Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད།next

ཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད།

གུ་རུའི་ཐུགས་སྒྲུབ་པད་ཕྲེང་ལས༔ ཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད་བཞུགས་སོ༔

འགྲོ་བའི་བླ་མ་ཟས་གཙང་སྲས༔ མཉམ་མེད་ཤཱཀྱའི་དབང་པོར་འདུད༔ དབེན་ཅིང་ཉམས་དགའ་ས་ཕྱོགས་གཙང་༔ བཀྲ་ཤིས་ཡིད་འོང་གནས་དེ་རུ༔ དཀྱིལ་འཁོར་སྟེང་དུ་འབྲས་ཚོམ་ལྔ༔ དབུས་སུ་བསྟན་པའི་བདག་པོའི་སྐུ༔ བྲིས་འབུར་རབ་གནས་ལྡན་པ་དང་༔ གཡས་སུ་གསེར་རམ་དངུལ་མཚལ་ལ༔ བདེ་གཤེགས་སྙིང་པོའི་གཟུངས་སྔགས་དང་༔ མདུན་དུ་རྣམ་རྒྱལ་མཆོད་རྟེན་དཀར༔ གཡོན་དུ་ལྷུང་བཟེད་བཅུད་ལྡན་དང་༔ རྒྱབ་ཏུ་འབྲུ་ཡི་མཎྜལ་བཤམས༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ སྤྲོས་མེད་ལུས་དཀྱིལ་བསྒོམ་པ་ལ༔ སྦྱོར་བ་དངོས་གཞི་རྗེས་གསུམ་བསྟན༔ ས་མ་ཡཱ ༔ སྦྱོར་བའི་ཆོས་ལ་གསུམ་ཡིན་ཏེ༔ སྐྱབས་སུ་འགྲོ་ཞིང་སེམས་མཆོག་བསྐྱེད༔ ཡན་ལག་བདུན་གྱི་ཚོགས་བསག་གོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཨེ་མ་ཧོ༔ འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས༔ སྒྲོལ་བའི་དེད་དཔོན་དཀོན་མཆོག་གསུམ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ ལན་གསུམ༔ གཉིས་པ་སེམས་བསྐྱེད་ནི༔ ཨེ་མ་ཧོ༔ ཐོག་མེད་དུས་ནས་ད་ལྟའི་བར༔ དྲིན་གྱིས་བསྐྱངས་པའི་མ་རྒན་འགྲོ༔ སྡུག་བསྔལ་རྒྱུ་འབྲས་ལས་བསྒྲལ་ནས༔ སངས་རྒྱས་ཐོབ་ཕྱིར་སེམས་བསྐྱེད་དོ༔ ལན་གསུམ༔ གསུམ་པ་ཚོགས་བསགས་ནི༔ ཨེ་མ་ཧོ༔ མཁའ་དབྱིངས་དག་པའི་ལྷ་ཚོགས་ལ༔ ང་རྒྱལ་སྤངས་ནས་གུས་ཕྱག་འཚལ༔ སེར་སྣ་དང་བྲལ་མཆོད་པ་འབུལ༔ ལོག་ལྟའི་སྐྱོན་གྲོལ་སྡིག་པ་བཤགས༔ ཕྲག་དོག་མཐར་བསྐྲད་རྗེས་ཡི་རང༔ རྨོངས་པ་སེལ་ཕྱིར་ཆོས་འཁོར་བསྐུལ༔ ཁོང་ཁྲོ་དབྱིངས་གྲོལ་བཞུགས་གསོལ་འདེབས༔ འདོད་ཆགས་འཛིན་བྲལ་དགེ་ཚོགས་བསྔོ༔ དེ་མཐུས་བདག་དང་འགྲོ་བ་ཀུན༔ སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག༔ དེ་ཡིས་སྔོན་འགྲོའི་ཆོས་གསུམ་རྫོགས༔ དངོས་གཞི་ལ་ཡང་གསུམ་ཡིན་ཏེ༔ ཐོག་མར་གསོ་སྦྱོང་སྡོམ་པ་བླངས༔ གཉིས་པ་ལྷ་རུ་བསྒོམ་པ་ནི༔ ཨེ་མ་ཧོ༔ འཁོར་འདས་ཆོས་ཀུན་སྟོང་པའི་ངང་༔ ཕྱི་སྣོད་རིན་ཆེན་ས་གཞི་ལ༔ ལྗོན་ཤིང་ཆུ་མཚོ་མཆོད་པའི་རྫས༔ མ་ཚང་མེད་པས་བཀོད་ལེགས་དབུས༔ ལྷ་ཡི་གཞལ་མེད་ཁང་ཆེན་པོ༔ གྲུ་བཞི་སྒོ་བཞི་རྒྱན་ཀུན་རྫོགས༔ སེང་ཁྲི་པདྨ་ཟླ་གདན་ལ༔ རང་སེམས་ཧཱུྃ་ཡིག་གསེར་གྱི་མདོག༔ སྐད་ཅིག་གནས་འགྱུར་དྲན་རྫོགས་སུ༔ ཤཱཀྱ་སེང་གེ་སྐུ་མདོག་སེར༔ ཞལ་གཅིག་འཛུམ་པའི་མདངས་དང་ལྡན༔ སྤྱན་གཉིས་བྱམས་བརྩེས་འགྲོ་ལ་གཟིགས༔ ཕྱག་གཡས་ས་གནོན་ཕྱག་རྒྱ་ཡིས༔ བདུད་འདུལ་གསེར་རྡོར་རྩེ་ལྔ་བསྣམས༔ ཕྱག་གཡོན་བཻཌཱུར་ལྷུང་བཟེད་ནང་༔ བདུད་རྩིས་བཀང་བ་ལྟེ་བར་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྐུ་སྟོད་དར་དམར་ཆོས་གོས་དང་༔ སྐུ་སྨད་མཐང་ཤམ་སྨུག་པོ་གསོལ༔ མཚན་དཔེ་ཡོངས་རྫོགས་གཟི་འོད་འབར༔ གཡས་གཡོན་པད་ཟླའི་གདན་ཁྲི་ལ༔ ཤེས་རབ་རྫུ་འཕྲུལ་ཅན་གྱི་མཆོག༔ དགེ་སློང་ཚངས་པར་སྤྱོད་པའི་ཆས༔ མཁར་སིལ་ལྷུང་བཟེད་ཕྱག་ན་བསྣམས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ གཡས་གཡོན་མདུན་ཐད་དར་འབོལ་སྟེང་༔ ལྷ་ཡི་དབང་པོ་དཀར་གསལ་འཛུམ༔ སྐྱེ་བ་ལྔ་པའི་དུང་དཀར་འབུལ༔ ཚངས་པ་གསེར་མདོག་ཕྱོགས་ཀྱི་ཞལ༔ གསེར་འཁོར་རྩིབས་སྟོང་གུས་འབུལ་ཚུལ༔ གཉིས་ཀ་འཁོར་ལོས་སྒྱུར་བའི་ཆས༔ རྒྱབ་ཏུ་རྒྱལ་ཀུན་གསང་བའི་བདག༔ བཛྲ་པཱ་ཎི་ཁྲོ་གཏུམ་སྒེག༔ རྡོ་རྗེ་སྡིགས་མཛུབ་མུ་སྟེགས་འདུལ༔ གཞན་ཡང་སངས་རྒྱས་བྱང་སེམས་དང་༔ ཉན་ཐོས་དགྲ་བཅོམ་སྤྲིིན་ལྟར་གཏིབས༔ གཙོ་འཁོར་ཀུན་གྱི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་བཞིན་གནས་ནས་ཡེ་ཤེས་ལྷ༔ གཤེགས་བཞུགས་མེད་ཀྱང་ཐུགས་རྗེའི་མཐུས༔ གནས་འདིར་འགྲོ་བའི་དོན་ལ་བྱོན༔ བསྐྱེད་པའི་དམ་ཚིག་ལྷ་ཚོགས་དང་༔ ངོ་བོ་དབྱེར་མེད་བརྟན་པར་བཞུགས༔ རང་ལས་མི་གཞན་འཕྲུལ་དགའི་ལྷས༔ སྤྲུལ་ཞིང་གུས་པས་བརྡ་ཕྱག་འཚལ༔ ཚོགས་དྲུག་ཡུལ་གྱི་མཆོད་པའི་སྤྲིན༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ རོ་ལྡན་ལྷ་ཡི་ཞལ་ཟས་དང་༔ བསྟོད་དབྱངས་གླུ་གར་རོལ་མོའི་སྒྲ༔ གཞན་ཡང་འཇིག་རྟེན་ཁམས་ཀུན་གྱི༔ མཆོད་པའི་ཡོ་བྱད་ཐམས་ཅད་དང་༔ རིན་ཆེན་བདུན་དང་རྫས་རྟགས་བརྒྱད༔ ཉེ་བའི་རིན་ཆེན་སྣ་བདུན་སོགས༔ མཆོད་པའི་ཡོ་བྱད་དཔག་མེད་ཀྱིས༔ ཐུབ་དབང་རྒྱལ་བ་སྲས་དང་བཅས༔ མཐའ་ཡས་འགྲོ་བའི་ཚོགས་རྫོགས་ཕྱིར༔ དྭངས་བའི་སེམས་ཀྱིས་མཆོད་པར་བགྱི༔ བདག་ཅག་བསོད་ནམས་མི་ལྡན་པའི༔ བཀྲེན་པ་རྣམས་ལ་བརྩེར་དགོངས་ནས༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཅེས་དང་སླར་ཡང་བསྟོད་པ་ནི༔ ཨེ་མ་ཧོ༔ གྲངས་མེད་བསོད་ནམས་བསགས་པའི་མཐུས༔ མཚན་དང་དཔེ་བྱད་གཟི་འོད་འབར༔ སྲིད་གསུམ་མཚུངས་མེད་རྒྱལ་བའི་སྐུ༔ འགྱུར་བ་མེད་ལ་ཕྱག་འཚལ་བསྟོད༔ ཡན་ལག་དྲུག་ཅུ་ཚངས་པའི་དབྱངས༔ རང་རང་སྐད་དུ་ཆོས་ཀུན་སྟོན༔ ཐོག་མཐའ་བར་གསུམ་དགེ་བའི་གསུང་༔ འགགས་པ་མེད་ལ་ཕྱག་འཚལ་བསྟོད༔ བརྗོད་མེད་ཀློང་ནས་ཆོས་ཀུན་མཁྱེན༔ དམིགས་མེད་བརྩེ་ཆེན་ཐུགས་རྗེའི་གཏེར༔ འགྲོ་བློའི་རྗེས་འགྲོ་ཁྱབ་པར་བརྡལ༔ འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ མཚན་ཙམ་ཐོས་པས་འཇིགས་ཀུན་སྐྱོབ༔ དྲན་པས་སྲིད་ཞིའི་གདུང་བ་སེལ༔ གདུལ་བྱའི་དོན་དུ་གཡེལ་བ་མེད༔ ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ མ་དག་འགྲོ་བའི་ཁམས་ཀུན་ཏུ༔ བཟོ་སྐྱེས་མཆོག་གི་སྤྲུལ་པ་ཡི༔ ཕན་བདེའི་དངོས་ཀུན་སྟེར་བའི་མགོན༔ ཕྲིན་ལས་ལྷུན་གྱིས་གྲུབ་ལ་བསྟོད༔ ཤཱཀྱ་སེང་གེའི་ཆོས་ཀྱི་སྒྲས༔ བདུད་དང་ལོག་འདྲེན་ཚར་གཅོད་པའི༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ འཁོར་དང་བཅས་ལ་བསྟོད་པར་བགྱི༔ གསུམ་པ་བསྙེན་པ་བྱ་བ་ལ༔ ཕྱག་འཚལ་མཚན་གྱི་བསྙེན་པ་དང་༔ བཟླས་པ་སྔགས་ཀྱི་བསྙེན་པ་དང་༔ མོས་གུས་ཡིད་ཀྱི་བསྙེན་པ་འོ༔ དང་པོ་ཕྱག་འཚལ་བསྙེན་པ་ནི༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༔ ཞེས་པ་འབུམ་ཕྲག་ཙམ་ཡང་བཟླ༔ ལན་གཅིག་བརྗོད་པའི་ཕན་ཡོན་ནི༔ བསྐལ་པར་བསགས་པའི་ལས་སྒྲིབ་བྱང་༔ དེ་ནས་སྔགས་ཀྱི་བཟླས་པ་ནི༔ ཐུགས་ཀར་ཟླ་བ་ཉ་གང་དབུས༔ ཧཱུྃ་ཡིག་གསེར་མདོག་གཟི་འོད་འབར༔ མཐའ་བསྐོར་སྔགས་ཕྲེང་གཡས་སུ་བསྐོར༔ བཀླགས་པའི་ཚུལ་གྱིས་བཟླས་པར་བྱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ནི་ཡེ་སྭཱ་ཧཱ༔ ཞེས་པ་འདི་ལ་འབྲུ་འབུམ་བཟླ༔ རབ་ཀྱིས་དངོས་སུ་ལྷ་ཞལ་མཇལ༔ གསུང་ཐོས་སྔར་མེད་ཉམས་རྟོགས་འཕེལ༔ ཐ་མས་རྨི་ལམ་མཆོག་གསུམ་དང་༔ འབྲལ་མེད་ཚངས་པར་སྤྱོད་ལ་མོས༔ འབྲིང་གིས་ཉམས་ཀྱི་སྣང་བ་ལ༔ ཞལ་མཇལ་གསུང་ཐོས་ལེགས་ཚོགས་འཕེལ༔ དགེ་ལ་སྤྲོ་ཞིང་སྡིག་ལ་འཛེམ༔ མི་རྟག་སྐྱོ་ཤས་ཤུགས་ལས་འབྱུང་༔ མོས་གུས་ཡིད་ཀྱི་བཟླས་པ་ནི༔ རྟག་ཏུ་དྲན་དང་ཤེས་བཞིན་ངང་༔ སྟོན་པའི་གསང་གསུམ་ཡོན་ཏན་ལ༔ མོས་གུས་རྒྱུན་མ་ཆད་པ་ཡི༔ རྔུབ་པའི་རླུང་ལ་མཚན་དོན་དྲན༔ གནས་པའི་རླུང་ལ་སེམས་བསྐྱེད་བྱ༔ འབྱིན་པའི་རླུང་ལ་སྡིག་སྒྲིབ་བསལ༔ ཆོས་ཀུན་སྟོང་པའི་རོལ་པ་ལས༔ གང་ཤར་དགག་བཞག་མེད་པ་རུ༔ ལྟ་བས་ཐག་བཅད་དོན་དམ་གྱི༔ རྡོ་རྗེའི་བཟླས་པའི་མཐར་ཐུག་གོ༔ དངོས་གཞིའི་རིམ་པ་ས་མ་ཡཱ༔ རྗེས་ལ་ལས་སྦྱོར་གསུམ་ཡིན་ཏེ༔ ཚོགས་བསགས་མཎྜལ་ལས་སྦྱོར་ནི༔ དབྱར་དུས་སྐྱེད་མོས་ཚལ་སོང་སྟེ༔ ཕྱི་སྣོད་འཇིག་རྟེན་ཁམས་ཀུན་གྱི༔ རི་རབ་གླིང་བཞིར་བཅས་པ་དང་༔ ཁྱད་པར་རང་དང་ཡུལ་ཁམས་ཀྱི༔ སྤང་ལྗོངས་མེ་ཏོག་ལ་སོགས་པ༔ ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས༔ ཚིག་འདིས་རྟག་ཏུ་འབུལ་བར་བྱ༔ ཨེ་མ་ཧོ༔ སྤང་ལྗོངས་གཡུ་ཡི་མཎྜལ་ལ༔ སྐྱེད་ཚལ་མེ་ཏོག་སྣ་ཚོགས་པ༔ རིན་ཆེན་གསེར་དངུལ་ཚོམ་བུར་བཀོད༔ ཤཱཀ་ཐུབ་ལ་སོགས་རྒྱལ་ཀུན་ལ༔ མི་ཟད་མཆོད་པའི་མཎྜལ་འབུལ༔ འགྲོ་བའི་བསོད་ནམས་ཚོགས་རྫོགས་ནས༔ འདོད་འབྱུང་གཏེར་ལ་སྤྱོད་པར་ཤོག༔ པུཥྤེ་རཏྣ་མཎྜ་ལ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ཨ་ཧཱུྃ༔ དེ་ནས་མཚོ་དང་ཆུ་བོ་འམ༔ ལུ་མ་རྫིང་བུའི་དྲུང་དུ་ཕྱིན༔ མདུན་མཁར་སེང་ཁྲི་པད་ཟླའི་སྟེང་༔ ཐུབ་དབང་རྒྱལ་བ་སྲས་བཅས་ལ༔ གུས་པའི་སེམས་ཀྱིས་འདི་བཞིན་འབུལ༔ ཨེ་མ་ཧོ༔ དྭངས་བསིལ་ཆུ་བོ་འདིས་མཚོན་པའི༔ ལྷ་དང་མི་ཡི་འཇིག་རྟེན་ན༔ ཡན་ལག་བརྒྱད་ལྡན་གཙང་མའི་ཆབ༔ གང་དག་ཇི་སྙེད་ཡོད་པ་ཀུན༔ འགྲོ་བའི་བླ་མ་ཤཱཀྱ་ཐུབ༔ སྲས་དང་བཅས་ལ་འབུལ་བར་བགྱི༔ ཞེན་མེད་རྣམ་དག་མཆོད་པ་འདིས༔ བདག་དང་འགྲོ་ཀུན་ཚོགས་རྫོགས་ཤིང་༔ མཐར་ཐུག་དོན་གཉིས་ལྷུན་གྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཀ་ར་ན་དྲི་སྥ་ར་ཎ་པཱུ་ཛ་ཧཱུྃ༔ སྐབས་སུ་རིན་ཆེན་འཁར་ཟངས་ཀྱི༔ མཎྜལ་སྤོས་ཆུས་ཆག་ཆག་གདབ༔ རི་རབ་གླིང་བཞི་གླིང་ཕྲན་དང་༔ ལྷ་མིའི་མཆོད་རྫས་ཉི་ཟླ་སོགས༔ དམིགས་པས་བསྒྱུར་ཅིང་ཚོམ་བུ་བཀོད༔ འབུལ་ཚིག་སྙན་པའི་དབྱངས་ཀྱིས་བརྗོད༔ ཨེ་མ་ཧོ༔ སྔོན་ཚེ་ཚངས་པ་ཆེན་པོ་ཡིས༔ བསྐལ་བཟང་རྫོགས་པའིི་སངས་རྒྱས་ལ༔ སྟོང་གསུམ་ཁམས་ཀུན་ཕུལ་བ་ལྟར༔ བདག་ཡིད་ཚངས་ཆེན་རོལ་གར་གྱིས༔ རིན་ཆེན་ལས་གྲུབ་རི་རབ་དང་༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད༔ འཁོར་ལོ་ལ་སོགས་རྒྱལ་སྲིད་བདུན༔ གདུགས་སོགས་བཀྲ་ཤིས་རྟགས་བརྒྱད་དང་༔ ལྷ་མིའི་ཡོ་བྱད་ཡིད་འོང་ཀུན༔ མ་ཚང་མེད་པའི་མཎྜལ་འདི༔ མཉམ་མེད་ཤཱཀྱའི་རྒྱལ་པོ་དང་༔'ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི༔ རྒྱལ་བ་སྲས་དང་བཅས་ལ་འབུལ༔ བདག་གཞན་འགྲོ་བའི་ཚོགས་རྫོགས་ནས༔ སྐུ་གསུམ་ཞིང་གི་དཔལ་ཡོན་ལ༔ ལོངས་སུ་སྤྱོད་པའི་མཐུ་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་མེ་ག་ཨ་ཧཱུྃ༔ གཉིས་པ་ཚ་ཚའི་ལས་སྦྱོར་ནི༔ རིན་ཆེན་ལྔ་བསྲེས་འཇིམ་པ་ལ༔ ཚ་ཚ་གདབ་ཅིང་དམིགས་པ་ནི༔ རྡུལ་གྱི་གྲངས་མཉམ་རིང་བསྲེལ་གྱིས༔ འཇིག་རྟེན་ཐམས་ཅད་གང་བར་བསམ༔ བརྐོས་ཕོར་སྟོང་ཉིད་གཞལ་ཡས་སུ༔ འཇིམ་པ་སྙིང་རྗེ་ཆེན་པོ་ནི༔ ཟུང་འཇུག་རྒྱལ་བའི་ཡེ་ཤེས་སྐུ༔ སེམས་ཅན་དོན་ལ་རང་བྱུང་ནས༔ འགྲོ་ཀུན་སྒྲོལ་བའི་མགོན་དུ་བསམ༔ མཚན་བརྗོད་དང་ནི་གཟུངས་སྔགས་བཟླ༔ འབྲུ་གསུམ་ལན་བདུན་བརྗོད་པ་ཡི༔ བྱིན་གྱིས་བརླབས་ཤིང་རབ་ཏུ་གནས༔ དེ་ལྟར་རྒྱུན་དུ་བརྩོན་པ་ན༔ ལས་སྒྲིབ་བྱང་ཞིང་ཚོགས་རྫོགས་འགྱུར༔ དེ་བཞིན་ངན་འགྲོའི་འགྲོ་བ་ལ༔ དམིགས་ཏེ་ཚད་མེད་སྙིང་རྗེའི་བློས༔ རིན་ཆེན་སྣོད་དུ་ཆུ་གཙང་བཤམས༔ རང་ཉིད་འཇིག་རྟེན་དབང་ཕྱུག་དཀར༔ ཞི་འཛུམ་ཕྱག་གཡས་མཆོག་སྦྱིན་རྒྱས༔ ཡི་དྭགས་རྣམས་ལ་བདུད་རྩིའི་ཆར༔ བཀྲེས་སྐོམ་གདུང་བ་སེལ་བྱས་པ༔ སྙིང་རྗེའི་གཏེར་མཛོད་ཆེན་པོར་བསམ༔ རང་གི་མདུན་དུ་ཡི་དྭགས་ཚོགས༔ བཀྲེས་སྐོམ་ཉམ་ཐག་རྡུལ་ལྟར་འཚོགས༔ སྔགས་འདིས་ཆུ་གཙང་སྦྱིན་པ་ཡིས༔ བཀྲེས་སྐོམ་སྡུག་བསྔལ་ཞི་བར་བསམ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ སྤྲོ་ན་སྣོད་བཅུད་བྱིན་རླབས་དང་༔ སྤྱན་འདྲེན་འབུལ་ཚིག་གཞན་དུ་ཤེས༔ ཡང་ན་བསྡུས་པ་འདི་ལྟར་བྱ༔ ཨེ་མ་ཧོ༔ དུས་གསུམ་ཀུན་ཏུ་སེར་སྣའི་མཐུས༔ བཀྲེས་སྐོམ་ཉམ་ཐག་ཡི་དྭགས་ཚོགས༔ ཚད་མེད་སྙིང་རྗེའི་ལྷ་མཆོག་གི༔ བདེན་པའི་སྟོབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས༔ ཡིད་སྤྲུལ་ལྷ་ཡི་བདུད་རྩི་ལྟར༔ མྱོང་རེག་བདེ་བས་ཚིམ་བྱེད་པ༔ ཡང་དག་སྔགས་ཀྱིས་སྤེལ་ཞིང་བསྒྱུར༔ སེར་སྣའི་རྒྱུ་ལས་ཉམ་ཐག་འགྲོ༔ བཀྲེས་སྐོམ་ཡི་དྭགས་ཚོགས་ལ་འབུལ༔ གནས་སྐབས་ལོངས་སྤྱོད་འབྱོར་ལྡན་ཞིང་༔ བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ནས༔ མཐར་ཐུག་སྟོབས་བཅུའི་རྒྱན་དུ་རོལ༔ འདོད་རྒུའི་གཏེར་དུ་འགྱུར་བར་ཤོག༔ གསུམ་པ་སྤྱོད་ལམ་དོན་ཡོད་ཕྱིར༔ འགྲོ་འདུག་བསྐོར་བའི་ལམ་ཁྱེར་ནི༔ རང་ཉིད་གང་དུ་འགྲོ་བ་ཡི༔ གཡས་མདུན་ནམ་མཁར་སེང་ཁྲིའི་སྟེང༔ གུ་རུ་ཤཱཀྱ་སེང་གེ་ལ༔ བརྒྱུད་པ་དྲུག་ལྡན་བླ་མ་དང་༔ ཡི་དམ་ཞི་ཁྲོས་བསྐོར་བར་བསམ༔ རང་གིས་དད་དང་གུས་པ་ཡི༔ ཆོས་འཁོར་ཚུལ་དུ་བསྐོར་བར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཤཱཀྱ་སེང་ཧ་པྲ་ཧྨ་ཎ་རཏྣ་ཀེ་ཏུ་ཀ་ར་ཝརྡྷ་ན་མ་སྭཱ་ཧཱ༔ ཨེ་མ་ཧོ༔ རང་གི་མདུན་གྱི་ནམ་མཁའ་ལ༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རྩ་བའི་བླ་མ་པདྨ་འབྱུང་༔ ཤཱཀྱ་སེང་གེའི་རྣམ་པར་བཞུགས༔ རྩ་གསུམ་ཆོས་སྐྱོང་བསྲུང་མས་བསྐོར༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་༔ སྤྱོད་ལམ་དོན་དང་ལྡན་པའི་ཕྱིར༔ འགྲོ་བའི་དོན་དུ་སེམས་བསྐྱེད་དེ༔ རྩེ་གཅིག་བསྐོར་བའི་འདུ་ཤེས་བསྐྱེད༔ ཁྱེད་ཀྱི་བརྩེ་ཆེན་ཐུགས་རྗེ་ཡིས༔ བདག་གི་ཐ་མལ་སྤྱོད་ལམ་ཀུན༔ བྱང་ཆུབ་ལམ་དུ་འགྲོ་བར་མཛོད༔ དགེ་བ་མཐའ་ཡས་འགྲོ་ལ་བསྔོ༔ གཞན་ཡང་སྐྱེས་མཆོག་བླ་མ་དང་༔ རྟེན་གསུམ་ལ་སོགས་གང་མཇལ་ཀྱང་༔ ཐམས་ཅད་ཤཱཀྱའི་རྒྱལ་པོར་བསམ༔ མཚན་བརྗོད་གསུམ་བདུན་གང་འཛོམ་བྱ༔ སྨོན་ལམ་གདབ་པ་འདི་སྐད་དོ༔ ཨེ་མ་སྐྱེས་མཆོག་བླ་མ་དང་༔ ངོ་མཚར་ཅན་གྱི་དཀོན་མཆོག་རྟེན༔ ཁྱེད་དང་མཇལ་བ་ཨ་ལ་ལ༔ ད་ལྟའི་བསྐལ་པ་བཟང་པོ་འདིའི༔ འགྲོ་བའི་བསོད་ནམས་བསགས་པའི་ཞིང་༔ ཐམས་ཅད་ཐུབ་དབང་རྣམ་འཕྲུལ་ཡིན༔ ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན༔ སྟོན་པ་ཉིད་ལས་གཞན་མ་ཡིན༔ རྒྱུ་མཚན་ཤེས་པས་གུས་ཕྱག་འཚལ༔ དགེ་འདིས་མཐའ་ཡས་འགྲོ་བ་ཀུན༔ ཐར་པའི་གྲོང་དུ་འཇུག་པར་ཤོག༔ ཅེས་བརྗོད་གུས་པས་ཕྱག་གསུམ་འཚལ༔ མཐར་ནི་ཕྱི་ནང་སྣོད་བཅུད་ཀུན༔ མི་དམིགས་སྟོང་པ་ཆེན་པོའི་ངང་༔ དགེ་བསྔོ་བཀྲ་ཤིས་བརྗོད་པ་ནི༔ ཨེ་མ་ཧོ༔ གྲངས་མེད་གསུམ་དུ་ཚོགས་གཉིས་བསགས༔ ཁམས་གསུམ་འགྲོ་བའི་བླ་མར་གྱུར༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར༔ སྐུ་གསུམ་སྟོན་པའི་བཀྲ་ཤིས་ཤོག༔ དགའ་ལྡན་གནས་ནས་འཛམ་བུའི་གླིང་དུ་བྱོན༔ སེར་སྐྱའི་གནས་སུ་ཟས་གཙང་སྲས་པོའི་ཚུལ༔ རྒྱལ་སྲིད་སྤངས་ནས་དཀའ་སྤྱད་རྫོགས་སངས་རྒྱས༔ ཐུབ་དབང་ཤཱཀྱ་སེང་གེའི་བཀྲ་ཤིས་ཤོག༔ བསྟན་པའི་སྒོར་ཞུགས་འཕགས་ཚོགས་འདུས་པའི་སྡེ༔ ཐུགས་མཐུན་ཁྲིམས་གཙང་རྣམ་དག་ས་གཞི་ལ༔ བཤད་སྒྲུབ་གཉིས་ཀྱི་མེ་ཏོག་རྣམ་པར་བཀྲ༔ ཡིད་འོང་དགེ་ལེགས་སྣང་བའི་བཀྲ་ཤིས་ཤོག༔ དེ་ལྟར་ཤཱཀྱ་སེང་གེ་ཡི༔ ཐུགས་སྒྲུབ་བསྟན་པའི་གསལ་བྱེད་ནི༔ མཚོ་རྒྱལ་དགོངས་པའི་བརྡ་རིས་ལས༔ ལས་ཅན་སྐྱེས་བུའི་སྙིང་ལ་ཤར༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ ལོག་ལྟ་ཅན་ལ་ཨི་ཐི་རྒྱ༔ དཀར་ཕྱོགས་ལྷ་ཀླུས་སྲུངས་ཤིག་རྒྱ༔ གུ་ཧྱ༔ ཞེས་རིག་འཛིན་ལུང་རིག་གླིང་པས་རིག་སྟོང་སྤྲོས་པ་ཀུན་བྲལ་འགྱུར་མེད་བདེ་ཆེན་འབར་བའི་སྒྲོམ་ནས་བཏོན་ཏེ༔ བརྡ་ཚིག་ཐོགས་མེད་དུ་བཙུན་པ་ལུང་རྟོགས་མིང་གིས་བྲིས་པའི་དགེ་བས་འབྲེལ་ཚད་པདྨ་འོད་དུ་གྲོལ་ཞིང་༔ བདག་རྟོག་འཛིན་པའི་དགྲ་བགེགས་བདག་མེད་སྟོང་ཆེན་དབྱིངས་ཀྱི་བྷ་གར་འཚང་རྒྱ་བའི་རྒྱུར་གྱུར་ཅིག༔ ཤུ་བྷཾ༔


previousཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད།next