Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

4 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
 
 
  
  
  
  
  
 
  
  
  
  
  
  
རྩེ་ལེ་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས།
  
  
  
  
  


4 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousརྩེ་ལེ་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས།next

རྩེ་ལེ་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས།


TR008_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལེ་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས་བཞུགས་སོ།


TR008_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་ཐུགས་རྗེ་མངའ་བའི་མཚན་ལྡན་དམ་པ་བླ་མ་ཡིད་བཞིན་ནོར་བུ་ལྟ་བུ་ལ་དུས་དང་རྣམ་པ་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ཡང་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་བླ་མེད་ཀྱི་བྱང་ཆུབ་ཐོབ་པར་བྱ་བ་ལ། ཚེ་འདི་བློས་བཏང་དགོས། ཕ་མ་ཉེ་འབྲེལ་མཆེད་གྲོགས་སོགས་ཀྱིས་གནས་སྐབས་ཚེ་འདིའི་བྱ་བྱེད་ཀྱི་མདུན་མས་བློ་ཁྲིད་ནས་འཕྲལ་ཕུགས་ཀྱི་རྩིས་གྲངས་མང་པོ་དང་ཤ་ཚ་ཡིན་ཡིན་འདྲ་བའི་གཏམ་མང་པོས་མགོ་བསྐོར་ཏེ་ཆོས་ཀྱི་བར་ཆད་སྣ་ཚོགས་བྱེད་པ་


TR008_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བས། །དེ་དག་གི་ངག་ལ་མི་ཉན་པ་གལ་ཆེ། ཆོས་ཤ་དག་གི་མདུན་མ་སློབ་མཁན་ནི་མཚན་ལྡན་གྱི་བླ་མ་མ་གཏོགས་པ་མི་ཡོང་། ཆོས་ཡང་དག་ཞིག་བྱེད་ན་མྱུར་དུ་འཆི་གྲབ་བྱེད་པ་ཅིག་མ་གཏོགས་འཕྲལ་ཕུགས་ཀྱི་རྩིས་རྟོག་མང་པོ་བྱེད་མཁན་ལ་ཆོས་ཡོང་བའི་ཐབས་མེད། །དེང་སང་གི་མི་རྣམས་དང་མཐུན་པར་བྱེད་མཁན་དེ་འཕྲལ་དུ་ཡིན་མདོག་ཁ་ཡང་། ཕུགས་ནས་བདུད་ཞུགས་ཚར་བའི་རྟགས་ཡིན། བློ་ཆོས་དང་བླ་མ་ལ་བཀལ། སྡོད་པ་རི་ཁྲོད་ལུང་སྟོང་འགྲིམ། །ཟས་གོས་སོགས་འཕྲལ་དུ་སྐྱིད་ཆོས་ཐམས་ཅད་ལ་


TR008_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་སྤང་། །ཉེ་འབྲེལ་གྱི་འཁྲི་བ་བཅད། །ངོ་བསྲུང་དང་མི་ཆོས་ཐམས་ཅད་རྒྱབ་ཏུ་སྐྱུར། །བླ་མས་ཅི་གསུངས་ལ་བློ་རྩེ་དྲིལ་བ་དེ་ལ་ཆོས་ཤ་དག་ཡོང་བ་ཡིན། སྤྱིར་དེངས་སང་གི་མི་རྣམས་བདུད་དབང་དུ་གྱུར། དགོས་སུ་སྐྱེ་བ་དམན་པའི་བུད་མེད་རྣམས་ནི་སྙིང་རུས་ཆུང་ཞིང་བསྒྱུར་སླ་བས་བླ་མའི་གདམས་པ་ལ་མི་ཉན་པར་ཉེ་འབྲེལ་གྱིས་བློ་ཁྲིད་ལ་ཉན་ནས། དགོས་ངེས་ཤེས་པའི་ལྷ་ཆོས་དང་སྒོམ་བསྒྲུབ་དེ་ཕྱི་བཤོལ་དུ་བྱེད་ཅིང་། དགོས་པ་མེད་པའི་འཇིག་རྟེན་གྱི་བྱ་བྱེད། གཉེན་འདུན་གྱི་ངོ་བསྲུང་སོགས་བློ་སྣ་མང་པོའི་དབང་དུ་སོང་བ་ཁོ་ན་མང་བས་དེས་ན་རང་གི་སྣ་ཐག་རང་གི་བསྟུང་ནས་གཞན་གྱི་ཁ་ལ་མི་ཉན། ནམ་འཆི་ཆ་མེད་སྙིང་ལ་བསམ་ལ། ལོང་མེད་ཀྱི་བརྩོན་འགྲུས་དྲག་པོས་ཆོས་ལ་འབུངས། ཕ་མའི་


TR008_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ལན་ཆོས་ཀྱི་མ་འཇལ་ན་འཇིག་རྟེན་གྱིས་འཇལ་བས་ཕན་པ་མེད། བླ་མའི་སྐུ་དྲིན་དང་ཞབས་ཏོག་སྒོམ་བསྒྲུབ་གྱིས་མ་འཇལ་ན། གཞན་གྱིས་སྐུ་དྲིན་མི་འཁོར། སེམས་ཅན་ལ་ཕན་པ་ཡང་སེམས་བསྐྱེད་སྨོན་ལམ་གྱི་མ་གཏོགས་དངོས་སུ་ཕན་རྒྱ་ཆུང་། སྡོམ་པ་དམ་ཚིག་རང་སེམས་དཔང་དུ་བཙུག་པ་ཞིག་མ་བྱུང་ན། ལྟར་སྣང་གི་བཙུན་ཚུགས་དང་ཁྲེལ་ངོ་ཚ་སོགས་ཀྱང་ངོ་ལྐོག་ཅན་ཞིག་མིན་པ་མི་ཡོང་། ལུང་སྟོང་དང་རི་ཁྲོད་མ་འགྲིམ་ན་མི་མང་ཁྲོད་ཀྱི་དགེ་སྦྱོར་དེ་རྐྱེན་དབང་དུ་ཤོར་བ་ཤས་ཆེ། རང་སེམས་ཀྱི་ཁ་ལོ་རང་གི་བསྒྱུར་མ་ཐུབ་ན། ཁས་ལེན་དམ་བཅའ་མང་ཡང་ཕན་པར་དཀའ། རང་རིག་གཅིག་ཤེས་ཀུན་གྲོལ་གྱི་གནད་དོན་མ་རྟོགས་ན། ཤེས་ཤེས་དགོས་དགོས་


TR008_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐག་ཆོད་རྒྱུ་མི་ཡོང་། འགག་དོན་ཧྲིལ་གྱིས་དྲིལ་ན་མྱུར་དུ་འཆི་བར་ཐག་ཆོད་བསམ་པས་བློ་སྣ་ཆོས་ལ་བསྟུང་། བླ་མ་མ་གཏོགས་རེ་ས་མེད་པས་སྙིང་ནས་གསོལ་བ་གདབ། སྐྱིད་སྡུག་གང་བྱུང་སྔོན་གྱི་བསྐོད་ཚད་ཡིན་པས་བློ་སྣ་མ་མང་། བཟང་ངན་འབྲིང་གསུམ་གོང་དུ་ཁུར་ལ་དམན་པ་ཁོ་ན་བཟུང་། དག་སྣང་ཕྱོགས་མེད་སྦྱང་ཞིང་གཞན་ལ་སྐུར་པ་མི་གདབ། རང་སྐྱོན་རང་གི་རྟོགས་པར་བྱ་ཞིང་གཞན་སྐྱོན་མི་བསམ། །ཆོས་ཀུན་གནད་འགག་རང་སེམས་ལ་ཡོད་པས་སེམས་ཉིད་ལ་ལྟ་རྟོགས་རྒྱུན་དུ་བྱ། །དམིགས་གཏད་འཇུར་བསྒོམ་གྱི་འཛིན་པ་སྤངས་ཏེ། རིག་པ་གུ་ཡངས་སུ་གློད། གང་ཤར་རིག་པའི་རོལ་རྩལ་དུ་ཐག་བཅད་ལ་བཟང་ངན་གྱི་བཅོས་སླད་མི་བྱ། ཅིར་སྣང་ནི་རང་སེམས་སྐྱེ་


TR008_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

འགག་མེད་པ་དེ་ནི་སྐུ་གསུམ་བླ་མའི་ངོ་བོ། བླ་མ་ནི་རང་གི་རིག་པ་འདི་ག་དང་དབྱེར་མེད། དེའི་གསལ་མདངས་ནི་སྣང་སྲིད་ཀུན་ལ་ཁྱབ། སྣང་སྲིད་ཐམས་ཅད་ནི་རིག་པའི་ཀློང་གཅིག་པུའི་རྣམ་འཕྲུལ་ཡིན་ཚེ། སེམས་རང་བབས་རྗེན་ཅེ་རེ། རིག་པ་ནི་ལྟ་བའི་མཐར་ཐུག །དེའི་ངང་དུ་འགྱུ་རྟོག་མེད་པར་གནས་པ་ནི་སྒོམ་པའི་མཉམ་བཞག །འཕྲོ་བ་ནི་རྗེས་ཤེས། འཕྲོ་བ་ངོས་ཟིན་པ་ནི་རྗེས་ཐོབ། འགྲོ་འདུག་དང་བྱ་བྱེད་ཐམས་ཅད་རིག་ཐོག་ཏུ་བསྲེ་བ་ནི་སྤྱོད་པ། གནས་འགྱུའི་བར་མཚམས་མེད་པར་རྒྱུན་དུ་ཡེངས་འཁྲུལ་སྐད་ཅིག་ཀྱང་མེད་པར་གྱུར་པ་ནི། མཉམ་རྗེས་དབྱེར་མེད། དེ་ཉིད་མཐར་ཕྱིན་པས་སྣང་སེམས་དབྱེར་མེད། བདག་གཞན་དབྱེར་མེད། བདེ་


TR008_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་དགྲ་གཉེན་ཆགས་སྡང་སོགས་མདོར་ན་གཉིས་འཛིན་གྱི་རྟོག་པ་མཐའ་དག་གཏན་ཟད་དུ་སོང་བ་ནི་འབྲས་བུ་སྟེ། དེ་ལྟར་གྱུར་ཚེ་འཁོར་འདས་དབྱིངས་སུ་དག་ནས་སྐུ་གསུམ་ལྷུན་གྲུབ་མངོན་དུ་བྱས་པ་དེ་ལ། སངས་རྒྱས་ཐོབ་པའི་ཆོས་ཟད་བློ་ཟད་གྲུབ་པ་ཐོབ་པ་ཞེས་ཟེར་ཏེ། སྐྱེ་འཆི་དང་འབྱུང་བ་ལ་རང་དབང་ཐོབ་ཅིང་ཐུགས་རྗེ་དང་ཕྲིན་ལས་རྩོལ་མེད་དུ་ནམ་མཁའ་དང་མཉམ་པ་ཤུགས་ཀྱི་འབྱུང་བ་སྟེ། མདོར་ན་དེ་ཐམས་ཅད་ཀྱི་རྒྱུའི་ངོ་བོ་ནི་ད་ལྟའི་རང་རིག་འདི་ཁོ་ན་ཡིན་པས། འདི་ཉིད་དང་མི་འབྲལ་བ་ཞིག་ཉིན་མཚན་ཀུན་ཏུ་སྐྱོང་བ་ནི་གནད་དམ་པ་ཡིན། དེའི་རྩལ་ལས་རྣམ་པར་རྟོག་པ་ཕྲ་རག་ཅི་ཤར་ཐམས་ཅད་ལ་བརྟག་དཔྱད་ཡང་མི་བྱ། རྗེས་སུ་ཡང་མི་འབྲང་། སྒོམ་ཐོག་ཏུ་ཚུར་བསྡུ་བའམ། བཀུག་པ་ལྟ་བུ་ཡང་མི་བྱ་བར་


TR008_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྣམ་རྟོག་ལམ་གྱིས་ཤར་བ་དེ་ཀ་ངོ་ཤེས་ཙམ་བྱུང་ན་དེ་ཁར་སྐྱུར། སྔར་འདས་རྗེས་འབྲང་དང་མ་འོངས་པ་སྔུན་བསུ་ལྟ་བུའི་བསམ་པ་ནམ་ཤར་ཀྱང་རིག་ཐོག་ཏུ་གཅེར་གྱིས་བཞག །རྟོག་པ་འཕྲོ་མཐུད་ན་གང་ཤར་རང་གྲོལ་ཡིན་པས་གཉེན་པོ་གཞན་མི་དགོས། །ཐོལ་གྱི་ཤར་བ་རང་སེམས་ཀྱི་མདངས་ཡིན། །ཧྲིག་གེ་རིག་པ་གདམས་ངག་གི་གནད་ཡིན། ཆམ་གྱི་འཕྲོ་བ་ཁོ་རང་གི་ངང་ཚུལ་ཡིན་པས་དེ་ལྟ་བུའི་གུ་ཡང་ཁྱབ་གདལ། སྣང་སྲིད་ཆོས་སྐུ་འཁོར་འདས་གཉིས་མེད་ཤར་གྲོལ་དུས་མཉམ། སྒོམ་མེད། ཡེངས་མེད། །གཅིག་ཤེས་ཀུན་གྲོལ་འདི་ལྟ་བུའི་ངང་ནས། སྤྲོ་བྱ་སྤྲོས་བྱེད་ཟུང་འཇུག་གི་དགེ་སྦྱོར་ལ་མི་ཚེ་དྲིལ་བར་བྱས་ན། ཚེ་འདི་ཉིད་ལ་ཕྱིར་མི་ལྡོག་པའི་བཙན་ས་ཟིན་པར་གདོན་མི་ཟའོ། །


TR008_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྙིང་ནས་ཐོང་པའི་གང་ཟག་ལ། །གར་འདུག་སངས་རྒྱས་ཞིང་ཁམས་དེ་ཁ་རང་། ཁ་ཞེ་མེད་པར་གསོལ་བ་འདེབས་ནུས་ན། །སྣང་སྲིད་མ་ལུས་བླ་མའི་དཀྱིལ་འཁོར་ལགས། །བདག་འཛིན་འགོང་པོ་རྩད་ནས་ཆོད་ཙ་ན། །བར་ཆད་རྐྱེན་དབང་བདུད་དང་གཏན་བྲལ་ཡོང་། །བླ་མ་རང་སེམས་དབྱེར་མེད་གོ་བའི་ཚེ། །འདུ་འབྲལ་སྣང་བའི་རྫུན་ཕུགས་རང་སར་རྡོལ། །འཁོར་འདས་རིག་པའི་རོལ་པར་ཐག་ཆོད་ན། །ངན་སོང་སྡུག་བསྔལ་གང་དུ་སུ་ཡིས་མྱོང་། །རང་རིག་ཆོས་སྐུ་ཡེ་གྲོལ་རྟོགས་ནས་ནི། །ས་ལམ་དྲོད་རྟགས་རེ་དོགས་ཅི་ལ་བྱ། །འོད་གསལ་སྔར་འདྲིས་མ་བུ་འཕྲོད་པ་ལ། །སྒྱུ་ལུས་ཞིག་པའི་འཚེར་བག་ཅི་ལ་བྱེད། །ཤི་ཡང་ཀ་དག་འོད་གསལ་དབྱིངས་སུ་ཤི། །གསོན་རིང་སྒོམ་སྒྲུབ་ཐང་ལྷོད་མེད་པ་གཅེས།


TR008_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྒྱུད་མན་ངག་ཐམས་ཅད་ཞལ་ཕྱེ་ཡང་། །དགོངས་པའི་སྙིང་པོ་འདི་ལས་གཞན་མ་མཆིས། །དོན་གྱི་སྙིང་གཏམ་མཐར་ཐུག་འདི་ཀ་རང་། །ཤི་བའི་ཁ་ཆེམ་ཟེར་ཡང་འདི་ལས་མེད། །བདག་ལ་མོས་གུས་བྱེད་པའི་སྐལ་ལྡན་ཀུན། །འདི་ཁ་ཁ་ཁྱེར་མ་བྱེད་དོན་ལ་ཕོབ། །ཉམས་མྱོང་ཡེ་ཤེས་སྙིང་གི་ནང་ནས་འཆར། །སངས་རྒྱས་པ་ལ་སྐད་ཅིག་བསྒྲོད་པར་འགྱུར། །དེ་ལྟར་གདམས་པའི་དགེ་བ་གང་དེ་ཡིས། །མ་རྒན་མཁའ་ཁྱབ་འགྲོ་བ་སྒྲོལ་བར་ཤོག །མངྒ་ལཾ།། ༈ །།ན་ཚ་ལམ་འཁྱེར་གྱི་མན་ངག་སྐུ་གསུམ་རང་གྲོལ་ཞེས་བྱ་བ། །དྲང་སྲོང་རིག་པའི་ཡེ་ཤེས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་བཅུ་གཉིས་རྩ་བ་མ་རིག་པ། །དེ་ཡིས་ལུགས་འབྱུང་བསྐྱེད་པ་བྲེ་ནད་ཀྱི། །གཉེན་


TR008_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཨོ་རྒྱན་སྨན་གྱི་བླ་མ་ལ། །འདུད་དོ་དུག་གསུམ་ན་ཚ་ཞི་བར་མཛོད། །ན་ཚ་སྡིག་སྒྲིབ་འདོད་པའི་ཕྱགས་མ་ཡིན། །ན་ཚ་བླ་མར་སྒོམ་ལ་གསོལ་བ་འདེབས། །ན་བ་བརྡེག་བཙོག་བྱས་པའི་རྣམ་སྨིན་ཡིན། །རྣམ་སྨིན་སུས་ཀྱང་མི་མྱོང་རང་ལ་འབབ། །བབས་པས་ལས་སྐལ་ཟིན་ན་བློ་བདེ་ལྟར། །བླ་མ་དཀོན་མཆོག་དྲིན་གྱིས་ལྷོངས་པ་ཡིན།། ༈ །།ན་ཚ་དངོས་གྲུབ་ཡིན་པས་ལྷ་གསོལ་གྱིས། །ན་ཚ་ལས་ངན་འཛད་པའི་སྔ་ལྟས་ཡིན། །ན་བའི་ངོ་བོར་མ་ལྟ་ན་མཁན་ལྟོས། །སེམས་ཀྱི་ཐོག་ཏུ་ན་ཚ་མ་འཇོག་པར། །ན་ཚའི་སྟེང་དུ་རིག་པ་རྗེན་པར་ཞོག །ན་ཚ་ཆོས་སྐུར་འཆར་བའི་གདམས་ངག་ཡིན། །ལུས་ནི་བེམ་པོ་སེམས་ནི་སྟོང་པ་ཉིད། །བེམ་པོར་ཅིས་གནོད་སྟོང་པར་གང་གིས་


TR008_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས།། ༈ །།ན་ཚའི་གཤིས་ལ་བྱུང་གནས་འགྲོ་གསུམ་ཚོལ། །ན་ཚ་བློ་བུར་བྱུང་བའི་རྣམ་རྟོག་འཁྲུལ། །རྣམ་རྟོག་ཡལ་ཚེ་ན་ཚ་རང་སར་དེངས། །རིག་པ་བློ་འདས་གསལ་སྟོང་ཆེན་པོར་གྲོལ། །ན་ཚ་ལོངས་སྐུར་འཆར་བའི་མན་ངག་ཡིན། །བསྐལ་པར་བསགས་པའི་སྡིག་སྒྲིབ་ན་ཚས་འདག །ཉམས་རྟོགས་དངོས་གྲུབ་འགུགས་པའི་ཕོ་ཉ་ཡིན། །ལུས་ཀྱི་གཅེས་འཛིན་བོར་ལ་མལ་གཅོད་ཀྱི། །དམིགས་པ་གསལ་པོས་ཤ་ཁྱེར་ཁྲག་ཁྱེར་ཐོང་། །རེས་འགའ་ཁྲོལ་ཚགས་ཅན་གྱི་སྟོང་ར་བསྒོམ། །ན་བ་ཏལ་མར་ཕུག་ལ་རླུང་གིས་ཐོན། །རྗེས་ཤེས་དབྱིངས་རིག་ཟང་ཐལ་ངང་ལ་ཞོག །ན་ཚ་སྤྲུལ་སྐུར་འཆར་བའི་མན་ངག་ཡིན། །ན་བ་འདི་ཀོ་རྩ་གསུམ་ཐུགས་རྗེའི་མཐུ། །ན་བ་འདི་


TR008_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཀོ་དཀོན་མཆོག་རྣམ་གསུམ་དྲིན། །ན་བ་འདི་ཀོ་སྡིག་སློངས་བསྒྲུབ་པའི་མཐུས། །སྒྲིབ་པའི་བུད་ཤིང་འདི་ལས་ལྷག་པ་མེད། །ཡི་མུག་ལོག་ལྟའི་རིམ་གྲོ་མ་བྱེད་པར། །ལས་ངན་ཟད་པའི་རྟགས་ཡིན་དགའ་བ་བསྒོམ། །དབེན་པ་གསུམ་གྱིས་སྒོ་གསུམ་ཉེར་བསྡོམས་ཤིང་། །མཉེས་པ་གསུམ་གྱི་གཙོ་བོ་བསྒྲུབ་པ་ཡིས། །རྩ་བ་གསུམ་གྱི་ཐུགས་དམ་བསྐོང་ནུས་པའི། །སྐུ་གསུམ་དབྱིངས་རིག་འདུ་བ་འཁྲུགས་པའི་ཚེ། །མཁྱེན་བརྩེའི་འོད་ཀྱིས་དབེན་པའི་མལ་ནས་གདམས། །དགེ་བས་དུག་གསུམ་ནད་ལས་གྲོལ་གྱུར་ཅིག །


TR008_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་རབ་འབྱམས་ཀྱི་ཞིང་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་སངས་རྒྱས་བྱང་སེམས་ཉན་རང་ཡི་དམ་ལྷ་ཚོགས་མཁའ་འགྲོ་དམ་ཅན་ཆོས་སྲུང་གི་ཚོགས་དང་བཅས་པའི་སྐྱབས་གནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་ལ་དགོངས་སུ་གསོལ། བདག་གིས་འཁོར་འདས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་འདུས་བྱས་འདུས་མ་བྱས་པའི་རྣམ་དཀར་དགེ་ཚོགས་ཇི་སྙེད་པ་མཐའ་དག་གཅིག་ཏུ་བསྡོམས་ཏེ་མཐའ་ཡས་པའི་སེམས་ཅན་ཐོག་མེད་ནས་ད་ལྟའི་བར་གྱི་དྲིན་ཅན་ཕ་མར་གྱུར་པ་མཐའ་དག་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པའི་རྒྱུ་དང་ས་བོན་ཉིད་དུ་ཡོངས་


TR008_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པ་ལ་བརྟེན་ནས་བླ་མ་དམ་པ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པ་རྣམས་ཀྱི་ཐུགས་དགོངས་ཟག་མེད་ཀྱི་ཀློང་དུ་ཡོངས་སུ་རྫོགས་པ་དང་ས་ལམ་གྱི་འགལ་རྐྱེན་བར་ཆད་མེད་པར་འོད་གསལ་འདུས་མ་བྱས་པའི་ཆོས་སྐུ་མངོན་དུ་མཛད་ནས་ཐུགས་རྗེའི་སྒྱུ་འཕྲུལ་གར་གྱི་རོལ་པ་རྒྱུན་མི་ཆད་པས་གདུལ་བྱ་བྱང་གྲོལ་ལ་འགོད་པའི་ཕྲིན་ལས་རྨད་དུ་བྱུང་བ་རྟག་པ་རྒྱུན་གྱི་འཁོར་ལོར་མཛད་པར་གྱུར་ཅིག །འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཁ་ལག་ཟས་གསུམ་གྱི་འབྲེལ་བ་ཐོགས་ཚད་ཀྱིས། གཙོ་བྱས་ཏེ་ཁམས་གསུམ་འཁོར་བ་བར་དོའི་འཇིག་རྟེན་དུ་འཁྱམས་པའི་རིགས་གྱུར་སྣ་ཚོགས་སྡུག་བསྔལ་གྱིས་མནར་ཞིང་འཁྲུལ་སྣང་འཇིགས་སྐྲག་གིས་བསྐྱོད་པའི་སྐྱེ་འགྲོ་ཐམས་ཅད་ཀྱང་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པས་རང་རང་སོ་སོའི་སྡུག་བསྔལ་དང་


TR008_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ནས་ཐར་པ་ཞི་བདེ་བྱང་ཆུབ་ཀྱི་གོ་འཕང་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག །ད་ལྟ་ཞལ་བཞུགས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པའི་འདུ་ཚོགས་མཐའ་དག་སྐུ་ཁམས་བཟང་ཞིང་ཐོས་བསམ་སྒོམ་པ་དང་བསྟན་པ་འཛིན་སྐྱོང་བསྲུང་སྤེལ་གྱི་ཕྲིན་ལས་གཅིག་ཏུ་མཐུན་པར་མཛད་པ་ལ་བར་དུ་གཅོད་པ་མི་འབྱུང་ཞིང་སོ་སོའི་ཇི་ལྟར་བཞེད་དོན་ཆོས་མཐུན་དུ་འགྲུབ་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སྦྱིན་པའི་བདག་པོ་ལ་སོགས་པའི་སྐྱེ་འགྲོ་མཆོག་དམན་རྣམས་ཀྱང་རྒྱལ་བའི་བསྟན་ལ་གུས་ཤིང་ཚེ་རིང་ནད་མེད་བདེ་སྐྱིད་ལོངས་སྤྱོད་འཕེལ་བ་དང་། འགལ་རྐྱེན་ཉེར་འཚེ་མེད་པར་འཇིག་རྟེན་ཁམས་ཀུན་


TR008_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་དཔལ་འབྱོར་དམ་ཆོས་འདོད་རྒུའི་ཆར་ཆེན་བསྐལ་པ་རྫོགས་ལྡན་གྱི་དུས་བཞིན་འབབས་པས་སྐྱེ་རྒུ་མཐའ་དག་གནས་སྐབས་མཐར་ཐུག་གི་དོན་ཀུན་འབད་མེད་དུ་འགྲུབ་པར་གྱུར་ཅིག །འདི་ལྟར་བསྔོས་ཤིང་སྨོན་པའི་དོན་རྣམས་མྱུར་དུ་འགྲུབ་ནས། བདག་སོགས་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་རྒྱུ་དག་པ་ཀུན་ཁྱབ་བདེ་གཤེགས་སྙིང་པོར་ལྷུན་གྱིས་གྲུབ་པ་ལས། ལམ་དག་པ་ཟབ་དོན་སྙིང་པོ་བསྐྱེད་རྫོགས་ཟུང་འཇུག་མཆོག་གི་དོན་མ་ནོར་མངོན་དུ་གྱུར་ཅིང་། འབྲས་བུ་དག་པ་བདེ་བ་ཆེན་པོ་རང་རིག་འཕོ་འགྱུར་མེད་པ་ཡེ་སངས་རྒྱས་པའི་སྙིང་པོར་བྱང་ཆུབ་སྟེ་སྤྲུལ་པས་འགྲོ་དོན་རྒྱུན་ཆད་མེད་པ་འགྲུབ་པར་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། ཅེས་སོགས་མདོ་རྒྱུད་ནས་གསུངས་པའི་སྨོན་ལམ་བྱིན་རླབས་ཅན་


TR008_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཤམ་བུ་ཡང་གདགས་པར་བྱའོ། །འདི་ནི་གང་ཟག་སྤྲོས་པ་ཆུང་ཞིང་ཚིག་ཚོགས་ཉུང་བ་ལ་མོས་པ་དག་དང་། ཁྱད་པར་གཏོར་མ་སོགས་རྒྱུན་གྱི་དགེ་སྦྱོར་སྒྲིག་མའི་མཇུག་ཏུ་བགྱི་བར་འོས་པ་ཞིག་དགོས་ཞེས་རང་གི་ཉི་གནས་བསྟན་འཛིན་དར་རྒྱས་སོགས་ཀྱིས་བསྐུལ་བ་བཞིན་སྣ་ཚོགས་རང་གྲོལ་གྱིས་བདེ་གཤེགས་ཚེེའི་ཕུག་ཏུ་བཀོད་པ་མངྒ་ལཾ།


previousརྩེ་ལེ་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས།next