Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཱི་མ་མི་ཏྲའི་བླ་སྒྲུབ་ཚེ་ཡི་བུམ་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཱི་མ་མི་ཏྲའི་བླ་སྒྲུབ་ཚེ་ཡི་བུམ་བཟང་།next

བཱི་མ་མི་ཏྲའི་བླ་སྒྲུབ་ཚེ་ཡི་བུམ་བཟང་།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ བཱི་མ་མི་ཏྲའི་བླ་སྒྲུབ་ཚེ་ཡི་བུམ་བཟང་བཞུགས་སོ༔

ཡོན་ཏན་བདུད་རྩིའི་བཀའ་བབ་ནས༔ འཆི་བདག་བདུད་ལས་རྣམ་རྒྱལ་བའི༔ པཎ་ཆེན་བཱི་མ་མི་ཏྲར་འདུད༔ དེ་ཡི་སྒྲུབ་ཐབས་ཟབ་མོ་བསྟན༔ ས་མ་ཡཱཿ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དང་པོ་སྦྱོར་བའི་ཆོས་ལ་ཡང་༔ རྣམ་པ་གསུམ་སྟེ་ཐོག་མར་ནི༔ གནས་དང་ཡོ་བྱད་མཐུན་རྐྱེན་འཛོམས༔ གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་དང་༔ གསུམ་པ་ཚོགས་བསག་བྱ་བའོ༔ ཚེ་ཡི་རིག་འཛིན་སྒྲུབ་པའི་གནས༔ རྒྱ་བོད་གནས་ཆེན་གང་རུང་དང་༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པའི་ས༔ ཡང་ན་དབེན་ཅིང་ཉམས་དགའ་བ༔ གངས་རི་བརྟན་ཆགས་རི་བོ་ནི༔ ལྷུན་བརྗིད་གཡུ་མཚོ་གཏན་འཁྱིལ་དུ༔ བི་མའི་སྐུ་གཟུགས་བྲིས་འབུར་ནི༔ གཞུང་གི་མངོན་རྟོགས་ཇི་བཞིན་ལ༔ གང་ཟག་མཆོག་གིས་རབ་གནས་དང་༔ རྒྱབ་ཏུ་སྔགས་བྱང་རྣམ་རྒྱལ་གྱི༔ མཆོད་རྟེན་བྲིས་པ་སྒྲུབ་རྟེན་ནོ༔ དུས་ནི་ཚེས་བརྒྱད་རྒྱལ་ཕུར་གྱི༔ འཕྲོད་སྦྱོར་གང་རུང་དག་ཏུ་འོ༔ མདུན་དུ་ཉེར་སྤྱོད་རྣམ་ལྔ་བཤམས༔ གྲོགས་ནི་དམེ་བོ་དམ་ཉམས་དང་༔ ཡུགས་ས་ཤན་པ་མ་ཡིན་པ༔ བཙུན་པ་དེ་བཞིན་བྱིས་པ་དང་༔ ཕལ་པ་གཞན་ཡང་ངེས་པར་རུང་༔ ཤིན་ཏུ་གསང་ཞིང་སྨྲ་བ་བཅད༔ སྐྱབས་སུ་འགྲོ་བའི་རིམ་པ་ནི༔ རང་གི་མདུན་གྱི་ནམ་མཁའ་ལ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ པཎ་གྲུབ་རྣམ་པར་སྐུར་བཞེངས་པ༔ སློབ་དཔོན་བཱི་མ་མི་ཏྲ་དང་༔ དབྱེར་མེད་རྩ་བའི་བླ་མ་ལ༔ དམ་ཚིག་དབང་དང་ཤེས་རབ་རྒྱུད༔ མན་ངག་ལུང་བརྒྱུད་ཉམས་ཆག་སྐོང༔ དྲིན་ཐོབ་སློབ་དཔོན་རྣམ་བཞི་དང་༔ བརྒྱུད་པ་དྲུག་ལྡན་བླ་མའི་ཚོགས༔ ཁྲོམ་འཚོགས་ལྟ་བུར་བསྒོམ་པ་ཡི༔ སྟེང་ཕྱོགས་རྒྱུད་སྡེ་དྲུག་གི་ལྷ༔ མཐའ་བསྐོར་མཁའ་འགྲོ་ཆོས་སྐྱོང་རྣམས༔ ཉི་ཟེར་རྡུལ་བཞིན་འཁྲིགས་པ་ལ༔ རང་གཞན་འགྲོ་བ་མ་ལུས་ཀུན༔ སངས་རྒྱས་གོ་འཕང་མ་ཐོབ་བར༔ ཁྱེད་ཤེས་བློ་ཡིས་སྐྱབས་སུ་འགྲོ༔ ཨེ་མ་ཧོ༔ དཀོན་མཆོག་གསུམ་གྱི་རང་བཞིན་བླ་མ་རྗེ༔ ཚེ་ཡི་རིག་འཛིན་བཱི་མ་མི་ཏྲ་དང༔ རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར༔ བདག་གཞན་ཁམས་གསུམ་སེམས་ཅན་མ་ལུས་པ༔ བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་ཕྱིར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར༔ ཉོན་མོངས་མི་དགེའི་རྒྱུ་རྐྱེན་རྟེན་འབྲེལ་གྱིས༔ སྡུག་བསྔལ་གསུམ་གྱིས་དམ་ལ་བཞག་པ་ཡི༔ མཐའ་མེད་ཕ་མ་འགྲོ་དྲུག་སེམས་ཅན་རྣམས༔ རྫོགས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི༔ ཞེས་དང་ཚོགས་བསག་རིམ་པ་ནི༔ ཨེ་མ་ཧོ༔ རང་དོན་སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ནས༔ གཞན་དོན་སྐུ་དང་ཡེ་ཤེས་ལྷུན་རྫོགས་པའི༔ འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ༔ རྩ་བའི་བླ་མ་བཱི་མ་མི་ཏྲ་དང༔ དཀོན་མཆོག་རྩ་གསུམ་སྲུང་མར་བཅས་པ་ལ༔ རང་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་པས༔ རྡུལ་སྙེད་ལུས་སྤྲུལ་རྟག་ཏུ་གུས་ཕྱག་འཚལ༔ ལུས་དང་ལོངས་སྤྱོད་དངོས་སུ་ཅི་འབྱོར་དང་༔ ཕྱོགས་བཅུའི་ཞིང་ནས་བདག་ཏུ་མ་བཟུང་བའི༔ མཆོད་པར་འོས་པའི་ཡོ་བྱད་ཇི་སྙེད་པ༔ བློ་ཡིས་བླངས་ཏེ་སྐྱབས་གནས་མཆོག་ལ་འབུལ༔ དུས་འདི་ནས་བཟུང་འཁོར་བ་མ་སྟོངས་བར༔ ཀུན་བཟང་མཆོད་པའི་སྤྲིན་བཞིན་འབྱུང་གྱུར་ཅིག༔ ཐོག་མ་མེད་ནས་སྡིག་ལྡན་བདག་ཅག་གི༔ སེམས་ཉིད་ལས་ཉོན་བག་ཆགས་ཀྱིས་དཀྲུགས་པའི༔ བརྣབ་སེམས་གནོད་སེམས་ལོག་པར་ལྟ་བའི་མཐུས༔ ཕ་མ་མཁན་སློབ་གཞན་ཡང་འགྲོ་བ་ལ༔ རྐུ་འཕྲོག་བརྡེག་བཙོག་དེ་བཞིན་སྲོག་གཅོད་དང་༔ ལོག་གཡེམ་རྫུན་ཕྲ་སྐུར་འདེབས་མི་འོས་པའི༔ མི་དགེའི་ལས་ངན་མཐའ་དག་ཅི་བགྱིས་པ༔ མ་ལུས་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ འཕགས་པ་གསུམ་དང་དེ་བཞིན་སོ་སྐྱེ་ཡིས༔ གཞན་དོན་མཛད་དང་རང་དོན་དགེ་ལ་བརྩོན༔ དེ་དག་ཀུན་ལ་ལུས་ཀྱིས་ཐལ་སྦྱར་ཏེ༔ ངག་གིས་བསྟོད་ཅིང་སེམས་ཀྱིས་རྗེས་ཡི་རང་༔ འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ཉོན་མོངས་གསུམ༔ འདུལ་བའི་ཐབས་མཆོག་སྡེ་སྣོད་གསུམ་གྱི་ཆོས༔ ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་དང་༔ བདག་གཞན་འདྲེན་པའི་བཤེས་གཉེན་མཆོག་རྣམས་ལ༔ ངག་གིས་བསྐུལ་ཞིང་སེམས་ཀྱིས་རབ་མོས་ཏེ༔ བླ་ན་མེད་པའི་འཁོར་ལོ་བསྐོར་བར་བསྐུལ༔ སེམས་ཅན་དོན་དུ་ཐུགས་རྗེས་རབ་དགོངས་ཀྱང་༔ ལས་ཉོན་དྲག་པོ་གཏིང་མཐའ་མི་མངོན་པས༔ སེམས་ཅན་དོན་ལ་ཅུང་ཟད་ཐུགས་ངལ་ཏེ༔ ཞི་བདེར་གཟིམས་པར་འགྱུར་བའི་རྒྱལ་བ་དང་༔ དེ་སྲས་ཉན་རང་བྱང་སེམས་དགེ་བའི་བཤེས༔ འཆི་མེད་རིག་འཛིན་མཆོག་གི་སྐུར་བཞེངས་ནས༔ འཁོར་བ་མ་སྟོངས་བར་དུ་བཞུགས་གསོལ་འདེབས༔ བདག་གི་དུས་གསུམ་དགེ་བའི་རྩ་བ་དང་༔ འགྲོ་རྣམས་དགེ་རྩ་ཇི་སྙེད་ཡོད་པ་ཀུན༔ རང་དོན་ཐེག་དམན་ལམ་དུ་མི་འཕྱན་པར༔ གཞན་དོན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ནས༔ བདག་གཞན་ཀུན་གྱིས་ཚེ་ཡི་རིག་འཛིན་མཆོག༔ བཱི་མ་མི་ཏྲ་ཇི་བཞིན་ཐོབ་ཕྱིར་བསྔོ༔ དེ་ཡིས་སྦྱོར་བའི་ཆོས་གསུམ་རྫོགས༔ ས་མ་ཡཱཿ གཉིས་པ་དངོས་གཞིའི་རིམ་པ་ལ༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་དང་༔ ཕྱག་འཚལ་མཆོད་པ་སྐུ་གསུང་ཐུགས༔ ཡོན་ཏན་རྗེས་སུ་དྲན་པས་བསྟོད༔ བསྙེན་སྒྲུབ་ལས་སྦྱོར་རིམ་པ་འོ༔ དང་པོ་ལྷ་ཡི་བསྐྱེད་རིམ་ནི༔ ཨེ་མ་ཧོ༔ གདོད་ནས་མ་སྐྱེས་རང་རིག་བྱང་ཆུབ་སེམས༔ ཡེ་ནས་སྤྲོས་པའི་མཐའ་བརྒྱད་བྲལ་བ་ལ༔ གཟུང་འཛིན་ཕྱི་ནང་སྣོད་བཅུད་རྡུལ་ཙམ་མེད༔ ཀུན་ཀྱང་ནམ་མཁའ་ལྟ་བུའི་ངང་ཉིད་དོ༔ ཆོས་རྣམས་རང་བཞིན་སྤྲོས་པ་མེད་པ་ལས༔ གློ་བུར་སྤྲོས་པས་བསླད་པའི་འགྲོ་བ་རྣམས༔ སྡུག་བསྔལ་གསུམ་གྱི་མཚོ་ལས་བསྒྲལ་བའི་ཕྱིར༔ ཚད་མེད་སྙིང་རྗེ་ཆེན་པོས་ཀུན་བསླངས་ཏེ༔ ཟུང་འཇུག་རིག་པ་འཆི་མེད་ཐུགས་སྲོག་ཧྲཱིཿ དེ་ལས་འོད་འཕྲོས་ཕྱི་སྣོད་བདེ་ཆེན་ཞིང་༔ རྒྱ་དང་མཐའ་བྲལ་མི་མངོན་བསམ་ལས་འདས༔ ཡོན་ཏན་ཕུན་ཚོགས་བཀོད་ལེགས་ཕོ་བྲང་དབུས༔ ཆུ་སྐྱེས་སྟོང་བརྡལ་ཐབས་ཤེས་ཉི་ཟླའི་སྟེང་༔ རང་རིག་ཧྲཱིཿལས་ཧཱུྃ་མཐིང་ཡོངས་གྱུར་པ༔ སྐད་ཅིག་དྲན་རྫོགས་རྩ་བའི་ཡི་དམ་ལྷ༔ བདེ་གཤེགས་ཀུན་འདུས་ཆེ་མཆོག་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་བསྐལ་པའི་མེ་ལྟར་འབར༔ ཞལ་གཅིག་ཁྲོ་གཏུམ་བཟོད་པར་དཀའ་བའི་ཉམས༔ ཕྱག་གཉིས་གཡས་པས་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་ཧཱུྃ་དམར་དགུ་དང་རཾ་དགུའི་མཚན༔ མཁའ་ལ་བསོར་བས་བདུད་བཞི་ཟིལ་གྱིས་གནོན༔ ཕྱག་གཡོན་དམར་གྱིས་གང་བའི་དུང་ཆེན་འཛིན༔ དབུ་སྐྲ་ཁམ་ནག་གྱེན་བརྫེས་ཐོད་པས་བཅིངས༔ གླང་ཀོའི་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་དང་༔ མི་ལྤགས་སྐེད་དཀྲིས་མགོ་ཕྲེང་དོ་ཤལ་བརྗིད༔ སྦྲུལ་གྱི་ཆུན་པོ་རྡོ་རྗེའི་གཤོག་པ་གདེངས༔ ཤེས་རབ་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་མ༔ གྲི་གུག་ཐོད་འཛིན་ཁྲོ་མོའི་ཆས་ཀུན་རྫོགས༔ ཞབས་གཉིས་མཉམ་སྦྱོར་བདེ་སྟོང་གཉིས་མེད་ངང༔ རྒྱུད་སྡེ་དྲུག་གི་ལྷ་ཀུན་སྐུ་ལ་རྫོགས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས༔ སྤྱི་བོར་པད་ཟླའི་སྟེང་དུ་ཡི་གེ་ཧྲཱིཿ ཡོངས་གྱུར་ཚེ་ཡི་རིག་འཛིན་བཱི་མ་ལ༔ སྐུ་མདོག་དཀར་གསལ་ཞི་འཛུམ་མཛེས་པའི་སྐུ༔ ཞལ་གཅིག་ཕྱག་གཉིས་གཟི་འོད་ལམ་ལམ་འབར༔ སྐུ་ལ་ཤ་འགག་སྔོན་པོ་གསེར་རིས་ཅན༔ དེ་སྟེང་ཆོས་གོས་དམར་སེར་མཐང་ཤམ་སྨུག༔ དབུ་ལ་པཎྜི་ཏ་ཡི་ཞྭ་དམར་གསོལ༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བདུད་རྩིས་བཀང་༔ ཐུགས་ཀར་འོད་ལྔའི་ཐིག་ལེ་དྭངས་མའི་དབུས༔ འཆི་མེད་མགོན་པོ་བཅོམ་ལྡན་ཚེ་དཔག་མེད༔ གོས་དཀར་ལྷ་མོ་གསང་བའི་ཡུམ་དང་འཁྲིལ༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཡེ་ནས་སྣང་སྟོང་སྒྲིབ་གཡོགས་བྲལ་བའི་སྐུ༔ ཚེ་མཆོག་གྲུབ་པའི་པཎ་ཆེན་བཱི་མ་ལའི༔ ཕྱོགས་བཞིར་པདྨ་ཟླ་བའི་གདན་སྟེང་དུ༔ ཤར་དུ་དམ་ཚིག་དབང་གི་སློབ་དཔོན་དཀར༔ རྡོ་རྗེ་ཚེ་བུམ་པཎྜི་ཏ་ཡི་ཆས༔ ལྷོ་རུ་ཤེས་རབ་རྒྱུད་ཀྱི་སློབ་དཔོན་སེར༔ རིན་ཆེན་ཚེ་བུམ་པཎྜི་ཏ་ཡི་ཆས༔ ནུབ་ཏུ་མན་ངག་ལུང་གི་སློབ་དཔོན་དམར༔ པད་ཕྲེང་ཚེ་བུམ་པཎྜི་ཏ་ཡི་ཆས༔ བྱང་དུ་ཉམས་ཆག་བསྐང་བའི་སློབ་དཔོན་ལྗང་༔ རྒྱ་གྲམ་ཚེ་བུམ་པཎྜི་ཏ་ཡི་ཆས༔ ཀུན་ཀྱང་སྐུ་ལ་ཆོས་གོས་རྣམ་གསུམ་དང་༔ དབུ་ལ་པཎ་ཞུ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཐའ་བསྐོར་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ རང་ཉིད་ཡི་དམ་ལྷ་རུ་བསྒོམ་པ་ཡི༔ ཕྱོགས་མཚམས་རྣམས་སུ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ མཐའ་བསྐོར་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་སོགས༔ ཀུན་ཀྱང་མ་འདྲེས་ཏིལ་གོང་ཁ་ཕྱེ་བཞིན༔ སྣང་སྟོང་གཉིས་མེད་མཁའ་ལ་འཇའ་ཚོན་ལྟར༔ མ་བསྐྱེད་ཡོངས་གྲུབ་སེམས་ཉིད་གཅིག་པུའི་རྩལ༔ ཀུན་གྱི་གནས་གསུམ་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་ཡོངས་གྱུར་རྡོ་རྗེ་གསུམ་གྱི་ལྷ༔ རྣམ་སྣང་མཐའ་ཡས་མི་བསྐྱོད་རྒྱལ་པོ་རྣམས༔ སོ་སོའི་སྐུ་མདོག་ཕྱག་མཚན་ཇི་བཞིན་གསལ༔ ཨོཾ་ཨཱཿཧཱུྃ༔ ལན་བདུན་བརྗོད་པས་ཀུན་བརྟགས་བསྐྱེད་པའི་ལྷར༔ གཞན་དབང་དག་པ་རབ་འབྱམས་རྒྱས་ཐེབས་ནས༔ ཡོངས་གྲུབ་ཡེ་ཤེས་ལྔ་ཡི་ངང་དུ་གྱུར༔ གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་རྟེན་ལ་བསྟིམས༔ སྤྱན་འདྲེན་སྤོས་དང་རོལ་མོའི་སྒྲས༔ བསྐུལ་ཞིང་དབྱངས་ཀྱིས་འདི་སྐད་དོ༔ ཨེ་མ་ཧོ༔ ཆོས་དབྱིངས་མཐའ་དབུས་བྲལ་བའི་ཕོ་བྲང་ནས༔ ཐུགས་རྗེ་འགགས་མེད་གཟུགས་ཀྱི་སྐུར་བཞེངས་པ༔ གདུལ་བྱའི་མཐུན་སྣང་བཞིན་དུ་མ་འདྲེས་གསལ༔ སྐུ་གསུམ་ཞིང་གི་སྟོན་པ་གཤེགས་སུ་གསོལ༔ ཁྱད་པར་འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་ཉིད་ཞི་ལས་ཐུགས་རྗེ་རོལ་པའི་གར༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཡི་དམ་རྩ་བའི་ལྷ་མཆོག་གཤེགས་སུ་གསོལ༔ དཔལ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཀྱང་༔ ཡོན་ཏན་བདུད་རྩིའི་བཀའ་བབ་འགྲུབ་ཚུལ་བསྟན༔ ཚེ་ཡི་རིག་འཛིན་མཆོག་ཏུ་སྐུར་བཞེངས་པ༔ པཎ་ཆེན་བཱི་མ་མི་ཏྲ་གཤེགས་སུ་གསོལ༔ གཞན་ཡང་དབང་བཞིས་རྒྱུད་སྨིན་བླ་མ་དང་༔ ཤེས་རབ་རྒྱུད་འཆད་མན་ངག་ལུང་སྦྱིན་པ༔ ཉམས་ཆག་སྐོང་མཛད་རྩ་བརྒྱུད་བླ་མའི་ཚོགས༔ མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་དང་༔ དཀར་ཕྱོགས་ལྷ་དང་དྲང་སྲོང་རིག་པ་འཛིན༔ ཀུན་ཀྱང་ཚེ་མཐའ་ཡས་པའི་རྣམ་རོལ་གྱིས༔ ཚེ་ཡི་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔གུ་རུ་དྷེ་ཝ་ཌཱཀྐི་ནི་མ་ཧཱ་གུ་རུ་བཱི་མ་མི་ཏྲ་ཨ་ཡུར་ཛྙཱ་ན་བཛྲ་ས་མ་ཡཱ་ཛ་ཛཿ ཞེས་པས་སྤྱན་དྲངས་མདུན་རྟེན་དང་༔ རང་གིས་བསྐྱེད་པའི་ཏིང་འཛིན་ལྷ༔ དབྱེར་མེད་གཅིག་གི་རོལ་པ་ལ༔ ཡེ་ཤེས་ལྷ་རྣམས་བྱང་ཆུབ་བར༔ བརྟན་པར་བཞུགས་པའི་མོས་འདུན་གྱིས༔ ཨེ་མ་ཧོ༔ ཀུན་བརྟགས་བསྐྱེད་པའི་ལྷ་དང་སྒྲུབ་པའི་རྫས༔ དབྱེར་མེད་སེམས་ཀྱི་རོལ་པར་གཅིག་པ་ལ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ་ཡི་ཚོགས༔ འཆི་མེད་ཚེ་ཡི་རིག་འཛིན་མ་འགྲུབ་བར༔ རྒྱ་མཚོ་ཆེ་ལ་མཁའ་ལས་ཆར་བབ་བཞིན༔ དབྱེར་མེད་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བ་ནི༔ ཨོཾ་འགྱུར་མེད་རྡོ་རྗེའི་སྐུ་ནི་མཚན་དཔེར་ལྡན༔ ཨཱཿའགག་མེད་ཚངས་པའི་གསུང་ནི་ཆོས་སྒྲ་སྒྲོག༔ ཧཱུྃ་འཁྲུལ་མེད་ཐུགས་ནི་རང་བྱུང་ཡེ་ཤེས་ངང་༔ བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་སྐུ་མཆོག་ལ༔ སེམས་ཅན་དོན་ཕྱིར་གང་འདུལ་གཟུགས་སུ་སྣང་༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་རྒྱ་མཚོའི་ངང་༔ འཆི་མེད་རིག་འཛིན་སྐུ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཱི་མ་མི་ཏྲ་ན་མ་ཡ་དྷི༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཨེ་མ་ཧོ༔ འཆི་མེད་མགོན་པོ་པཎ་ཆེན་བཱི་མ་ལ༔ རྩ་གསུམ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལ༔ མཆོད་འོས་ཕྱི་སྣོད་ནང་བཅུད་དངོས་པོ་ཀུན༔ དངོས་སུ་འབྱོར་དང་དཔག་མེད་བློས་སྤྲུལ་ཏེ༔ ཡིད་འོང་མཛེས་སྡུག་གཟུགས་ཀུན་སྤྱན་ལ་འབུལ༔ སྙན་འཇེབས་སྒྲ་དབྱངས་རོལ་མོ་སྙན་ལ་འབུལ༔ ལྷན་སྐྱེས་སྦྱར་བྱུང་དྲི་བཟང་ཤངས་ལ་འབུལ༔ རོ་བརྒྱ་ལྷ་ཡི་ཞལ་ཟས་ལྗགས་ལ་འབུལ༔ སྲབ་འཇམ་གོས་ཀྱི་བྱེ་བྲག་སྐུ་ལ་འབུལ༔ བདེ་གསལ་མི་རྟོག་ཏིང་འཛིན་ཐུགས་ལ་འབུལ༔ གཞན་ཡང་གསང་བ་ཆེན་པོའི་དམ་རྫས་ནི༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན་མཆོད་འབུལ༔ མཁའ་དབྱིངས་གསང་བའི་དམར་ཆེན་ཁྲག་མཆོད་འབུལ༔ འབྲུ་སྨན་རྩི་བཅུད་བྷ་ལིང་གཏོར་མཆོད་འབུལ༔ བཅུ་དྲུག་དགའ་སྟེར་ཕྱག་རྒྱའི་མཆོད་པ་འབུལ༔ ཞིང་བཅུ་ཚར་གཅོད་སྒྲོལ་བའི་མཆོད་པ་འབུལ༔ སྣང་སྲིད་དག་རྫོགས་བསྐྱེད་རིམ་མཆོད་པ་འབུལ༔ རྩ་དག་རླུང་སྦྱངས་རྫོགས་རིམ་མཆོད་པ་འབུལ༔ རྣམ་རྟོག་རང་གྲོལ་བློ་འདས་མཆོད་པ་འབུལ༔ བདེན་གཉིས་དབྱེར་མེད་ཐིག་ལེ་ཆེན་པོའི་ཀློང་༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་འཛིན་བྲལ་ངང་༔ རང་གྲོལ་རྫོགས་པ་ཆེན་པོའི་མཆོད་པ་ནི༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་ངང་ནས་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་སརྦ་པཉྩ་རཀྟ་བྷ་ལིང་ཏ་དྷརྨ་དྷརྟུ་ག་ན་ཙཀྲ་པུ་ཙ་ཧོ༔ བསྟོད་པའི་རིམ་པས་དགྱེས་སྐོང་ནི༔ ཨེ་མ་ཧོ༔ ངོ་བོ་ཆོས་སྐུ་འཕོ་འགྱུར་མེད་པ་ལས༔ རང་བཞིན་ལོངས་སྐུ་ངེས་པ་ལྔ་དང་ལྡན༔ ཐུགས་རྗེ་སྤྲུལ་སྐུ་རྩོལ་མེད་འགྲོ་ལ་འཆར༔ སྐུ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ རྒྱལ་ཀུན་ཡེ་ཤེས་ངང་དུ་རོ་གཅིག་ཀྱང་༔ སེམས་ཅན་དོན་ཕྱིར་མཛད་པ་ཐ་དད་སྟོན༔ ཡོན་ཏན་བདུད་རྩིའི་བཀའ་བབ་དངོས་གྲུབ་བརྙེས༔ འཆི་མེད་རིག་འཛིན་བཱི་མ་མི་ཏྲར་བསྟོད༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་དང་བྲལ༔ དོན་དམ་ཚིག་གིས་མཚོན་པའི་དབང་བཞི་ཡིས༔ སྐུ་བཞིའི་རྒྱལ་སར་དབུགས་དབྱུང་མཆོག་སྦྱིན་པའི༔ དམ་ཚིག་དབང་གི་བླ་མར་ཕྱག་འཚལ་བསྟོད༔ རབ་ལ་མཚན་བསྟན་འབྲིང་ལ་སྤྱི་དོན་དང་༔ ཐ་མར་ཚིག་གི་འབྲུ་གཉེར་རྒྱུད་དོན་གྱི༔ བཤད་པའི་ལྡེ་མིག་སྐལ་ལྡན་ཤེས་རྒྱུད་སྒོ༔ འགྲོལ་མཛད་དྲིན་ལྡན་བླ་མར་ཕྱག་འཚལ་བསྟོད༔ རང་གནས་ཡེ་ཤེས་དབུལ་པོའི་ཁྱིམ་གྱི་གཏེར༔ རང་གིས་མི་མཐོང་རྒྱུན་དུ་ཉམ་ཐག་པ༔ དཀའ་བ་མེད་པར་མན་ངག་ལུང་གི་མཐུས༔ སྟོན་མཛད་ཐབས་ཀྱི་བླ་མར་ཕྱག་འཚལ་བསྟོད༔ སེམས་ཉིད་ཀ་ནས་དག་པའི་རང་བཞིན་ཡང༔ གློ་བུར་འཁྲུལ་རྟོག་དྲི་མས་སྦགས་པ་ལས༔ ཉམས་ཆག་ཉེས་ལྟུང་སྡིག་ལྡན་ངན་འགྲོ་ལས༔ འདྲེན་པའི་སློབ་དཔོན་མཆོག་ལ་ཕྱག་འཚལ་བསྟོད༔ སྔོན་ལས་འཕྲལ་རྐྱེན་ཚེ་ལ་བར་ཆད་བགེགས༔ ལྷ་སྔགས་ཏིང་འཛིན་ཟབ་མོས་ཡོངས་བསལ་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་མཆོག་སྩོལ་བའི༔ རྩ་གསུམ་སྲུང་མ་འཁོར་དང་བཅས་ལ་བསྟོད༔ དེ་ནས་འཛབ་ཀྱི་རིམ་པ་ནི༔ བསྙེན་དུས་བླ་མ་བཱི་མ་ལ༔ རང་ཉིད་དཔལ་ཆེན་སྤྱི་བོར་བསྒོམ༔ མོས་གུས་གསོལ་འདེབས་ཚུལ་དུ་བཟླ༔ ཨེ་མ་ཧོ༔ དྲན་པ་ཙམ་གྱིས་ཚེ་ཡི་བར་ཆད་སེལ༔ བསྒོམ་པ་ཙམ་གྱིས་མཆོག་གི་དངོས་གྲུབ་ཐོབ༔ མཚན་ཐོས་ཙམ་གྱིས་འཇིགས་དང་སྡུག་བསྔལ་སྒྲོལ༔ པཎ་ཆེན་བཱི་མ་མི་ཏྲར་གསོལ་བ་འདེབས༔ བདག་གི་མོས་གུས་གདུང་ཤུགས་དྲག་པོ་ཡིས༔ ཁྱོད་སྐུ་སྤྱི་བོར་བསྒོམས་ཤིང་རྩེ་གཅིག་ཏུ༔ གསོལ་འདེབས་བསྙེན་པའི་འཛབ་ཀྱིས་རྒྱུད་བསྐུལ་ན༔ བརྩེ་ཆེན་ཐུགས་རྗེས་ཚེ་ཡི་བར་ཆད་སོལ༔ ཟག་མེད་དགོངས་པས་མཆོག་ཐུན་དངོས་གྲུབ་སྩོལ༔ སྨོན་ལམ་མཐུ་ཡིས་ལེགས་པའི་དགེ་མཚན་སྟོན༔ སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ༔ ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས༔ དེ་རྗེས་བསྙེན་པ་འདི་ཉིད་ལ༔ སྨྲ་བ་བཅད་དེ་ནན་ཏན་བྱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཱི་མ་མི་ཏྲ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བསྙེན་པ་བརྒྱ་འམ་སྟོང་གི་མཐར༔ གོང་གི་གསོལ་འདེབས་དམིགས་པར་བཅས༔ ཉེར་གཅིག་ཐུན་དུ་བཟུང་བ་གནད༔ བསྙེན་ཚད་འབུམ་ཕྲག་གསུམ་ལྔ་བདུན༔ རྟགས་མཐོང་བར་དུ་བཟླས་པར་བྱ༔ ས་མ་ཡཱ༔ དེ་ཡང་རྟགས་ཀྱི་རིམ་པ་ནི༔ རབ་ཀྱིས་དངོས་ཞལ་མཇལ་བ་དང་༔ གསུང་ཐོས་ཚེ་ཡི་རིག་འཛིན་འཐོབ༔ འབྲིང་གིས་ཉམས་སྣང་དག་ཏུ་འོང་༔ ཐ་མས་རྨི་ལམ་ཉམས་དགའ་ཞིང་༔ ཁྲུས་བྱས་ཉི་ཟླ་གསལ་དུ་ཤར༔ མཁའ་ལ་འཕུར་དང་གཞན་གྱིས་བསྔགས༔ གཏེར་དང་འབྲས་བུ་ཕྱག་མཚན་རྙེད༔ དེ་ཚེ་བཟང་ངན་རྟགས་རྣམས་ལ༔ རེ་དོགས་སྤངས་ཏེ་མཉམ་པར་བལྟ༔ གལ་ཏེ་ངན་ན་རྒྱབ་ཆོས་སུ༔ སྲོག་བླུ་རྟེན་བཞེངས་ཚོགས་བསག་བྱ༔ སྒྲུབ་དུས་བླ་མ་རང་ཉིད་ཀྱི༔ སྙིང་གར་པད་ཟླའི་གདན་ལ་སྒོམ༔ ཡི་དམ་ལྷ་དང་དབྱེར་མེད་བསམ༔ ཚིག་འདིས་འཛབ་བསྐུལ་བསྙེན་པ་བཟླ༔ ཨེ་མ་ཧོ༔ རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་འཆི་མེད་མགོན༔ དྲི་མེད་བཤེས་གཉེན་དཔལ་ཆེན་གྲུབ་པའི་གཙོ༔ ཚེ་རབས་ཡི་དམ་ལྷ་དང་གཉིས་སུ་མེད༔ སྙིང་གི་པདྨོར་རྟག་ཏུ་ཁྱོད་བསྒོམས་ནས༔ གདུང་ཤུགས་དབྱངས་ཀྱིས་བུང་བས་ཚང་ཚོལ་བཞིན༔ སྒྲུབ་པའི་སྔགས་འབྲུ་ཡེངས་མེད་འཛིན་མེད་ངང་༔ རྩེ་གཅིག་བརྩོན་པའི་འབྲས་བུས་གནས་སྐབས་སུ༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱིས་ཚེ་བརྐུས་ན༔ ཚད་མེད་མཐུ་སྟོབས་ནུས་པས་འདིར་ཁུག་ལ༔ རྣལ་འབྱོར་སྒྲུབ་པོའི་ཚེ་ཡི་གསོས་མཛོད་ཅིག༔ དམ་ཚིག་ཉམས་དང་ཞེ་སྡང་དྲག་པོའི་མཐུས༔ རིང་འཚོའི་ཚེ་ཡི་བ་ཐག་ཆད་པ་ན༔ རྒྱལ་ཀུན་བྱིན་རླབས་ཐུགས་རྗེ་རྒྱུད་བསྐུལ་ནས༔ གཞོམ་བྲལ་རྡོ་རྗེའི་ཚེ་སྲོག་འདིར་མཐུད་ཅིག༔ གློ་བུར་སྔངས་དང་བྱད་ཕུར་དྲག་པོ་ཡིས༔ བདག་ཅག་ཚེ་ཡི་ཕྱྭ་གཡང་འཐོར་བ་ན༔ ཟག་བྲལ་དགོངས་པའི་ཤུགས་ཀྱིས་འདིར་བསྡུས་ལ༔ ཚེ་གཡང་རྟག་བརྟན་དྭངས་བཅུད་དཔལ་དུ་སྩོལ༔ བླ་མའི་ཐུགས་ཀར་པད་ཟླའི་སྟེང་༔ རྒྱལ་ཀུན་ཐུགས་སྲོག་ཧཱུྃཿམཐིང་མཐར༔ སྔགས་ཕྲེང་འོད་ལྔའི་ཟེར་ཐག་ཕྲེང་༔ ཤིན་ཏུ་ཕྲ་བ་གཡས་སུ་འཁོར༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ སྐུ་གསུམ་རྒྱལ་བའི་ཚེ་བཅུད་བསྡུས༔ རང་སྲོག་རྩ་བའི་སྔགས་ལ་ཐིམ༔ ཚེ་ཡི་རིག་འཛིན་མཆོག་ཐོབ་དམིགས༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་དེ་ཝ་ཌཱཀྐཱི་ནི་བཱི་མ་མི་ཏྲ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ གོང་གི་བསྙེན་པའི་སུམ་ཆ་བཟླ༔ དུས་ནི་ཟླ་དྲུག་བདུན་ཕྲག་བདུན༔ བཟླས་པས་དུས་ཟད་མི་ཡིན་ཀྱང༔ བཅུ་ཕྲག་ལོ་རུ་ཚེ་བསྲིང་ངེས༔ ཐེ་ཚོམ་མེད་པ་གནད་དུ་ཆེ༔ ཟག་མེད་དབྱིངས་ཀྱི་ཌཀྐིའི་བརྡ༔ བསླུས་ན་གསང་སྔགས་ཁྱད་ཆོས་ཅི༔ དེ་བས་སྙིང་ནས་བརྩོན་ཅིག་རྒྱ༔ ས་མ་ཡཱ༔ ལས་སྦྱོར་བླ་མ་འོད་དུ་ཞུ༔ རང་ཉིད་དཔལ་ཆེན་སྐུ་ལ་ཐིམ༔ ལྷ་དང་བླ་མ་དབྱེར་མེད་ངང་༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ༔ ཕྲིན་ལས་བཞི་ལ་མངའ་བརྙེས་བསམ༔ འཛབ་ཀྱི་དམིགས་པ་འདི་ལྟར་སྒོམ༔ རང་ཉིད་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་༔ ཐུགས་ཀྱི་ཙིཏྟ་དྭངས་མ་འོད་ལྔའི་ཀློང་༔ པདྨ་ཉི་ཟླའི་གདན་ལ་རྒྱལ་ཀུན་གྱི༔ ཐུགས་བཅུད་ཡི་གེ་འབྲུ་གསུམ་བརྩེགས་མར་བསྒོམས༔ དེ་ལས་དཀར་སེར་དམར་ལྗང་མཐིང་ག་ཡི༔ འོད་ལྔའི་ཟེར་གྱིས་བདག་དང་བསྲུང་བྱ་ཡི༔ འཇིགས་པ་ཀུན་ཞི་ཚེ་དང་ཡེ་ཤེས་རྒྱས༔ མོས་ཚོགས་དབང་བསྡུས་ལོག་འདྲེན་དབྱིངས་སུ་བསྒྲལ༔ ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ལ༔ མཁའ་ཁྱབ་འགྲོ་ཀུན་ཡོངས་སུ་འགོད་པར་བསམ༔ འབྲུ་གསུམ་བྱེ་བ་གསུམ་དུ་བཟླ༔ ལས་སྦྱོར་སྔགས་རིང་འདི་ཡང་བཟླ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་སརྦ་དྷེ་ཝ་ཛྙཱ་ན་ཌཀྐཱི་དྷརྨ་པ་ལ་བཱི་མ་མི་ཏྲ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲུཾ༔ ཞེས་ཀྱང་འབྲུ་འབུམ་ཙམ་དུ་བཟླ༔ སྔགས་གྲངས་ཐེམས་པའི་གང་ཟག་དེ༔ རྡོ་རྗེའི་མཁར་དུ་ཚུད་དང་འདྲ༔ བགེགས་དང་འབྱུང་པོས་གླགས་མི་རྙེད༔ འཆི་མེད་ཚེ་ཡི་རིག་འཛིན་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ཀྱི་རིམ་པ་ལ་ཡང་ལྔ༔ དབང་བཞི་ལེན་དང་བསྡུ་རིམ་དང་༔ བསྔོ་བ་སྨོན་ལམ་ཤིས་བརྗོད་དོ༔ ཡང་དག་དམིགས་པའི་སྲང་ལ་གཞུར༔ ཨོཾ་རིགས་བདག་བླ་མ་གཙོ་འཁོར་དཔྲལ་བ་ནས༔ ཨོཾ་ཡིག་དཀར་པོ་ཆུ་ཤེལ་བཞིན་ཏུ་འཚེར༔ ཟླ་བ་ཞུན་མ་ལྟ་བུའི་འོད་ཟེར་འཕྲོས༔ བདག་གི་དཔྲལ་བར་ཐིམ་པས་བུམ་དབང་ཐོབ༔ ལུས་ཀྱི་སྒྲིབ་དག་སྐུ་ཡི་ས་བོན་བཞག༔ བསྐྱེད་རིམ་སྣོད་རུང་ལུས་ལ་བར་ཆད་ཞི༔ མཐར་ཐུག་མཚན་དཔེའི་སྐུ་མཆོག་ཐོབ་པར་བསམ༔ ཨཱཿརིགས་བདག་བླ་མ་གཙོ་འཁོར་མགྲིན་པ་ནས༔ ཨཱཿཡིག་དམར་པོ་བྱི་རུའི་མདོག་ལྟར་འཚེར༔ གློག་ཞགས་ལྟ་བུའི་འོད་ཟེར་རབ་ཏུ་འཕྲོས༔ བདག་གི་མགྲིན་པར་ཐིམ་པས་གསང་དབང་ཐོབ༔ ངག་གི་སྒྲིབ་དག་གསུང་གི་ས་བོན་བཞག༔ བཟླས་བརྗོད་སྣོད་རུང་ངག་ལ་བར་ཆད་ཞི༔ མཐར་ཐུག་ཚངས་དབྱངས་གསུང་མཆོག་ཐོབ་པར་བསམ༔ ཧཱུྃ་རིགས་བདག་བླ་མ་གཙོ་འཁོར་ཐུགས་ཀ་ནས༔ ཧཱུྃ་ཡིག་མཐིང་ཀ་ནམ་མཁའ་དྭངས་པའི་མདངས༔ འོད་ཟེར་བཻཌཱུར་ལྕུག་མ་ལྟ་བུ་འཕྲོས༔ བདག་གི་སྙིང་ཁར་ཐིམ་པས་ཤེར་དབང་ཐོབ༔ ཡིད་ཀྱི་སྒྲིབ་དག་ཐུགས་ཀྱི་ས་བོན་བཞག༔ རྫོགས་རིམ་སྣོད་རུང་སེམས་ལ་བར་ཆད་ཞི༔ མཐར་ཐུག་མཁྱེན་བརྩེའི་ཐུགས་མཆོག་ཐོབ་པར་བསམ༔ ཧྲཱིཿརིགས་བདག་བླ་མ་གཙོ་འཁོར་ལྟེ་བ་ནས༔ ཧྲཱིཿཡིག་འོད་ལྔ་འཇའ་ཚོན་བཞིན་ཏུ་འཚེར༔ འོད་ཟེར་རང་མདོག་ཉི་མའི་ཟེར་ལྟར་འཕྲོས༔ བདག་གི་ལྟེ་བར་ཐིམ་པས་ཚིག་དབང་ཐོབ༔ ཀུན་གཞིའི་སྒྲིབ་དག་ངོ་བོ་ཉིད་ཀྱི་སྐུའི༔ ས་བོན་རྒྱུད་བཞག་དོན་དམ་རང་གནས་ཀྱི༔ ཡེ་ཤེས་མངོན་གྱུར་ས་ལམ་བར་ཆད་ཞི༔ མཐར་ཐུག་གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ༔ མངོན་དུ་གྱུར་ནས་དོན་གཉིས་འགྲུབ་པར་བསམ༔ དེ་ནས་བསྡུ་རིམ་བྱ་བ་ནི༔ ཨེ་མ་ཧོ༔ དེ་ལྟར་མོས་པས་རྩེ་གཅིག་གསོལ་བཏབ་མཐུས༔ སྐྱབས་ཡུལ་མ་ལུས་འོད་ཞུ་རང་ལ་ཐིམ༔ རང་ཉིད་དཔལ་ཆེན་གཙོ་འཁོར་འོད་ཞུ་ནས༔ ཐུགས་ཀའི་ཧཱུྃ་ཡིག་ཐིག་ལེ་ནཱ་དར་ཡལ༔ བརྗོད་མེད་ཡང་དག་གནས་ལུགས་སེམས་ཀྱི་གཤིས༔ བསལ་བཞག་འགྲོ་འོང་མེད་པའི་ངང་དུ་ཨཱཿ དེ་ནས་བསྔོ་བས་རྒྱས་འདེབས་ནི༔ ཨེ་མ་ཧོ༔ བདག་གཞན་ཀུན་གྱི་ཚེ་རབས་ཐོག་མེད་ནས༔ ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྒོ་གསུམ་རྣམ་དཀར་བསགས་དང་གསོག་བཞིན་པ༔ བསག་པར་འགྱུར་བའི་དགེ་ཚོགས་ཅི་མཆིས་པ༔ ཕ་མ་འགྲོ་དྲུག་ཀུན་གྱི་དོན་དུ་བསྔོ༔ དེ་མཐུས་རང་གཞན་འགྲོ་བ་མ་ལུས་ཀུན༔ གནས་སྐབས་དུས་མིན་འཆི་བའི་འཇིགས་ལས་གྲོལ༔ མཐར་ཐུག་མགོན་པོ་ཚེ་དཔག་མེད་པ་དང་༔ དབྱེར་མེད་དོན་གཉིས་ལྷུན་གྲུབ་རྒྱུ་རུ་བསྔོ༔ ཁྱད་པར་ཚེ་དང་ལས་དང་བསོད་ནམས་དང་༔ ལེགས་པའི་འབྲས་བུ་དུས་གཅིག་ཟད་པ་ཡང་༔ དགེ་བ་འདིས་མཐུས་རྒས་མེད་ལང་ཚོ་དང་༔ འགྱུར་མེད་ཚེ་དང་བསོད་ནམས་མཐའ་ཡས་ཤོག༔ ཅེས་དང་སྨོན་ལམ་གདབ་པ་ནི༔ ཨེ་མ་ཧོ༔ ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དང་༔ འགྲོ་ཀུན་བདེ་སྐྱིིད་དར་ཞིང་རྒྱས་གྱུར་ཅིག༔ བསྟན་འཛིན་མཆོག་རྣམས་སྐུ་ཚེ་ཞབས་པད་བརྟན༔ དགེ་འདུན་སྡེ་གཉིས་དབྱར་མཚོ་ལྟར་འཕེལ་ཤོག༔ སྐྱེ་དགུ་ཀུན་ཀྱང་སྡིག་པའི་ལས་སྤངས་ཏེ༔ རྟག་ཏུ་དགེ་བ་བཅུ་ལ་བརྩོན་པར་ཤོག༔ དེ་མཐུས་གནས་སྐབས་མཐོ་རིས་འབྱོར་བས་འཚོ༔ མཐར་ཐུག་ཐམས་ཅད་མཁྱེན་པའི་དཔལ་ཐོབ་ཤོག༔ བཱི་མ་མི་ཏྲ་མགོན་པོ་ཚེ་མཐའ་ཡས༔ ཐུགས་བསྐྱེད་དམ་བཅའི་སྨོན་ལམ་གང་མཆིས་པ༔ བསྙེན་སྒྲུབ་གསོལ་འདེབས་འདི་ཡིས་རབ་བསྐུལ་ནས༔ བདག་དང་དབྱེར་མེད་གཅིག་ཏུ་འགྲུབ་པར་ཤོག༔ ཡོངས་རྫོགས་ཤིས་པ་བརྗོད་པའི་རིམ་པ་ནི༔ ཨེ་མ་ཧོ༔ བདེ་སྟོང་སྤྲོས་པ་བྲལ་བའི་ཕོ་བྲང་ནས༔ ཟག་མེད་ཕུང་པོ་གཞོམ་བྲལ་རྡོ་རྗེའི་སྐུ༔ མཁྱེན་བརྩེ་ནུས་པས་འགྲོ་ལ་རྟག་ཏུ་དགོངས༔ མགོན་པོ་ཚེ་མཐའ་ཡས་པའི་བཀྲ་ཤིས་ཤོག༔ གྲུ་འཛིན་ཞིང་ནས་ཐུགས་རྗེའི་སྤྱན་རས་ཀྱིས༔ འགྲོ་ལ་གཟིགས་པ་མི་འདོར་གངས་ཅན་ལྷ༔ རྟག་ཏུ་བརྩེ་ཆེན་བདུད་བཞིའི་གཡུལ་ལས་རྒྱལ༔ འཕགས་མཆོག་ཕྱག་ན་པདྨོའི་བཀྲ་ཤིས་ཤོག༔ རྔ་ཡབ་དཔལ་རི་སྤྲུལ་པའི་ཕོ་བྲང་ནས༔ རྒྱུ་རྐྱེན་ལས་འདས་རང་བྱུང་སྤྲུལ་པའི་སྐུ༔ སྐྱེ་འཆི་གཉིས་མེད་ཁམས་གསུམ་འགྲོ་བའི་མགོན༔ རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བཀྲ་ཤིས་ཤོག༔ ཟག་མེད་ཡོན་ཏན་བདུད་རྩིའི་བཅུད་མྱང་བས༔ འཕོ་མེད་འཇའ་ལུས་རྟག་པའི་སྐུ་ཐོབ་ཀྱང་༔ པཎ་གྲུབ་གཟུགས་ཀྱིས་སྲིད་མཐར་འགྲོ་དོན་མཛད༔ དྲི་མེད་བཤེས་གཉེན་མཆོག་གི་བཀྲ་ཤིས་ཤོག༔ རང་བྱུང་སེམས་ཉིད་སྐྱེ་འཆི་བགྲེས་རྒུད་བྲལ༔ དེ་ཉིད་རྟོགས་པས་ནང་རྟགས་ལུས་ལ་ཤར༔ ཚེ་ལ་མངའ་བརྙེས་ཚེ་ཡི་རིག་པ་འཛིན༔ རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ གཞན་ཡང་སྲིད་ཞིའི་དཔལ་ཡོན་གང་འདོད་པ༔ བསྒོམས་དང་བཟླས་དང་རྒྱུན་དུ་ཉམས་བླངས་མཐུས༔ མཆོག་ཐུན་དངོས་གྲུབ་འདོད་དགུའི་ཆར་འབེབས་པ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ དམ་ལྡན་རྣལ་འབྱོར་མ་ཡིས་བུ་བཞིན་སྐྱོངས༔ ཆོས་སྒྲུབ་མཐུན་རྐྱེན་གང་འདོད་ཐོགས་མེད་སྩོལ༔ ལེགས་ཉེས་སྟངས་འཛིན་གདུག་ཅན་དགྲ་བགེགས་སྒྲོལ༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ ཚུལ་བཞིན་འདི་ཉིད་ཉམས་བླངས་ན༔ དུས་མིན་འཆི་བའི་གེགས་ལས་ཐར༔ ཚེ་གསོས་བདུད་རྩི་མཆོག་ཏུ་འགྱུར༔ ཐེ་ཚོམ་ཅན་ལ་ཨ་ཐམ་རྒྱ༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ དགོངས་གཏེར་མཁའ་འགྲོའི་སྲོག་གི་རྒྱ༔ གཏེར་སྲུང་ལྕམ་དྲལ་སྲུངས་ཤིག་རྒྱ༔ གུ་ཧྱ༔ ཞེས་པའང་ཁོ་བོ་ཤཱཀྱའི་དགེ་སྦྱོང་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོ་ལ་རང་བྱུང་མཁའ་འགྲོའི་བརྡ་ལས་བབས་ཏེ་བགྲང་བྱ་དགུ་ཙམ་སོང་བའི་སྐབས་ལེགས་པའི་རྟེན་འབྲེལ་བཟང་པོས་མཚམས་སྦྱར་ཏེ་བྱ་ལོ་གསར་དུ་ཚེས་པའི་དགའ་བ་གསུམ་པའི་དུས་སུ་ཐོགས་པ་མེད་པར་སྨྲས་པ་བློ་གྲོས་ཀྱི་འཇུག་སྒོ་ཡངས་པ་ཤཱཀྱའི་དགེ་ཚུལ་སྭ་རའི་མིང་གིས་བྲིས་པ་འདིས་ཀྱང་འགྲོ་ཀུན་འཆི་མེད་མགོན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔ མངྒ་ལམ༔ དགེའོ༔


previousབཱི་མ་མི་ཏྲའི་བླ་སྒྲུབ་ཚེ་ཡི་བུམ་བཟང་།next