Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་སྒྲུབ་པའི་ཟབ་ཏིག་མཁའ་འགྲོའི་གསང་མཛོད་གཏེར་གྱི་བུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་སྒྲུབ་པའི་ཟབ་ཏིག་མཁའ་འགྲོའི་གསང་མཛོད་གཏེར་གྱི་བུམ་པ།next

རྗེ་བཙུན་སྒྲུབ་པའི་ཟབ་ཏིག་མཁའ་འགྲོའི་གསང་མཛོད་གཏེར་གྱི་བུམ་པ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ རྗེ་བཙུན་སྒྲུབ་པའི་ཟབ་ཏིག་མཁའ་འགྲོའི་གསང་མཛོད་གཏེར་གྱི་བུམ་པ་བཞུགས༔

རྒྱལ་བ་ཀུན་གྱི་ཕྲིན་ལས་པ༔ རྒྱལ་བའི་བཀའ་བཞིན་བསྒྲུབས་པའི་འབྲས༔ མངོན་གྱུར་བཞད་པ་རྡོ་རྗེ་ལ༔ བཏུད་ནས་དག་སྣང་ཇི་བཞིན་དུ༔ ཟོལ་མེད་སྒྲུབ་ཐབས་ཟབ་མོ་འབྲི༔ ས་མ་ཡཱ༔ དེ་ཡང་ལེ་ལོ་གཡེང་བྲལ་བའི༔ སྒྲུབ་གནས་བྱིན་ཆགས་ཉམས་དགའ་བ༔ རི་བོའི་རྩེ་འམ་གངས་ཀྱི་འདབས༔ ནགས་ཚལ་ལྷུན་སྡུག་བྲག་རིའི་གམ༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པའི་སར༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་པར༔ འདབ་བཞི་མཛེས་ཚོན་མུ་ཁྱུད་ཟླུམ༔འབྲུ་ཚོམ་ལྔ་བཀོད་དེ་ཡི་སྟེང་༔ ཉི་ཟླར་བླ་གཏོར་དམར་པོ་ཟླུམ༔ དེ་འཁོར་མཁའ་འགྲོའི་གཏོར་མ་བཞི༔ ཉི་ཟླ་པདྨ་ནོར་བུས་བརྒྱན༔ མཐའ་བསྐོར་གཡས་གཡོན་སྨན་དང་ཁྲག༔ ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམས༔ རང་ཉིད་བདེ་བའི་གདན་ལ་འདུག༔ མདུན་མཁར་རྡོ་རྗེ་སེམས་དཔའ་ལ༔ དགོངས་བརྡ་སྙན་བརྒྱུད་བླ་མས་བསྐོར༔ གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་༔ རིག་འཛིན་གྲུབ་བརྒྱའི་སྤྱི་གཟུགས་མཆོག༔ རྗེ་བཙུན་བཞད་པ་རྡོ་རྗེ་ལ༔ རིགས་བཞི་མཁའ་འགྲོའི་འཁོར་གྱིས་བསྐོར༔ བདག་དང་འགྲོ་ཀུན་བྱང་ཆུབ་བར༔ ཁྱེད་ཤེས་དད་པས་རྩེ་གཅིག་གི༔ སེམས་དང་བཅས་ཏེ་སྐྱབས་སུ་འགྲོ༔ ཨེ་མ་ཧོ༔ སྐྱེ་འགགས་གནས་གསུམ་བྲལ་བའི་ཆོས་དབྱིངས་ལས༔ སྐྱེ་བའི་ཆོ་འཕྲུལ་རྗེ་བཙུན་སྤྲུལ་པའི་སྐུ༔ རིགས་བཞི་མཁའ་འགྲོ་འཁོར་དང་བཅས་པ་ལ༔ ཁྱེད་ཤེས་བློ་ཡིས་བདག་གཞན་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ཅིང་མཁའ་ཁྱབ་འགྲོ༔ སངས་རྒྱས་ས་ལ་འགོད་པའི་ཕྱིར༔ བླ་མའི་སྒྲུབ་པ་འདིར་བརྩོན་ནས༔ གྲུབ་འབྲས་མཐའ་རུ་ཕྱིན་འདོད་བློས༔ ཨེ་མ་ཧོ༔ ངོ་མཚར་གྲུབ་པའི་འབྲས་བུ་མངོན་གྱུར་ནས༔ དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་དང་༔ དབྱེར་མེད་རྗེ་བཙུན་སྒྲུབ་ཐབས་ཉམས་བླངས་མཐུས༔ འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བར་བྱ༔ དེ་ནས་ཡན་ལག་བདུན་པ་ཡིས༔ ཚོགས་བསག་རིམ་པ་འདི་བཞིན་བྱ༔ ཨེ་མ་ཧོ༔ དག་པ་རབ་འབྱམས་མཁའ་དབྱིངས་གང་བའི་ལྷར༔ རྡུལ་སྙེད་ལུས་སྤྲུལ་བདག་གཞན་གུས་ཕྱག་འཚལ༔ ལུས་དང་ལོངས་སྤྱོད་མཆོད་པའི་མཎྜལ་འབུལ༔ གཉིས་འཛིན་དབང་གིས་མི་དགེ་བསགས་ཀུན་བཤགས༔ ཚེ་གཅིག་སངས་རྒྱས་བསྒྲུབ་ལ་རྗེས་ཡི་རང་༔ སྐད་ཅིག་མྱུར་སྒྲོལ་ཆོས་འཁོར་བསྐོར་དུ་གསོལ༔ བསྟན་འགྲོའི་དོན་ཕྱིར་མཁའ་བཞིན་རྟག་བཞུགས་གསོལ༔ དུས་གསུམ་དགེ་ཚོགས་བྱང་ཆུབ་རྒྱུ་རུ་བསྔོ༔ ཚོགས་ཞིང་ལྷ་རྣམས་རང་ལ་བསྡུ༔ རང་ཉིད་དབང་ཆེན་ཁྲོ་བོའི་རྒྱལ༔ གཏུམ་དྲག་ཁྲོས་པའི་བརྟུལ་ཞུགས་ཀྱིས༔ ལོག་འདྲེན་ཚོགས་ལ་གཏོར་མ་བྱིན༔ དྲག་སྔགས་མེ་ཐུན་སྲིད་མཐར་བསྐྲད༔ ཧཱུྃ་ཧྲཱིཿ ཆོས་ཀུན་ཡེ་ནས་སྐྱེ་བ་མེད་པ་ལས༔ ལོག་རྟོག་གློ་བུར་འཁྲུལ་བའི་གདོན་དང་བགེགས༔ ལུས་སྲོག་ཚེ་ལ་བར་དུ་གཅོད་པའི་འདྲེ༔ ཚེ་རབས་ལན་ཆགས་གླུད་གཏོར་འདི་བཞེས་ལ༔ སྟོང་གསུམ་གླིང་བཞི་སྲིད་པའི་ཕ་མཐར་དེངས༔ གལ་ཏེ་བཀའ་ལས་འདས་ཤིང་འདིར་འཚེ་ན༔ ཡེ་ཤེས་མེ་ཡིས་ཁྱོད་ཀྱི་ལུས་བསྲེགས་ཤིང་༔ བཀའ་འདས་ཆད་པས་ཚེ་རབས་སྡུག་བསྔལ་འགྱུར༔ དེ་བས་གཞན་ཕན་བསམ་སྦྱོར་མ་སྐྱེས་བར༔ འདི་རུ་མ་འདུག་རྒྱ་མཚོའི་ཕ་མཐར་དེངས༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ བསྲུང་བའི་འཁོར་ལོ་འདི་བཞིན་བསྒོམ༔ ཧཱུྃ་ཧྲཱིཿ སེམས་ཀྱི་བྱེད་པོ་ལས་བྱུང་སྲ་བརྟན་གུར༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་དྲ་བས་གཏམས༔ དུས་གསུམ་འཕོ་འགྱུར་མེད་པ་རིག་པའི་གཤིས༔ རང་བྱུང་རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བཛྲ་དྷརྨ་དྷརྟུ་རཀྵ་རཀྵ༔ དཀྱིལ་འཁོར་རྫས་དང་ཡོ་བྱད་ལ༔ བྱིན་ཆེན་དབབ་པའི་རིམ་པ་ནི༔ སྤོས་བསྲེགས་རོལ་མོ་དབྱངས་དང་བཅས༔ གུས་དང་གདུང་བས་ཚིག་འདི་བརྗོད༔ ཨེ་མ་ཧོ༔ ཆོས་དབྱིངས་གཞོན་ནུ་བུམ་སྐུའི་ཕོ་བྲང་ནས༔ བློ་འདས་གདོད་མའི་མགོན་པོས་བྱིན་ཕོབ་ཅིག༔ རང་བཞིན་གསལ་དག་འཇའ་ཟེར་ཐིག་ལེའི་ཀློང་༔ བརྡ་བརྒྱུད་རིག་འཛིན་རྒྱ་མཚོས་བྱིན་ཕོབ་ཅིག༔ རིག་རྩལ་སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ རྒྱ་བོད་གྲུབ་ཆེན་རྗེ་འབངས་བྱིན་ཕོབ་ཅིག༔ སྐུ་གསུམ་དབྱེར་མེད་དཀྱིལ་འཁོར་ཁྱབ་བདག་མཆོག༔ རྗེ་བཙུན་བཞད་པ་རྡོ་རྗེས་བྱིན་ཕོབ་ཅིག༔ རྒྱལ་བའི་བསྟན་སྲུང་གསང་ཆེན་ཆོས་མཛོད་འཆང་༔ ཡེ་ཤེས་མཁའ་འགྲོ་སྡེ་བཞིས་བྱིན་ཕོབ་ཅིག༔ སྒྲུབ་པའི་གནས་འདི་འོག་མིན་དག་པའི་ཞིང་༔ སྒྲུབ་རྫས་ཡོ་བྱད་རང་སྣང་མཆོད་པའི་སྤྲིན༔ འདུས་པའི་མཆེད་ལྕམ་རིག་འཛིན་རོལ་པའི་གར༔ ཐ་མལ་སྣང་ཞེན་དག་པའི་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀིི་ནི་ཧ་ས་བཛྲ་བིདྱཱ་དྷ་ར་ས་མུ་ཏྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་གླུ་ལེན་ཅིང་ཉམས་རྟོགས་སྤར༔ རང་བབས་གཤིས་ཀྱི་ངོ་བོ་སྐྱོང༔ དངོས་གཞི་ཕྱི་ནང་སྣོད་བཅུད་ཀུན༔ དག་པའི་ལྷ་རུ་རྒྱས་འདེབས་ནི༔ ཨེ་མ་ཧོ༔ ཕྱི་སྣོད་མི་དམིགས་རང་བཞིན་སྟོང་པའི་ངང་༔ རྩལ་སྣང་འགག་མེད་བདེ་བ་ཅན་གྱི་ཞིང་༔ བཀོད་ལེགས་ཡིད་འོང་རིན་ཆེན་ཕོ་བྲང་དབུས༔ ནང་བཅུད་དངོས་འཛིན་དབྱིངས་གྲོལ་རིག་པའི་གདངས༔ རང་སེམས་ཨ་ཡིག་སྐྱེ་མེད་ཡི་གེ་མཐིང་༔ དེ་ལས་འོད་འཕྲོས་རབ་འབྱམས་རྒྱལ་བ་མཆོད༔ སེམས་ཅན་སྒྲིབ་སྦྱངས་གཉུག་མའི་ཆོས་དབྱིངས་ཀློང་༔ ཡོངས་གྱུར་གདོད་མའི་རྒྱལ་བ་རྡོ་རྗེ་འཆང་༔ རྗེ་བཙུན་རྒྱལ་པོ་བཞད་པ་རྡོ་རྗེའི་སྐུ༔ སྨུག་ནག་ཁྲོ་འཛུམ་ཞལ་གཅིག་ཕྱག་གཉིས་པ༔ ཁམ་སེར་དབུ་སྐྲའི་ལྕང་ལོ་མཐུར་དུ་གྲོལ༔ རིན་ཆེན་དུང་གི་ཝཾ་མིག་སྙན་རྒྱན་མཛེས༔ ཕྱག་གཡས་ཞལ་འགྲམ་བཏེགས་ཤིང་གཡོན་ཕྱག་གིས༔ བདུད་རྩིའི་ཐོད་པ་ལྟེ་བའི་ཐད་ཀར་འཛིན༔ སྐུ་མདོག་དབང་མདོག་སྒོམ་ཐག་འཁོར་གཅིག་དཀྲིས༔ རས་དཀར་བླ་གོས་དར་སྔོན་ཨང་རག་གསོལ༔ ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་ཚུལ་དུ་བཞུགས༔ དབུ་གཙུག་ཆུ་སྐྱེས་དམར་པོ་འདབ་སྟོང་སྟེང༔ པད་ཉིའི་གདན་ལ་རྒྱལ་ཀུན་འདུས་པའི་དཔྱིད༔ མར་པ་ཆོས་ཀྱི་བློ་གྲོས་སྐུ་མདོག་སྨུག༔ ཞལ་གཅིག་ཁྲོ་འཛུམ་སྣ་ཚོགས་དར་གོས་གསོལ༔ སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཕྱེད་སྐྱིལ་བཞུགས༔ རིན་ཆེན་སྙན་རྒྱན་དབུ་སྐྲ་ལྕང་ལོས་སྒེག༔ འོད་དང་་གཟི་བརྗིད་མུ་མཐའ་མེད་པར་འཕྲོ༔ ཕྱོགས་བཞིའི་འདབ་མར་ཉི་ཟླའི་གདན་ཁྲི་ལ༔ ཤར་དུ་རྡོ་རྗེ་ཌཱཀྐི་སྐུ་མདོག་དཀར༔ ལྷོ་རུ་རིན་ཆེན་ཌཱཀྐི་སྐུ་མདོག་སེར༔ ནུབ་ཏུ་པདྨ་ཌཱཀྐི་སྐུ་མདོག་དམར༔ བྱང་དུ་ལས་ཀྱི་ཌཱཀྐི་སྐུ་མདོག་ལྗང་༔ གཡས་རྣམས་རང་རྟགས་གྲི་གུག་མཁའ་ལ་ཕྱར༔ གཡོན་རྣམས་ཐོད་ཁྲག་ཞབས་རྣམས་གར་སྟབས་མཛད༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་སྤྲས༔ ཐོད་པའི་པྲོག་ཞུ་གནག་སྣུམ་དབུ་སྐྲ་འཁྲོལ༔ མཆན་གཡོན་ཁ་ཊཱཾ་རྩེ་གསུམ་འཁྱུད་ཚུལ་མཛད༔ སྟེང་འོག་ཕྱོགས་མཚམས་བརྒྱུད་གསུམ་བླ་མ་དང༔ རྒྱུད་སྡེ་བཞི་དྲུག་རབ་འབྱམས་ལྷག་པའི་ལྷ༔ མཐའ་བསྐོར་མཁའ་འགྲོ་ཆོས་སྐྱོང་རྡུལ་ལྟར་འཚུབས༔ མ་འདྲེས་ཡོངས་རྫོགས་མཚན་དཔེའི་གཟི་བྱིན་འབར༔ གཙོ་འཁོར་གནས་གསུམ་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་ལས་བྱུང་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་སྐུ་གསུམ་ཞིང་བཞུགས་རྒྱལ་བ་ཀུན༔ རྗེ་བཙུན་བླ་མའི་རྣམ་པར་སྤྱན་དྲངས་ནས༔ རང་ལ་ཐིམ་པའི་མོས་འདུན་དྲག་པོ་ཡིས༔ གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་འདི་བཞིན་བྱ༔ ཨེ་མ་ཧོ༔ སྣ་ཚོགས་སྣང་བའི་ཆོས་ཀུན་སྤྲོས་དང་བྲལ༔ དུས་གསུམ་སྐྱེ་འགག་མེད་པ་གཉུག་མའི་ངང༔ བླང་དོར་འཕོ་འགྱུར་བྲལ་བ་ཆོས་ཀྱི་སྐུ༔ རང་རིག་དོན་གྱི་བླ་མ་རྡོ་རྗེ་འཆང༔ རྣམ་རོལ་མཚན་དཔེའི་ཕྱག་རྒྱ་སྒྱུ་མའི་སྐུ༔ རྗེ་བཙུན་བཞད་པ་རྡོ་རྗེ་སྤྱན་འདྲེན་གཤེགས༔ མགོན་ཁྱོད་བསྐལ་མང་གོང་ནས་སངས་རྒྱས་ཀྱང་༔ གསང་ཆེན་ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར༔ ཚེ་གཅིག་སྒྲུབ་པའི་རྒྱལ་མཚན་རབ་བཙུགས་ནས༔ སྒྲུབ་འབྲས་མངོན་གྱུར་རང་སྣང་དབང་དུ་འདུས༔ གཞན་སྣང་ཟིལ་གནོན་ལྷ་སྲིན་བྲན་དུ་བཀོལ༔ འབྲེལ་ཚད་དོན་ལྡན་འགྲོ་བའི་དེད་དཔོན་མཆོག༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་ནས་ཀྱང༔ མ་དག་ཐ་མལ་སྣང་ཞེན་ལུས་ངག་ཡིད༔ རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་བརླབས་ནས༔ མཆོག་ཐུན་དངོས་གྲུབ་དུས་འདིར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་ཧ་ས་བཛྲ་དྷེ་ཝ་ཌཱཀྐི་ནི་བཛྲ་ས་མ་ཡཱ་ཛ་ཛཿ བདག་དང་སྒྲུབ་རྫས་དམ་ཚིག་པར༔ རྟག་ཏུ་བརྟན་བཞུགས་གསོལ་འདེབས་ནི༔ ཨེ་མ་ཧོ༔ ཀུན་བཟང་སྒྱུ་མའི་ལྷར་སྣང་དམ་ཚིག་པར༔ དག་ཆེན་ཡེ་ཤེས་སྒྱུ་མ་དོན་གྱི་ལྷར༔ ཡེ་ནས་འདུ་འབྲལ་མེད་ཀྱང་གློ་བུར་དུ༔ འཁྲུལ་བའི་སྒྲིབ་པ་བསལ་ནས་སྐུ་གསུམ་གྱི༔ རང་བྱུང་རང་ཞལ་མངོན་དུ་མཇལ་བའི་ཕྱིར༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ས་མ་ཡཱ་ཏིཥྛ་ལྷན༔ ལྷ་ལ་བརྡ་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ ཡེ་ནས་འདུ་འབྲལ་མེད་པའི་ཡེ་ཤེས་ལྷར༔ ཕྱག་མཆོད་སྲིད་ཞིའི་རྟོག་པ་མི་མངའ་ཡང་༔ རྟེན་འབྲེལ་རྒྱུ་འབྲས་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ སྒོ་གསུམ་གུས་པས་རྟག་ཏུ་ཕྱག་བགྱི་འོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པའི་བྱེ་བྲག་ལ༔ ཕྱི་ནང་གསང་བ་ཡང་གསང་བཞི༔ ཨེ་མ་ཧོ༔ ཕྱི་སྣོད་དངོས་འཛིན་ཞེན་པ་ཡོངས་དག་ཕྱིར༔ མཛེས་པའི་མེ་ཏོག་སྙན་བརྗིད་རོལ་མོའི་སྒྲ༔ དྲི་ཞིམ་བདུག་སྤོས་གསལ་བྱེད་སྣང་བའི་སྒྲོན༔ དྲི་བཟང་བྱུག་པ་རོ་ལྡན་ལྷ་ཡི་ཟས༔ མཆོག་གསུམ་ཀུན་འདུས་རྗེ་བཙུན་བླ་མ་ལ༔ སྒོ་གསུམ་གུས་པ་ཆེན་པོས་བདག་འབུལ་ན༔ དུས་ཀུན་བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏིཥྩ་ཨཱཿཧཱུྃ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཨེ་མ་ཧོ༔ ཆོས་ཀུན་མཉམ་པར་རྟོགས་པའི་ཨ་མྲྀ་ཏ༔ ཆགས་བྲལ་རང་བྱུང་བདེ་སྟོང་ཟུང་འཇུག་ཁྲག༔ འཁོར་འདས་དབྱིངས་གྲོལ་དམ་རྫས་བྷ་ལིང་ཏ༔ གསང་ཆེན་རྫས་ཀྱི་མཆོད་པ་འབུལ་ལོ་བཞེས༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ གསང་བའི་མཆོད་པ་འབུལ་བ་ནི༔ ཨེ་མ་ཧོ༔ ཡུལ་དྲུག་རང་བྱུང་ཡུམ་གྱི་མཁའ་དབྱིངས་སུ༔ ཚོགས་དྲུག་ཞེན་བྲལ་བདེ་སྟོང་མཉམ་པའི་ངང་༔ ཟུང་འཇུག་གསང་བའི་མཆོད་པ་ཆེན་པོར་འབུལ༔ སྲིད་ཞི་རང་གྲོལ་ཀློང་དུ་བཞེས་སུ་གསོལ༔ མ་ཧཱ་མུ་ཏྲ་པུ་ཛ་ཧོ༔ རང་བྱུང་དོན་གྱི་མཆོད་པ་ནི༔ ཨེ་མ་ཧོ༔ གཏི་མུག་འོད་གསལ་རང་བྱུང་ཆོས་སྐུའི་ཀློང་༔ འདོད་ཆགས་མ་སྤངས་རང་དག་བདེ་བ་ཆེ༔ ཞེ་སྡང་ཤར་གྲོལ་གསལ་སྟོང་མཉམ་ཉིད་ངང་༔ དུག་གསུམ་ཡེ་ཤེས་ལྔར་གྲོལ་མཆོད་པ་བཞེས༔ དྷརྨ་དྷརྟུ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡཱ་ཨ་ལ་ལ་ཧོ༔ དེ་ནས་སྐུ་གསུང་ཐུགས་ལ་བསྟོད་པ་ནི༔ ཨེ་མ་ཧོ༔ མི་ཤིགས་རྡོ་རྗེའི་སྐུ་ནི་འགྱུར་བ་མེད༔ མི་དམིགས་རྒྱལ་བའི་གསུང་ནི་འགགས་པ་མེད༔ བློ་འདས་མཁྱེན་བརྩེའི་ཐུགས་ནི་འཁྲུལ་བ་མེད༔ བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ ཐོས་པའི་ནོར་གྱིས་མི་སྙེམས་ཟབ་དོན་བསྒོམ༔ སྒོམ་པ་ཞེན་བྲལ་གང་སྣང་སྒྱུ་མར་རྟོགས༔ སྲིད་ལ་མི་གནས་འཁོར་བའི་སྐྱོན་མཚང་རིག༔ ཞི་མཐར་ཞེན་བྲལ་འགྲོ་ཀུན་ཐུགས་རྗེས་སྐྱོང་༔ རྩ་གསུམ་ཀུན་འདུས་བཞད་པ་རྡོ་རྗེ་ལ༔ སྙིང་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཚད་མེད་བཞི་དང་ཕ་རོལ་ཕྱིན་པ་དྲུག༔ ས་བཅུ་ལམ་ལྔའི་ཡོན་ཏན་མངོན་གྱུར་ནས༔ རྣམ་འདྲེན་རྒྱལ་བ་ཀུན་དང་རོ་གཅིག་པའི༔ རིག་འཛིན་ཀུན་འདུས་བླ་མར་ཕྱག་འཚལ་བསྟོད༔ ཉོན་མོངས་ཞི་མཛད་རྡོ་རྗེ་ཌཱཀྐི་མ༔ ཉམས་རྟོགས་གོང་འཕེལ་རིན་ཆེན་མཁའ་འགྲོར་སྣང་༔ འཁོར་འདས་དབང་སྡུད་པདྨ་མཁའ་འགྲོར་སྤྲུལ༔ ཡོན་ཏན་ལྷུན་གྲུབ་ལས་ཀྱི་དཔའ་མོར་ཤར༔ ཕྲིན་ལས་བཞི་སྒྲུབ་མཁའ་འགྲོ་བཞི་ལ་བསྟོད༔ དངོས་གཞིའི་རྩ་བ་བསྙེན་པ་སྟེ༔ བསྙེན་དང་སྒྲུབ་དང་སྒྲུབ་པའོ༔ དེ་ཡི་དང་པོ་འདི་བཞིན་ནོ༔ རང་གི་ཐུགས་ཀར་པདྨ་ཟླ་བའི་སྟེང༔ འོད་ལྔའི་ཐིག་ལེ་མུ་ཁྱུད་ལྔ་རུ་མཛེས༔ ལྟེ་བ་དྭངས་གསལ་སྒྲིབ་མེད་ཡི་གེ་ཨ༔ མཐིང་གསལ་ནམ་མཁའི་མདོག་ཅན་བཀྲག་མདངས་འཚེར༔ གཡས་བསྐོར་ཚུལ་དུ་སྔགས་རྣམས་གྱེན་འགྲེང་འཁོར༔ མོས་གུས་གདུང་བའི་གསོལ་འདེབས་ཚུལ་ཉིད་དུ༔ མ་ཡེངས་སྔགས་ཀྱི་རྒྱལ་པོ་འདི་ལ་འབད༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་རཏྣ་ཡོ་ག་ཧ་ས་བཛྲ་སརྦ་སིདྡྷི་ཧཱུྃ༔ སྒྲུབ་པའི་དུས་སུ་དམིགས་པ་འདི་བཞིན་བསྒོམས༔ ཐུགས་སྲོག་སྔགས་དང་སྐུ་ཡི་ཆ་རྣམས་ལས༔ བདུད་རྩི་དཀར་དམར་མཐིང་གསུམ་ཆར་རྒྱུན་བབས༔ བདག་གཞན་ཉམས་ཆག་རྟོག་སྒྲིབ་དྲི་མ་བཀྲུས༔ ལས་དང་ཉོན་མོངས་བག་ཆགས་དབྱིངས་སུ་གྲོལ༔ མུན་ནག་ཀློང་དུ་ཉི་མ་ཤར་བ་ལྟར༔ ཉམས་རྟོགས་གདོད་མའི་ཆོས་དབྱིངས་མངོན་གྱུར་བསམ༔ སྔགས་ཀྱི་ཤམ་བུར་འདི་ཉིད་བཏགས་༔ མ་ཧཱ་མུ་ཏྲ་དྷརྨ་དྷརྟུ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ ལས་སྦྱོར་འཕྲོ་འདུ་འདི་བཞིན་བྱ༔ བདག་ཉིད་ཆེན་པོ་རྗེ་བཙུན་ཐུགས་ཀ་ནས༔ དཀར་སེར་དམར་ལྗང་ལས་བཞིའི་འོད་ཟེར་འཕྲོས༔ རིགས་བཞིའི་མཁའ་འགྲོ་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ ལྷ་འདྲེ་མི་གསུམ་སྡེ་བརྒྱད་བྲན་ཏུ་འཁོལ༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་གྲོགས་སུ་འདུས༔ འཁོར་འདས་ཀུན་ལ་དབང་བསྒྱུར་ཆེ་བའི་རྒྱལ༔ གསལ་སྣང་ང་རྒྱལ་བརྟན་པས་སྔགས་འདི་བགྲང་༔ གོང་གི་སྔགས་ཤམ་ཁ་བསྒྱུར་ནི༔ ཧ་རི་ནི་ས་ཤནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཕཊ༔ ཅེས་པ་བཟླས་གྲངས་མཚན་མའི་བསྙེན༔ བདུན་གསུམ་ཟླ་གསུམ་དབང་པོ་སྦྱར༔ འབུམ་བདུན་ལྔ་གསུམ་གྲངས་ཀྱི་ཚད༔ ཞལ་མཇལ་གསུང་ཐོས་ཉམས་རྟོགས་འཕེལ༔ ས་ལམ་ཡོན་ཏན་རིམ་གྱིས་བགྲོད༔ མཎྜ་གུ་ཧྱ་ས་མ་ཡཱ༔ རྗེས་ལ་ཚོགས་ཀྱི་རིམ་པ་ནི༔ སྲིད་པའི་བཟའ་བཏུང་ཤ་དང་ཆང་༔ ཟན་དང་ཁུར་བ་མངར་གསུམ་དང་༔ སྤང་ལས་སྐྱེས་པའི་སྔོ་དང་ལྡུམ༔ བླང་དོར་མེད་པའི་རྫས་རྣམས་ལ༔ ཟག་མེད་བདུད་རྩིའི་རང་བཞིན་དུ༔ ཤེས་པས་ཀུན་བཟང་མཆོད་སྤྲིན་སྤེལ༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་རྗེ་བཙུན་བླ་མའི་སྐུར་གསལ་བའི༔ ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་རྫས་ལ་ཕོག༔ མ་དག་དངོས་འཛིན་དྲི་མ་བསྲེགས་གཏོར་བཀྲུས༔ ཨོཾ་འཕྲོས་སྣོད་རྣམས་རིན་པོ་ཆེ་རུ་གྱུར༔ ཨཱཿའཕྲོས་བཅུད་རྣམས་ཟག་མེད་བདུད་རྩིར་གྱུར༔ ཧཱུྃ་འཕྲོས་ཀུན་བཟང་མཆོད་པའི་སྤྲིན་དུ་སྤེལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ་ཧོ༔ རང་བཞིན་སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་ཐམས་ཅད་དང་༔ ཁྱད་པར་རྗེ་བཙུན་བཞད་པ་རྡོ་རྗེ་ལ༔ མར་མི་དྭགས་གསུམ་བཀའ་བརྒྱུད་བླ་མ་དང་༔ གནས་གསུམ་དཔའ་བོ་ཌཱཀྐིའི་ཚོགས་ཀྱིས་བསྐོར༔ རྒྱུད་སྡེ་དྲུག་གི་ལྷ་ཚོགས་སྤྲིན་ལྟར་གཏིབས༔ ཚོགས་ཞིང་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དགྱེས་པའི་ཐུགས་ཀྱིས་གནས་འདིར་གཤེགས་པའི་ཚེ༔ རིན་ཆེན་སྣ་ཚོགས་རུས་རྒྱན་ཁྲོ་ལོ་ལོ༔ དབུ་སྐྲ་ཐོར་ཅོག་དར་དཔྱངས་པུ་རུ་རུ༔ དཔའ་བོ་མཁའ་འགྲོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ གནས་འདིར་སྤྱན་འདྲེན་རྫུ་འཕྲུལ་སྣ་ཚོགས་ཀྱི༔ སྤྲུལ་བསྒྱུར་ཅིར་ཡང་ངོམ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧ་ས་བཛྲ་དྷེ་ཝ་ཌཱཀྐི་དྷརྨ་པ་ལ་བཛྲ་ས་མ་ཡཱ་ཛཿཛཿ དང་པོ་ཚོགས་ཕུད་འབུལ་བ་ནི༔ ཨེ་མ་ཧོ༔ ཕྱི་ནང་སྣོད་བཅུད་ཚོགས་ཀྱི་ཡོ་བྱད་རྫས༔ མི་ཟད་འདོད་དགུའི་གཏེར་དུ་བྱིན་བརླབས་ནས༔ ཚོགས་ཞིང་རྒྱལ་བ་སྲས་བཅས་ཐམས་ཅད་དང་༔ ཁྱད་པར་བརྒྱུད་གསུམ་བླ་མའི་སྤྱི་གཟུགས་མཆོག༔ རྗེ་བཙུན་བཞད་པ་རྡོ་རྗེ་འཁོར་བཅས་ལ༔ ཚོགས་གཉིས་རྫོགས་ཕྱིར་གུས་པས་མཆོད་པ་འབུལ༔ འགྲོ་བའི་དོན་ཕྱིར་དགྱེས་བཞིན་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧ་ས་བཛྲ་སརྦ་པུ་ཛ་ཧོ༔ གཉིས་པ་ཚོགས་བཤགས་བྱ་བ་ནི༔ ཨེ་མ་ཧོ༔ སྡོམ་པ་གསུམ་གྱི་ཉམས་ཆག་མ་ལུས་པ༔ སྙིང་ནས་འགྱོད་པ་དྲག་པོས་བཤགས་ཤིང་སྡོམ༔ སྨན་རཀ་གཏོར་གསུམ་མར་མེའི་མདངས་ཀྱིས་བསྐང༔ མི་འཆབ་མི་སྦེད་དག་ཚངས་དངོས་གྲུབ་སྩོལ༔ ལས་དང་ཉོན་མོངས་བག་ཆགས་གླུད་གཏོར་ཀུན༔ ཆོས་དབྱིངས་བརྗོད་བྲལ་ཀློང་དུ་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་བཟླ་ཞིང་མཉམ་པར་འཇོག༔ ཚོགས་རྫས་ཐ་མ་དགྲ་བགེགས་དངོས་སུ་བསམ༔ ཧཱུྃ་ཧཱུྃ༔ རྣམ་གྲོལ་ཐར་པའི་ལམ་ལ་བར་ཆད་བགེགས༔ ཡེ་ཤེས་རང་རིག་ལྕགས་ཀྱུས་བཀུག་ཅིང་འཆིངས༔ ཟག་བྲལ་བདུད་རྩིས་མྱོས་ཤིང་རྣམ་ཤེས་སྤར༔ ཕུང་ཁམས་འདོད་ཡོན་ལྔ་ཡི་རྫས་སུ་འབུལ༔ སྒྲིབ་བྲལ་ཚོགས་རྫོགས་གཞན་དོན་ལྷུན་གྲུབ་མཛོད༔ བསྒྲལ་མཐའ་བདེ་སྟོང་མཉམ་རོལ་ཀློང་དུ་ཨ༔ དེ་ནས་གཡས་སུ་བཟའ་བ་དང༔ གཡོན་གྱི་བཏུང་བ་བསྣོལ་མར་འབུལ༔ ཨེ་མ་ཧོ༔ སྲིད་པའི་བཟའ་བཏུང་ཐབས་ཤེས་ཟུང་འཇུག་རྫས༔ བདེ་སྟོང་ཡེ་ཤེས་དབང་བཞིའི་དམ་ཚིག་རྫས༔ རྟོག་བྲལ་མཉམ་ཉིད་བདེ་བ་ཆེན་པོར་བཞེས༔ ཆོས་ཉིད་དེ་བཞིན་དབྱིངས་ལ་གུས་ཕྱག་འཚལ༔ སློབ་མས་འབུལ་ཞིང་བླ་མས་བླངས༔ ཨ་ལ་ལ་ཧོ༔ ཞེས་བརྗོད་དབང་བཞིའི་དམ་ཚིག་བཞིན༔ ཟས་ཀྱི་རྣལ་འབྱོར་མཆོག་ལ་བརྩོན༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཞལ་ཆབ་བྲན་ཅིང་བདུད་རྩིར་བརླབས༔ ཕེམ་གྱིས་སྤྱན་དྲངས་འདི་བཞིན་བརྗོད༔ ཨེ་མ་ཧོ༔ རྩ་གསུམ་དཀྱིལ་འཁོར་མཐའ་ཉུལ་ལྷག་མ་ལེན༔ དམ་ལྡན་སྐྱོང་ཞིང་དམ་ཉམས་སྒྲོལ་བའི་གཤེད༔ མ་བདུན་སྲིང་བཞི་འབར་མ་བརྒྱད་རྣམས་དང་༔ ལིང་བ་བྲག་གི་སྲིན་མོ་ལ་སོགས་པ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཁྱེད་རྣམས་བཀའ་ཡི་ཕ་འབབ་ལྷག་མ་ལོངས༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཨུཥྩི་ཊ་བ་ལིང་ཏ་ཁཱ་ཧི༔ ཐུགས་རྗེ་འགྲོ་ལ་བསྐུལ་བ་ནི༔ ཨེ་མ་ཧོ༔ ཆོས་དབྱིངས་སྤྲོས་བྲལ་གཞོན་ནུ་བུམ་སྐུའི་ཀློང༔ ཀུན་བརྟགས་གཞན་དོན་དམིགས་པ་མི་མངའ་ཡང༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར༔ གང་འདོད་རེ་བ་སྐོང་བའི་སྨོན་ལམ་མཐུ༔ རྟག་ཁྱབ་ལྷུན་གྲུབ་ཐུགས་རྗེ་རྒྱུད་བསྐུལ་ནས༔ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ༔ སྙིགས་དུས་ནད་མུག་མཚོན་འཁྲུག་སྡུག་བསྔལ་གྱིས༔ འགྲོ་རྣམས་ཤིན་ཏུ་གཟིར་བས་ཉམ་ཐག་ཚེ༔ རྗེ་བཙུན་བླ་མ་ཆོས་ཀྱི་དབྱིངས་ཉིད་ལས༔ གཟུགས་སྐུས་འགྲོ་བའི་སྡུག་བསྔལ་མ་ལུས་པ༔ ད་ལྟ་མིག་འཕྲུལ་བཞིན་དུ་བསལ་དུ་གསོལ༔ ལོག་འདྲེན་བདུད་སྡེ་ཐུགས་བསྐྱེད་དཔའ་ཟིལ་གྱིས༔ རྡུལ་ཕྲན་གཏོར་བཞིན་ལྷག་མེད་མཛད་དུ་གསོལ༔ ཅེས་བསྐུལ་ཆད་མདོ་བྱ་བ་ནི༔ ཨེ་མ་ཧོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་དབྱིངས་ཁྱབ་བརྡལ་ཕོ་བྲང་དུ༔ ཀུན་བཟང་ཆོས་སྐུའི་སྟོན་པ་གཙོ་འཁོར་གྱིས༔ རང་བབས་ཀློང་དུ་རང་དམ་བཅས་པ་བཞིན༔ འཁོར་འདས་གཞི་གྲོལ་དགོངས་པ་མཐར་ཕྱིན་མཛོད༔ དེ་འོག་རང་སྣང་སྤྲུལ་པའི་ཞིང་ཁམས་ལྔར༔ རིགས་ལྔའི་སྟོན་པས་རིགས་ཀྱི་སེམས་དཔའ་ལ༔ རང་གསལ་ས་ལམ་སྒྲིབ་བྲལ་ཆོས་བསྟན་ཚེ༔ རྣམ་གྲོལ་ཡེ་ཤེས་ལྷག་མཐོང་འཕགས་མཆོག་གིས༔ བརྡ་བརྒྱུད་འགྲོ་དོན་རང་དམ་བཅས་པ་བཞིན༔ སྒྲིབ་བྲལ་འཕགས་པའི་དགོངས་དོན་མངོན་གྱུར་མཛོད༔ དེ་འོག་རྒྱལ་དང་དེ་སྲས་རིག་འཛིན་དང༔ ཁྱད་པར་གངས་ཅན་བོད་ཀྱི་ཡུལ་ལྗོངས་འདིར༔ གྲུབ་པའི་སྤྱི་མེས་མར་པ་ཆོས་བློ་ཞེས༔ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཉིད༔ ཤ་ཁྲག་ལུས་སྤྲུལ་སློབ་མ་སྐྱེས་བུའི་མཆོག༔ མི་ལ་བཞད་པ་རྡོ་རྗེར་སྙན་བརྒྱུད་ཀྱི༔ ཟབ་གནད་བསྟན་བཞིན་སྒྲུབ་ལ་བརྩོན་པའི་མཐུས༔ སྐུ་ཚེ་དེ་རུ་ཧེ་རུ་ཀ་དཔལ་དང་༔ དབྱེར་མེད་འགྲོ་དོན་མཐའ་རུ་ཕྱིན་པར་མཛོད༔ སྨན་བཙུན་མཁའ་འགྲོ་ཚེ་རིང་མཆེད་ལྔ་དང༔ ལྷ་སྲིན་སྡེ་བརྒྱད་མ་ལུས་དབང་བསྡུས་ནས༔ སྒྲུབ་བརྒྱུད་བསྟན་པ་ཉིན་མོར་མཛད་པའི་ཚེ༔ དམ་ལྡན་ཚེ་བསྲིང་ཉམས་རྟོགས་འཕེལ་བ་དང་༔ ལོག་འདྲེན་འདུལ་བར་ཁས་བླངས་དམ་བཅས་བཞིན༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧྲཱིཿ དེ་འོག་ཤིན་ཏུ་རྩོད་ལྡན་སྙིགས་མའི་དུས༔ མཚོ་རྒྱལ་རྗེ་དང་ཨོ་རྒྱན་ཆེན་པོ་ཡི༔ གང་འདུལ་སྤྲུལ་པ་དམན་པའི་གཟུགས་འཛིན་པ༔ སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་པ་དང༔ སློབ་མ་ལུང་ཟིན་གྲུབ་པའི་མཚན་ཅན་ལ༔ བྱིན་རླབས་དག་སྣང་ཟབ་ཆོས་བརྡའ་འགྲོལ་ཚེ༔ སྒྲུབ་བརྩོན་གང་ཟག་ཚེ་མཐར་ཕྱིན་པ་དང༔ ཉམས་རྟོགས་ས་ལམ་གོང་འཕེལ་གྲོགས་མཛད་ཅེས༔ ཇི་ལྟར་དམ་བཅས་སྲུང་མ་སྤྱི་དང་ནི༔ ཁྱད་པར་སྨན་བཙུན་མཆེད་ལྔས་ཞལ་བཞེས་བཞིན༔ རྣམ་བཞིའི་ཕྲིན་ལས་གང་བརྩམས་འགྲུབ་པར་མཛོད༔ སརྦ་བྷ་ལིང་ཏ་ཁཱ་ཧི༔ བསྟན་མའི་གཏོར་མ་འབུལ་བ་ནི༔ ཨེ་མ་ཧོ༔ ཤེས་བྱ་རྟོགས་པས་རང་རྒྱུད་སྙེམས་མིན་པར༔ རང་བབས་གཤིས་ཀྱི་དགོངས་དོན་ཟབ་གནད་མཐུས༔ ཇི་བཞིན་མངོན་གྱུར་རྗེ་བཙུན་མི་ལ་ཡི༔ དུས་སྦྱོར་བཅུ་གཉིས་གནས་དག་བུ་མོའི་གཟུགས༔ བསྟན་མ་བཅུ་གཉིས་བཤལ་ཆུའི་གཏོར་མ་བཞེས༔ མ་དག་རྩ་ཡི་མདུད་རྒྱ་དབྱིངས་སུ་ཁྲོལ༔ ཐ་མལ་ལས་རླུང་བུམ་པའི་སྦུབས་སུ་སྣུབས༔ ཀུན་རྫོབ་ཐིག་ལེ་ཟག་མེད་བདུད་རྩིར་སྦྱོར༔ དོན་དམ་ཆོས་སྐུའི་རྒྱལ་སར་དབུགས་དབྱུང་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧི༔ དམ་སྲི་གཏོར་བྲོའི་འོག་ཏུ་འགུག་གཞུག་སྟེ༔ མནན་པ་བྱས་ལ་བྲོ་བརྡུང་འདི་བཞིན་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་བརྟགས་གློ་བུར་འཁྲུལ་བ་དམ་སྲིའི་ཚོགས༔ རིག་པ་ཡེ་ཤེས་མཁའ་འགྲོའི་བྲོ་ར་འཁྲབ༔ མནན་ནོ་སྟོང་ཆེན་རི་རབ་གླིང་བཞིའི་འོག༔ ནམ་ཡང་ཐར་བ་མེད་པའི་རྒྱས་གདབ་བོ༔ སྐུ་གསུམ་རིག་པ་ཡེ་ཤེས་ཆོས་སྐུའི་ཀློང་༔ བརྗོད་བྲལ་ཡེ་བབ་ཀློང་དུ་ཨ་ལ་ལ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭ་ལཾ༔ ཧཱ་ལཾ༔ སྟྭཾ་བྷ་ཡ་ནན༔ རྗེས་ལ་མཆོད་བསྟོད་དངོས་གྲུབ་ལེན་པ་ནི༔ ཨེ་མ་ཧོ༔ ཐ་མལ་ལུས་ཀྱི་སྣང་ཞེན་ལྷ་སྐུར་སྦྱངས༔ མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐུ་རུ་འགྲུབ༔ རྫུ་འཕྲུལ་ཤུགས་ཀྱིས་གང་འདུལ་གཟུགས་སུ་སྣང་༔ རྗེ་བཙུན་བླ་མའི་སྐུ་ཡི་དངོས་གྲུབ་སྩོལ༔ ཐ་མལ་རླུང་ལྔ་འབྱུང་འཇུག་སྔགས་སུ་སྦྱངས༔ ཡེ་ཤེས་ལྔ་གྲོལ་དོན་དམ་ཚངས་པའི་དབྱངས༔ གང་འདུལ་སྒྲ་སྐད་ཐོས་པས་སྲིད་ལས་གྲོལ༔ རྗེ་བཙུན་བླ་མའི་གསུང་གི་དངོས་གྲུབ་སྩོལ༔ ཇི་སྙེད་མཁྱེན་པས་ཤེས་བྱ་མ་ལུས་གཟིགས༔ བརྩེ་ཆེན་ཐུགས་ཀྱིས་འགྲོ་ལ་བུ་བཞིན་དགོངས༔ འགྲོ་ལ་ཕན་བདེའི་དཔལ་ཡོན་འབྱུང་བའི་གཞི༔ རྗེ་བཙུན་བླ་མའི་ཐུགས་ཀྱི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་དུ་འདི་བཞིན་བརྗོད༔ ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ སྒྲུབ་རྫས་གནས་གསུམ་གཏུག་ཅིང་མྱོང་༔ དེ་ནས་ནོངས་པ་བཤགས་པ་ནི༔ ཧོ༔ གློ་བུར་འཁྲུལ་བས་བསླུས་པ་གཞན་དབང་གིས༔ མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ༔ བཅས་དང་རང་བཞིན་དམ་སྡོམ་ལས་འགལ་བ༔ རྩ་གསུམ་ལྷ་ཚོགས་སྤྱན་སྔར་གནོང་འགྱོད་བློས༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ སླན་ཆད་མི་བགྱིད་དག་ཚངས་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བཟླ་བཞིན་དུ༔ ཉེས་ལྟུང་སྡིག་པའི་རང་བཞིན་ནི༔ སྐྱེ་འགག་བྲལ་བའི་དོན་ལ་བལྟ༔ རྗེས་སུ་བསྡུ་རིམ་བྱ་བ་ནི༔ ཨཱཿ ཕྱི་སྣོད་འོད་ཞུ་ནང་བཅུད་ལྷ་ལ་ཐིམ༔ དེ་ཡང་འོད་ཞུ་གཙོ་བོའི་ཐུགས་སྲོག་ལ༔ དམིགས་མེད་བརྗོད་བྲལ་སྟོང་ཆེན་དབྱིངས་སུ་ཨཱཿ དེ་ཡང་ལྷར་ལྡང་གནས་བསྲུང་བྱ་བ་ནི༔ སླར་ཡང་རྗེས་ཐོབ་གཉུག་མའི་ཧེ་རུ་ཀ༔ གཞན་སྣང་ཟིལ་གནོན་རྗེ་བཙུན་བླ་མའི་སྐུའི༔ གནས་ལྔར་རིགས་ལྔའི་ཕྱག་མཚན་ཡིག་འབྲུས་མཚན༔ དུག་ལྔའི་གདོན་གྱིས་ནམ་ཡང་གླགས་མི་རྙེད༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་རཀྵ་རཀྵ་བྷྲུཾ༔ དེ་ནས་བསྔོ་སྨོན་རྒྱས་གདབ་ནི༔ ཨེ་མ་ཧོ༔ སྔོན་འདས་དུས་ནས་ད་ལྟའི་བར་དག་ཏུ༔ སྐྱབས་མཆོག་བླ་མ་བསྒྲུབ་དང་མཆོད་བསྟོད་དང་༔ ཆོས་སྤྱོད་བཅུ་ཡི་ལས་རྣམས་ཅི་བསགས་པ༔ མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ ཕངས་མེད་བློ་ཡིས་རྩེ་གཅིག་བསྔོ་བར་བྱ༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཨེ་མ་ཧོ༔ མཁའ་ཁྱབ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ གསལ་དག་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་འགག་མེད་རྣམ་འདྲེན་སྤྲུལ་པའི་སྐུ༔ གྲུབ་ཆེན་བཞད་པ་རྡོ་རྗེའི་བཀྲ་ཤིས་ཤོག༔ ལས་འཕྲོའི་དབང་གིས་སྙན་བརྒྱུད་ཆོས་དང་འཕྲད༔ བརྩོན་འགྲུས་དྲག་པོས་ཚེ་གཅིག་སྲིད་ལས་བརྒལ༔ ངོ་མཚར་གྲུབ་འབྲས་གཞན་སྣང་ཟིལ་གྱིས་གནོན༔ བླ་མ་རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག༔ ཁྱོད་མཚན་རྣ་བར་ལན་ཅིག་སོན་པས་ཀྱང་༔ མངོན་དགའི་ཞིང་དུ་དབུགས་དབྱུང་མཛད་དོ་ཞེས༔ ཐུགས་བསྐྱེད་ཞལ་བཞེས་བསླུ་བ་མེད་པ་བཞིན༔ མཐོང་ཐོས་དྲན་རེག་གྲོལ་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་སིལ་མ་བཀྲམ༔ འདི་ལྟར་ཤིན་ཏུ་ཟབ་པའི་ཆོས༔ ཡང་གསང་བླ་མའི་སྒྲུབ་པ་འདི༔ འོག་མིན་གནས་སུ་ཀུན་བཟང་དང་༔ རིགས་ལྔའི་ཞིང་དུ་རྡོར་སེམས་དང་༔ གང་འདུལ་སྤྲུལ་མཛད་མི་ལ་རྗེ༔ སོ་སོ་མ་ཡིན་ཐ་མི་དད༔ དེ་ཕྱིར་འདི་ཉིད་ཉམས་བླངས་ན༔ མི་དགེའི་ལས་སྒྲིབ་ཀུན་དག་ཅིང་༔ ཉམས་རྟོགས་ས་ལམ་ཡོན་ཏན་འཕེལ༔ མཐར་ཐུག་མངོན་དགའི་ཞིང་དུ་འཕོ༔ རྫོགས་སངས་རྒྱས་ལ་སོམ་ཉི་བྲལ༔ འདི་ནི་དག་སྣང་ཟབ་མོའི་མཐུས༔ རྗེ་བཙུན་མི་ལས་བྱིན་བརླབས་པའི༔ ངོ་མཚར་རྟགས་མཚན་མངོན་དུ་གྱུར༔ སྙིང་ལ་གབ་རྒྱས་བཏབ་ན་ཡང་༔ སྔོན་སྨོན་དུས་བབས་ལས་འཕྲོ་ཅན༔ ཛཱ་ཡ་མ་ཏིའི་རྣམ་རོལ་མཆོག༔ རྣམ་འདྲེན་གྲུབ་པའི་མིང་ཅན་གྱིས༔ བསྐུལ་ངོར་སྐལ་ལྡན་ལུང་རིག་གླིང་༔ ཡང་ཟབ་དགོངས་པའི་གསང་མཛོད་ནས༔ བརྗོད་བྲལ་དོན་གྱི་བརྡ་རིས་ལས༔ ཀུན་རྫོབ་ཡི་གེའི་ལམ་དུ་སྤེལ༔ ས་མ་ཡཱ༔ གུ་ཧྱ༔


previousརྗེ་བཙུན་སྒྲུབ་པའི་ཟབ་ཏིག་མཁའ་འགྲོའི་གསང་མཛོད་གཏེར་གྱི་བུམ་པ།next