །།དེ་ནས་འཛབ་ལ་ལ་འཇུག་ཚེ། འཛབ་གོངས་དམིགས་པའི་འཁྲུལ་འཁོར་གྱི་གཞུང་ལྟར་དམིགས་པ་འབོག་ཅིང་ཏིང་འཛིན་བསླབ་བྱ་ཞིབ་ཏུ་བྱས་ལ། འཛབ་བསྐུལ་རྣམས་རིམ་པ་ལྟར་དབྱངས་དང་བཅས་པས་བསྐུལ་ཞིང་འཛབ་རྒྱུན་གྱི་དབུ་འཛུག་པར་བྱ་བ་ལས། དེ་ཡང་སྒྲུབ་པའི་ཞག་གྲངས་ཇི་ཙམ་བྱ་བའི་དང་པོའི་ཞག་ལ་ནི་གཙོ་མཆོག་གི་འཛབ་ཁོ་ན་ལ་འབད་ཅིང་ཐུན་མཚམས་ལ་མཆོད་བསྟོད་དང་བཅས་པས་སྒྲུབས། ཞག་གཉིས་པ་ལ་འཁོར་གྱི་གཙོ་བརྒྱད་སོ་སོའི་འཛབ་བསྐུལ་དང་བཅས་ཏེ་སྒྲུབས། དེ་ལྷག་ཞག་གྲངས་ཇི་ཙམ་བྱས་པ་ཐམས་ཅད་སྤྱི་དྲིལ་ཆེན་མོ་འབའ་ཤིག་ལ་འབུངས། ཕྱོགས་མཚམས་ཀྱི་གཟུངས་ཐག་


TR008_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་སློབ་དཔོན་བརྒྱད་པོས་ནི་གཙོ་བརྒྱད་སོ་སོའི་ཏིང་འཛིན་དང་བཅས་པ་བྱ། དེ་ལྟར་མི་ལག་གིས་མ་ལྕོགས་ན་གང་ཡོད་ཀྱིས་སྤྱི་དྲིལ་ཆེན་མོ་ལ་འབད་ཅིང་། སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཀློང་ནས་རྡོར་ཟླས་དང་སྤྱི་དྲིལ་སྤེལ་མར་བྱ། མཆེད་ལྕམ་ལ་ལས་ནི་དཀྱིལ་ཆོག་གི་གཞུང་བསྲངས་ཞིང་ལྷ་ཚོགས་ལ་མཆོད་བསྟོད་དང་བཀའ་སྲུང་གཏེར་སྲུང་རྣམས་ལ་བསྐང་གསོ་ཚོགས་མཆོད་སོགས་རྒྱུན་མི་འཆད་དུ་འབད། རྡོ་རྗེ་རྒྱལ་ཐེབས་འཁོར་བཅས་ཀྱིས་ནི་ཉིན་མཚན་གྱི་ཐུན་དྲུག་ཏུ་གིང་གཏོར་འབུལ་ཞིང་གིང་བསྐུལ་བྱས་ནས། གིང་རྣམས་ཀྱིས་མྱུལ་ལེ་བསྐྲད་པའི་ལས་རིམ་རྣམས་ཀྱང་ཕྱག་ལེན་མཐོང་བརྒྱུད་ལྟར་དུས་ལས་མི་ཡེལ་བར་བྱ་བ་སོགས། མདོར་ན་སྒྲུབ་པ་དབུ་གཙུག་ནས་


TR008_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཞལ་ཕྱེའི་བར་དུ་འཛབ་རྒྱུན་སྐད་ཅིག་ཀྱང་མ་ཆད་པ་དང་། བསྐང་རྒྱུན་སོགས་ལེ་ལོའི་སེང་ཅུང་ཟད་ཀྱང་མ་ཤོར་བས་བསྒྲུབ་པར་བྱའོ། །གལ་ཏེ་བདུད་རྩི་སྨན་གྱི་སྒྲུབ་པ་དང་སྦྲེལ་ན། འདི་སྐབས་སུ་སྔོན་ལ་གོང་བཞིན་རྩ་བའི་སྒྲུབ་པ་ཞག་བདུན་ནམ་ལྔའམ་གསུམ་སོགས་གང་འོས་བྱས་ལ། དེ་ནས་ཁྲོལ་བུ་སྒྲུབ་པའི་བཅས་བཤམ་སྟེ་སྨན་སྒྲུབ་བདུད་རྩིའི་རྒྱ་མཚོའི་གཞུང་ཉིད་ནས་གསུངས་པའི་བསངས་སྦྱང་བཞུ་བཏུལ་སོགས་ཀྱི་ལས་རིམ་ཚུལ་ལྡན་དུ་ཁྲོལ་སྒྲུབ་ཞག་གསུམ་སོགས་སྐབས་བསྟུན་དུ་བྱ་ཞིང་། སླར་སྨན་རྣམས་བཏགས་བཙགས་སྦོལ་བའི་རིམ་པ་རྣམས་ཀྱང་ཕྱག་ལེན་མ་ཆུགས་པ་གཞུང་དང་མཐུན་པར་བྱས་ལ་གཞལ་ཞིང་རྒྱས་གདབ་མངའ་གསོལ་གྱི་ལས་རིམ་རྒྱས་པ་དང་བཅས་པས་དཀྱིལ་འཁོར་དུ་བཞུགས་སུ་གསོལ་ནས་དུག་གསུམ་གྱི་


TR008_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རྦར་ནས། སྟེང་ནས་སྐུ་གསུམ་གྱི་དར་ཁང་དབུགས་ལ་སོགས་བྱ་སྟེ། ལར་བདུད་རྩི་སྨན་གྱི་སྒྲུབ་པ་འདི་ལ་ནི་འོལ་ཚོད་རིག་དཔྱོད་ཀྱིས་འགྲུབ་པའི་ཡུལ་མ་ཡིན་ཚེ། བླ་མ་བརྒྱུད་པའི་ཞལ་གདམས་ཕྱག་བཞེས་མངོན་སུམ་དུ་གཏན་ལ་ཕེབས་པ་དང་། ཉམ་མྱོང་གི་དྲོད་ཐོབ་པ་གལ་ཆེ་བ་ཡིན་པ་ཤེས་པར་བྱ་ཞིང་། ཉིན་མཚན་དུས་དྲུག་ཏུ་རྟ་བྲོས་བགེགས་བསྐྲད་པ་དང་། སྨན་གྱི་ལྷ་མོ་སྤྱན་འདྲེན་བྱིན་འབེབས་ཀྱི་སྐབས་ཐམས་ཅད་དུ་རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་བུམ་འཛིན་གྱི་ལྷ་མོར་བཅས་པ་རྣམས་ཀྱིས། སྤོས་དང་རོལ་མོ་གླིང་བུ་གཡབ་དར་ལྔ་ལྡན་སོགས་འཛོམས་པས་གདུང་བའི་དབྱངས་ཀྱིས་བླ་མ་རིག་འཛིན་དྲང་སྲོང་ཡི་དམ་ལྷ་ཚོགས་སྨན་གྱི་ལྷ་མོ་འབྱུང་བའི་ལྷ་དང་སྲུང་མ་སོགས་སྤྱན་དྲངས་ཤིང་བསྟིམ་པའི་རྫས་སྔགས་ཏིང་འཛིན་ནན་ཏན་དུ་འབད་དེ།


TR008_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ་ཀུན་དམ་ཚིག་གི་སེལ་མ་ཞུགས་ཅིང་ལེ་ལོ་བཏང་སྙོམ་ཚོད་ཡོད་གལ་མ་མཆིས་སུ་མི་བྱ་བར། མོས་གུས་གདུང་ཤུགས་བརྩོན་འགྲུས་དྲག་པོས་སྨན་གྱི་འཛབ་དབྱངས་གསུང་མི་འཆད་དུ་སྒྲོག་ཅིང་རྩེ་གཅིག་ཏུ་སྒྲུབས། མདོར་ན་སྒྲུབ་པ་འདི་ལ་ནི་ཇི་སྲིད་རྟགས་མ་བྱུང་གི་བར་དུ་སྒྲུབ་པའི་འཕྲོ་བཤོལ་ཐབས་མེད་ཚེ། ཐོག་མ་ནས་དཔོན་སློབ་ཐམས་ཅད་དེ་ལྟ་བུའི་གོ་ཆ་དང་འདུན་པ་གཅིག་ཏུ་མཐུན་པ་གལ་ཆེའོ། །དེ་ནས་འོད་དང་དུ་བ་སྒྲ་དང་དྲི། ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། ཅེས་པ་ལྟ་བུའི་རྟགས་ཀྱི་རིམ་པ་སོ་སོའི་སྐལ་བ་དང་མཐུན་པ་ནམ་བྱུང་བའི་ཚེ། ནང་པར་དངོས་གྲུབ་ལེན་རྒྱུའི་ནུབ་མོ་ནས་མཎྜལ་ཞལ་བསྒྱུར་གྱི་དཀྱིལ་འཁོར་དང་། ཚེ་སྒྲུབ་བདུད་རྩི་སྙིང་པོའི་དབང་་རྫས། དངོས་གྲུབ་ཀྱི་རྫས་དང་ཡོ་བྱད་ཐམས་ཅད་རྒྱས་པར་ནས་དེ་དག་གི་ཆོ་ག་དང་དངོས་གྲུབ་བསྐུལ་བའི་འཛབ་རྣམས་ལ་འབུངས་


TR008_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལས་བྱང་རྒྱས་པ་དང་བསྟོད་འབུམ་བསྐང་བ་ཚེ་འགུགས་ཚོགས་བརྒྱ་སོགས་དང་། ཁྱད་པར་ལྷ་གནད་ལ་དབབ་སྟེ་དངོས་གྲུབ་འབེབས་པའི་ལས་རིམ་རྣམས་ཀྱང་སྨན་སྒྲུབ་ཀྱི་གཞུང་བཞིན་བྱ། ནང་པར་ཐོ་རངས་ནས་སྒྲུབ་པའི་སྤྲ་ཁྲིད་ལས་གསུངས་པའི་དངོས་གྲུབ་བླང་ཆོག་དང་བདུད་རྩི་སྨན་གྱི་དངོས་གྲུབ་བླང་ཆོག་སོགས་རྒྱས་པར་བྱས་ནས་དཔོན་སློབ་ཀུན་སྨན་བུམ་གྱི་དབང་བླང་། དེ་ནས་ནམ་ལངས་པ་དང་སྨན་གྱི་རྒྱ་དཀྲོལ་ཏེ། མཚན་ལྡན་གྱི་ཐོད་པར་སྨན་ཕུད་ཛཱ་གད་དང་སྦྱར་ལ་སྨན་མཆོད་རྒྱས་པར་བྱས་དངོས་གྲུབ་བླང་ཞིང་སྨན་བོག་བ་དང་ཚོགས་ཀྱི་དགའ་སྟོན་བྱའོ། ཉི་མ་ཤར་བ་དང་དུས་སྤྲད་དེ་བདུད་རྩི་སྙིང་པོའི་ཚེ་དབང་བསྐུར་བ་དང་། དེའི་ཉིན་སྒྲུབ་པ་ལུང་དབང་རྒྱས་པར་མཛད་པ་ཡང་གཏེར་སྟོན་གྱི་ཕྱག་བཞེས་སུ་གདའ། དེའི་


TR008_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ནང་པར་དངོས་གྲུབ་འཕེལ་བྱེད་རྒྱས་པའི་སྦྱིན་སྲེག་བྱ་ཞིང་། ཉམས་ལེན་གྱི་སྣོད་ལྡན་རྣམས་ལ་ནི་གཏུམ་མོའི་མེ་དབང་དགའ་བ་འཁྱིལ་པ་བདེ་བའི་གསང་མཛོད་ཀྱི་དབང་ཡང་སྐབས་འདིར་བསྐུལ་བར་མཛད་དོ། །དེ་ནས་དབང་དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ་ཉིད་སྐབས་ཐབ་དང་བསྟུན་དབུ་གཙུག་ལ། དེ་ཡང་རིག་པའི་དབང་ལྔ་མཐའ་རྟེན་དང་བཅས་པ་བསྐུར་བའི་དུས་སུ། སྟོན་པའི་རྡོ་རྗེ་རྒྱལ་པོ་རྒྱན་ཐམས་ཅད་དང་ལྡན་པ་བུམ་འཛིན་གྱི་ལྷ་མོར་བཅས་པས་དབང་རྣམས་བསྐུར་ཚེ་བྱང་སེམས་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་པ་དང་། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླང་། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཏ་ཀྲྀཏ་ཁྲོ་བོ་རྣམས་ཀྱིས་བགེགས་སྐྲོད་པ་སོགས་ཀྱང་བརྗོད་བྱང་དང་མཚུངས་པའི་ཆས་ཞུགས་སོགས་ཕྱག་ལེན་མཐོང་བརྒྱུད་ལྟར་བྱ་ཞིང་། དབང་གི་རིམ་པ་རྣམས་ཡུལ་


TR008_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གང་ཟག་གི་སྣོད་དང་ཇི་ལྟར་འཚམས་པར་སློབ་དཔོན་ཉིད་ཀྱིས་དགོངས་པས་དཔྱད་དེ་ཞག་གྲངས་དང་རྒྱས་བསྡུས་སྐབས་བསྟུན་དུ་བྱ་ལགས། དབང་གོང་མ་རྣམས་ཀྱིས་ཚེ་སློབ་མ་ཆོས་ཀྱི་རྒྱུན་འཛིན་གཞན་དོན་ནུས་པའི་རིགས་ལ་ནི། སྤྲོས་མེད་དོན་དབང་སྲོག་རྩ་དམར་འབྱིན་དབང་བཞིའི་ལག་ལེན་བདེ་སྟོང་རབ་འབྱམས། ཆགས་ཆེན་ལམ་སློངས་ཌཱ་ཀིའི་སྲོག་དབང་། ཐོད་རྒལ་རྩལ་དབང་བརྡའ་དོན་ཟུང་འབྲེལ། འཁོར་འདས་གཞི་རྫོགས་རང་བྱུང་དོན་དབང་ལ་སོགས་པའི་དབང་ཆེན་རྣམས་ཀྱང་ལྷན་ཐབས་སུ་མ་བུ་སྤྲད་ནས་བསྐུར་ཚུལ་དང་། དེ་བཞིན་དུ་གཅོད་དབང་སྒོ་འབྱེད། པུསྟིའི་ལུང་དབང་ལ་སོགས་དབང་ཕྲན་རྣམས་དང་། གཞན་ཡང་། བཏགས་གྲོལ་རྒྱུད་དབང་དང་། གཅོད་དབང་བཀའ་རྒྱ་མ་དང་། ལམ་འབྲལ་གྱི་ཀྱིབ་དབང་གུད་དུ་སྦས་པ་སོགས་


TR008_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རྒྱལ་ཚབས་སྟོན་པའི་ཞལ་སྐྱིན་སྟོན་པའི་སྒྲོན་མེར་གྱུར་ངེས་ལ་མ་གཏོགས། ཚོགས་པ་སྤྱི་དང་གང་ཟག་ཕལ་པ་དག་ལ་བསྐུར་དུ་རུང་བ་ནི་མ་ཡིན་ཕྱིར། གཙོ་བོར་སྣོད་དང་སྦྱོར་ཚུལ་ཤེས་དགོས་ལ། །འདི་དག་བསྐུར་བའི་སྐབས་སུ་ནི། བཀའ་སྲུང་རྟ་ནག་སྡེ་བརྒྱད༴ གཏེར་སྲུང་འབར་བ་སྤུ་བདུན། ཆོས་ཀྱི་རྗེས་འབྲེང་ཤ་ཟ་ཁ་མོ་ཆེ་དང་བཅས་པ་རྣམས་ཀྱི་ལས་གཏོར་རྒྱན་ལྡན་གཟི་བརྗིད་འབར་བར་བཤམས་ནས། སོ་སོའི་གསོལ་མཆོད་རྒྱས་པ་ནན་ཏན་དུ་བྱེད་པ་ཡང་ཆོས་འཁྲེན་དང་རུ་དོག་མི་འབྱུང་བའི་ཐབས་གནད་གལ་པོ་ཆེ་ཡིན་པ་དང་། སྲོག་དབང་ཆེན་མོའི་ཚེ་དྲེག་པ་སྡེ་བརྒྱད་སོ་སོའི་ཆོས་ཞུང་རྔམ་པའི་འཁོར་ཚོགས་དང་བཅས་པ་སྟ་གོན་བྱས་ལ་དཔོན་སློབ་རྣམས་ཀྱིས་སྤྱན་འདྲེན་དྲག་ཏུ་བྱས་པའི་མཐར་རོལ་མོ་


TR008_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་གླུ་རྐང་གླིང་བསུར་དང་བཅས་པས་སྤྱན་དྲངས་ཏེ་འགྱིང་འཚམས་རྔམས་བསྟབས་དང་ལྡན་པས། དབང་བསྐུར་རྣམས་མ་རྫོགས་ཀྱི་རིང་ལ་དཔང་པོའམ་དམིགས་རྟེན་གྱི་ཚུལ་དུ་བཞུགས་སུ་གསོལ་ཞིང་ཤ་ཁྲག་ལ་གཞི་བླངས་པའི་དགྲ་གེགས་ཀྱི་ལིང་ཆེན་བཟོས་པ་ལ་དགུག་གཞུག་བསྐྲལ་བསྟབས་བྱ་ཞིང་། གཏོར་མ་གསེར་སྐྱེམས་སོགས་རྒྱ་ཆེར་ཕུལ་ལ་ཕྲིན་ལས་གཞོལ་ནས་གཤེགས་གསོལ་བྱ་སྟེ། དེ་ལྟར་འདི་ཆད་ཐམས་ཅད་སྒྲུབ་དབང་དངོས་གཞིའི་རིམ་པའོ།། ༈ །།དེ་ནས་རྗེས་ཀྱི་ལས་རྣམས་ཀྱི་དང་པོར་དྲག་པོ་མངོན་སྤྱོད་ལས་ལ་མཁོ་བའི་རྫས་དང་ཡོ་བྱད་རྣམས་གསར་ཞིང་ཡི་དམ་ཆོས་སྐྱོང་གི་གཏོར་མ་དྲག་པོའི་ཟོར་རྫས་སོགས་མཐའ་དག་ཚགས་སུ་ཆུད་ཅིང་། ཕུང་གསུམ་བདུད་ཀྱི་ཉི་མ་ལ་བབས་པས་དུས་སུ་ཐོག་མར་བླ་མ་ཡི་དམ་མཁའ་འགྲོའི་ལས་བྱང་ཆོས་སྐྱོང་རྣམས་ཀྱི་བསྐང་གསོ་གཞུང་སྲང་


TR008_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལས་བསྐང་བ་ལ་སོགས་རྒྱས་པ་སྔོན་དུ་བཏང་ལ། དྲག་སྔགས་ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་དང་ཞི་ཁྲོ་བཀའ་བརྒྱད་སོགས་ལས་འབྱུང་བ་ལྟར་གྱི་མཁྱེན་གསོལ་གཟུགས་དཔགས་ཐུགས་དམ་བསྐུལ་བ་རྣམས་དང་བསྒྲལ་སོགས་ལས་བྱང་ཚངས་སྒྲ་ལྟར་རྒྱབ་པར་བྱ་ཞིང་། བསྐུལ་འབུམ་མྱུར་འགྱོགས་གློག་འཕྲེང་དང་། བཀའ་སྲུང་སྤྱི་དང་བྱེ་བྲག་པའི་བསྐུལ་བྱང་གི་ལས་རིམ་ཐམས་ཅད་གྲུབ་དང་། ཕྱི་མཚམས་བསྲུང་བའི་རྒྱལ་ཆེན་རྣམས་ལ་གསེར་སྐྱེམས་དང་དཀར་གཏོར། བར་མཚམས་སྒོ་བྱང་གི་ཁྲོ་བོ་གཉིས་དང་། ནང་མཚམས་བསྲུང་བའི་ཁྲོ་བཅུ་རྣམས་ལ་སྨན་རཀ་དང་བཅས་པས་བཏང་རག་གི་མཆོད་བསྟོད་ཕུལ་ཞིང་རང་གནས་སུ་གཤེགས་སུ་གསོལ་བ་སྒྲུབ་པ་སྤྲ་ཁྲིད་ལས་བྱུང་བ་ལྟར་བྱས་ནས་སྐུ་རྟེན་རྣམས་དཀྲོལ་ལ་ཐོ་སོགས་རྗེས་མི་མངོན་པར་བཤིག །


TR008_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།དེ་ནས་དཔོན་སློབ་མཆེད་ལྕམ་ཐམས་ཅད་དྲག་པོའི་ཆས་སུ་ཞུགས་ཏེ། ཐོག་མར་ལས་བྱང་མེ་ཏོག་འཕྲེང་མཛེས་ཀྱི་བསྐུལ་ཐུང་གི་བཞེས་སུ་གསོལ་ནས། ཆོས་སྐྱོང་གི་རུ་དར་དང་མེ་ཡིས་སྣ་དྲངས་ལ། ལས་གཏོར་རྣམས་ཕྱིར་དཔགས་པ་དང་ལྷན་ཅིག་པར་དཔོན་སློབ་རྣམས་ཀྱིས་བཀའ་བརྒྱད་ནས་འབྱུང་བའི་ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས། ཞེས་སོགས་ཀྱིས་ཟོར་ལམ་དབྱེ་ཞིང་། ཕྱི་རོལ་དུ་སླེབ་པ་དང་གཞི་བདག་ཕྱོགས་སྐྱོང་རྣམས་ལ་གསེར་སྐྱེམ་ཕུལ་ནས་གདོང་གྲོགས་བཅོལ་ཞིང་འགྱུ་ཕྱོགས་སོགས་དང་མཐུན་པའི་ཕྱོགས་སུ་ཁ་བལྟས་ལ། འཆད་མདོའི་འབུལ་གཏོར་ཟུར་དུ་བྱས་ལ་ཕུལ་ཞིང་སྔོན་གྱི་མཐའ་ཚིག་གིས་འཆད་མདོ་གྱེར་སླར་ཡང་རྡོ་རྗེ་རྒྱལ་པོས་སྣང་སྲིད་ཀྱི་ལྷ་མ་སྲིན་རྣམས་ལ་སྲིད་པ་ཧུའི་ཕྱག་རྒྱ་བསྟན་ཞིང་། འདི་ནི་སངས་རྒྱས་གླིང་པའི་གཏེར་ཁ་ལས་བྱུང་བ་དྲག་ལས་ལ་ཆེད་དུ་


TR008_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་སོ། །བཞེས་འབོད་དང་དམ་བདར་བྱས་ནས། ལས་བྱང་ཆེན་མོ་དང་རྟ་མགྲིན་ནག་པོའི་ལས་གཞུང་སོགས་ནས་བྱུང་བ་ལྟར་གྱི་གཏོར་གཟོར་གྱེར་ལ་གཏོར་མ་རྣམས་འཕང་། བསྟན་སྐྱོང་དང་གཏོར་བྲོ་སོགས་སྤྱི་ལྟར་བྱས་ཏེ་ནང་དུ་ལོག་ཚེ་དཀྱིལ་འཁོར་ལྷ་ཚོགས་ལ་བཏང་རག་གི་མཆོད་བསྟོད་རྒྱ་ཆེར་བྱས་པའི་མཐར། དངོས་གྲུབ་བླང་བའི་སྐབས་འདིར་བྱིན་རླབས་གཏོར་མ་བརྡ་དབང་ཉིད་མཐའ་རྟེན་གྱི་ཚུལ་དུ་བསྐུར་བ་ཡང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སོ།། ༈ །།དེ་ནས་དཀྱིལ་འཁོར་གཤེགས་སུ་གསོལ་བསྡུ་ཆོག་སྔོ་སྨོན་ཤིས་བརྗོད་སོགས་རྗེས་ཆོག་མཐའ་དག་སྤྱི་དང་མཐུན་པར་གྲུབ་ནས། ཡོ་བྱད་ཐམས་ཅད་བསྡུས་པའི་ཤུལ་གྱི་སྟེགས་བུའི་ཁར་རྡོ་རྗེ་སློབ་དཔོན་བཞུགས་པའི་ཁྲིའུ་བཤམས་པ་ལ་བཞུགས་སུ་གསོལ། སློབ་མ་ཀུན་གྱིས་སྐུ་དྲིན་བཏང་རག་གི་མཆོད་གསོལ་


TR008_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ནོད་དང་བཅས་ཏེ། སྒྲུབ་ཁོག་གསུངས་པའི་སྐུ་དྲིན་གསོ་ཞིང་སྨོན་ལམ་གདབ་པའི་ཚིག་རྣམས་དང་ཉེས་བྱས་བཤགས་པ་ལ་སོགས་ནན་ཏན་བྱ། མཆེད་ལྕམ་འདུ་ཚོགས་གང་ཡོད་ཀུན་གྱི་ལག་ཏུ་མར་མེ་བཟུང་ནས་དཔོན་སློབ་ཀུན་གྱི་མར་མེའི་སྨོན་ལམ་དང་། གཞན་ཡང་སྨོན་ལམ་ཤིས་བརྗོད་ཀྱི་རིགས་རྒྱ་ཆེན་པོ་བྱའོ།། ༈ །།འདི་སྐབས་སུ་སྒྲུབ་རྫས་བྱིན་རླབས་དངོས་གྲུབ་ཀྱི་རྫས་སྣ་ཚང་བ་དང་དར་སྨོན་རིན་ཆེན་འབྲུ་སྣ་སོགས་བཀྲ་ཤིས་པའི་བུམ་གཏེར་གྱི་ཡོ་བྱད་ཚུལ་ལྡན་སྤྱི་དང་མཐུན་པར་བྱས་པའི་བུམ་པ་ལྔའམ་གཅིག་གིས་རུང་བ་ལ་རྒྱས་བཏབ་སྟེ་རབ་ཏུ་གནས་ཤིང་སེམས་སྐྱེད་སྨོན་ལམ་གྱིས་མཚམས་སྦྱར་བས་དཀྱིལ་འཁོར་གྱི་ཤུལ་དུའམ་གར་འོས་ཀྱི་སར་སྦ་ཞིང་ཚོགས་བལྡམ། དེ་ནས་ནང་དཀྱིལ་འཁོར་གྱི་རྡུལ་ཚོན་རྣམས་རིན་ཆེན་གྱི་བུམ་པ་རྒྱལ་ལྡན་དུ་བརྩལ་བ། གཞན་ཡང་བུམ་


TR008_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ། བདུད་རྩི་ཆོས་སྨན་གྱི་ཆ་ཤས་ཅུང་ཟད་དང་། དངོས་གྲུབ་ཀྱི་གཏོར་མའི་དུམ་བུ་སྣ་ཚང་ཐོད་པ་མཚན་ལྡན་ནམ་རིན་པོ་ཆེའི་སྣོད་དུ་བླུགས་གདན་དྲངས་ཤིང་། ཚོགས་ཀྱི་ཡོ་བྱད། སྤོས་དང་རོལ་མོའི་བྱེ་བྲག །དར་འཕན་མཆོད་རྫས་སེར་སྦྲེང་དང་བཅས་ནས་ཆུ་ཀླུང་ཆེན་པོ་རྒྱུན་འབབས་ཀྱི་འགྲམ་ངོགས་སུ་འཁྱེར་ལ། དེར་དཔོན་སློབ་རྣམས་ཀྱིས་བདག་སྐྱེད་ལས་གཞུང་མདོར་བསྡུས་ཚོགས་མཆོད་དང་བཅས་པ་བྱས་པའི་མཐར། རྫས་དེ་དག་ཆུ་བོར་གཤེགས་པ་དང་ལྷན་ཅིག་ཏུ་ཡིག་བརྒྱ་སོགས་ཀྱི་གཟུངས་སྔགས་བྱིན་རླབས་ཅན་འུར་དིར་དུ་བསྒྲག་ཅིག །བསྟན་འགྲོའི་དོན་ཆེན་དང་ཆོས་རྒྱུད་མི་ནུས་རྒྱ་ཆེར་འབྱུང་བའི་སྨོན་ལམ་གདབ། བུམ་པ་སོགས་ཀྱི་སྣོད་རྣམས་སྟོང་པར་མི་ལོག་པར་ཆུ་གཙང་གི་བཀང་ནས་འཁྱེར་ཏེ་སྒྲུབ་ཁང་སོགས་


TR008_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཐོར། །དེ་རྗེས་ཞག་གསུམ་སོགས་ཀྱི་བར་གནས་བསྲུང་བ་དང་། དགའ་སྟོན་གྱི་རིགས་ཀྱང་ཅི་འབྱོར་བྱ་བ་ནི་རྗེས་འཇུག་བཀྲ་ཤིས་པའི་རྟེན་འབྲེལ་གྱི་གནད་དུ་ཆེ་བར་གསུངས་སོ། དེ་ལྟར་ཟབ་ཆོས་དགོངས་པ་འདུས་པའི་སྨིན་བྱེད་སྒྲུབ་དབང་ཆེན་མོ་དངོས་གྲུབ་སྨན་དང་བྲལ་བའི་སྤྲོས་བཅས་ཚོམ་བུ་ཚོགས་སྒྲུབ་ཀྱི་སྒོ་ནས། རང་གཞན་སྨིན་གྲོལ་དུ་བྱ་བའི་ལས་རིམ་སྔོན་འགྲོ་དངོས་གཞི་རྗེས་དང་བཅས་པའི་ཕྱག་བཞེས་ཀྱི་ཁྲིག་རིམ་མཐར་ཆགས་ལྟས་མཆོག་ཏུ་བགྱིས་ཏེ་ཟིན་རིས་སུ་བཏབས་པ་འདི་ནི་གཙོ་བོར་དགོངས་འདུས་ཉིད་ཀྱི་སྒྲུབ་ཁོག་ཆེན་མོ་སྤྲ་ཁྲིད་གསལ་བའི་མེ་ལོང་། སྤྲོས་བཅས་བུམ་དབང་ཆེན་མོ། །ལག་ཁྲིགས་གབ་པ་སྔོན་མངོན་ཕྱུངས། སྨན་སྒྲུབ་བདུད་རྩིའི་རྒྱ་མཚོ་སོགས་ལས་ཇི་ལྟར་གསུངས་པ་བཞིན་དང་། ཕྱག་ལེན་གྱི་རིགས་ཕྲན་


TR008_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁ་སྐོངས་དཀྲུག་སྡེབས་ཀྱི་རྣམ་པ་དག་ཀྱང་རིག་འཛིན་ཆེན་པོ་སངས་རྒྱས་གླིང་པ་ཉིད་ནས་ཞལ་གྱི་བདུད་རྩི་ཟམ་མ་ཆད་པ་ལས་ལེགས་པར་འོངས་པ་ཁོ་ན་མ་གཏོགས་གཟུ་ལུམ་རས་ཆོད་ཀྱི་དྲི་མའི་བསླད་པ་ཅུང་ཟད་ཙམ་ཡང་མ་མཆིས་ལགས་པས། ཡིད་བརྟན་གྱི་ཕྱི་མོར་རུང་བ་ནོར་བུའི་ཕྲེང་བ་ལྟ་བུ་འདི་ནི། རིག་འཛིན་ཆེན་པོ་སངས་རྒྱས་གླིང་པའི་རིགས་དང་ཆོས་ཀྱི་རིང་ལུགས་དྲི་མ་མེད་པ་འཛིན་པར་རྡོ་རྗེའི་སློབ་དཔོན་རིག་འཛིན་སྙིང་པོའི་སྤྱན་སྔར། བདག་ཉིད་དུས་ཀྱི་བླ་མའི་ཟོལ་གྱིས་འཚོ་བ་པ་མཁས་མཆོག་པདྨ་ལེགས་གྲུབ་རྩལ་གྱིས་ཡི་གེའི་བྱེད་པོ་དང་བསྐུལ་བ་སོར་བགྱིས་ཤིང་། རྩེ་ལེ་རིག་འཛིན་ཡབ་སྲས་ནས་བརྒྱུད་པ་སོགས་རང་ལུགས་ཀྱི་བླ་མ་བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་ཞལ་རྒྱུན་དག་དང་ཡང་དགོངས་པ་བསྟུན་ཏེ་


TR008_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་དཔོན་སློབ་ལྷན་གཅིག་ཏུ་གོ་བདུར་ནས་ཕྱི་རབས་ཀྱི་གང་ཟག་གསར་བུ་དག་ལ་ཕན་པར་བསམས་ཏེ་ཡི་གེར་བཀོད་པ་འདིས་མཚོན་ཚེ་རབ་ཀུན་གྱི་དགེ་ཚོགས་དུས་གསུམ་བསགས་པའི་རྣམ་དཀར་མཐའ་དག་གཅིག་ཏུ་བསྡོམ་པའི་མཐུ་འབྲས་ཀྱིས། མ་རྒན་མཁའ་མཉམ་འགྲོ་རྣམས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕངས་ལ་མ་འཁོད་དེ་སྲིད་དུ་ཐེག་ཆེན་བླ་མེད་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འགྲིབ་མེད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཆ་རྐྱེན་དུ་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ། གཅིག་ཞུད།


previousབླ་མ་དགོངས་པ་འདུས་པའི་སྒྲུབ་པ་ཆེན་པོ་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་དང་བཅས་པ་ཕྱག་བཞེས་ཇི་ལྟར་བྱ་ཚུལ་གྱི་ས་བཅད་ཟིན་སུ་བཀོད་པ།next