Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

4 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
 
 
  
  
  
  
  
 
  
  
  
  
  
  
  
  
  
  
  
པུསྟི་ཅ་པའི་བཞུགས་བྱང་དཀར་ཆག་མ་རིག་མུན་པ་སེལ་བའི་སྒྲོན་མེ།


4 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཔུསྟི་ཅ་པའི་བཞུགས་བྱང་དཀར་ཆག་མ་རིག་མུན་པ་སེལ་བའི་སྒྲོན་མེ།no next

པུསྟི་ཅ་པའི་བཞུགས་བྱང་དཀར་ཆག་མ་རིག་མུན་པ་སེལ་བའི་སྒྲོན་མེ།


TR008_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པུསྟི་ཅ་པའི་བཞུགས་བྱང་དཀར་ཆག་མ་རིག་མུན་པ་སེལ་བའི་སྒྲོན་མེ་བཞུགས།


TR008_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་དཀོན་མཆོག་མ་ལུས་པ་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད་དཔལ་ལྡན་བླ་མ་མཆོག་གི་ཞབས་ཀྱི་པདྨོ་རྣམ་པ་ཀུན་ཏུ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། འདིར་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་ཆོས་མཚན་གྱི་རྣམ་གྲངས་ཇི་ལྟར་བཞུགས་པའི་རིམས་པ་ནི།། ༈ །།བྱང་སྡོམ་རྒྱུན་ཁྱེར་ཉམས་སུ་བླང་བའི་ཆོ་ག་རིན་ཆེན་མྱུ་གུ་ཞེས་བྱ་བ། དཔལ་ལྡན་བླ་མའི་དཀྱིལ་འཁོར་ལ་ཆོ་ག་ངེས་དོན་བྱིན་རླབས་ཆུ་རྒྱུན། བླ་མ་དགོངས་པ་འདུས་པའི་ལས་གཞུང་མེ་ཏོག་འཕྲེང་མཛེས་དགོངས་


TR008_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མདོར་བསྡུས་པ་ངེས་དོན་སྙིང་པོ། རིག་འཛིན་རཏྣ་གླིང་པའི་གཏེར་ཁ་ཕུར་པ་ཡང་གསང་བླ་ན་མེད་ཀྱི་བསྙེན་བསྒྲུབ་དམིགས་རིམ་ཟིན་བྲིས། ཡི་དམ་གཉེན་པོ་ལྷ་གསུམ་གྱི་བཟླས་ཟབ་མོ། །ཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས། ཕྱག་རྡོར་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམས་མདོར་བསྡུས། གུ་རུ་དྲག་སྒྲུབ་ཀྱི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས། དབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་བྲིས། དཀོན་མཆོག་གི་དྲུང་དུ་མཆོད་


TR008_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུལ་བ། ཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བཀོད་པ་ལྟས་ཚིག་བདུད་རྩིའི་འདོད་འཇོ། གཏོར་མའི་ལྷན་ཐབས་བྲུལ་གཏོར་ཆ་ལྔ། བྲུལ་གཏོར་དགོས་གཅོད་དྲི་ལན། ཆུ་གཏོར་ཤིན་ཏུ་བསྡུས་པ་ཡིད་བཞིན་སྙིང་པོ། །བསུར་མཆོད་ཡེ་ཤེས་སྤྲིན་ཕུང་། བར་དོའི་སེམས་ཅན་ལ་དྲི་གསུར་བསྔོ་ཐབས། བསངས་བསུར་བསྔོ་བའི་ཆོ་ག་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་ནོར་བུ། གསང་སྔགས་ནང་གཏོར་གྱི་ངག་འདོན་བདུད་རྩིའི་རླབས་འཕྲེང་། བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏོར་བསྔོས། ཚོགས་ཀྱི་འཁོར་ལོའི་རྣམ་བཤད་དངོས་གྲུབ་སྦྲང་རྩིའི་ཟིལ་མངར་ཚོགས་མཆོད་ཤིན་ཏུ་བསྡུས་པ། བླ་མ་དགོངས་པ་འདུས་པའི་རྫོགས་རིམས་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར། གཅོད་ཡུལ་བདུད་རྩི་ཀུན་ཁྱབ་ཀྱི་ངག་འདོན། དགོངས་འདུས་སྒྱུ་ལུས་མཆོད་སྦྱིན། གཅོད་ཡུལ་ཤེས་རབ་རལ་གྲིའི་ཉམས་ལེན་སྙིང་པོར་དྲིལ་བ། ས་འདུལ་གར་འཆམས་


TR008_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར། མྱང་གི་གུར་དྲག་ལས་བྱང་། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་སྒྲིགས་ཆགས་ལྟས་ཆོག་ཏུ་བཀོད་པ། རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་གཏེར་ཆོས་ལུགས་ཀྱི་ལས་བཞིའི་སྦྱིན་བསྲེག་ཇི་ལྟར་བྱ་ཐབས། ཞི་ཁྲོ་བདེ་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་སྒྲུབ་ཆེན་པོའི་ཕྱག་བཞེས་བསྔོ་བའི་ཚུལ་གྱི་རྣམ་པར་བཤད་པ་ཀུ་མུཏྟའི་འཕྲེང་བ། དགེ་བའི་རྩ་བ་མི་ཟད་ཅིང་འཕེལ་བར་བྱེད་པ་བསྔོ་བའི་རིམ་པ་ཐར་ལམ། བླ་མ་དགོངས་འདུས་ལས་འབྲས་བུ་ལོ་ཐོགས་ལ་ཕན་པར་བྱེད་པའི་མན་ངག་ཆར་འབེབས་བདུད་རྩིའི་བུམ་ཆུང་། ཆར་འབེབས་ལྷན་ཐབས། གསང་རྫོགས་ལྷན་ཐབས། བླ་མ་དགོངས་པ་འདུས་པའི་སྒྲུབ་པ་ཆེན་པོ་བདུད་རྩི་སྨན་སྒྲུབ་སྤྲོས་བཅས་བུམ་དབང་བཅས་ཕྱག་བཞེས་ཇི་ལྟར་བྱ་ཚུལ་གྱི་ས་བཅད་ཟིན་


TR008_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཀོད་པ། བྱ་བཏང་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་གསུངས་གླེངས། མཐའ་འོག་བདུད་འདུལ་ཕུག་པའི་གནད་བཤད། སྲིད་བཞི་མ་ལུས་པའི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་མཚུངས་མེད་སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་སྒོ་ནས་གསོལ་འདེབས་ཡོན་ཏན་མི་ཟད་རྒྱན་གྱི་ཟློས་གར། བཀའ་འབུམ་ནང་གི་བརྡའ་དང་སྙན་དངགས་སོགས་ཀྱི་འགྲེལ་པ་རྒྱ་ཆེར་དང་། དཀར་ཆགས་བཅས་ལ་ཤོག་གྲངས་བཞི་བརྒྱ་དང་གོ་བཅུ་གོ་ལྔ་བཅས་བཞུགས་ལགས་ཀྱང་། མདོར་ན་བགྲངས་གྲངས་སོགས་ལ་ནོར་འཕྲུལ་ཡོད་རིགས་ཅི་མཆིས་མཐོལ་བཤགས་མཛད་གསོལ་དང་། འདིར་སྨྲས་པ། རང་ལོ་ལྔ་བཅུ་རྩ་ལྔ་ཚུན་ཆད་དུ་བྲིས་པའི་སྐོར་བསྡུས་ཙམ་གླེགས་བམ་དུ་གང་འཁོད་པ་རྣམས་ཡིན་ལ། འདི་དག་ཏུ་མ་འདུས་པའི་རིགས་ཀྱི་གསོལ་འདེབས། སྨོན་ལམ། ངོ་སྤྲོད་སྤྲིང་ཡིག ཞལ་གདམས་ཚིགས་སུ་གཅད་པ། དམིགས་རིམས་ཀྱི་ཟིན་བྲིས་སོགས་ཇི་སྙེད་ཅིག །མཆོག་དམན་གི་གང་ཟག་སོ་སོར་ཕུལ་ཞིང་སྦྱིན་པ་


TR008_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྟོད་མངའ་རིས་མན་ཆད། ལྷོ་མོན། དབུས་གཙང་། དྭགས་ཀོང་། སྤོ་ཁམས། འཇང་ཞབས། རྒྱ་མཚམས་ཡན་ལ་བགྲང་གི་མི་ལང་བར་སོང་ནའང་། དེ་ཐམས་ཅད་བཀའ་འབུམ་དུ་འཁོད་པར་བྱེད་པ་ལ། རང་གི་ཉེ་འཁོར་དུ་ཡི་གེ་པ་ནི་མེད། རང་ཉིད་ཁོ་ནས་ཞལ་ཤུ་བར་ནི་མི་ལང་། ནན་གྱི་ཤུས་ཀྱང་། དིང་སང་དང་མ་འོང་པའི་གང་ཟག་རྣམས་ནི་རྙིང་མ་ལྔ་བརྡོའི་རང་ཚུལ་ལ་སྤྱོད་པ་ཤ་སྟག་ལས། རྒྱལ་བའི་བཀའ་དྲི་མ་མེད་པ་རྣམས་ལ་ཡང་རྩིས་སུ་མི་བྱེད་ཅིང་། གུས་པས་མཆོད་དང་ལྟ་རྟོགས་ཉམས་ལེན་བྱེད་པར་རབ་ཏུ་དཀོན་པར་ཟད་ན། བདག་ཁ་འདྲའི་རྩོམས་ཡིག་གི་སུ་ལ་ཅི་ཞིག་བྱ་སྟེ། རང་ཉིད་ཡི་གེའི་ལས་སུ་ཆེ་ཞིང་སྣག་ཤོག་གྲོན་པ་ཙམ་ལས་གཞན་པའི་དགོས་པ་ཅི་ཡང་མི་འབྱུང་ཕྱིར་བཏང་སྙོམས་སུ་བཞག་པ་ཡིན་ལ། དེ་ལྟར་མོད་ཀྱི། གལ་ཏེ་དོན་དུ་གཉེར་བློ་ཅན་རེ་རེ་ཙམ་མཆིད་སྲིད་ན། རྩོམས་ཡིག་གི་གླེགས་བམ་འདི་དག་ལ་


TR008_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཁེ་དང་གྲགས་པ་རང་ཆེ་འདོད་པའམ། ནོར་དང་བརྙེད་བཀུར་སྒྲུབ་འདོད་སོགས་ཚུལ་བཞིན་མ་ཡིན་པའི་བསམ་པའི་དྲི་མ་རྡུལ་ཆ་ཕྲ་མོ་ཙམ་གྱིས་ཀྱང་མ་བསླད་པར། གཞན་ཕན་ལྷག་བསམ་དཀར་པོ་འབའ་ཞིག་གིས་ཀུན་ནས་བླངས་པའི་མཐུ་དང་བདེན་སྟོབས་ཀྱིས། འདི་དག་གི་ཚིག་ཤྭ་ལོ་ཀ་གཅིག་ཙམ་གྱིས་ཀྱང་མོས་ལྡན་དེ་དག་གི་རྒྱུད་ལ་ཕན་པ་རླབས་པོ་ཆེར་འགྱུར་བར་སྨོན་པ་དང་། གཞན་ཡང་། བཀའ་འབུམ་འདི་དག་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པ་དང་། ཕྱག་མཆོད་བཀུར་བསྟི་བྱེད་པ་དང་། འདྲི་ཀློག་འཛིན་འཆང་ཁ་ཏོན་བྱེད་པ་ཀུན་གྱིས་ཐོག་དྲངས་མཐའ་ནའང་། ལོག་ལྟ་དང་བསྐུར་འདེབས་བྱེད་པའི་འབྲེལ་བ་ངན་ཐོག་ཚུན་ཆད་རྣམས་ཀྱང་། བདག་གི་སེམས་བསྐྱེད་སྨོན་ལམ་བདེན་སྟོབས་ཀྱི་མཐུ་ལས། གནས་སྐབས་སུ་བློ་རྒྱུད་ཆོས་ལ་འགྱུར་ནས། ཆོས་དོན་དྲི་མ་མེད་པ་སྤྱོད་ནུས་པ་དང་། སེམས་རྒྱུད་སྨིན་གྲོལ་གྱི་གོ་འཕངས་མངོན་པར་


TR008_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སོན་ཏེ། སྐུ་གསུམ་དབྱེར་མེད་ཀྱི་རྒྱས་ས་ཟིན། ཆོས་ཀུན་མངོན་གྱུར་གྱི་བཀའ་དབང་ཐོབ། འདོད་འབྱུང་ཡིད་བཞིན་གྱི་ཕ་ཕོགས་ལེན། གང་ལ་སྤྱི་འདུས་ཀྱི་ཕྲིན་ལས་ཕྱོགས་དང་རིས་སུ་མ་འཆད་པའི་འཁོར་ལོ་ལ་མངའ་དབང་བསྒྱུར་བའི་བདག་ཉིད་ཆེན་པོར་གྱུར་ནས། སྲིད་པའི་རྒྱ་མཚོ་གཏན་སྟོངས་སུ་ནུས་པར་ཤོག་ཅིག །ཅེས། བདེན་ཚིག་སྨོན་ལམ་གྱི་རྒྱས་བཏབ་པ་ཤུ་བྷམྨསྟུ་སརྦ་ཛ་ག་ཏཾ།། ༈ །།སྣ་ཚོགས་རང་གྲོལ་རྒན་པོ་བདག་འདྲ་བ། །གལ་ཏེ་མྱུར་ན་འཆི་བར་འགྱུར་ན་བསམ། །བཀའ་འབུམ་དཀར་ཆག་འདི་བཞིན་བཀོད་པའི་གནས། །རྒྱ་ལ་རྩེ་སྡུམས་དཔལ་རི་གངས་ཀྱི་མགུལ། །དབྱར་དགུན་མེད་པར་ཁ་བ་འབབ་པའི་ཁྲོད། །ཤིན་ཏུ་མཐོ་ཞིང་གཉེན་ལ་དབེན་པའི་ས། །རང་བྱུང་པདྨ་རྒྱལ་པོས་བྱིན་རླབ་པར། །བྱིན་རླབས་དད་ལྡན་རྣམས་ལ་ཕན་སེམས་ཀྱིས། །ཡི་གེར་བཏབ་རི་མཐོང་དང་འདྲི་ཀློག་འཛིན། །ཐམས་ཅད་དམ་པའི་ཆོས་ལ་ཡིད་ཕྱོགས་ཏེ། །འཇིག་རྟེན་འཁྲུལ་པའི་འཁོར་ལོ་རྒྱུན་ཆད་ནས། །ཡང་དག་བྱང་ཆུབ་སྒྲུབ་པ་མཐར་ཕྱིན་ཤོག། ༈ །།སྦྱིན་བདག་དད་པའི་བློ་གྲོས་


TR008_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ལྷག་བསམ་རྣམ་དཀར་མཐུ་བྱིན་མཐུས། །དྲུང་ཡིག་ཀུན་བཟང་བསྟན་འཛིན་དང་། །རྣམ་པར་རྒྱལ་བས་ཉེར་སྟེགས་ནས། །སྐུ་ཚེ་རི་རྒྱལ་ལྷུན་པོ་ལྟར། །འཛམ་གླིང་ཡོངས་ལ་རྒྱས་གནས་ཤོག །དགེའོ། དགེའོ། དགེའོ། །བཀྲ་ཤིས


previousཔུསྟི་ཅ་པའི་བཞུགས་བྱང་དཀར་ཆག་མ་རིག་མུན་པ་སེལ་བའི་སྒྲོན་མེ།no next