Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་དྲག་དཔའ་བོ་གཅིག་པུའི་ཐུགས་སྒྲུབ་ཡེ་ཤེས་མེ་ཕྲེང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་དྲག་དཔའ་བོ་གཅིག་པུའི་ཐུགས་སྒྲུབ་ཡེ་ཤེས་མེ་ཕྲེང་།next

གུ་དྲག་དཔའ་བོ་གཅིག་པུའི་ཐུགས་སྒྲུབ་ཡེ་ཤེས་མེ་ཕྲེང་།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ གུ་དྲག་དཔའ་བོ་གཅིག་པུའི་ཐུགས་སྒྲུབ་ཡེ་ཤེས་མེ་ཕྲེང་བཞུགས༔

གུ་རུ་རིན་པོ་ཆེ་ལ་འདུད༔ བླ་མ་རང་གིས་སྒྲུབ་པ་ལ༔ ཕྱི་ནང་གསང་བའི་སྐོར་མང་ཡང་༔ སྙིགས་དུས་གཟའ་ཀླུ་འབྱུང་པོའི་གདོན༔ འདུལ་བྱེད་དཔའ་བོ་གཅིག་པ་བསྟན༔ ས་མ་ཡཱ༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་ལ༔ སྒྲུབ་རྫས་ཡོ་བྱད་སྤྲོས་པ་བསྐྱུངས༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་ཆོས་གསུམ་ནི༔ སྐྱབས་སེམས་ཡན་ལག་བདུན་པ་འོ༔ ཧཱུྃ༔ མཆོག་གསུམ་ངོ་བོ་དབང་དྲག་ལྷར༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ མ་རིག་འཁྲུལ་སྣང་རྒྱལ་བསེན་གདོན༔ ཚར་གཅོད་བྱང་ཆུབ་སེམས་བསྐྱེད་དོ༔ རང་སེམས་དག་པའི་རྩལ་ཤར་བའི༔ རང་བྱུང་ལྷ་ལ་ཕྱག་འཚལ་ཞིང་༔ ཕྱི་ནང་གསང་བའི་མཆོད་ཚོགས་དང་༔ དྲེགས་ཚོགས་སྒོ་གསུམ་བསྒྲལ་མཆོད་འབུལ༔ ཐོག་མེད་ནས་གོམས་ད་ལྟའི་སྡིག༔ བདག་མེད་ཤེས་རབ་ཀློང་དུ་བཤགས༔ སྐྱེ་འཕགས་དགེ་ཀུན་དམིགས་མེད་ངང་༔དོན་དམ་ཆོས་སྐུར་རྗེས་ཡི་རངས༔ སྐྱེ་མེད་ཟབ་གསལ་ཆོས་འཁོར་བསྐོར༔ ཆད་མེད་འགྲོ་ངོར་རྒྱུན་བསྐོར་གསོལ༔ འགྲོ་འོང་མེད་ཀྱང་བསྟན་འགྲོའི་སྲོག༔ འཛིན་མཛད་སྐྱབས་མཆོག་བཞུགས་གསོལ་འདེབས༔ ཀ་ནས་དག་ལ་དགེ་སྡིག་བྲལ༔ བློ་འདས་མཉམ་ཉིད་ཆེན་པོར་བསྔོ༔ ས་མ་ཡཱ༔ གཉིས་པ་དངོས་གཞིར་རྣམ་གྲངས་བདུན༔ ལྷ་བསྐྱེད་སྤྱན་དྲངས་བཞུགས་ཕྱག་འཚལ༔ མཆོད་བསྟོད་འཛབ་བཟླས་ལས་སྦྱོར་བཅས༔ ཧཱུྃ་ཧཱུྃ༔ ཕྱི་ནང་སྣོད་བཅུད་སྟོང་པའི་ངང་༔ ཕྱི་སྣོད་ཟངས་མདོག་དཔལ་གྱི་རི༔ དུར་ཁྲོད་རོལ་པའི་གཞལ་མེད་ཁང་༔ ཐོད་མཁར་འཇིགས་རུང་སྲིན་པོའི་མཁར༔ དེ་དབུས་རྒྱལ་བསེན་པད་ཉིའི་ཁྲིར༔ རང་སེམས་ཧཱུྃ་སྨུག་ཡོངས་གྱུར་པ༔ རྩ་གསུམ་ཀུན་འདུས་ཧེ་རུ་ཀ༔ གུ་རུ་དྲག་པོ་ཐོད་ཕྲེང་རྩལ༔ དམར་ནག་ཁྲོ་ཞལ་ཨཾ་གཙིགས་བསྡམས༔ ཕྱག་གཡས་གསེར་རྡོར་རྩེ་དགུ་ཕྱར༔ རྭ་དགུར་ཧཱུྃ་དམར་རཾ་ཡིག་མཐིང་༔ མེ་ཡི་ཚྭ་ཚྭས་སྡེ་བརྒྱད་སྲེག༔ གཡོན་པས་སྡིགས་མཛུབ་བསྒྲེངས་པའི་རྩེར༔ ཡེ་ཤེས་ཁྲོ་རྒྱལ་ལྕགས་སྡིག་ལས༔ དུང་གསེར་ཟངས་གཡུའི་སྡིག་པའི་ཚོགས༔ གང་གནོད་དགྲ་འདྲེའི་སྙིང་ལ་འཇིབས༔ ཞབས་གཉིས་གྱད་ལྟར་རབ་བགྲད་ནས༔ རྒྱལ་བསེན་གཟའ་ཀླུའི་ཀླད་པ་འགེམས༔ སྐུ་སྟོད་གླང་ཀོ་སྐེད་པར་ཞིང་༔ སྟ་ཟུར་སྟག་ལྤགས་སྦྲུལ་གྱིས་བསྡམས༔ ཐོད་སྐམ་ཅོད་པཎ་ཁམ་སེར་སྐྲ༔ སྤྲིན་གཏིབས་ཁྲོ་ཆུང་སེར་ལྟར་འབེབས༔ སྲིན་པོའི་མགོ་ཕྲེང་ཁྲག་རྒྱུན་

འཛགས༔ རིགས་བདག་པདྨ་འབྱུང་གནས་རྩལ༔ དཀར་དམར་རྡོ་རྗེ་ཐོད་བུམ་བསྣམས༔ མཁའ་ལ་ཁྱུང་ལྡིང་དེ་ཡི་གཙུག༔ ཨ་མི་དྷེ་ཝ་སྤྲུལ་སྐུའི་ཆས༔ ཐུགས་ཀར་རྡོ་རྗེ་འཆང་ཆེན་གསལ༔ གནས་གསུམ་འབྲུ་གསུམ་ཐུགས་དབུས་སུ༔ གསེར་གྱི་མཆོད་རྟེན་བུམ་པ་རུ༔ ཉི་སྟེང་ཧཱུྃཿསྨུག་སྔགས་ཕྲེང་ནི༔ མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ སངས་རྒྱས་བྱང་སེམས་རྩ་གསུམ་ལྷ༔ དམ་ཅན་ཆོས་སྐྱོང་སྤྲོ་བསྡུའི་བདག༔ ཀུན་འདུས་དཔའ་བོ་གཅིག་པར་གསལ༔ སྐུ་གསུམ་ཞིང་ནས་སྤྱན་དྲངས་བསྟིམས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་གསུམ་དག་པའི་ཞིང་རྣམས་དང་༔ ཁྱད་པར་ལྷོ་ནུབ་རྔ་ཡབ་གླིང་༔ རཀྴ་སྲིན་པོའི་ཐོད་མཁར་ནས༔ གུ་རུ་དྲག་པོ་ཐོད་ཕྲེང་རྩལ༔ ཐོགས་མེད་གནས་འདིར་སྤྱན་འདྲེན་གཤེགས༔ ཡེ་ནས་རང་ལས་མི་གཞན་པས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས༔ བཟང་ངན་མེད་ཀྱང་ཡེ་ཤེས་ལྷའི༔ དག་པ་དྲན་པས་ཕྱག་འཚལ་འདུད༔ ཕྱི་ནང་གསང་མཆོད་བསམ་ཡས་དང་༔ བདེ་བ་ཆེན་པོའི་དབྱིངས་སུ་སྦྱོར༔ སྟོང་པ་ཆེན་པོའི་ཀློང་དུ་སྒྲོལ༔ ཟུང་འཇུག་དོན་དམ་མཆོད་པ་འབུལ༔ ཧཱུྃ༔ སྐྱེ་མེད་ཀློང་ནས་ཁྲོ་གར་བསྒྱུར༔ འགགས་མེད་དབྱིངས་ནས་དྲག་སྔགས་སྒྲོག༔ དམིགས་མེད་བསམ་འདས་ཆོས་ཀྱི་སྐུར༔ འབྲལ་མེད་ངང་དུ་བསྟོད་པར་བགྱི༔ རང་ཉིད་གུ་རུ་དྲག་པོ་ཡི༔ ཐུགས་སྲོག་ཧཱུྃ༔ལས་སྔགས་གཡས་བསྐོར༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད༔ མཁྱེན་བརྩེ་ནུས་སྟོབས་རང་ལ་བསྟིམ༔ ཕར་འཕྲོས་སྡེ་བརྒྱད་སྲོག་ནས་དྲངས༔ ཀུན་ཀྱང་བྲན་བཀོལ་ཟིལ་གྱིས་མནན༔ མར་འཕྲོས་འགྲོ་དྲུག་ལས་ཉོན་སྦྱངས༔ ཀུན་ཀྱང་རྒྱལ་བའི་གོ་འཕང་བཀོད༔ ཡེངས་མེད་ངང་ནས་དྲག་པོའི་ཛཔ༔ ཚེག་བར་ཡིག་འབྲུ་ཉི་ཤུ་བ༔ ཤུབ་བུས་བཟླས་ཏེ་འབྲུ་འབུམ་གྲངས༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ རྟགས་ནི་ཉམས་དངོས་རྨི་ལམ་འབྱུང་༔ ཚེ་འཕེལ་འཕོས་ཚེ་རིག་འཛིན་གྲལ༔ ཐེ་ཚོམ་མེད་དོ་སྙིང་ལ་ཆོངས༔ ས་མ་ཡཱ༔ རྗེས་ཀྱི་ལས་རིམ་རྣམ་པ་བཞི༔ དངོས་གྲུབ་བླངས་རྗེས་ལྷར་སྣང་བསྡུ༔ བསྔོ་བས་རྒྱས་གདབ་ཤིས་པ་བརྗོད༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་བྱུང་རིག་པ་པདྨ་དྲག་པོ་རྩལ༔ གསང་གསུམ་འགྱུར་མེད་དངོས་གྲུབ་འདིར་བསྩལ་ནས༔ འཆི་མེད་ཚེ་དང་ནུས་མཐུ་བྱིན་རླབས་འབར༔ འཕོ་མེད་དགོངས་པའི་གདེང་ཆེན་ཐོབ་པར་མཛོད༔ རྩ་སྔགས་ཤམ་བུར་ཀ་ཝ་ཙི༔ སིདྡྷི་ཞེས་བཏགས་མོས་གུས་བསྐྱེད༔ ལྷར་སྣང་སྣང་སྟོང་གདོད་མའི་དབྱིངས༔ སྐྱེ་འགག་མེད་པའི་རང་ངོར་བསྡུ༔ དགེ་དེས་སྡེ་བརྒྱད་ཚར་བཅད་ནས༔ ཚེ་འདིར་དཔའ་བོ་མཆོག་འགྲུབ་ཤོག༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ༔ བསྒོམ་བཟླས་ལྷག་པའི་ལྷར་བཟུང་མཐུས༔ མི་མཐུན་བར་ཆད་བདུད་ལས་རྒྱལ༔ དུས་གསུམ་དགེ་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དེ་ལྟར་རྩ་གསུམ་ཀུན་གྱི་དངོས༔ གུ་རུ་དྲག་པོའི་སྒྲུབ་པ་འདིས༔ རང་གཞན་དོན་གཉིས་ལྷུན་གྲུབ་ནས༔ མཆོག་གི་ས་ལ་རེག་པར་འགྱུར༔ མཚོ་རྒྱལ་ཐུགས་སུ་གབ་པའི་ཆོས༔ ལས་ལྡན་སྐྱེས་བུའི་བློ་ལ་ཤར༔ ལོག་ལྟ་ཅན་ལ་ཕག་ཏུ་སྦོས༔ ལས་འཕྲོ་ལྡན་པའི་དཔལ་དུ་ཤོག༔ དགོངས་གཏེར་དག་སྣང་ཆོས་སྡེ་ལས༔ དགེ་སྦྱོང་ལུང་རྟོགས་མིང་གིས་བྲིས༔


previousགུ་དྲག་དཔའ་བོ་གཅིག་པུའི་ཐུགས་སྒྲུབ་ཡེ་ཤེས་མེ་ཕྲེང་།next