Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

4 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
 
 
  
  
  
  
  
བྱ་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླིང་།
 
  
  
  
  
  
  
  
  
  
  
  


4 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousབྱ་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླིང་།next

བྱ་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླིང་།


TR008_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླིང་ལགས།


TR008_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཐག་ལ་སོགས་བྱ་བཏང་གི་ཡོ་བྱད་རྣམས་ཀྱི་དྲི་བ་མཛད་པའི་ཆར་སྤྱི་རྒྱ་གར་དུ་ནི་རབ་བྱུང་སྦྱང་ཡོན་བཅུ་གཉིས་ལྡན་པའི་དགེ་སྦྱོང་རྣམས་ནི་བྱ་བཏང་གི་ཡང་རྩེ་ཡིན་པར་སྣང་ཡང་འོ་སྐོལ་བོད་ཀྱི་དགེ་སྦྱོང་ཚོ་ནི་འཇིག་རྟེན་པ་ལས་ཀྱང་སྤྲོས་པ་དང་སྣང་ཤས་ཆེ་བ་འདི་འདྲར་གྱུར་ཚེ་ཐ་སྙད་ག་ལ་ཡོད། དྲ་བ་དང་སྒོམ་ཐག་ནི་དགེ་སློང་མ་ཡང་གནང་བ་ཡིན་འདུག་པ་དང་། དགེ་སློང་གི་སྒོམ་ཐག་ནི་སྤུས་འཁྱུད་ཅེས་བྱ་བ་མལ་ནང་དུ་འདུག་དུས་ལུས་གནད་མི་ཞིག་ཕྱིར་སྤུས་མོ་ལ་བཅིང་བར།


TR008_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ཙམ་མ་གཏོགས་ཆག་ཚད་ངེས་པ་མ་གསུངས། དྲ་བ་ཡང་དགེ་སྦྱོང་དང་རྣལ་འབྱོར་པ་གཉིས་ཀ་ལ་དྲ་བ་ཞེས་སྐུད་པ་ལ་བཟོས་པ་ཕྱི་ནང་ཟང་ཐལ་དུ་མཐོང་བ་དེ་དགོས་པ་སྟེ། ཟང་ཟིང་གི་དངོས་པ་རིན་ཐང་ཅན་མི་ཚགས་པའི་དགོས་ཆེད་ལ་དམིགས་ཤིང་། རྫ་ཁོག་དང་ཕོར་པ་ཕྱེ་རྐྱལ་ཙམ་ལས་གཞན་མི་བཟུང་བ་ལ་དགོངས་པ་ཡིན་ཕྱིར། དིང་སང་ཆོས་པ་ཚོས་འཁུར་བའི་རས་དང་སྣམ་སླེབ་སོགས་ལ་བཟོས་པ་དང་། དེ་ལ་ཡང་མ་བརྒྱན་དང་དགུ་བརྒྱན་བྱས་པ་འདི་ནི་


TR008_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྣང་ཤས་ཁོ་ན་མ་གཏོགས། ཆོས་པའི་ཡོ་བྱད་མ་ཡིན་མོད་ཅིང་། འདི་ལ་ནི་མིང་ཡང་དྲ་ཕད་ཅེས་བྱ་བ། འཇིག་རྟེན་ཕལ་པ་རྣམས་ཀྱི་སྒྱེ་ཁུག་དང་ཁྱད་མེད་པས། དྲ་བ་དངོས་ཀྱི་མཚན་ཉིད་དུ་མི་འགྱུར་རོ། །དེ་བཞིན་དུ་སྒོམ་ཐག་ཀྱང་ཚུལ་ལྡན་བྱེད་ན་དྲ་མིག་ཅན་དེ་དགོས་པར་གསུངས་པ་སྟེ། རྩ་དབུ་རྐྱང་རོ་གསུམ་མཚོན་པས་གཞུང་སྐུད་གསུམ་བཤིབས། །དགའ་བ་བཅུ་དྲུག་མཚོན་པས་དྲ་མིག་བཅུ་དྲུག །གཏུམ་མོའི་མེ་མཚོན་པའི་ཁ་དོག་དམར་པོ། གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ་མཚོན་ཕྱིར། སྐྱེ་བོ་ཕལ་གྱིས་མི་མཐོང་བར་རང་ལུས་དང་འབྲལ་མེད་བཅང་བར་བཤད་པའི་དམ་ཚིག་གི་ཡོ་བྱད་ཡིན་པ་དང་། ཆག་ཚད་ཀྱང་། རྗེ་མི་ལ་ཡན་གྱི་གྲུབ་ཐོབ་ཐམས་ཅད་ཀྱི་ལུགས་ལ། ཉིས་ཁུག་མགོ་བོ་ལ་འཁོར་ཙམ་དེ་ཀ །གཅིག་ཀྱང་མཐོ་དྲུག་ཡིན་ཀྱང་། རྗེ་སྒམ་པོ་པ་མི་ལའི་དྲུང་དུ་ཐབས་


TR008_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྒོམ་པའི་སྐབས་སུ་དམྱལ་བ་ཐིག་ནག་གི་བཀོད་པ་མཐོང་ཞིང་སྐུ་ཁམས་མ་བདེ་བ་བྱྱུང་བ་དེ་ལ། རྗེ་བཙུན་གྱིས་སྒོམ་ཐག་ཐུང་བའི་སྐྱོན་གྱིས་རྩ་འཐུམས་པར་འདུག་པས་སྒོམ་ཐག་རིང་དུ་ཐོང་གསུངས་ནས་ཆང་པ་གང་གིས་རིང་དུ་བཏང་བའི་རྗེས་སུ་འབྲང་ནས། དིང་སང་ནི་མགོ་འཁོར་ཆང་གང་གི་ཆག་ཚད་ཡིན་ལ། ཞེང་ནི་སོར་བཞིའམ་གསུམ་ལས་མ་བཤད་ཀྱང་། ད་ལྟའི་ཆོས་གཟུགས་ཟོག་མཁན་ཚོས་སྟོད་ཐམས་ཅད་ཁེབས་པ། གཅིག་རྐྱང་མཐོ་བདུན་ དང་། ལ་ལས་ཕོར་པ་སོགས་བཅུག་པའི་སྣོད་དང་སྦྲག་པ་སོགས། གསང་སྔགས་འཆལ་བའི་སྤྱོད་པ་སྣ་ཚོགས་མུ་མེད་བྱེད་མོད། གསང་སྔགས་རྙིང་ལུགས་ལ་ནི། བཻ་རོ་ཙ་ན་ཚ་བ་རོང་ནས་བོད་དུ་ཡར་བྱོན་པའི་ལམ་དུ། གཙང་རྒན་མི་ཕམ་མགོན་པོའམ། མིང་གི་རྣམ་གྲངས་སུ། སྤམ་སངས་རྒྱས་མགོན་པོ་ཞེས་པ་ལོ་བརྒྱད་ཅུ་


TR008_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པའི་དད་ཅན་དེ་ལ་རྫོགས་པ་ཆེན་པོ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་གདམས་པ་གནང་སྐབས། ཁོང་ཧ་ཅང་རྒས་པས་ལུས་གནད་མ་ཐུབ་པས། སྒོམ་ཐག་དང་སྒོམ་མཁར་ལ་བརྟེན་ཏེ་བསྒོམ་དུ་བཅུག་པས། ཕུང་པོ་འཇའ་ལུས་གྲུབ་ས་བྱུང་། དེའི་རྟེན་འབྲེལ་དང་བྱིན་རླབས་ལ་དམིགས་ནས། ད་ལྟ་ཡང་ཆོས་བཀའ་དེའི་དབང་གི་སྐབས་སུ། དབང་རྫས་ལ་སྒོམ་ཐག་དང་། སྒོམ་མཁར་རམ་སྒོམ་ཤིང་གིས་ངོས་ལ་རྡོ་རྗེ་ཟམ་པའི་རྩ་ཚིག་ཡི་གེར་བྲིས་པ་དང་བཅས་པས་དབུ་མར་བའི་ཕྱག་བཞེས་མཛད་པ་ལགས། སྒོམ་སྐྱེད་ནི་གང་ཟག་ཆོས་འཕྲལ་བཟོས་མ་གཏོགས་གཞུང་ནས་བཤད་པ་མ་མཐོང་། འབྲུག་ལུགས་ལ་ནི། གཙང་པ་རྒྱ་རས་ནས། རྒྱལ་དབང་རྗེའི་བར་གྱི་ཕྱག་བཞེས་ལ་བྱ་ཆས་བཞི་ཞེས། སྒོམ་ཞྭ། སྒོམ་ཐག །དྲ་བ་མིག་མང་། གཉེན་པོ་དུང་ཆོས་


TR008_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ། ཁམས་བྱང་སེམས་མི་ཉམས་པའི་དྲན་རྟེན་དུ་རྡོག་ཅིག་སྐུད་པ་དམར་པོ་ལ་བརྒྱུས་ཏེ་སྲིན་ལག་གཡོན་ལ་བཅིངས་ཤིང་སྦེད་པ་སྟེ། བྱ་ཆས་བཞི། རང་ཤོང་གི་ཅོག་པུ། དམ་ཚིག་དང་མཐུན་པའི་ཕྲེང་བ་དང་བཅས་པའི་མཚན་ཉིད་དགོས་ཆེད་ཕན་ཡོན་སོགས་ནས་གསུངས་སོ། །རྐང་གླིང་ནི། སྤྱིར་རབ་བྱུང་དང་བྱ་བཏང་ཤ་སྟག་ལ་དགོས་པ་མི་ཡོང་མོད་ཀྱང་། གསང་སྔགས་པའི་དམ་ཚིག་གི་རྫས་ཀྱི་བྱེ་བྲག་ཡིན་མོད་ཀྱི། རྒྱ་གར་དུ་རབ་བྱུང་རྣམས་སྦྱིན་བདག་གི་སྒོ་དྲུང་དུ་བསོད་སྙོམས་སློང་བའི་བརྡར་འཁར་སིལ་གྱི་སྒྲ་འཁྲོལ་ཞིང་། རྣལ་འབྱོར་པ་ཡིན་ན་ཌཱ་མ་རུ་འཁྲོལ་བའམ། ཁྲི་གཉན་ར་དུང་འབུད་པ་ཡིན་མོད་ཚེ། རྐང་གླིང་དུས་མིན་དུ་འབུད་ཀྱང་མི་རུང་བ་ཡིན་སྣང་ལ། བོད་ཁྲིམས་མེད་གདོལ་པའི་ཡུལ་དུ་སོང་ཚེ་ངེས་པ་མ་མཆིས་མོད། གསང་སྔགས་ཁྱད་པར་


TR008_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐབས་དོན་ལ་ནི། ཆོ་ག་སོགས་ཀྱི་དུས་ན། རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་སྤྱན་དྲངས་བ། ཐུགས་དམ་བསྐང་བ། ཕྲིན་ལས་བསྐུལ་བ་སོགས་དགོས་ཆེད་མང་བ་དང་། དེ་དག་ཀྱང་རང་རང་གི་སྐབས་ལ་ནལ་བབས་ཚེ། ཏིང་འཛིན་རྟགས་མཐུན་དུ་འབུད་ཅིང་། །དུས་མིན་སྐབས་མིན་དང་རྩེད་མོའི་ཞོར་ལ་འབུད་པ་སོགས་མི་བྱ་བ་དང་། གཅོད་ཀྱི་སྐབས་སོགས་ལ་ནི། རྐང་དུང་གི་མཚན་ཉིད་སྤང་བླང་སོགས་ཞིབ་པར་ལབ་སྒྲོན་གྱི་གཅོད་གཞུང་ཆེན་མོར་འབྱུང་བ་ལྟར་དང་། གནས་སྐབས་རྒྱུན་གྱི་ཐུན་ཚོད་འཛིན་པ་སོགས་འདི་དག་ལའང་། འབུད་ལུགས་ཀྱི་སྐད་འགྱུར་ཚད་ལྡན་དགོས་ཕྱིར་དིང་སང་བཀའ་རྒྱུད་པ་རྣམས་ཀྱི་དགུ་འབུད་ཟེར་བ་འདི་ནི། བདེ་མཆོག་གི་རྩ་སྔགས་ཡི་གེ་བདུན་པ་ཉིད་ཀྱི་བརྡ་སྐད་ཡིན་པར་གསུངས་ཏེ། དེ་ཡང་ཡི་གེ་བདུན་པ་ལ་ཨོཾ་གཅིག་ལས་མེད་ཀྱང་སྐབས་


TR008_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཕག་མོའི་ཨོཾ་གསུམ་མ་དང་བསྟུན་པའི་སྐད་བརྡ་བྱ་བ་ཡིན་པས། ཐོག་མར། ཨོཾ་ཨོཾ་ཨོཾ། ཞེས་འཐུང་བ་གསུམ་འབུད། དེ་ནས་ཧྲཱིཿ ཞེས་རྒྱང་རིང་བ་གཅིག །དེ་ནས་ཧ་ཞེས་རིང་བ་གཅིག །དེ་ནས། ཧ་ཧ་ཧ་ཧ་ཧ་ཞེས་རྒྱང་རིང་ཞིང་ལྡེམ་འགྱུར་ཡོད་པ་གཅིག །དེ་ནས་ཧཱུྃ། ཧཱུྃ། ཞེས་ཐུང་བ་གཉིས། དེ་རྗེས། ཕཊཿ འདི་ཅུང་ཟད་རིང་བ་ཙམ་བྱས་བྱས་པ་སྟེ། དེ་ལྟར་དགུ་ལ། དགུ་འབུད་ཟེར་བ་སྟེ་དིང་སང་དཀར་འབྲུག་ཚོས་བྱེད་པ་དེ་ཀ་ཡིན།། ༈ །།འོ་སྐོལ་རྙིང་ལུགས་ལ་སྔོན་ཚེ་ཁམ་ཀ་ཐོག་གི་གྲུབ་ཐོབ་དམ་གཙང་བྱམས་གསུམ་སོགས་ཀྱིས་ཞལ་བཀོད་ཀྱི་རྒྱུན་ལ་རྐང་དུང་བདུན་འབུད་འདི་བླ་མ་ལ་གསོལ་བ་གདབ་པའི་སྐད་བརྡ་ཡིན་ཏེ། ཐོག་མར། མཆོད། མཆོད། ཅེས་པ་གཉིས་འདིའི་སྔ་མ་རིང་ཙམ་དང་རྗེས་ལ་ཐུང་བར་བྱ། དེ་ནས།


TR008_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ། བླ་མ། ཞེས་བླ་མ་འབོད་པ་འདི་གཉིས་ཀ་རྒྱང་རིང་པོར་བྱ། དེ་ནས། བླ་མ་མཁྱེན་མཁྱེན་མཁྱེན་མཁྱེན་མཁྱེན། ཞེས་པ་རྒྱང་རིང་ཞིང་ལྡེམ་འགྱུར་དང་བཅས་པ་བྱ། དེ་རྗེས། ཕཊཿ ཕཊཿ ཅེས་པ་གཉིས་འདིའི་སྔ་མ་ཅུང་ཟད་རིང་ཙམ་དང་། །ཕྱི་མ་ཐུང་རྦད་ཀྱི་བཅད་ནས་བཞག་པ་ཡིན་ལ། བླ་མ་འབོད་པའི་རྒྱང་གསུམ་པོ་དེ་ལའང་། མགོ་ལ་སྐད་ཤད་ཆེ་བ་ལ་མཇུག་ཏུ་རིམ་པས་ཆུང་ནར་གྱི་བཞག་པ་ནི་བླ་མ་དྲན་པའི་མོས་གུས་གདུང་ཤུགས་སྐྱོ་ཕྱིར་ཡིན་ཞིང་། སྐད་བརྡ་འདི་འབུད་ལུགས་མཁས་པ་ཅིག་བྱུང་ན་སྣང་བ་འགྱུར་ཏེ་སྐྱོ་ལྷང་གི་གཏོང་ཐུབ་པ་ཡོད། དེ་ལྟར་རྐང་དུང་ལ་ཡང་སྐད་བརྡ་ཚད་ལྡན་དགོས་པར་གསུངས་པ་ལགས་སྤྱིར། སྒྲུབ་གྲྭ་ཚོ་ལ་ཐུན་བཞི་ངེས་ཅན་བྱེད་པ་འདི་ནི། འདི་ཚོ་རྐྱག་རེ་ཆུང་བ་མ་གཏོགས། དགེ་སྦྱོར་སྒྲིག་མ་ཚུལ་ལྡན་བྱེད་མཁན་ནི། ཐོ་རངས་ཀྱི་འདི་


TR008_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་གསོལ་འདེབས་ཀྱི་ཐུན། ཉི་མ་ཤར་བ་ན་ཆུ་གཏོར་གྱི་ཐུན། ཕྱི་དྲོ་འདི་གཏོར་བསྔོས་ཐུན། །སྲོད་ཀྱི་འདི་གཅོད་ཀྱི་ཐུན་ཡིན་ཚེ། ཐུན་དུང་འདི་རྣམས་དང་བསྟུན་པའི་དགེ་སྦྱོར་དེ་དག་སྒྲིགས་ཆགས་སུ་བྱེད་དགོས་པར་བརྡ་ཡིན་པར་འདུག་མོད་ཀྱི། ཚུལ་བཞིན་བྱེད་མཁན་མི་རྙེད་ཀྱང་གོ་རྟོགས་དེ་བཞིན་འཇགས་པར་བྱའོ། །གཅིག་ཞུད།


previousབྱ་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླིང་།next