Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་ཆེན་བཞི་པའི་བླ་སྒྲུབ་ཐར་བ་མཆོག་གི་གྲུ་ཆེན།
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་བཞི་པའི་བླ་སྒྲུབ་ཐར་བ་མཆོག་གི་གྲུ་ཆེན།next

རྫོགས་ཆེན་བཞི་པའི་བླ་སྒྲུབ་ཐར་བ་མཆོག་གི་གྲུ་ཆེན།

༄༅། གྲུབ་དབང་རྫོགས་ཆེན་བཞི་པའི་བླ་སྒྲུབ་ཐར་བ་མཆོག་གི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་རཏྣ་ཡེ། དུས་གསུམ་རྒྱལ་བའི་དགོངས་པ་དང་། །དབྱེར་མེད་རིགས་ཀྱི་བདག་པོ་མཆོག །གྲུབ་དབང་རྫོགས་ཆེན་བཞི་པ་ཡི། །སྒྲུབ་ཐབས་ཐར་པའི་གྲུ་ཆེན་སྤེལ། །དང་པོ་ཁྱེད་ཤེས་དད་པའི་བློས། །སྐྱབས་འགྲོའི་རིམ་པ་འདི་ལྟར་བྱ། །ན་མོ། དེང་ནས་བྱང་ཆུབ་མ་ཐོབ་བར། །དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་རྡོ་རྗེ་འཛིན་པ་ལ། །བདག་གཞན་འགྲོ་རྣམས་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་སངས་རྒྱས་ཀྱི། །གོ་འཕང་སྒྲུབ་ཕྱིར་སེམས་བསྐྱེད་ནི། །འགྲོ་རྣམས་སངས་རྒྱས་ཐོབ་བྱའི་ཕྱིར། །རྒྱལ་ཀུན་ངོ་བོ་རྫོགས་ཆེན་པ། །མི་འགྱུར་ནམ་མཁའི་རྡོ་རྗེ་ཡི། །རྣལ་འབྱོར་བསྒོམ་ལ་བརྩོན་པར་བྱ། །སྐྱབས་སེམས་སྔོན་དུ་སོང་རྗེས་སུ། །དངོས་གཞི་བླ་མའི་རྣལ་འབྱོར་ནི། །རང་ཉིད་སྤྱི་བོར་རིན་ཆེན་ཁྲི། །སྣ་ཚོགས་ཆུ་སྐྱེས་འདབ་སྟོང་དབུས། །ཉ་གང་ཟླ་བའི་གདན་སྟེང་དུ། །ཨོ་རྒྱན་པདྨ་ཐོད་ཕྲེང་དང་། །དབྱེར་མེད་རྫོགས་ཆེན་སྤྲུལ་པའི་སྐུ། །མི་འགྱུར་ནམ་མཁའི་རྡོ་རྗེ་ཡི། །གདན་གསུམ་དཀྱིལ་འཁོར་དྲན་རྫོགས་སུ། །ཐབས་ཤེས་ཟུང་འཇུག་དཀར་དམར་མདངས། །ཞལ་གཅིག་དགྱེས་ཤིང་འཛུམ་པའི་ཚུལ། །ཕྱག་གཉིས་མཉམ་བཞག་འཆི་མེད་ཀྱི། །ཚེ་བུམ་བདུད་རྩིའི་བཀང་བ་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྐུ་ལ་ཆོས་གོས་རྣམ་གསུམ་ཀླུབས། །པདྨ་མཐོང་གྲོལ་རྡོ་རྗེ་དང་། །རྒོད་སྒྲོས་བརྒྱན་པ་དབུ་ལ་གསོལ། །དེ་ལྟར་གསལ་བའི་གནས་གསུམ་པོར། །ཨོཾ་དཀར་ཨཱ༔དམར་ཧཱུྃ་མཐིང་ལས། །འོད་ཟེར་དབང་གཞུ་ལྟར་འཕྲོས་པས། །སྐུ་གསུམ་ཞིང་གི་རྒྱལ་བའི་ཚོགས། །འཁོར་བཅས་སྤྱན་དྲངས་སྤྱི་བོ་ཡི། །བླ་མ་ཉིད་ལ་དབྱེར་མེད་ཐིམ། །སླར་ཡང་ཐུགས་བསྐྱེད་སྔོན་སྨོན་མཐུས། །བདག་ལ་དགོངས་བཞིན་བཞུགས་པར་གྱུར། །ཧོ། བདག་དང་མཁའ་ཁྱབ་འགྲོ་ཀུན་གྱིས། །དཔག་མེད་ལུས་སྤྲུལ་གུས་ཕྱག་འཚལ། །རབ་འབྱམས་ཞིང་གི་མཆོད་རྫས་དང་། །བདག་ལུས་ལོངས་སྤྱོད་བཅས་པ་འབུལ། །ཐོག་མེད་ནས་བསགས་སྒྲིབ་ཚོགས་དང་། །སྡོམ་གསུམ་དམ་ཚིག་ཉམས་ཆག་བཤགས། །མཐའ་ཡས་འགྲོ་བའི་རྣམ་དཀར་དགེ། །དམ་པའི་མཛད་ལ་རྗེས་ཡི་རང་། །གདུལ་བྱ་རྣམས་ལ་སྨིན་གྲོལ་གྱི། །ཆོས་འཁོར་བླ་མེད་བསྐོར་བར་བསྐུལ། །འཁོར་བ་དོང་ནས་མ་སྤྲུགས་བར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །བདག་དང་མཐའ་ཡས་འགྲོ་ཀུན་གྱི། །དགེ་ཚོགས་སངས་རྒྱས་ཐོབ་ཕྱིར་བསྔོ། །དཔལ་ལྡན་བླ་མ་རིན་པོ་ཆེ། །མཚན་ཙམ་ཐོས་པས་ངན་སོང་གི། །སྡུག་བསྔལ་འཇོམས་མཛད་ཐུགས་རྗེ་ཅན། །བདག་ལུས་ལོངས་སྤྱོད་བློ་སྙིང་བྲང་། །རྩེ་གཅིག་ཡིད་ཀྱིས་ཁྱེད་ལ་འབུལ། །དེང་བཟུང་སངས་རྒྱས་མ་ཐོབ་བར། །ཚེ་རབས་ཀུན་ཏུ་རྫོགས་ཆེན་གྱི། །རྣལ་འབྱོར་ཁྱོད་དང་འབྲལ་མེད་པས། །ཡོངས་འཛིན་ཁྱེད་ཀྱིས་རྗེས་བཟུང་ནས། །སྲིད་པའི་བདེ་ལ་མི་ཞེན་པར། །ཐོས་བསམ་སྒོམ་ལ་མི་གཡེལ་ཞིང་། །གཞན་དོན་སྒྲུབ་ལ་མི་འཇིགས་པའི། །བྱང་ཆུབ་སེམས་དང་མི་འབྲལ་ཤོག །སྙིང་ནས་གདུང་བས་གསོལ་བ་འདེབས། །ཐུགས་ཀྱི་ཀློང་ནས་བྱིན་གྱིས་རློབས། །ཨོཾ་ཨཱ༔མ་ཧཱ་གུ་རུ་ཨ་ཀྵ་ར་ག་ག་ན་སྱ་བཛྲ་ཨ་ཡུ་ཥེ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ། སྔགས་འདི་མོས་གུས་དྲག་པོ་ཡིས། །འབུམ་ཕྲག་གསུམ་བཟླས་དངོས་གྲུབ་རྟགས། །རབ་དངོས་འབྲིང་ཉམས་ཐ་མ་ཡང་། །རྨི་ལམ་དག་ཏུ་འབྱུང་བར་ངེས། །འགྲུབ་རྟགས་ཞལ་མཇལ་གསུང་ཐོས་དང་། །ཕྱག་མཚན་རྙེད་སོགས་དགེ་བའི་ལྟས། །སྣ་ཚོགས་ཉམས་དགའ་བག་དྲོ་ཞིང་། །ཤེས་པ་གསལ་བའི་ཚུལ་དུ་འབྱུང་། །རྗེས་སུ་དབང་བཞི་ལེན་པ་དང་། །སྨོན་ལམ་མཐའ་རྒྱས་བྱ་བ་ནི། །སྤྱི་བོའི་བླ་མའི་སྨིན་མཚམས་དང་། །ལྗགས་རྩེ་ལྟེ་བ་ཐུགས་ཀ་ནས། །དཀར་དམར་མཐིང་ཀ་ཁ་ཏོག་ལྔའི། །འོད་འཕྲོས་བདག་གི་གནས་བཞིར་ཐིམ། །དབང་བཞི་ཐོབ་ཅིང་སྐུ་བཞི་ཡི། །ས་བོན་རྒྱུད་ལ་བཞག་པར་བསམ། །ཞེས་བརྗོད་རང་རིག་ངོ་བོར་བལྟ། །ལྟ་བ་སྤྲོས་བྲལ་སྒོམ་མེད་ངང་། །དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །རྫོགས་ཆེན་མཆོག་གི་སྤྲུལ་སྐུས་བདག་སོགས་འགྲོ། །རྗེས་སུ་བཟུང་ནས་མཐར་ཐུག་རྣམ་མཁྱེན་གྱི། །གོ་འཕང་བླ་ན་མེད་པ་འགྲུབ་པར་ཤོག །གཞན་ཡང་སྨོན་ལམ་ཅི་རིགས་གདབ་ཅིང་། བར་མཚམས་སུ་རྫོགས་སྤྲུལ་བཞི་པ་ཉིད་ཀྱིས་མཛད་པའི་གསོལ་འདེབས་ཀྱང་བྱའོ། །དེ་ལྟར་བླ་མ་རིན་པོ་ཆེའི། །སྒྲུབ་ཐབས་ཐར་བའི་གྲུ་ཆེན་འདིས། །བདག་གཞན་སྲིད་མཚོ་ལས་གྲོལ་ནས། །སྐུ་བཞིའི་རིན་ཆེན་གླིང་ཐོབ་ཤོག །ཅེས་པའང་བདག་སྤྲང་བན་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོས་དགེ་བའི་རྟེན་འབྲེལ་བཟང་པོའི་མཚམས་སྦྱོར་དང་བཅས་ཏེ་བྲིས་པ་འདིས་ཀྱང་མཐའ་ཡས་འགྲོ་བ་མ་ལུས་པ་གདོད་མའི་མགོན་པོ་གྲུབ་དབང་རྫོགས་ཆེན་པའི་གོ་འཕང་ཐོབ་པའི་རྒྱུར་ཅིག་གུ དགེའོ། །


previousརྫོགས་ཆེན་བཞི་པའི་བླ་སྒྲུབ་ཐར་བ་མཆོག་གི་གྲུ་ཆེན།next