Nitartha Digital Library
Tibetan
གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།


   
   
   
   
   
   
བསྐང་བཤགས་ཉམས་ཆག་དབྱིངས་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྐང་བཤགས་ཉམས་ཆག་དབྱིངས་གྲོལ།next

བསྐང་བཤགས་ཉམས་ཆག་དབྱིངས་གྲོལ།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ བསྐང་བཤགས་ཉམས་ཆག་དབྱིངས་གྲོལ་བཞུགས་སོ༔

འཕགས་པ་མཆོག་ལ་གུས་པས་འདུད༔ འཕགས་པའི་ཐུགས་སྒྲུབ་ཆ་ལག་ཏུ༔ བསྐང་བཤགས་རིམ་པ་འདི་བཞིན་བྱ༔ རྣལ་འབྱོར་དབེན་པར་སྒྲུབ་རྫས་ནི༔ གཞུང་བཞིན་མ་ཚང་མེད་པར་བཀྲམ༔ གཞན་ཡང་སྤྱན་གཟིགས་སྣ་ཚོགས་པ༔ མེ་ཏོག་སྤོས་སོགས་ཉེར་སྤྱོད་ལྔ༔ སྨན་རཀ་གཏོར་མ་མར་མེ་རྣམས༔ ལྷ་གྲངས་ཡང་ན་གང་འབྱོར་བཤམས༔ རྒྱལ་སྲིད་བདུན་དང་རྫས་རྟགས་བརྒྱད༔ རྡོ་རྗེའི་རིག་མ་བཅུ་དྲུག་སོགས༔ བྲིས་འབུར་གང་རུང་སྤྲོས་མེད་ལ༔ དམིགས་པའི་སྤྲོ་བསྡུ་དག་གིས་རུང་༔ ལྷ་བསྐྱེད་མཆོད་གཏོར་ཚོགས་འཁོར་ཕུལ༔ བསྐང་རྫས་བྱིན་བརླབས་བསང་ཆུ་འཐོར༔ རང་ཉིད་ལྷ་ཡི་ཏིང་འཛིན་གྱིས༔ སྔགས་དྲུག་ཕྱག་རྒྱས་སྦྱངས་སྤེལ་བསྒྱུར༔ སྤོས་དུད་གཏོང་ཞིང་རོལ་མོ་འཁྲོལ༔ སྙན་པའི་དབྱངས་དང་ལྷག་པའི་ལྷར༔ གདུང་ཤུགས་དྲག་པོས་འདི་སྐད་དོ༔ ཧྲཱིཿ སྤྲོས་བྲལ་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ དགོངས་བརྒྱུད་རིག་འཛིན་བླ་མ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ ལྷུན་གྲུབ་ངེས་པ་ལྔ་ལྡན་ཕོ་བྲང་ནས༔ བརྡ་བརྒྱུད་རིག་འཛིན་བླ་མ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་མཐུ་ཡིས་བདག་ཅག་ཉམས་ཆག་སོལ༔ གང་འདུལ་སྤྲུལ་བ་སྣ་ཚོགས་ཕོ་བྲང་ནས༔ སྙན་བརྒྱུད་རིག་འཛིན་བླ་མ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་དབང་གིས་བདག་ཅག་ཉམས་ཆག་སོལ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཕོ་བྲང་ནས༔ རིགས་བརྒྱའི་ཁྱབ་བདག་བཅོམ་ལྡན་ཚེ་མཐའ་ཡས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་ནས༔ བོད་ཁམས་སྐྱབས་གཅིག་འཕགས་པ་སྤྱན་རས་གཟིགས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ ལྷོ་ནུབ་ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ རིག་འཛིན་གྲུབ་བརྒྱའི་དབང་ཕྱུག་པདྨ་འབྱུང་༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ གཞན་ཡང་འགྲོ་བའི་ཁམས་དང་རྗེས་མཐུན་པའི༔ སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྲུང་ཚོགས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ ཧཱུྃ་ཧྲཱིཿ གནས་འདིར་ཐུགས་རྗེའི་མཐུ་ཡིས་གཤེགས་ནས་ཀྱང་༔ ཏིང་འཛིན་རྣམ་རོལ་བཀོད་ལེགས་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ལྡན་ལ་བསྟོད༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཆུ་སྐྱེས་ཐང་སྐྱེས་ལྷ་ཡི་མན་དྷ་ར༔ རིན་ཆེན་འདབ་སྟོང་དགོད་པའི་གེ་སར་བཞད༔ ལྷན་སྐྱེས་བསུང་ཞིམ་ངད་ལྡན་ཙན་དན་དང་༔ རང་བཞིན་སྦྱར་བྱུང་བདུག་པའི་དུད་སྤྲིན་འཁྲིགས༔ མུན་སེལ་སྒྲོན་མེ་སྣང་བའི་འོད་འབར་ཞིང་༔ དངོས་པོའི་བྱེ་བྲག་སྟོན་པའི་ཨཱ་ལོ་ཀེ༔ ཙན་དན་ག་བུར་བཟང་པོའི་སྨན་སྦྱར་བའི༔ ཡིད་འོང་དྲི་ལྡན་ཟག་མེད་བྱུག་པའི་ཆབ༔ བཀྲེས་སྐོམ་ཉོན་མོངས་གདུང་བ་སེལ་བའི་སྨན༔ འཆི་མེད་བཤོས་གཙང་དཀར་དྭངས་བདུད་རྩིའི་སྐྱེམས༔ བརྡུང་དཀྲོལ་ལས་བྱུང་སྙན་པའི་སྒྲ་སྣ་ཚོགས༔ ངོ་མཚར་གླུ་དང་འཕྲུལ་ལྡན་ལྷ་ཡི་གར༔ ཏིང་འཛིན་རྣམ་པར་འཕྲུལ་དང་དངོས་འབྱོར་རྫས༔ ཉེ་བར་སྤྱོད་པའི་མཆོད་རྫས་འདི་དག་གིས༔ ཚེ་འདིར་དངོས་སུ་ཐུགས་རྗེས་རྗེས་བཟུང་ནས༔ དམ་ཚིག་དབང་གིས་རང་རིག་སྟོན་མཛད་པའི༔ སྨིན་བྱེད་དབང་གི་སློབ་དཔོན་ཐུགས་དམ་བསྐང་༔ ཤེས་བྱའི་ཆོས་ལ་རྨོངས་པའི་མུན་པ་བསལ༔ རྒྱུད་སྡེ་བཞི་ཡི་དོན་ལ་སྦྱོར་མཛད་པ༔ ཤེས་རབ་རྒྱུད་ཀྱི་སློབ་དཔོན་ཐུགས་དམ་བསྐང་༔ རང་རྒྱུད་ཉོན་མོངས་བག་ཆགས་དབྱིངས་སུ་སྦྱོར༔ ས་ལམ་ཡོན་ཏན་རྒྱུད་ལ་སྦྱོར་བར་མཛད༔ མན་ངག་ལུང་གི་སློབ་དཔོན་ཐུགས་དམ་བསྐང་༔ སོ་ཐར་བྱང་སེམས་གསང་སྔགས་དམ་ཚིག་སྡོམ༔ ཉམས་ཤིང་ཉེས་པ་སོར་ཆུད་ནུས་མཐུའི་བདག༔ ཉམས་ཆག་སྐོང་བའི་སློབ་དཔོན་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཉོན་ཤེས་སྒྲིབ་པ་ཀུན་གཞིའི་བག་ཆགས་རྣམས༔ ཆོས་ཉིད་མཉམ་པའི་དབྱིངས་སུ་རང་གྲོལ་ནས༔ ཁྱད་ཆོས་དྲུག་ལྡན་སྟོན་མཆོག་ཀུན་ཏུ་བཟང་༔ མགོན་པོ་འོད་དཔག་མེད་པའི་ཐུགས་དམ་བསྐང་༔ རྒྱལ་ཀུན་སྙིང་རྗེ་ཆེན་པོའི་རང་གཟུགས་ལས༔ གངས་ཅན་བོད་ལ་ལྷག་པར་བཀའ་དྲིན་ཅན༔ སྐུ་བཞིའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ ཕྱག་སྟོང་སྤྱན་སྟོང་ལྡན་པའི་ཐུགས་དམ་བསྐང་༔ ཐབས་ལ་མཁས་པས་འགྲོ་དྲུག་ཐར་ལམ་འདྲེན༔ སྲས་མཆོག་ནོར་བུ་འཛིན་པའི་ཐུགས་དམ་བསྐང་༔ སྟོང་ཉིད་དབྱིངས་སུ་ཁམས་གསུམ་སྡུག་བསྔལ་སྦྱོང་༔ སྲས་མོ་རིག་སྔགས་འཛིན་མའི་ཐུགས་དམ་བསྐང་༔ དབང་གི་རྒྱལ་པོ་སྣང་སྲིད་ཟིལ་གྱིས་གནོན༔ ཁྲོ་ཆེན་རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་༔ དུག་ལྔའི་ནད་སེལ་མཉམ་པའི་དོན་ལ་སྦྱོར༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་ཐུགས་དམ་བསྐང་༔ ང་རྒྱལ་ལ་སོགས་རྩ་བའི་ཉོན་མོངས་འཇོམས༔ བཅོམ་ལྡན་ཐུབ་པ་དྲུག་གི་ཐུགས་དམ་བསྐང་༔ གང་འདུལ་སྤྲུལ་པས་མཁའ་མཉམ་འགྲོ་དོན་མཛད༔ འདྲེན་མཆོག་སངས་རྒྱས་སྟོང་གི་ཐུགས་དམ་བསྐང་༔ ཚད་མེད་རྣམ་བཞི་ཕྲིན་ལས་ལྷུན་གྱིས་གྲུབ༔ སྒོ་སྐྱོང་ཁྲོ་མོ་བཞི་ཡི་ཐུགས་དམ་བསྐང་༔ ཚོགས་བརྒྱད་གནས་དག་སེམས་མའི་ཚུལ་དུ་སྣང་༔ ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་༔ སློབ་པའི་ལམ་ཞུགས་ཚོགས་ཀྱི་ཞིང་མཆོག་དཔལ༔ ཉན་རང་སྤྲུལ་པའི་འཁོར་ཚོགས་ཐུགས་དམ་བསྐང་༔ ཆོས་མཛད་རྣལ་འབྱོར་བུ་བཞིན་སྐྱོང་མཛད་པའི༔ ཆོས་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ ལྷན་སྐྱེས་སྦྱར་བྱུང་རྩི་བཅུད་རཀྟ་དམར༔ རྒྱུ་རྐྱེན་ཕུན་ཚོགས་རོ་ལྡན་ལྷ་ཡི་བཤོས༔ ཉོན་མོངས་གདུང་སེལ་བདེ་དབྱིངས་ཕྱག་རྒྱ་གར༔ གཉིས་རྟོག་མཉམ་པར་སྒྲོལ་བའི་དམ་རྫས་དང་༔ བསོད་ནམས་དཔལ་གྱིས་མངོན་མཐོ་རྒྱལ་སྲིད་བདུན༔ རྒྱལ་བའི་སྐུ་ལས་མངོན་བྱུང་བཀྲ་ཤིས་རྫས༔ གདུལ་བྱའི་དཔལ་ལས་ལེགས་འཁྲུངས་མཆོད་པའི་རྫས༔ སྲིད་དང་ཞི་བའི་ཡོ་བྱད་མ་ཚང་མེད༔ ཏིང་འཛིན་སྔགས་རྒྱས་སྤེལ་ཞིང་ལྷ་རྣམས་ཀྱི༔ དབང་པོ་དྲུག་ལ་བདེ་བའི་དཔལ་སྟེར་བའི༔ ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ཕུང་འདིས༔ དངོས་བརྒྱུད་རིག་འཛིན་སློབ་དཔོན་ཐུགས་དམ་བསྐང་༔ དངོས་གྲུབ་ཆར་འབེབས་ཡི་དམ་ལྷག་པའི་ལྷ༔ འཕགས་མཆོག་སྤྱན་རས་གཟིགས་དབང་གཙོ་དང་འཁོར༔ སྤྲུལ་བ་ཡང་སྤྲུལ་བཅས་པའི་ཐུགས་དམ་བསྐང་༔ ཆོས་སྲུང་དམ་ཅན་རྒྱ་མཚོ་མ་ལུས་པ༔ རྣལ་འབྱོར་སྡོང་གྲོགས་ཟབ་གཏེར་གཉེར་ཁ་འཛིན༔ དུད་སོལ་ལྷ་མོ་དཔལ་མགོན་ཕྱག་དྲུག་པ༔ སྤྱི་དང་བྱེ་བྲག་སྲུང་མའི་ཐུགས་དམ་བསྐང་༔ དེ་ནས་ཉམས་ཆག་ཡིད་ལ་དྲན་བཞིན་དུ༔ ཐལ་སྦྱར་གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ དགོངས་ཤིག་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས༔ བདག་ནི་ཚེ་རབས་འཁོར་བ་ཐོག་མེད་ནས༔ རིག་པའི་གནས་ལུགས་ཇི་བཞིན་མ་རྟོགས་པས༔ འདོད་ཆགས་དབང་གིས་ཡུལ་དྲུག་རྗེས་སུ་འབྲང་༔ ཞེ་སྡང་དབང་སོང་སྣང་བ་དགྲ་རུ་ལངས༔ གཏི་མུག་དབང་སོང་སྡུག་བསྔལ་བདེ་བར་རྨོངས༔ ང་རྒྱལ་རྗེས་འབྲང་མཉམ་པའི་དོན་དང་འགལ༔ ཕྲག་དོག་དབང་གིས་བདག་བསྟོད་གཞན་ལ་སྨད༔ ལས་ཉོན་བག་ཆགས་ཕྲ་རགས་དབང་གྱུར་མཐུས༔ སྒོ་གསུམ་མ་ཞི་བག་མེད་ཤུགས་ཆེ་བས༔ མི་དགེའི་ལས་བཅུ་མཚམས་མེད་ཆེན་པོ་ལྔ༔ ཉེ་བ་ལྔ་དང་ལྕི་བཞི་ལོག་བརྒྱད་སོགས༔ ཉམས་ཆག་ཉེས་ལྟུང་ཅི་བསགས་ཐམས་ཅད་ཀུན༔ བདག་གི་མ་རིག་འཁྲུལ་བས་ཆུང་ངུ་ཡང་༔ གཉེན་པོ་མ་བརྟེན་བཤགས་པ་མ་བགྱིས་པས༔ ཡུན་གྱི་སྒྲིབ་གྱུར་དམྱལ་མེས་ངེས་པར་བསྲེག༔ ད་ནི་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ ཕྱིན་ཆད་མི་བགྱིད་སྙིང་ནས་དམ་བཅའ་འོ༔ དེ་ཕྱིར་བརྩེ་བའི་ཐུགས་རྗེས་ཉེར་དགོངས་ནས༔ འགྱོད་བཤགས་དམ་པ་དང་དུ་བཞེས་ནས་ཀྱང་༔ ཚེ་འདིར་རྐྱེན་དང་བར་ཆད་མི་འབྱུང་ཞིང་༔ ཕྱི་མ་ངན་སོང་ལོག་པར་མི་ལྟུང་བའི༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཡི་གེ་བརྒྱ་བས་ནོངས་པ་བཤགས༔ དེས་ནི་ཉེས་ལྟུང་བག་ཆགས་རྣམས༔ དབྱིངས་སུ་གྲོལ་ནས་དགེ་ལེགས་ཀྱི༔ ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ༔ རྣལ་འབྱོར་གནས་པའི་ས་ཕྱོགས་དེར༔ མི་ཕྱུགས་ནད་རིམས་ངང་གིས་ཞི༔ བཀྲག་མདངས་ལོངས་སྤྱོད་ཕུན་ཚོགས་འགྱུར༔ དེ་བས་འདི་ལ་བརྩོན་པར་གྱིས༔ ས་མ་ཡཱ༔ གུ་ཧྱ༔ རང་བྱུང་རིག་པའི་རང་རྩལ་རྩ་ཁམས་ཡི་གེའི་བརྡ་ལས་ཤར་བ་སྐྱབས་མགོན་བླ་མའི་བཀའ་དང་ཨོ་རྒྱན་སྤྲུལ་པའི་སྐུ་ཡབ་ཡུམ་གྱི་ཐུགས་རྗེའི་མཐུ་ལས་རང་གྲོལ་ཐོགས་མེད་དུ་བབས་པ་དགེ་སྦྱོང་ལུང་རིག་མིང་གིས་བྲིས་པ་ཛ་ཡནྟུ༔ སརྦ་མངྒ་ལཾ༔ དགེའོ༔ དགེའོ༔ དགེའོ༔


previousབསྐང་བཤགས་ཉམས་ཆག་དབྱིངས་གྲོལ།next