Nitartha Digital Library
Tibetan
རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

3 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
  
 
ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་སྒྲིགས་ཆགས་ལྟས་ཆོག་ཏུ་བཀོད་པ།
  
  
 
  
  
  
  
  
  
  
  
  
  
  
  
  
  


3 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་སྒྲིགས་ཆགས་ལྟས་ཆོག་ཏུ་བཀོད་པ།next

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་སྒྲིགས་ཆགས་ལྟས་ཆོག་ཏུ་བཀོད་པ།


TR008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་སྒྲིགས་ཆགས་ལྟས་ཆོག་ཏུ་བཀོད་པ་བཞུགས་སོ།


TR008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མ་ལུས་པའི་སྤྱི་དཔལ་ཁྱབ་བདག་པདྨ་འོད་འབར་སྤྲུལ་འཁོར་བཅས་པའི་ཞབས་ཀྱི་པདྨོར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བྱིན་གྱིས་བརླབས་ཏུ་གསོལ། འདིར་མཚུངས་བྲལ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་གཏེར་ཆོས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་ཐབས་མདོ་ཙམ་སྟོན་ཏེ། དེ་ཉིད་ཀྱི་དཀྱིལ་འཁོར་དང་དབང་རྫས་སོགས་ཡ་བྱད་ཐམས་ཅད་ཚང་བར་བཤམས་དགོས་ཏེ། དེ་ཡང་གསང་སྔགས་ཟབ་མོའི་དབང་བསྐུར་གྱི་རིགས་འདི་དག་ལ་གཡས་མེད་ཁྱད་སོད་སྒྱིད་ངན་གྲོན་ཆུང་སྟབས་བདེའི་དབང་དུ་མི་བཏང་བར་ཕྱི་ནང་གི་རྫས་དང་ཡོ་བྱད་བཤམས་དགོས་ལག་ལེན་ཏིང་འཛིན་སོགས་གཞུང་ལྟར་བགྱིས་ན་ལེགས་ཚོགས་ཀྱི་ཡོན་ཏན་དང་བྱིན་རླབས་ཤུགས་ཀྱི་འབྱུང་


TR008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལྟར་མ་ཡིན་པར་སླ་ཆོས་དང་བཟོ་ལུམ་རས་ཆོས་བྱས་ན་སྔགས་ཀྱི་དམ་དང་འགལ་ཞིང་རྟེན་འབྲེལ་གྱི་གནས་འཆུགས་ཏེ་བར་ཆད་ཀྱི་རྒྱུ་རྐྱེན་དུ་འགྱུར་བས། དེས་ན་དཀྱིལ་འཁོར་དང་གཏོར་ཚོགས་མཆོད་སོགས་རྒྱས་པར་འཛོམ་ངོས། ཆོ་ག་གཞུང་སྲང་ལ་བདག་བསྐྱེད་དང་བཅས་པ་དང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དབང་རྫས་རྣམས་ཀྱི་སྐྱེད་ཆོག་རབ་གནས་བྱིན་རླབས་རྣམས་ཀྱང་ནན་ཏན་དུ་བྱས་ལ། བཟླས་པའི་འཇབ་བསྙེན་ཅི་མང་དང་། ཐ་མར་སྟོང་ཕྲག་ལས་མི་ཉུང་བར་བཟླ་ཞིང་སློབ་དཔོན་རང་ཉིད་ཏིང་ངེ་འཛིན་གྱི་དབང་བླང་བ་སོགས་སྔོན་དུ་བྱ་བའི་ལས་རིམ་རྣམས་མཐའ་དག་གྲུབ་ཟིན་པར་བྱའོ།། ༈ །།དེ་ནས་སློབ་མ་རྣམས་ཚོགས་རེ་བར་ཆད་ཀྱི་བགེགས་སྦྱང་ཕྱིར་གླུད་གཏོར། ཉམས་ཆགས་གི་སྡིག་སྒྲིབ་སྦྱོང་བའི་ཁྲུས་


TR008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག །བསོད་ནམས་ཀྱི་ཚོགས་བསགས་ཕྱིར་མཎྜལ་སོགས་སྤྱི་ལྟར་བྱས་པའི་རྗེས་སུ་ཟབ་མོའི་ཆོས་བཞིན་འཆད་དེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ་དམ་པའི་ཆོས་གསན་ཞིང་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བར་དགྱི་སྙམ་པའི་ཐུགས་བསྐྱེད་རིན་པོ་ཆེ་མཛད་ནས་གསན་འཚལ། དེ་ཡང་ལུང་ལས། སངས་རྒྱས་འབྱུང་བ་བརྒྱ་ལ་རྙེད་པར་དཀའ། །མིར་སྐྱེ་བ་ཡང་ཤིན་ཏུ་དཀའ་བ་སྟེ། །གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་བསྐལ་བ་བརྒྱར་ཡང་རྙེད་མི་འགྱུར། ཞེས་པ་ལྟར་ཡིན་པ་ལ། ད་རེས་དལ་འབྱོར་ཕུན་ཚོགས་ཀྱི་མི་ལུས་ཐོབ་ཅིང་རྒྱལ་བའི་བསྟན་པ་དང་མཇལ་ནས་དམ་པའི་ལྷ་ཆོས་ལ་སྤྱོད་དུ་ཡོད་པའི་དུས་འདིར། ནམ་བཞག་གཏན་གྱི་འདུན་མ་ཐར་པའི་ལམ་སྣ་ཟིན་པའི་ཐབས་ལ་འབད་དགོས། དེ་ལྟར་མ་བྱས་


TR008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་ཚེའི་ཉི་མ་ནི་ཡུན་ཐུང་། །འཆི་བདག་གི་བདུད་པོ་ནི་བང་མགྱོགས་འཆི་བའི་རྐྱེན་ངན་ནི་གྲངས་མང་། མ་ཚོར་ཡེངས་མ་ལམ་གྱི་ངང་ནས་འཆི་བ་ནམ་མཁའི་ཐོག་ལྟར་འོང་བས། དེ་ལ་འབྲོས་པ་དང་གཟུར་བའི་ཐབས་ནི་གང་ཡང་མེད། ཤི་བ་ཙམ་དུ་མ་ཟད་ཁམས་གསུམ་རིགས་དྲུག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་གང་དུ་སྐྱེས་ཀྱང་བདེ་བའི་གོ་སྐབས་སྤུ་ཙམ༴ མེད་པར་སྡུག་བསྔལ་གྱི་ཡོ་ལང་འབའ་ཞིག་ལ་སྤྱོད་དགོས་པས་བཟོད་ཐབས་མི་འབྱུང་། དེ་ལྟ་བུ་ལས་སྐྱོབ་ཅིང་ཐར་བའི་ཐབས་ནི། དམ་པའི་ཆོས་གཅིག་པུ་ལས་གཞན་གང་གིས་ཀྱང་མི་ཕན་པས། དེས་ན་ད་ལྟ་དབང་པོ་ཚང་ཞིང་རང་དབང་རང་ལ་ཡོད་པའི། དལ་འབྱོར་འདི་དོན་མེད་སྟོང་ཟད་དུ་མི་བྱ་བར་འཆི་ཁར་འགྱོད་མེད་ཀྱི་གྲབས་ལ་རེམས་དགོས། དམ་པའི་ཆོས་ཀྱི་རྣམ་གྲངས་དང་


TR008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་བྱེ་བྲག་ལམ་གྱི་འཇུག་སྒོ་ནི་མཐའ་ཡས་པ་ཤིག་མཆིས་མོད་ཀྱང་། ཀུན་གྱི་སྙིང་པོ་དོན་གྱི་མཐར་ཐུག་ནི་ཐེག་ཆེན་གསང་སྔགས་རྡོ་རྗེའི་ཐེག་པ་ཁོ་ན་ཡིན་ཏེ། དེ་ལ་མ་བརྟེན་པར་ཚེ་གཅིག་བྱང་ཆུབ་འགྲུབ་པའི་ཐབས་མ་མཆིས་པ་དང་། ཐེག་པ་གཞན་རྣམས་ནི་ལམ་གྱི་གཞིའམ་ལམ་སྟེགས་ཀྱི་ཚུལ་ཙམ་ཡིན་ལ་གསང་སྔགས་ནི་ལམ་དངོས་དང་འབྲས་བུ་ཉིད་ལ་སྦྱོར་བར་བྱེད་པ་དང་། གཞན་རྣམས་ནི་བརྗོད་བྱེད་ཀྱི་ཚིག་གཙོ་བོར་སྟེན་ལ། གསང་སྔགས་ནི་བརྗོད་བྱའི་དོན་ཉིད་གཙོ་བོར་སྟོན་པ་དང་། གཞན་རྣམས་ནི་དཔེར་ན་འོ་མ་ལྟ་བུ་ཡིན་ལ། གསང་སྔགས་ནི་མར་གྱི་ཡང་ཞུན་ལྟ་བུ་ཡིན་པ་སོགས་ཀྱི་ཁྱད་ཆོས་མང་པོ་དང་ལྡན་ཞིང་། གསང་སྔགས་དེ་ལྟ་བུའི་འཇུག་སྒོ་ནི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས་ཡིན་པ་ལས་ཐོག་མར་སྨིན་བྱེད་ཀྱི་དབང་ཐོབ་དགོས་ཤིང་། དེ་ཉིད་ཐོབ་པར་


TR008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་བདག་པོའི་རྐྱེན་ནི་རྡོ་རྗེའི་སློབ་དཔོན་ལ་རག་ལས་པ་དང་། རྒྱུའི་རྐྱེན་དུ་སློབ་མ་རྣམས་དག་སྣང་མོས་གུས་དང་ལྡན་པ། དམིགས་པའི་རྐྱེན་དུ་དབང་རྫས་ཡོ་བྱད་ཚོགས་པ། དེ་མ་ཐག་པའི་རྐྱེན་དུ་དཀྱིལ་འཁོར་བསྒྲུབ་མཆོད་བཟླས་པ་ལ་སོགས་སྔོན་དུ་བྱ་བའི་ལས་རིམ་རྣམས་ལེགས་པར་གྲུབ་པ་ནས། དངོས་གཞི་དབང་བསྐུར་ལའང་ཐོག་མར་བརྒྱུད་པའི་ཁུངས་བཙུན་ཞིང་གདམས་པ་ལ་ཡིད་ཆེས་ངེས་ཤེས་བསྐྱེད་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་བརྡ་ཙམ་ཞིག་སྙན་དུ་འབུལ་བར་དགྱི་ན། སྤྱིར་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་སྟོན་པ་སྐུ་གསུམ་གྱི་ངོ་བོར་མ་འདུས་པ་མེད་ལ། སྐུ་གསུམ་པོ་ཡང་བླ་མ་རྡོ་རྗེ་སློབ་དཔོན་མཆོག་གི་ངོ་བོ་ཉིད་དུ་དབྱེར་མེད་པ་ནི། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། བླ་མ་དག་ལ་བརྟེན་ནས་བྱུང་། ཞེས་པ་ལྟར་དང་། དེ་ལྟ་བུའི་བླ་མའམ་སློབ་དཔོན་དེ་དག་ལ་ཟེར་སྙམ་ན་སྐྱོན་ཐམས་ཅད་དང་བྲལ་


TR008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡོན་ཏན་ཐམས་ཅད་ཚང་ཞིང་རྫོགས་པའི་རྡོ་རྗེའི་སློབ་དཔོན་ཡང་དག་པ་ནི་གུ་རུ་པདྨ་འབྱུང་གནས་ཡིན་ཏེ། ཇི་སྐད་དུ། །རང་བྱུང་པདྨ་ཞེས་བྱར་གྲགས་པ་གང་། །སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ། །འཕགས་པ་སྤྱན་རས་གཟིགས་དབང་གསུང་གི་འོད། །མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོའི་རྒྱལ། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག །མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ། །སྤྲུལ་པའི་སྐུར་སྣང་ཐུགས་རྗེའི་སྟོབས་ཆེན་ལྡན། །གང་ལ་གང་འདུལ་ཕྲིན་ལས་རླབས་པོ་ཆེས། །སེམས་ཅན་རྣམས་ཀྱི་རེ་འདོད་ཡིད་བཞིན་སྐོངས། ཞེས་གསུངས་པ་བཞིན་ཏེ། གུ་རུ་པདྨ་འབྱུང་གནས་དེ་ཉིད་འཁོར་འདས་ཐམས་ཅད་ཀྱི་སྔོན་རོལ་ནས་འཁྲུལ་མེད་རང་རིག་གདོད་མའི་ཀ་དག་ཀློང་ཡང་ཆེན་པོར་སངས་རྒྱས་པའི་མཚན་གྱི་རྣམ་གྲངས་སུ་ཆོས་སྐུ་ཀུན་བཟང་འོད་མི་འགྱུར་བའམ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་། །སངས་རྒྱས་སྣང་བ་མཐའ་ཡས་ཅེས་བྱ་སྟེ། འཁོར་འདས་དུས་གསུམ་མཉམ་ཉིད་ཡེ་ཤེས་ཆེན་པོ་


TR008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་འདུས་མ་བྱས་པའི་ཆོས་སྐུ་མཆོག་གི་ངོ་བོར་རྟག་ཏུ་བཞུགས་པ་ཡིན་ལ། དེ་ཉིད་ཀྱི་རང་མདངས་འགགས་མེད་ཀྱི་འོད་གསལ་ལྷུན་གྲུབ་ཟུང་འཇུག་བདེ་བ་ཆེན་པོའི་རོལ་པ་ལོངས་སྐུའི་དཀྱིལ་འཁོར་དུ་སྣང་བ་ནི་དཔག་ཏུ་མེད་དེ། དབུས་ཕྱོགས་བདེ་ཆེན་སྙིང་པོ་བཀོད་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་སུ་སློབ་དཔོན་པདྨ་རྣམ་པར་སྣང་མཛད་གངས་ཆེན་མཚོ་ཞེས་བྱ་བའི་སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས༴ ཡང་གངས་ཆེན་མཚོའི་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ་དང་། དེ་དག་རེ་རེའི་བ་སྤུའི་ཁུང་བུ་རེ་ལས་སྤྲུལ་པ་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱར་གང་ལ་གང་འདུལ་གྱི་འགྲོ་བའི་དོན་མཛད་པ་དང་། དེ་བཞིན་དུ་ཤར་ཕྱོགས་བདེ་ཆེན་རྣམ་བཀོད་ཀྱི་ཞིང་ཁམས་སུ་པདྨ་འབྱུང་གནས་རྡོ་རྗེ་གངས་ཆེན་མཚོའི་སྐུའི་བ་སྤུའི་བུ་ག་རེ་རེ་ལ་དེ་དང་མཚུངས་པའི་ལོངས་སྤྲུལ་གྱི་ཞིང་ཁམས་བྱེ་བ་ཕྲག་


TR008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་གཅིག་ལ་གཅིག་འཕེལ་དང་། ལྷོ་ཕྱོགས་སུ་བདེ་ཆེན་རིན་ཆེན་བཀོད་པའི་ཞིང་ཁམས་ན་པདྨ་འབྱུང་གནས་རིན་ཆེན་གངས་ཆེན་མཚོ་བྱེ་བ་ཕྲག་བརྒྱ་བརྒྱ་འགྱུར་བ་གོང་བཞིན་དང་། ནུབ་ཕྱོགས་པདྨ་བཀོད་པའི་རྒྱན་དུ་སློབ་དཔོན་པདྨ་གངས་ཆེན་མཚོ་བྱེ་བ་ཕྲག་བརྒྱ་འགྱུར་སྔར་བཞིན་དང་། བྱང་ཕྱོགས་བདེ་ཆེན་ལས་རབ་བཀོད་པར་པདྨ་འབྱུང་གནས་ཕྲིན་ལས་གངས་ཆེན་མཚོ་བྱེ་བ་ཕྲག་བརྒྱ་གོང་འཕེལ་འགྱུར་གྱི་ཞིང་ཁམས་ཕུན་སུམ་ཚོགས་པའི་བཀོད་པས་འགྲོ་དོན་མཛད་པའི་ལོངས་སྐུའི་དཀྱིལ་འཁོར་དེ་དག་རེ་རེའི་བ་སྤུའི་གྲངས་མཉམ་བྱེ་བ་ཕྲག་བརྒྱའི་སྤྲུལ་སྐུའི་ཞིང་དང་གང་འདུལ་སྤྲུལ་པའི་ཟློས་གར་བསྒྱུར་ཚུལ་དུས་གསུམ་རྒྱུན་ཆད་མེད་པའི་ཚད་བཟུང་བར་ནི་སུ་ཡི་ནུས་ལ། འོ་སྐོལ་གྱི་མི་མཇེད་འཇིག་རྟེན་ཁམས་འདི་གཅིག་པུར་ཡང་ཞིང་དང་སྟོན་པར་སྤྲུལ་པའི་མཛད་ཕྲིན་ནི་དཔག་ཏུ་མེད་དེ། ཤཱཀྱའི་དབང་པོའི་བསྟན་


TR008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལ་སློབ་དཔོན་པདྨ་འབྱུང་གནས་སྤྲུལ་པའི་གུ་རུ་མཚན་བརྒྱད་སོགས་སུ་སྤྲུལ་ནས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱས་པར་མཛད་པ་འདི་བཞིན་དུ། འདི་ནས་ཤར་ཕྱོགས་སུ་ཞིང་ཁམས་དྲི་མ་མེད་པ་ཅེས་བྱ་བར་སངས་རྒྱས་དྲི་མེད་རྔ་སྒྲའི་བསྟན་པ་ལ་སློབ་དཔོན་པདྨ་དྲི་མེད་སྐྱེད་བཟང་དུ་སྤྲུལ་ནས་འགྲོ་དོན་མཛད་པ་དང་། ལྷོ་ཕྱོགས་ཡོན་ཏན་འབྱུང་བའི་ཞིང་དུ་གུ་རུ་པདྨ་ལྷུན་གྲུབ་འོད་ཀྱི་འཁོར་ལོ་དང་། ནུབ་ཕྱོགས་ཡེ་ཤེས་རྒྱ་མཚོའི་ཞིང་དུ་པདྨ་གར་གྱིས་དབང་ཕྱུག་དང་། བྱང་ཕྱོགས་འཇིགས་བྲལ་གྱི་ཞིང་ན་པདྨ་ཡེ་གྲུབ་མཐའ་བྲལ་དང་། དེ་བཞིན་དུ་ཕྱོགས་དང་ཕྱོགས་བྲལ་གྱི་ཞིང་སྣ་ཚོགས་པར་པདྨ་འབྱུང་གནས། སྨྲ་བའི་སེང་གེ། བཞད་པའི་རྩལ་འཆང་། ཐུགས་རྗེ་འགྲོ་འདུལ། འཇིག་རྟེན་དབང་ཕྱུག །འཁོར་བ་དོང་སྤྲུག །རང་བྱུང་ཡེ་ཤེས། བདེ་བའི་གཙུག་ཕུད། ཆོས་དབྱིངས་དཔལ་འབར། གསེར་གྱི་རི་དབང་། རྒྱལ་བའི་


TR008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་། སྣང་བའི་ཅོད་པན། རྣམ་དག་ཡེ་ཤེས། འཁོར་བའི་གཅོང་འབྱིན། ལམ་སྟེར་བཤེས་གཉེན། འདོད་དགུ་འབྱུང་གནས། བདེ་བ་སྦྱིན་མཛད༴ མི་ནུབ་རྒྱལ་མཚན། འཁོར་བ་ཡོངས་འདུལ། རོལ་པ་རྣམ་དག་ཅེས་བྱ་བ་ལ་སོགས་པའི་མཚན་གྱི་རྣམ་གྲངས་བརྗོད་ལས་འདས་པར་བཞུགས་པ་དང་། སྟོང་གསུམ་འཇིག་རྟེན་འདི་ཉིད་ཁོ་ནའི་བྱེ་བྲག་འགྲོ་བ་རིས་དྲུག་གི་གནས་རིས་ཐ་དད་དུ་ཡང་འདུལ་བྱེད་སྤྲུལ་པའི་གུ་རུ་དྲུག་ཏུ་སྤྲུལ་བ་དེ་དག་རེ་རེ་ལས་ཀྱང་སྤྲུལ་པ་དུ་མར་འགྱེད་པ་སྟེ། ལྷ་རྣམས་འདུལ་བ་ལ་གུ་རུ་སྲིད་ཐུབ་འཛིན་དང་། དེའི་རྣམ་འཕྲུལ་ནི་ཆོས་ཀྱི་འབྱུང་གནས། རིག་པའི་འབྱུང་གནས། དགའ་བའི་འབྱུང་གནས། ཆགས་མཆོག་འབྱུང་གནས། ཡོན་ཏན་འབྱུང་གནས། ཤེས་རབ་འབྱུང་གནས། ཡེ་ཤེས་འབྱུང་གནས། དྲི་མེད་འབྱུང་གནས་ལ་སོགས་ཀྱི་མཚན་འཆང་བས་ལྷ་རྣམས་ཀྱི་འཕོ་ལྟུང་གི་སྡུག་བསྔལ་སེལ་ཞིང་བརྩོན་འགྲུས་ཀྱི་ཆོས་སྟོན་པ་དང་། དེ་བཞིན་དུ། ལྷ་མིན༴


TR008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གུ་རུ་རྣམ་པར་རྒྱལ་བའི་སྐུར་སྤྲུལ་ཞིང་། དེ་ལས་ཀྱང་དྷརྨ་ཐོད་ཕྲེང་། སཾ་བྷ་ག་ཐོད་ཕྲེང་། ནིར་མ་ཎ་ཐོད་ཕྲེང་སོགས་དང་། བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཐོད་ཕྲེང་རྣམས་སུ་སྤྲུལ་ནས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་སེལ་ཞིང་། བྱམས་དང་སྙིང་རྗེ་བཟོད་པ་སོགས་ཀྱི་ཆོས་སྟོན། མིའི་གནས་སུ་གུ་རུ་པདྨ་འབྱུང་གནས་ལས་སྤྲུལ་པའི་གུ་རུ་མཚན་བརྒྱད་ཡང་སྤྲུལ་ཉི་ཤུ་རྩ་བཞི་སོགས་སུ་སྤྲུལ་བས་གདུལ་བྱ་སོ་སོའི་སྐལ་བ་དང་དབང་པོའི་རིམ་པ་ཐ་དད་དང་མཐུན་པའི་ཆོས་སྟོན། བྱོལ་སོང་རྣམས་ལ་གུ་རུ་སེང་གེ་རབ་བརྟན་དང་། དེ་ལས་སྤྲུལ་པའི་རྣམ་གྲངས་བདེ་བའི་འབྱུང་གནས། དག་པའི་འབྱུངས། ཤིན་ཏུ་དག་འབྱུང་། གཏེར་གྱི་འབྱུང་གནས། བྱང་ཆུབ་འབྱུང་གནས་དབང་གི་འབྱུང་གནས། ཕྲིན་ལས་འབྱུང་གནས་ལ་སོགས་ཀྱིས། །དུད་འགྲོའི་བཀོལ་སྤྱོད་ཀྱི་སྡུག་བསྔལ་སེལ་ཞིང་ཤེས་རབ་དང་རྟེན་འབྲེལ་གྱི་ཆོས་


TR008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་རང་གི་བརྡ་དང་སྐད་ཀྱིས་སྟོན་ཅིང་འདུལ་བར་མཛད། །ཡི་དྭགས་རྣམས་ལ་གུ་རུ་རྣམ་པར་སྣང་བྱེད་དང་། དེའི་ཡང་སྤྲུལ་བདེ་བའི་དབང་པོ། ཤཱནྟ་རཀྵི། གཤོར་བ་གཞོན་ནུ། སུ་ནི་ཏྲ། པདྨ་བཛྲ། པུཎྜ་རཱི་ཀ པདྨ་བྷཱུ་ཏི་ལ་སོགས་པས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་ཞིང་སྦྱིན་པ་དང་སྨོན་ལམ་གྱི་ཆོས་སྟོན། དམྱལ་བ་པ་རྣམས་ལ་གུ་རུ་རྣམ་པར་གནོན་པ་དྲག་པོའི་གཟུགས་ཅན་དང་། དེ་ལས་སྤྲུལ་པ་བདེ་མཆོག་སྙིང་པོ། བདེ་བའི་དངོས་གྲུབ། ནག་པོ་སྤྱོད་པ། གཟི་བརྗེད་འོད་འབར། པདྨ་ཀུན་རྒྱུ། པདྨ་མཁའ་ལྡིང་ལ་སོགས་པས་དམྱལ་བ་ཚ་གྲངས་གི་སྡུག་བསྔལ་སེལ་ཞིང་བསམ་གཏན་ཏིང་ངེ་འཛིན་གྱི་ཆོས་སྟོན་པར་མཛད་པ་སོགས་འགྲོ་དོན་གྱི་སྤྲུལ་པའི་སྒྱུ་འཕྲུལ་ནི་རང་ཅག །སོ་སོ་སྐྱེ་བོ་རྣམས་ཀྱི་བློའི་སྤྱོད་ཡུལ་ལས་འདས་པ་ལགས་ཤིང་། ད་ལྟ་རྔ་ཡབ་གླིང་དུ་སྲིན་པོའི་ཁ་གནོན་ལ་བཞུགས་ཚུལ་གཅིག་


TR008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པུའི་སྐུའི་བཀོད་པའི་རྣམ་འགྱུར་ཀྱང་ཚད་མེད་དེ། སྲིན་པོའི་རྒྱལ་ཁམས་ཡུལ་གླིང་ཆེན་པོ་ཉི་ཤུ་རྩ་གཉིས་ཡོད་པའི་དབུས་ན་ཤ་ཁྲག་ཟ་བྱེད་ཀྱི་གླིང་དུ་གྲོང་ཁྱེར་བྱེ་བ་ཕྲག་དགུའི་རྒྱལ་པོ་བདུད་འདུལ་ཧེ་རུ་ཀ་ཞེས་བྱ་བར་སྤྲུལ་ནས་གསང་སྔགས་སྦྱོར་གྲོལ་མངོན་བྱུང་གི་ཆོས་ཀྱིས་འགྲོ་བའི་དོན་མཛད་པ་དང་། དེ་བཞིན་དུ། ཤར་སྟོད་ཛཱ་ཏིའི་ནགས་གླིང་ན་གྲོང་ཁྱེར་འབུམ་ཚོ་ཉེར་གཅིག་གི་རྒྱལ་པོར་པདྨ་དེ་ཝ་རཱ་ཛཱ་ཞེས་བྱ་བར་སྤྲུལ་ནས་ཞི་ཁྲོ་སྒྱུ་འཕྲུལ་གྱི་ཆོས་སྟོན་པ་དང་། ཤར་སྨད་ན་བུན་ཐིབ་པའི་གླིང་ན་གྲོང་ཁྱེར་བྱེ་བ་ཕྲག་གསུམ་ལ་རྒྱལ་པོ་སྨྲ་བའི་སེང་གེས་འཇམ་དཔལ་སྐུའི་ཆོས་ཀྱིས་འདུལ་བར་མཛད་པ་དང་། ལྷོ་ཕྱོགས་ཀེང་རུས་བརྩེགས་པ་གླིང་ན་གྲོང་ཁྱེར་བྱེ་བ་བཅུ་དྲུག་གི་རྒྱལ་པོ་ཀཱ་ལ་ཐོད་ཕྲེང་ཞེས་བྱ་བས་མ་གཤིན་ཕུར་པ་དྲག་པོའི་ཆོས་ཀྱིས་འདུལ་བ་དང་། ནུབ་སྟོད་ཤ་མཁར་


TR008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་གླིང་ན་གྲོང་ཁྱེར་འབུམ་ཕྲག་ཉེར་དགུའི་རྒྱལ་པོ་ཁྱུང་ཆེན་འབར་བ་ཞེས་པས་ངེས་དོན་ཕྱག་རྒྱ་ཆེན་པོའི་ཆོས་ཀྱིས་འདུལ་བ་དང་། ནུབ་སྨད་ཁྲག་མཚོ་ཁོལ་བའི་གླིང་ན་གྲོང་ཁྱེར་བྱེ་བ་གཉིས་ཡོད་པའི་རྒྱལ་པོ་གཏུམ་པོ་མེ་དབལ་ཞེས་བྱ་བས་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཁོ་ནས་འདུལ་བ་དང་། བྱང་ཕྱོགས་འདོད་འབྱུང་ནོར་བུའི་གླིང་གི་གྲོང་ཁྱེར་བྱེ་བ་ཕྲག་གཅིག་ལ་རྒྱལ་པོ་བཛྲ་པཱ་ཎི་ཞེས་བྱ་བས་དྲག་སྔགས་མངོན་སྤྱོད་ཀྱི་སྒོ་ནས་འདུལ་བ་དང་། ཤར་ལྷོ་འབར་བ་གློག་ཕྲེང་གི་གླིང་ན་གྲོང་ཁྱེར་འབུམ་ཕྲག་བཅུ་གཉིས་ཀྱི་རྒྱལ་པོ་ཟིལ་གནོན་མེ་འོད་ཅེས་བྱ་བས་མ་མོ་རྒྱུད་ལུང་གི་ཆོས་ཀྱི་འདུལ། ལྷོ་ནུབ་རཀྴ་འཁྲུག་པའི་གླིང་ན་གྲོང་ཁྱེར་འབུམ་ཕྲག་དྲུག་གི་རྒྱལ་པོ་རཀྴ་ཐོད་ཕྲེང་གི་གསང་སྔགས་དུས་འཁོར་གྱི་ཆོས་སྟོན། ནུབ་བྱང་རླུང་ནག་འཁྲུག་པའི་གླིང་གི་གྲོང་ཁྱེར་འབུམ་མཚོ་


TR008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ན་རྒྱལ་པོ་སེང་གེ་སྒྲར་སྤྲུལ་བས་འཇིག་རྟེན་མཆོད་སྟོད་ཀྱི་ཆོས་སྟོན། བྱང་ཤར་མུན་ནག་འཁྲིག་པའི་གླིང་ན་གྲོང་ཁྱེར་འབུམ་ཕྲག་ཉེར་གཅིག་གི་ལ་རྒྱལ་པོ་གཙུག་ན་མེ་འབར་གྱིས་དམོད་པ་དྲག་སྔགས་རོལ་པའི་ཆོས་ཀྱིས་འདུལ་བར་མཛད་ལ། ཁྱད་པར་དབུས་ཟངས་མདོག་དཔལ་རིའི་རྩེ་མོར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོའི་ཡང་ཐོག་ན་གུ་རུ་ཐོད་ཕྲེང་རིག་ལྔ། བར་ཁང་ན་མཚན་བརྒྱད་རིག་འཛིན་འབུམ་གྱིས་བསྐོར་བ་འོག་ཁང་དུ་དྲག་པོ་ཐོད་ཕྲེང་རྩལ་ལ་མཁའ་འགྲོ་ཆོས་སྐྱོང་བཀའ་གཉན་བླ་མ་རྒྱ་མཚོས་བསྐོར་ནས་བཞུགས་ཏེ་བླ་མེད་འབྲས་བུ་རྫོགས་ཆེན་གྱི་ཆོས་འཁོར་རྒྱུན་མི་ཆད་པར་མཛད་པ་དང་། ཕོ་བྲང་གི་ཕྱི་རོལ་ཏུ་ཡང་ཤར་ཞི་བ་ཆོས་ཀྱི་ཚོགས་ཁང་ན་སློབ་དཔོན་ཉིད་པཎྜི་ཏའི་ཆ་བྱད་ཀྱིས་བཀའ་སྡེ་སྣོད་གསུམ་གྱི་ཆོས་འཁོར་བསྐོར། ལྷོ་རྒྱས་པ་ལོངས་སྤྱོད་


TR008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་ཁང་དུ་གུ་རུ་ཉིད་ཚེ་དཔག་མེད་ཀྱི་སྐུར་བཞེངས་ནས་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་ནུབ་སྨད་དབང་གི་ཚོགས་ཁང་དུ་སློབ་དཔོན་ཉིད་རྟ་མགྲིན་དབང་གི་རྒྱལ་པོར་བཞེངས་ཏེ་མ་རྒྱུད་ཐབས་ལམ་ཟབ་མོའི་ཆོས་བསྐོར་གསུངས་བྱང་དྲག་པོ་ཕྲིན་ལས་ཀྱི་ཚོགས་ཁང་དུ་གུ་རུ་དྲག་པོ་གཏུམ་ཆེན་དུ་སྤྲུལ་ནས་སྡེ་བརྒྱད་དྲེགས་པ་འདུལ་བྱེད་ཕྲིན་ལས་རབ་འབྱམས་ཀྱི་ཆོས་འཁོར་བསྐོར་བར་མཛད་པ་སོགས་ངོ་མཚར་གྱི་རྣམ་པར་ཐར་པ་ནི་བསྐལ་པ་བརྒྱར་ཡང་བརྗོད་ཀྱི་མི་ལངས་ཤིང་། སྐུ་དངོས་དེ་ལྟ་བུའི་ཚུལ་ལས་མ་གཡོས་པར་བཞུགས་བཞིན་དུ། གདུལ་བྱའི་ཞིང་ཁམས་ནམ་མཁས་གར་ཁྱབ་ཐུགས་རྗེའི་སྤྲུལ་པས་ཁྱབ་ཅིང་། ཁྱད་པར་འོ་སྐོལ་ཐ་འཁོབ་བོད་ཀྱི་ཡུལ་དུ་དུས་བཟང་ཚེས་བཅུའི་མཆོད་པ་དང་གསང་སྔགས་ཟབ་མོའི་དབང་བསྐུར་ཡེ་ཤེས་འབེབ་པའི་སྐབས་རྣམས་དང་


TR008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དད་ཅན་གསོལ་བ་གང་འདེབས་ཀྱི་སར་ཐུགས་རྗེའི་རྫུ་འཕྲུལ་ནམ་མཁའི་གློག་ལས་མྱུར་བས་གཤེགས་ནས་བྱིན་གྱིས་རློབས་པར་ཞལ་གྱི་བཞེས་ཤིང་ཐུགས་དམ་དུ་བཅས་པ་ལགས་ཏེ། །ཉིད་ཀྱི་བཀའ་ལས་ཀྱང་། དད་གུས་མོས་གདུང་ཅན་གྱི་སྐྱེ་འགྲོ་ལ། །སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར། ཁམས་གསུམ་འཁོར་བའི་སེན་མ་ཟད་པར། །པདྨ་འབྱུང་གནས་ཐུགས་རྗེ་ཟད་མི་སྲིད། ཅེས་གསུངས་པ་བཞིན། མ་འོང་པ་ན་རྒྱལ་བ་བྱམས་པའི་བསྟན་པ་ཤར་ཚེ། །སློབ་དཔོན་ཉིད་རྒྱལ་སྲས་འགྲོ་བ་ཀུན། །འདུལ་ཞེས་པར་སྤྲུལ་ནས་གསང་སྔགས་ཐེག་ཆེན་བླ་མེད་ཀྱི་ཆོས་སྟོན་གསུངས་པ་བཞིན་དུ། བསྐལ་བཟང་གི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་དེ་ལྟར་འགྲོ་དོན་མཛད་པར་འགྱུར་བ་སྟེ། མདོར་བསྡུ་ན། དེ་ལྟ་བུའི་ཐུགས་རྗེ་ཕྲིན་ལས་རྨད་དུ་བྱུང་ཞིང་སྐུ་ཆེ་བའི་ཡོན་ཏན་


TR008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་བྲལ་བའི་རྒྱལ་བ་པདྨ་འབྱུང་གནས་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་མི་ལོ་སུམ་སྟོང་དྲུག་བརྒྱའི་བར་དུ་བསྟན་པའི་སྒྲོན་མེ་སྦར་ཞིང་སེམས་ཅན་གྱི་དོན་མཛད་པའི་མཐར། གངས་ཅན་བོད་ཀྱི་ཡུལ་འདིར་འཇམ་དབྱངས་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྤྱན་དྲངས་ནས། ལྷ་མ་སྲིན་གདུག་པ་ཅན་རྣམས་དབང་དུ་བསྡུས་ཤིང་དམ་ལ་བཏགས་ཏེ་བཀའི་བསྲུང་མར་བསྐོས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙོ་བྱས་པའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གྲངས་མེད་བཞེངས་ཤིང་རབ་ཏུ་གནས་པར་མཛད། ལོ་པཎ་མཁས་གྲུབ་མང་པོར་བཅས་པས་བཀའ་མདོ་རྒྱུད་ལུང་མན་ངག་གི་ཆོས་ཀྱི་གཏེར་མཛོད་ཕྱེས། བཤད་སྒྲུབ་ཐོས་བསམ་སྒོམ་པའི་དགེ་འདུན་གྱི་སྡེ་གཙུག་སྟེ་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཇུག་པའི་བཀའ་དྲིན་གྱིས་


TR008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་མཛད་པའི་སྐབས་དེར། གྲུབ་ཐོབ་རྗེ་འབངས་ཉེར་ལྔ་དང་སྐལ་ལྡན་སྙིང་གི་བུ་དགུ་ལ་སོགས་ལ་གསང་སྔགས་ཐེག་པའི་ཡང་སྙིང་ཟབ་པའི་མཐར་ཐུག་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་བདེ་བླག་ཏུ་ཐོབ་པར་བྱེད་པའི་ཆོས་བཀའ་རབ་འབྱམས་མཐའ་ཡས་པའི་ཆར་རྒྱུན་ཕབས་ནས། དུས་མ་འོངས་སྙིགས་མ་རྩོད་ལྡན་གྱི་གདུལ་བྱ་རྣམས་ལ་བརྩེ་བ་ཆེན་པོས་དགོངས་ཏེ་རྒྱུད་ལུང་མན་ངག་བསྐྱེད་རྫོགས་སྨིན་གྲོལ་ལས་ཚོགས་དང་བཅས་པའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ལྷག་པའི་དངོས་གྲུབ་ཀྱི་འདོད་འཇོ་དམ་པར་གྱུར་པ་རྣམས་ཡི་གེར་བཏབ་ནས་གནས་ཆེན་རི་བྲག་གཉན་ཁྲོད་གཙུག་ལག་ལ་སོགས་པ་ཇི་སྙེད་ཁྱབ་པ་གཏེར་དུ་སྦས་པ་དག་རྗེ་འབངས་སྐལ་ལྡན་སྐྱེས་མཆོག་དེ་རྣམས་


TR008_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྨོན་ལམ་ཐུགས་རྗེའི་རྣམ་འཕྲུལ་རིམ་ཅན་དུ་བྱོན་པས་གཏེར་ནས་སྟོན་ཏེ་ལས་འཕྲོ་སྐལ་བར་ལྡན་པའི་གདུལ་བྱ་རྣམས་སྨིན་གྲོལ་དུ་མཛད་པ་ལས། ད་ལམ་གྱི་ཆོས་བཀའ་འདི་ཉིད་ཀྱི་དབང་དུ་བགྱིས་ན། གུ་རུ་རིན་པོ་ཆེའི་ཞལ་སློབ་ལྷག་མེད་འོད་ལུས་འགྲུབ་པའི་གྲུབ་ཐོབ་བརྒྱད་ཀྱི་ནང་ནས་ཏིང་འཛིན་ཟག་མེད་འོད་གསལ་ཆེན་པོར་དབང་བསྒྱུར་བ་མྱང་བན་ཏིང་འཛིན་བཟང་པོ་ཞེས། སྔོན་ཚེ་ཐུབ་པའི་དྲུང་ན་དགེ་སློང་འགོའུ་ཏ་མ། གསང་བདག་ཕྱག་རྡོར་གྱི་སྤྱན་སྔར་ལྷའི་རིག་འཛིན་གྲགས་ལྡན་མཆོག་སྐྱོང་། བོད་ཐ་འཁོབ་ཀྱི་རྒྱལ་པོ་ལ་སྔ་བ་འོད་གསལ་ལྷའི་རིགས་འཆང་གཉའ་ཁྲི་བཙན་པོ་ལ་སོགས་དག་པའི་སྐྱེ་བ་བརྒྱུད་མར་བྱོན་པའི་མྱང་བན་ཆེན་པོ་དེ་ཉིད་ལ་ཆོས་བཀའ་འདི་དག་གི་དབང་བསྐུར། བཀའ་གཏད། ལུང་བསྟན། བྱིན་གྱིས་


TR008_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། སྨོན་ལམ་གྱི་མཚམས་སྦྱར་ཏེ། དིང་སང་འོ་སྐོལ་དུས་ངན་གྱི་འགྲོ་བ་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པ་རྣམས་འདུལ་ཞིང་སྐྱོབས་པའི། རྣམ་འདྲེན་དམ་པར་བསྔགས་པར་མཛད་ཅིང་ཆོས་བཀའ་རྣམས་རྒྱ་རིམ་པ་བདུན་གྱིས་བཏབས་ནས་ཀོོང་ཡུལ་ཉང་ལུང་ཝ་རུ་ཎ་ཚལ་གྱི་གཏེར་གནས་ཧཾ་འཕྲང་ལྕགས་ཀྱི་སྒོ་མོར་གཏེར་དུ་བཏམས་ནས་བཞུགས་སུ་གསོལ། དེ་ནས་གུ་རུའི་ཐུགས་རྗེ་དང་སྔོན་གྱི་སྨོན་ལམ་གྱི་མཐུ་ལས་མྱང་བན་དེ་ཉིད་སྐུ་ལུས་ཟག་མེད་འོད་ཕུང་དུ་ཐིམ་ཀྱང་ཐུགས་རྗེ་ཡེ་ཤེས་རྣམ་རོལ་གྱི་རྒྱུ་འཕྲུལ་ལས། སྙིགས་མའི་དུས་སུ་འགྲོ་བའི་དོན་དུ་སྤྲུལ་པའི་སྐུ་སྐྱེས་སྒོམ་ཡེ་ཤེས་རྡོ་རྗེ། འགྲོ་མགོན་དུང་མཚོ་རས་པ། མཁས་གྲུབ་ཆོས་དབྱིངས་དབང་ཕྱུག་གམ་འཁྲུལ་ཞིག་བསོད་ནམས་རྒྱལ་མཚན། གྲུབ་ཐོབ་སངས་རྒྱས་སྒོམ་པ་


TR008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རས་དཀར་ཐུགས་རྗེ་རྒྱལ་མཚན། དུང་མཚོ་རས་པ་ཕྱི་མ། སྤྲུལ་སྐུ་བསོད་ནམས་རྒྱལ་པོ། དྲུང་པ་ཆོས་བཟང་ཉི་མ། མཚུངས་མེད་གནས་པ་རབ་འབྱམས། གྲུབ་མཆོག་སྦྱིན་པ་རིན་ཆེན་ལ་སོགས་པ་སྐྱེས་ཆེན་དུ་མར་སྤྲུལ་ནས་ཡུལ་དུས་དེ་དང་དེ་སྐབས་ཀྱི་གདུལ་བྱ་རྣམས་དྲངས་ཏེ། སླར་ལྔ་བརྒྱ་ཐ་མ་རྩུབ་འགྱུར་རབ་ཏུ་འཁྲུག་པའི་དུས་འདིར་གཏེར་སྟོན་གྱི་ཨོ་རྒྱན་ལས་འགྲོ་གླིང་པའམ། མཚན་གྱི་རྣམ་གྲངས་སུ་རིག་འཛིན་འཇའ་ཚོན་སྙིང་པོ། ཁྲག་འཐུང་ཧཱུྃ་ནག་མེ་འབར་ལ་སོགས་པར་གྲགས་པའི་སྙན་པ་རྒྱ་མཚོའི་གོས་ཅན་ཁྱབ་པར་བྱོན་པ་དེ་ཉིད་སྐུ་གཞོན་ནུའི་དུས་ནས་སྐྱེས་བུ་དམ་པའི་རྣམ་ཐར་གྱི་མཚན་ཉིད་ཡོངས་སུ་ཚང་ཞིང་། སྐྱེ་བར་དམ་པའི་ཆོས་དོན་མཐར་ཕྱིན་ཀྱང་གདུལ་བྱ་རྣམས་ལ་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་ཕྱིར་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་མདོ་རྒྱུད་


TR008_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གི་གསན་བསམ་ཕྱོགས་མེད་དུ་སྒྲོ་འདོགས་བཅད། དཀའ་དཔྱད་སྙིང་རུས་ཀྱི་གོ་ཆ་རྨད་དུ་བྱུང་བས་བསྒྲུབ་པ་བརྩེ་གཅིག་གི་རང་དོན་མངོན་དུ་གྱུར། ཟབ་མོའི་གཏེར་སྒོ་ཕྱེས་ཤིང་གཞན་དོན་དུ་ཐུགས་བསྐྱེད་སྨོན་ལམ་ལས་འཕྲོའི་འབྲས་བུ་སྨིན་པའི་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཟླ་མེད་པས་སྐལ་ལྡན་གདུལ་བྱའི་ཁ་ལོ་ཐར་གླིང་དུ་བསྒྱུར་བའི་འདྲེན་མཆོག་དེད་དཔོན་དམ་པ་དེ་ཉིད་ཀྱིས་གཏེར་ནས་སྤྱན་དྲངས་པའི་བཀའ་དྲིན་ལས་བྱུང་བའི་ཟབ་ཆོས་འདི་དག་མཚན་ལྡན་བླ་མ་བརྒྱུད་པའི་བྱིན་རླབས་ཀྱི་དྲོད་མ་ཡལ། དམ་ཚིག་གི་སེལ་མ་ཞུགས། སྙན་རྒྱུད་ཀྱི་ཟམ་མ་ཆད། དངོས་གྲུབ་ཀྱི་མཚོ་མ་སྐམ། ཕྱག་བཞེས་ཀྱི་གནས་མ་འཆུགས། གུ་རུ་པདྨ་འབྱུང་གནས་ནས་དྲིན་ཅན་རྩ་བའི་བླ་མའི་བར་དུ་སྨིན་གྲོལ་


TR008_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུ་རྒྱུན་མ་ཆད་པའི་བབས་ཚུལ་དེ་ལྟར་ལགས་པས་ན། ཐུགས་དད་པ་མོས་གུས་ཀྱི་སྣང་བ་གོང་འཕེལ་དུ་མཛད་པར་འཚལ་ཞིང་། འདི་ལྟ་བུའི་དབང་བསྐུར་ཟབ་མོ་གསན་པར་བྱེད་པ་ལ་དང་པོར་ལྷ་དང་བླ་མ་དབྱེར་མེད་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་བཀའ་དྲིན་སྐྱོང་བར་ཞུ། །དཀོན་མཆོག་སྤྱི་འདུས་བླ་མ་ནི། །རིགས་རྣམས་ཀུན་བདག་ཆེ་བའི་མཆོག །དཔའ་བོ་ཆེན་པོས་རྗེས་སུ་བཟུང་། །དབང་གིས་སྨིན་གྲོལ་དངོས་གྲུབ་སྩོལ། དེ་ལྟར་གསོལ་བ་གདབ་པའི་སྔོན་དུ་སོང་ནས་སློབ་དཔོན་གྱི་གནང་བའི་སྐབས་ཕྱེས་པ་ཡིན་པས། དེས་ན་གསང་སྔགས་ཟབ་མོའི་ཆོས་ནི་དཔེར་ན་སེང་གེའི་འོ་མ་ལྟར་ཡིན་ཕྱིར་སྣོད་ཀྱི་མཚན་ཉིད་ཚུལ་བཞིན་ལྡན་པ་མ་གཏོགས། སྣོད་མ་ཡིན་པའི་ལམ་དུ་སོང་ན་ཉེས་ལྟུང་ཆེན་པོའི་སྐྱོན་གྱིས་ཕུང་བར་


TR008_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས། གསང་བའི་དམ་ཚིག་ལས་མི་འདའ་བར་མཛད་དགོས་པ་ལགས། དེ་ལྟར་ཡིན་ན་ཧེ་རུ་ཀའི། དལ་དུ་སུ་ཞུགས་སྨིན་པར་བྱ། བླ་མེད་ཡང་གསང་བྱིན་རླབས་འདི། གནས་ཁང་འདི་ཡི་ཕྱི་རོལ་དུ། དམ་མེད་པ་ལ་སྨྲར་མི་རུང་། དེ་ཕྱིར་སྙིང་ནས་བྲོ་བོར་ཞིག །བཛྲ་རཀྵ་སི་ཧཱུྃཿས་མ་ཡ་ཨི་དན་ན་ར་ཀན། ཅེས་པ། དམ་ཚིག་གི་རྡོ་རྗེ་སྤྱི་བོར་བཞག་ཅིང་བདུད་རྩི་ལྕེ་ལ་གཞག་གོ། །དེ་ནས་ཡེ་ཤེས་དབབ་པའི་ཕྱིར་དུ་སྤོས་དང་རོལ་མོ་སོགས་ཐ་མལ་འཁྲུལ་ཞེན་གྱི་སྣང་བ་བསྒྱུར་བའི་རྫས་དང་ཡོ་བྱད་རྣམས་གསར་ལ། དེ་ནས་ཡང་ཁྱེད་རང་རྣམས་ཐུགས་མ་ཡེངས་པར་གསན་མཛོད། གསང་སྔགས་སྙིང་པོའི་དོན་གྱི་དབང་ཞུ་བར་བྱེད་པ་ལ་བདག་གཞན་སྣོད་བཅུད་རྣམས་ཐ་མལ་འཁྲུལ་འཛིན་ཨ་འཐས་ཀྱི་བློ་ངོར་དབང་བསྐུར་བའི་ཡུལ་མིན་ཏེ། དེ་ལྟ་བུ་ལ་


TR008_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཡང་མི་ཆགས་པའི་ཕྱིར་སྣོད་བཅུད་ལྷའི་དཀྱིལ་འཁོར་ཡེ་ནས་ཡིན་ཀྱང་ཡིན་ཚུལ་ངོ་མ་ཤེས་པའི་གང་ཟག་ངོ་སྤྲོད་ཅིང་གསལ་གདབ་པ་དང་། དེ་ལས་མི་འགྱུར་བར་དམ་ཚིག་ཡེ་ཤེས་གཉིས་མེད་དུ་རྒྱས་བཏབ་དགོས་པ་ནི་དབང་དོན་གྱི་གཙོ་བོ་ཡིན་ཕྱིར་དེས་ན་དམིགས་པ་འདི་བཞིན་བསྒོམ་པར་ཞུ། འོ་སྐོལ་རྣམས་ཀྱི་འདུག་པའི་གནས་ཁང་ཡུལ་ཁམས་འདི་ཐམས་ཅད་ཐ་མལ་གྱི་ཡུལ་མ་ཡིན་པར་ཡེ་ཤེས་འོད་ལྔ་ལས་གྲུབ་པའི་ཞིང་ཁམས་གཞལ་ཡས་ཁང་དུ་མོས་པ་མཛད་པ་དང་། བདག་སློབ་དཔོན་ཡང་ཐ་མལ་རང་རྒྱུད་པ་ལ་མ་ཡིན་པར་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་རོལ་དུ་ངེས་ཤེས་བསྐྱེད་པ་གནང་། ཁྱེད་རང་རྣམས་ཀྱང་སྐད་ཅིག་དྲན་རྫོགས་སུ་གདན་པདྨ་ཉི་ཟླ་བརྩེགས་པའི་ཁར་སྐུའི་ངོ་བོ་རྗེ་བཙུན་ཆེན་པོ་རྒྱལ་བ་པདྨ་འོད་འབར་དུ་ལམ་གྱིས་གསལ་ཏེ། སྐུ་གཟི་བརྗིད་ཀྱི་ལྷུན་


TR008_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཚན་དཔེའི་དཔལ་དུ་འབར་བ་ཐབས་ཤེས་ཀྱི་ཕྱག་གཉིས་སྣང་སྟོང་ཟུང་འཇུག་མཚོན་ཕྱིར་གཡས་གསེར་གྱི་རྡོ་རྗེ་དང་གཡོན་མཚན་ཐོད་པ་ཚེ་བུམ་གྱིས་མཚན་པ་བསྣམས་ཤིང་། །བདེ་སྟོང་མཉམ་ཉིད་མཚོན་པའི་ཁ་ཊྭྃ་མཆན་ཁུང་གཡོན་དུ་འཛིན་པ། སྐུ་ལྔ་ཡོངས་རྫོགས་ཀྱི་དབུ་ཞྭ་འདབ་ལྡན་རིགས་ལྔ་ཉི་ཟླ་རྒོད་སྒྲོ་དར་དཔྱང་དང་ལྡན་པ་དབུ་ལ་གསོལ་བས་ཁམས་གསུམ་ཟིལ་གྱིས་གནོན་པ་སྐུ་ལ་ཐེག་པ་རིམ་དགུའི་ཟབ་བེར། མདོ་སྔགས་ཟུང་འཇུག་གི་ཆོས་གོས། ཡོན་ཏན་ཡོངས་རྫོགས་ཀྱི་རྒྱན་ཆས་རྣམས་ཀྱི་སྤྲས་པས་སྲིད་གསུམ་དབང་དུ་བསྡུད་པ། སྲིད་ཞི་དང་རྟག་ཆད་ཀྱི་མཐའ་དང་བྲལ་བས་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་ཞུགས་པ། ཡེ་ཤེས་ལྔ་རྫོགས་འཇའ་འོད་འཁྱིལ་བའི་ཀློང་ན་སྣང་སྟོང་ཟུང་འཇུག་གི་སྐུར་གསལ་ཞིང་། སྣང་གྲགས་ཐམས་ཅད་རིགས་འདུས་བླ་མའི་


TR008_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡེ་གདོད་མ་ནས་ཡིན་པ་ལ་ཡིན་པའི་ངེས་ཤེས་བརྟན་པོ་མཛད་འཚལ་ཞིང་། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་སྲོག་གི་འོད་ཟེར་དང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་ཀྱང་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས། ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་སུ་རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་སྤྲུལ་འཁོར་དང་བཅས་པ་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས། ནམ་མཁའི་ཁམས་ཐམས་ཅད་བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ཏེ་སྣང་སྲིད་ཐམས་ཅད་རོལ་མོའི་སྒྲ་དང་སྤོས་དྲིས་གང་ཞིང་ཐུགས་རྗེ་བྱིན་རླབས་ཀྱི་རྫུ་འཕྲུལ་རླབས་ཆེན་གཡོ་བས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་དབྱེར་མེད་དུ་ཐིམ་པའི་མོས་པ་དྲག་པོ་རྩེ་གཅིག་ཏུ་མཛད་པར་ཞུ། ཅེས་དམིགས་པ་སྤྲད་ཅིང་


TR008_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་འཛབ་དབྱངས་རོལ་མོ་སོགས་ཀྱི་རྟེན་འབྲེལ་རྒྱུ་རྐྱེན་འཛོམ་པས་སྣང་བ་ཟི་ཞུན་གྱི་འགྲོ་ཐུབ་པར་བྱ་ཞིང་། མེ་ཏོག་ལ་རྟེན་འབྲེལ་སྙིང་པོ་དང་གུ་རུ་བཟླས་པས་ཆར་ཕབ་ཅིང་དམ་ཡེ་གཉིས་མེད་བརྟན་པར་བྱའོ།། ༈ །།དེ་ནས་དབང་དངོས་གཞི་བསྐུར་བའི་རིམ་པ་ལ། དབང་དོན་སེམས་ལ་སྤྲད་པ། དབང་རྫས་ལུས་ལ་གཞག་པ། དབང་ཚིག་རྣ་བར་བསྒྲག་པ་དང་བཅས་པ་འཛོམ་དགོས་པས་ན། དབང་དོན་གྱི་དམིགས་པའི་བརྡ་དོན་འདི་བཞིན་ཐུགས་དགོངས་འཚལ་ཏེ། སྤྱིར་དབང་གི་རྣམ་གྲངས་ལ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་མོད་ཀྱང་མདོར་བསྡུ་ན། ལུས་ངག་ཡིད་གསུམ་ཤེས་བྱའི་སྒྲིབ་པ་དང་བཞི་པོ་དག་པར་བྱེད་ཅིང་འབྲས་བུ་སྐུ་བཞི་འགྲུབ་པའི་སླད་དུ་བུམ་གསང་ཤེར་ཡེ་ཚིག་དབང་དང་བཞི་ལ་བརྟེན་ནས་ལམ་སྨིན་གྲོལ་སྐལ་བ་རྒྱུད་ལ་འཇོག་པ་ཡིན་པས། ཐོག་མར་ལུས་སྨིན་པར་བྱེད་


TR008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པ་བུམ་པའི་དབང་བསྐུར་བ་ལགས་ཏེ། དེས་ན་དབང་བསྐུར་བའི་སློབ་དཔོན་དང་བསྐུར་བའི་ཡུལ་ཁྱེད་རང་རྣམས་དང་བཅས་པ་ཐམས་ཅད་རྒྱལ་བ་པདྨ་འོད་འབར་གྱི་ངོ་བོར་གསལ་བར་མཛད་པའི་ངང་ནས། བསྐུར་བྱའི་དབང་རྫས་འདི་དག་རྣམས་ཀྱང་གནས་སྐབས་སུ་མཚོན་བྱེད་ཀྱི་དཔེ་དང་བརྡ་ཙམ་ཡིན་ལ་དོན་དམ་པར་རྒྱལ་བ་འོད་འབར་གྱི་སྐུ་ཉིད་ཡིན་པར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ཁ་རྣམས་ལ་རིམ་བཞིན་ཐིམ་པའི་དམིགས་པ་མ་ཡེངས་པར་གནང་བ་ཞུ།། ༈ །།ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་མཆོག་རིན་པོ་ཆེ། །བྱིན་རླབས་ཀློང་ཡངས་རང་བཞིན་འབར། ཨོཾ། སྐུ་ཡི་སྨིན་མཚམས་ཨོཾ་དཀར་ལས། །འོད་ཟེར་སྐར་མདའ་འཆད་པ་ལྟར། །སྐལ་ལྡན་ལུས་ལ་གཉིས་


TR008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཐིམ། །བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ། །པདྨ་འབྱུང་གནས་སྐུ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི། ཀཱ་ཡ་ཨ་བྷི་ཥཱིཉྩ་ཧཱུྃ་ཨོཾ། ཞེས་འཛབ་དབྱངས་རོལ་མོར་བཅས་པས་བུམ་དབང་སྤྱི་བོར་བསྐུར་བའི་རྗེས་ལ་ངོ་སྤྲད་པ་ནི།། ༈ །།དེ་ལྟར་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་མ་ལུས་པ་བྱང་ནས། ལུས་ལྷའི་ངོ་བོར་རྒྱས་ཐེབས་པས་སྣོད་བཅུད་ལྷའི་སྐྱེད་རིམ་བསྒོམ་པའི་སྐལ་བ་དང་ལྡན་ཞིང་། བླ་མ་སྤྲུལ་པ་སྐུའི་གོ་འཕང་ཐོབ་པའི་རྟེན་འབྲེལ་གྱི་ནུས་པ་རྒྱུད་ལ་བཞག་པ་ཡིན་པས་དེ་ལྟ་བུའི་ངེས་ཤེས་མཛད་པ་དང་། དབང་འདིའི་དམ་ཚིག་ཏུ་ལུས་ཀྱི་མི་དགེ་བ་སྤོང་ཞིང་ལྷ་དང་བླ་མའི་བསྐྱེད་རིམ་བསྒོམ་པ་ལ་རྒྱུན་དུ་བརྩོན་པར་མཛད་དགོས་པ་ལགས། ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག །གསུང་གི་ལྗགས་སྟེང་ཨཱཿདམར་ལས། །འོད་ཟེར་མར་མེའི་རྩེ་


TR008_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལྟར། །སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ། །གསང་བའི་དབང་ཐོབ་ངག་རླུང་བསྒོམ། །པདྨ་འབྱུང་གནས་གསུང་གི་དབང་ཐོབ་ཤོག །བཛྲ་གུ་རུ༴ ཝཱ་ཀ་ཨ་བྷིི་ཥཱིཉྩ་ཧཱུྃ། ཅེས་ཐོད་པ་བདུད་རྩིས་མགྲིན་པར་བསྐུར་ནས། དེ་ལྟར་གསང་དབང་ངག་ལ་བསྐུར་ནས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་ཅིང་ངག་སྔགས་ཀྱི་འཁོར་ལོར་རྒྱས་ཐེབས་པ། བསྙེན་སྒྲུབ་བཟླས་དང་རྩ་རླུང་བསྒོམ་པའི་སྐལ་བར་ལྡན་ལ། མཐར་ཐུག་བླ་མ་ལོངས་སྐུ་འགྲུབ་པའི་རྟེན་འབྲེལ་རྒྱུད་ལ་བཞག་པ་ཡིན་ལ། དབང་འདིའི་དམ་ཚིག་ཏུ་ངག་གི་མི་དགེ་བ་སྤོང་ཞིང་རྟག་ཏུ་གསོལ་འདེབས་བཟླས་པ་ལ་འབད་པར་གནང་འཚལ། ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག །ཐུགས་ཀྱི་ཧཱུྃ་སྔོན་འོད་འབར་ལས། །འོད་ཟེར་སྤོས་རེང་དུ་བ་ལྟར། །སྐལ་ལྡན་སེམས་ལ་གཉིས་མེད་ཐིམ། །ཤེར་ཡེའི་དབང་ཐོབ་གསལ་སྟོང་སྒོམ། །པདྨ་འབྱུང་གནས་ཐུགས་ཀྱི་དབང་ཐོབ་ཤོག །


TR008_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གུ་རུ༴ ཙིཏྟ་ཨ་བྷི་ཥཱིིཉྩ་ཧཱུྃ། ཅེས་ཕྱག་མཚན་ཁ་ཊྭཱྃ་ཕྱག་རྒྱ་མཚོན་བྱེད་སྙིང་ཁར་བསྐུར་ལ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིད་ལ་བསྐུར་བས་སེམས་ཀྱི་སྒྲིབ་པ་སྦྱང་། །སེམས་ཆོས་ཉིད་ཀྱི་རོལ་པར་རྒྱས་ཐེབས་ཅིང་། །སྤྲོས་མེད་རྫོགས་རིམ་བསྒོམ་པའི་སྐལ་བར་ལྡན་པ་དང་། མཐར་ཐུག་བླ་མ་ཆོས་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ལགས་ཅིང་། དབང་འདིའི་དམ་ཚིག་ཏུ་ཡིད་ཀྱི་མི་དགེ་བ་མཐའ་དག་སྤོང་ཞིང་རང་རིག་བཟོ་མེད་ལྷུག་པ་བཅིང་གྲོལ་བྲལ་བའི་ཉམས་ལེན་ལས་མི་འདའ་བར་མཛད་དགོས་པ་ལགས། དེ་ནས་དབང་རྫས་བླ་མར་གསལ་བའི་སྐུའི་སྤྱི་མགྲིན་སྙིང་ཁ་ལྟེ་བ་གསང་གནས་ལྔ་ལས་འོད་ཟེར་ལྔ་ལྡན་འཕྲོས་པ་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་དབང་བཞི་ཡོངས་རྫོགས་ཐོབ་པའི་མོས་པ་གནང་བར་ཞུ། ཧྲཱིཿ དཀོན་མཆོག་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་


TR008_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་འོད་ཟེར་ནི། །ནམ་མཁའ་ཆུ་ལ་འཇའ་ཤར་ལྟར། །སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ། །དབང་བཞི་ཡེ་ཤེས་རྫོགས་ཆེན་བསྒོམ། །པདྨ་འབྱུང་གནས་རང་བཞིན་དབང་ཐོབ་ཤོག །བཛྲ་གུ་རུ༴ སརྦ་དྷརྨ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་པས་སྟོང་པ་མཚོན་བྱེད་དུ་ཐོད་པའི་ནང་དུ་སྣང་བ་མཚོན་ཕྱིར་ཤེལ་བཅུག་ལ་སྣང་སྟོང་ཟུང་འཇུག་མཚོན་རྡོ་རྗེ་དང་ལྷན་ཅིག་ཏུ་གནས་ལྔའམ་སྤྱི་བོར་བཞག །འདི་སྐབས་སུ་བླ་མ་མཚན་ལྡན་གྱི་སློབ་མ་ཉམས་ལེན་གཅིག་དྲིལ་བྱེད་པའི་རིགས་ལ་ནི་གཞུང་ཉིད་ཀྱི་གུད་དུ་སྦས་པའི་ཚིག་དབང་དང་པདྨའི་སྲོག་ཕུར་དང་བཅས་པའི་ངོ་སྤྲོད་ཚུལ་བཞིན་བྱ་ལ། གང་ཟག་ཕལ་པ་རྣམས་ལ་ནི་ཡུལ་མ་ཡིན་པས་གོང་གི་བརྡ་མཚོན་འདི་ཀས་ཆོག་པའོ། དེ་ལྟར་ཚིག་དབང་རིན་པོ་ཆེ་སྒོ་གསུམ་ལ་དབང་བསྐུར་བས། ཤེས་བྱའི་བག་ཆགས་ཕྲ་མོ་ཡན་ཆད་སྦྱོང་བ་དང་། ཅིར་སྣང་ཡེ་ཤེས་ཀྱི་རྣམ་རོལ་དུ་རྒྱས་ཐེབས་ནས། གནས་ལུགས་ཕྱག་རྒྱ་ཆེན་པོ་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པའི་སྐལ་ལྡན་དུ་གྱུར་


TR008_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མྱུར་བ་ཉིད་དུ་བླ་མ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་མངོན་དུ་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ལགས་ཤིང་། དབང་འདིའི་དམ་ཚིག་ཏུ་སྒོ་གསུམ་ཆོས་མིན་གྱི་བྱ་བ་རིང་དུ་སྤང་ནས་བསྐྱེད་རྫོགས་ཟུང་འཇུག་སྒོམ་མེད་ཡེངས་མེད་ཁྲིག་ཆོད་ཐོད་རྒལ་གྱི་ཉམས་ལེན་སྙིང་པོར་དྲིལ་བ་ལ་བརྩོན་དགོས་པ་ལགས་ཚེ་དེ་བཞིན་དགོངས་པར་བཅམས་འཚལ། དེ་ནས་གཏེར་ཆོས་ཀྱི་གླེགས་བམ་དར་སྣ་ལྔའི་ན་བཟའ་དྲིལ་བ་ཐོགས་ལ། དེ་ལྟ་བུའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པའི་མཐའ་རྟེན་ཟབ་ཆོས་བཀའ་གཏད་རྗེས་སུ་གནང་བའི་དབང་འབུལ་བ་ཡིན་ཏེ། ཆོས་བཀའ་འདི་དག་གི་ཡིག་འབྲུ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་ཡི་གེ་དབྱངས་གསལ་གྱི་རྣམ་པར་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་ཐིམ་བྱུང་བའི་མོས་པ་མཛད་པར་ཞུ། ཧྲཱིཿ སངས་རྒྱས་ཀུན་གྱི་ངོ་བོ་


TR008_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པད་འབྱུང་གི། །ཟབ་གཏེར་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་འདི། །ལས་ཅན་རྣམས་ལ་སྒྲུབ་བཤད་སྟན་ནས་ཀྱང་། །མ་འོངས་དམ་ལྡན་འགྲོ་ཀུན་གྲོལ་བར་ཤོག །ཅེས་ལག་ཏུ་གཏད་ཅིང་ཨཱ་ལྀ་ཀ་ལི་རྟེན་འབྲེལ་སྙིང་པོ་བཅས་པ་བརྗོད། དེ་ལྟར་བཀའ་པུ་ཏི་གླེགས་བམ་གྱི་དབང་བསྐུར་བས་ཟབ་ཆོས་འདི་དག་གི་ཚིག་དོན་ལ་རང་དབང་ཐོབ་ཅིང་རང་གཞན་གྱི་དོན་བསྒྲུབ་པ་ལ་དབང་བའི་སྐལ་ལྡན་དུ་བྱས་པ་ཡིན་ལ། འདིའི་དམ་ཚིག་ཏུ་གླེགས་བམ་དང་མི་འབྲལ་ཞིང་ཕྱག་མཆོད་བཀུར་བསྟི་དང་ཉམས་ལེན་ལ་བརྩོན་པར་མཛད་དགོས་པ་ལགས། འདི་སྐབས་སུ་སློབ་མ་འགྲོ་དོན་ནུས་པའི་རིགས་ལ་ཆོས་ཀྱི་སྙན་གྲགས་དང་གཞན་དོན་གྱི་རྟེན་འབྲེལ་དུ་རྒྱལ་མཚན་དང་བ་དན་ལ་སོགས་འཕྱར་ཞིང་དུང་འབུད་པ་དང་དཔོན་སློབ་རྣམས་ཀྱིས་བཀྲ་ཤིས་མངའ་གསོལ་རྒྱས་པར་མཛད་པ་ཡང་ཕྱག་བཞེས་སོ།། ༈ །།དེ་ནས་སློབ་མ་སྣོད་ལྡན་ཡིན་ན་བཀའ་སྲུང་གི་གཏོར་མ་ཙག་ཀ་འདི་དར་མཐིང་ནག་གི་གུར་ཕུབ་པ་ཐོག་ཏེ།། ༈ །།གཏོར་མ་འདི་ཉིད་ཀྱང་ཕྱི་


TR008_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་རྣམ་པ་ཙམ་ལ་ནང་དུར་ཁྲོད་འཇིགས་པའི་གཞལ་ཡས་ཁང་གི་དབུས་སུ། ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་གི་ཚོགས་རྔམས་བརྗིད་དྲག་རྩལ་མཐུ་སྟོབས་ཀྱི་གཟི་འོད་མེ་འབར་བ་ཞལ་མངོན་སུམ་དུ་ཁྲ་ལམ་མེ་བཞུགས་པ་འདི་ཉིད་ཀྱི་དབང་བསྐུར་བས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པའི་ངེས་ཤེས་མཛད་པར་ཞུ། ཧཱུྃ་བྷྱོཿ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ། །ནམ་མཁའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད། །མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་བསྐྱེད། །སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ། །མི་འབྲལ་བྱིན་རླབས་ཕྲིན་ལས་དབང་ཐོབ་ཤོག །ཌཱཀྐི་སིངྷ་མུ་ཁ་ཨ་བྷི་ཥཱིཉྩ་ཧཱུྃ། གཞན་ཡང་ཕྱི་ནང་གི་བཀའ་སྲུང་ཐམས་ཅད་ཀྱིས་སྐལ་ལྡན་འདི་ལ་བསྲུང་བ་


TR008_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱོབས་པ་དང་སྦེད་པར་མཛད་དུ་གསོལ་ལོ། ཞེས་གཏོར་མ་གནས་གསུམ་དུ་བཞག་ཅིང་། རྐང་གླིང་སོགས་རོལ་མོ་བསྒྲགས། མེ་ཏོག་འཐོར་ཏེ། དེ་ལྟར་དབང་བསྐུར་བས་མཁའ་འགྲོ་ཆོས་སྐྱོང་རྣམས་ལུས་དང་གྲིབ་ལྟར་འཁོར་ཞིང་ཅི་བཅོལ་གྱི་ལས་འགྲུབ་པར་འགྱུར་བ་ཡིན་ལ་ཆོས་སྐྱོང་གཉེར་གཏད་ཀྱི་དབང་འདི་ཐོབ་ཕྱིན་ཆད་སྐྱེད་རྫོགས་ཀྱི་ཉམས་ལེན་བརྩོན་ཞིང་བསྲུང་མ་རྣམས་ལ་བསྐངས་གསོ་གཏོར་མཆོད་ལ་འབད་པ་དང་། གཙོ་བོར་དམ་ཚིག་མ་ཉམས་པ་གལ་ཆེ་སྟེ། བསྲུང་མ་རྣམས་ནི་དམ་ཚིག་དང་ལྡན་པའི་གདོང་གྲོགས་བྱེད་ཅིང་དམ་ཉམས་རྣམས་ཀྱི་སྲོག་གཅོད་བྱེད་པར་རྒྱལ་བའི་སྤྱན་སྔར་དམ་བཅས་པ་ཡིན་ཕྱིར། འོ་སྐོལ་རྣམས་དམ་ཚིག་ལས་འགལ་ན་སྲུང་མ་རྣམས་བདུད་དུ་འབབ་པར་འགྱུར་ལ། དམ་ཚིག་གཙང་ན་ཕྲིན་ལས་ཅི་འདོད་ཡིད་བཞིན་དུ་བསྒྲུབ་པར་འགྱུར་


TR008_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བས། དེ་ལྟ་བུའི་སྤང་བླང་གི་གནད་རྣམས་གོ་བ་མ་ལོག་པར་མཛད་དགོས་པ་དགོངས་པར་བཅགས་པ་ཞུ་ལགས།། ༈ །།དེ་ནས་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་སེམས་སྤྲུལ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བྱོན་ནས་མེ་ཏོག་གི་ཆར་འབེབས་ཅིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ནས་རབ་ཏུ་གནས་པ་མཛད་པའི་མོས་པ་གནང་བར་ཞུ། ཅེས་བརྗོད་ལ་བཀྲ་ཤིས་བརྗོད་པར་བྱའོ།། ༈ །།འདི་ཉིད་ཀྱི་ཚེ་དབང་བསྐུར་བའི་རིམ་པ་ནི། དེ་ཡང་གང་ཟག་སྐལ་བ་དང་ལྡན་པའི་རིགས་ལ་ཆོས་བཀའ་ཆ་གི་བཀའ་གཏད་པ་སོགས་དབང་ཐམས་ཅད་རྫོགས་པར་བྱེད་པའི་དབང་དུ་བྱས་ནས། འདི་ཉིད་ཀྱི་དབང་བཞི་རྣམས་ཚུལ་བཞིན་བསྐུར་ནས། པུ་ཏི་ལུང་དབང་མ་བསྐུར་བའི་བར་དེར་ཚེ་དབང་བསྐུར་ཡང་རུང་ལ། ཡང་ན་སྒྲུབ་པ་ཞག་གྲངས་དང་བསྟུན་ནས་ཚེ་དབང་རྗེས་ནས་བསྐུར་བ་སོགས་གང་འཐད་བྱ། གཞན་སྐྱེ་བོ་ཕལ་པ་སོགས་འདི་ཉིད་དབང་བཞི་ཚུལ་ལྡན་མི་དགོས་པའི་རིགས་ལ་ཚེ་དབང་རྐྱང་པ་བསྐུར་བ་ནི། དབང་རྫས་ཡང་


TR008_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ། ཚེ་ཆང་གི་ཐོད་པ། ཚེ་རིལ། མདའ་དར་རྣམས་བཤམས་པ་མ་གཏོགས་གཞུང་གི་དབང་རྫས་རྣམས་མི་དགོས་ལ། ཚེའི་དབང་རྫས་དང་གཏོར་མཆོད་བཤམས་གྲུབ་པ་དང་ལས་གཞུང་བསྲང་ཞིང་འཛབ་ཀྱི་སྐབས་སུ་ཚེ་འཛབ་ཁོ་ན་བཟླས་པར་བྱ། དེ་ནས་དབང་གྲལ་ཚོགས་པ་རྣམས་ལ་བགེགས་སྒྲད་བསྲུང་འཁོར་ཁྲུས་ཆོག་སོགས་ནི་སྤྱི་དང་མཐུན་པར་རྒྱས་བསྡུས་གང་འོས་དང་། ཆོས་བཤད་ནི་གོང་གི་ཡེ་ཤེས་དབབ་པ་ཡན་ཆད་མཐར་ཆགས་བྱས་ཆོག་ལ། ཡེ་ཤེས་དབབ་ཚར་རྗེས་ཚེའི་དམིགས་པ་འདི་ལྟར་སྤྲད་ཏེ། ཤིན་ཏུ་བསྡུས་པ་ལ་ཆོས་བཤད་འདི་མན་ཆད་ཀྱི་ཆོག་གོ།། ༈ །།དེ་ཡང་འོ་སྐོལ་འགྲོ་བ་སེམས་ཅན་ཐམས་ཅད་སྐྱེས་པའི་མཐའ་མ་དེ་འཆི་བ་ལས་མ་འདས་ཤིང་། གླིང་གཞན་གྱི་མི་དང་འདོད་ཁམས་གཟུགས་ཁམས་ཀྱི་ལྷ་སོགས་ལ་ཚེ་ཚད་ངེས་ཅན་དུ་ཡོད་ཀྱང་། རང་ཅག་འཛམ་གླིང་བ་རྣམས་ལ་ནི་ཚེ་ཚད་ངེས་པ་མེད་པ་དང་། སོ་སོ་ལ་ཚེའི་དབང་སྐལ་ ཇིཙམཡོད next hit་དེ་ཉིད་ཀྱང་གློ་བུར་གྱི་རྐྱེན་གྱིས་བསྐྱོད་པས། ཚེ་ཉམས་པ་


TR008_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གུད་པ། ཡར་བ། འཐོར་བ། འཁྱེར་བ་ལ་སོགས་པའི་དབང་དུ་སོང་ན་དུས་མིན་བློ་བུར་དུ་འཆི་བར་འགྱུར་ཕྱིར། ཚེ་བསྲིངས་བའི་ཐབས་གལ་ཆེ་བ་དང་། དེའི་ཐབས་ཀྱི་བྱེ་བྲག་ལ་བསམ་གྱིས་མི་ཁྱབ་པ་ཡོད་མོད་ཀྱང་མདོར་བསྡུ་ན་རྒྱུ་རྐྱེན་གཉིས་ལ་འདུས་ཏེ། རྒྱུ་ནི་སྐྱེ་འགྲོ་གཞན་གྱི་སྲོག་བཅད་པའི་འབྲས་བུས་རང་ཉིད་ཚེ་ཐུང་བར་འགྱུར་བ་བསླུ་མེད་ཀྱི་རྒྱུ་འབྲས་ཡིན་ཕྱིར་དེའི་གཉེན་པོར་སྲོག་གཅོད་སྤངས་ཤིང་ཚེ་ཐར་སྲོག་བསླུ་སོགས་དཀར་ཕྱོགས་དགེ་བའི་ལས་ལ་བརྩོན་དགོས་པ་དང་། རྐྱེན་གྱི་སྒོ་ནས་ཚེ་བསྲིང་བའི་ཐབས་ནི་ལྷ་དང་བླ་མའི་བྱིན་རླབས་ལ་བརྟེན་པ་ཁོ་ན་ཐབས་ཟབ་ཅིང་ཁྱད་པར་དུ་གྱུར་པ་ཡིན་པ་དང་། དེ་ལྟ་བུའི་བྱིན་རླབས་དང་ལྡན་པ་ནི་ཆོས་སྐུ་སྣང་བ་མཐའ་ཡས་ལོངས་སྐུ་ཚེ་དཔག་མེད་


TR008_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྤྲུལ་སྐུ་པདྨ་འབྱུང་གནས་རྣམས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བསྟན་ནས་འགྲོ་བ་སེམས་ཅན་ལས་ངན་འཆི་རྐྱེན་དྲག་པོས་གཟིར་བ་རྣམས་སྡུག་བསྔལ་དེ་ལས་སྐྱོབ་པའི་ཐུགས་རྗེ་ནུས་སྟོབས་དང་ལྡན་པ་ལགས་ཚེ། དེས་ན་སྐབས་འདིར་འཆི་མེད་ཚེ་དབང་བསྒྲུབ་པའི་དཀྱིལ་འཁོར་བདག་མདུན་ཟུང་འབྲལ་ལྷའི་ངོ་བོ་ཚེ་བདག་པདྨ་འབྱུང་གནས་འཁོར་བཅས་རྣམས་བྱིན་རླབས་ཀྱི་སྤྲིན་ཐིབས། དངོས་གྲུབ་ཀྱི་མཚོ་འཁྱིལ། འཆི་མེད་ཚེའི་ཆུ་རྒྱུན་འབེབས་ཅིང་བཞུགས་པའི་དྲུང་དུ་དད་པ་དང་མོས་གུས་རྩེ་གཅིག་བསྐྱེད་ནས་ཚེ་དབང་དངོས་གྲུབ་ཞུ་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་པར་ཞུ། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག །ཨུརྒྱན་པདྨ་རིག་འཛིན་ཚེ་དཔག་མེད། །བདག་གི་ལུས་ངག་ཡིད་གསུམ་


TR008_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རློབས་ལ། །འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ།། ༈ །།དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་དཀྱིལ་འཁོར་ཀུན་གཙོ་ཚེ་བདག་པདྨ་འབྱུང་གནས་བདག་མདུན་ཐམས་ཅད་ཀྱི་ཐུགས་ཁའི་ས་བོན་དང་སྐུའི་གནས་ལྔ་ནས་འོད་ཟེར་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་མཚམས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས། ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་སྣོད་ཀྱི་འཇིག་རྟེན་ཀུན་གྱི་མཐུ་དང་བཅུད་ཀྱི་དངས་མ་ཐམས་ཅད་དང་། ནང་ཁམས་གསུམ་གྱི་སྐྱེ་འགྲོ་སེམས་ཅན་མཆོག་དམན་བར་མ་སོ་སོའི་སྟོབས་རྩལ་ནུས་པ་ཇི་སྙེད་དང་། གསང་བ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་མཁྱེན་བརྩེ་མཛད་པ་ཕྲིན་ལས་ཐུགས་རྗེ་བྱིན་རླབས་ཡོན་ཏན་མཐའ་ཡས་པའི་བཅུད་དང་ནུས་པའི་དངས་མ་སོགས་མདོར་ན་འཁོར་བ་དང་མྱང་འདས་ཀྱིས་བསྡུས་པའི་བརྟན་གཡོའི་


TR008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཚེ་དཔལ་ལོངས་སྤྱོད་ཅི་ཡོད་པ་ཐམས་ཅད་འོད་ཟེར་ཡི་གེ་ནྲྀ་ཡི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མ་ཡེངས་པར་མཛད་པར་ཞུ། ཧྲཱིཿ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་། ཅེས་པ་ནས། འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཅེས། འཛབ་དབྱངས་རོལ་མོར་བཅས་ཏེ་མདའ་དར་གཡབ་ཅིང་ཚེ་འགུག་བྱས་ལ། མདའ་དར་དཔེ་དབང་བསྐུར་བ་ཡང་གཏེར་སྟོན་ཉིད་ཀྱི་ཕྱག་བཞེས་མཛད་དོ།། ༈ །།དེ་ནས་བུམ་པས་བསྐུར་བ་དང་། ཚེ་ཆུ་སྦྱིན་པ། ཚེ་རིལ་དང་། ཚེ་སྦྱིན་པ་རྣམས་ནི་གཞུང་ཚིག་ཇི་བ་མཐར་ཆགས་བྱས་ལ་དེ་ནས་རྒྱས་གདབ་པ་ནི་ཕྱག་བཞེས་སུ་མར་ལ་འབྲུ་གསུམ་བཟླས་ནས་སྤྱི་བོར་གཡང་མར་གྱི་ཚུལ་དུ་མཛད་པར་སྣང་ཞིང་། གཞུང་ཉིད་ལྟར་ན་རྡོ་རྗེ་རྒྱ་གྲམ་འམ་ཕྱག་མཚན་རྡོ་རྗེས་སྤྱི་བོར་རྒྱས་བཏབ་ཀྱང་རུང་ཞིང་དེའི་བརྗོད་ཚིག་ནི། ཨོཾ་ཨཱཿཧཱུྃ། དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ། ཅེས་པ་ནས། ཕྱག་རྒྱ་བདུན་གྱི་རྒྱས་གདབ་བོ། བཛྲ་རཀྵ་རཀྵ་ཧཱུྃ། དེ་ལྟར་


TR008_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཞིང་རྒྱས་བཏབ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེ་གོ་ཁྲབ་ཀྱིས་རབ་ཏུ་བཏམས་ཏེ། ཕྱི་ནང་གསང་བའི་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་། ཚེ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པ་དང་འཆི་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་མོས་པ་དང་ངེས་ཤེས་བརྟན་པོར་མཛད་པར་ཞུ། དེ་ནས་ཤིས་བརྗོད་རྒྱས་པས་རབ་ཏུ་གནས་པར་བྱ་ཞིང་། དཀྱིལ་འཁོར་རྗེས་ཀྱི་བྱ་བའི་ལས་རིམ་ཐམས་ཅད་སྤྱི་དང་མཐུན་པར་བྱའོ། །བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་གི་ལོ་རྒྱུས་མཚམས་སྦྱོར་དམིགས་པ་འབོགས་ཚུལ་རྣམས་སྒྲིགས་ཆགས་སུ་བཀོད་པ་འདི་ནི། གཏེར་སྟོན་ཆེན་པོ་དེ་ཉིད་ཀྱི་སྐུའི་དབེན་པོ་སོགས་དོན་གཉེར་མང་པོར་ཕན་པར་དམིགས་ནས། སྣ་ཚོགས་རང་གྲོལ་གྱི་ཟིན་རིས་སུ་བགྱིས་པ་འདིས་ཀྱང་གཞན་ཕན་རྒྱ་ཆེར་འགྲུབ་པར་གྱུར་ཅིག །དགེའོ། གཅིག་ཞུད།


previousཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་ཇི་ལྟར་བྱ་བའི་ལས་རིམ་ལོ་རྒྱུས་རྣམ་བཤད་དང་བཅས་པ་སྒྲིགས་ཆགས་ལྟས་ཆོག་ཏུ་བཀོད་པ།next